དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • ཆུ་རྒྱུན་བར་མེད་བབས་པས་གངས་ལྗོངས་ཀྱི་ས་གཞི་གཤིན་པོ་བརླན།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        2009ལོར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ནང་མཁོ་རྒྱ་ཆེར་གཏོང་བ་དང་དཔལ་འབྱོར་འཕར་བར་སྐུལ་སྤེལ་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བྱས་ཏེ་འཕར་རྒྱུ་འགན་ལེན་དང་མཆོང་སྐྱོད་ལ་སྐུལ་འདེད་གཏོང་རྒྱུ་དེ་སྲིད་གཞུང་གི་སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་གྱི་དམིགས་ཚད་གལ་ཆེན་དུ་བརྩིས་ནས “ཞིང་གསུམ ”དང་། རྨང་གཞིའི་སྒྲིག་བཀོད། ཐོན་ལས་འཕེལ་རྒྱས། སྤྱི་ཚོགས་བྱ་གཞག དམངས་འཚོ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ཐད་ཀྱི་གཏོང་ཤུགས་ཆེ་རུ་བཏང་བས་སྔོན་དཔག་བྱས་ན། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་སྒོར་དུང་ཕྱུར་370ལས་བརྒལ་ནས་20%ཡན་འཕར་རྒྱུ་རེད། ལོ་ཧྲིལ་པོར་ཀྲུང་དབྱང་གིས་མ་འཇོག་ཁྱོན་སྒོར་དུང་ཕྱུར་210དོན་འཁྱོལ་བྱས་པ་དེ་དུས་མཚུངས་ལས་31.3%འཕར་བ་དེ་ནི་ཀྲུང་དབྱང་གི་མ་འཇོག་གནས་སར་འབྱོར་ཚད་ཡག་ཤོས་ཀྱི་ལོ་ཞིག་ཡིན་པས་རང་ལྗོངས་ཀྱི་དཔལ་འབྱོར་མགྱོགས་མྱུར་སླར་གསོ་དང་འཕེལ་རྒྱས་ཡོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་བ་རེད།

        “ཞིང་གསུམ ”ཐད་ཀྱི་མ་འཇོག་གོམ་སྟབས་མངོན་གསལ་དོད་པོས་མགྱོགས་སུ་སོང་བ།

        2009ལོར་རང་སྐྱོང་ལྗོངས་ཀྱིས་མ་འཇོག་སྒོར་དུང་ཕྱུར་2.9བྱས་ནས་ཞིང་ཁང་ཡོམ་འགོག་མཁྲེགས་གཏོང་ལས་གྲྭ་ལག་བསྟར་བྱས་ཡོད། མིག་སྔའི་བར་དུད་ཚང་ཁྲི་23དང་ཞིང་འབྲོག་པ་ཁྲི་120ཡི་བདེ་སྡོད་གནད་དོན་ཐག་གཅོད་བྱས་པ་དང་རིམ་རྩིས་བྱས་ན་མི་ཁྲི་122.2ཀྱི་འཐུང་ཆུ་ཉེན་མེད་གནད་དོན་ཐག་གཅོད་ཐུབ་ནས “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ལས་འགན་ལོ་གཅིག་གི་སྔོན་ཚུད་དུ་ལེགས་གྲུབ་ཐུབ་པ་དང་། 80%ཡི་སྲིད་འཛིན་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་པའི་དམིགས་ཚད་ལོ་གཅིག་གི་སྔོན་ཚུད་དུ་མངོན་འགྱུར་ཐུབ་ནས་ཁྱོན་ཤང་གྲོང་668དང་སྲིད་འཛིན་གྲོང་ཚོ་4222ལ་གཞུང་ལམ་ཤར་གཏོང་ཐུབ་པ། གློག་སྤྱོད་ཐུབ་པའི་མི་འབོར་ཁྲི་11མང་དུ་སོང་ནས་ད་ཆ་ཞིང་འབྲོག་པ་ཁྲི་150ལྷག་ཙམ་གྱིས་གློག་སྤྱོད་ཐུབ་པ། སྲིད་འཛིན་གྲོང་ཚོར་ཁ་པར་ཤར་གཏོང་ཐུབ་ཚད་85%དང་ཤང་གྲོང་ལ་སྦྲག་སྲིད་ཤར་གཏོང་ཐུབ་ཚད་80%ལོན་པ། ཞིང་འབྲོག་ཁུལ་དུ་ཏེན་ཚྭ་ཁྱབ་ཚད་80%ཡན་ལོན་པ། རྫོང་མི་རེ་ངོ་རེའི་གྲོང་གསེབ་སྨན་བཅོས་སྒྲིག་གཞིར་སྨན་བཅོས་སྒྲིག་ཆས་ཚད་ལྡན་སྒྲིག་སྦྱོར་བྱས་པ་བཅས་རེད། བུད་ཤིང་གི་ཚབ་བྱེད་ལས་གྲྭར་མགྱོགས་མྱུར་སྐུལ་འདེད་བཏང་བས་རིམ་རྩིས་བྱས་ན་དུད་ཚང་ཁྲི་11.4ཡི་རྫབ་རྫིང་འཛུགས་སྐྲུན་ལེགས་གྲུབ་བྱུང་བ་དང་ཞིང་འབྲོག་དུད་ཚང་ཁྲི་39.5ལ་ཉི་ཐབ་སྤྲད་པ་རེད།

        དུས་མཚུངས་རང་ལྗོངས་ཀྱིས་ཞིང་ལས་སྟོབས་ཆེར་གཏོང་བ་དང་ཞིང་ཕན་ཁ་གསབ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ལོ་ཧྲིལ་པོར་རིམ་རྩིས་བྱས་ན། འབྲུ་རིགས་ཀྱི་ཐད་ཀའི་ཁ་གསབ་དང་། ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ། རྫས་ལུད་ཀྱི་ཁ་གསབ། ཕྱུགས་རིགས་བཤས་གཏོང་བའི་ཁ་གསབ་སོགས་ཁ་གསབ་ཁག་སྒོར་དུང་ཕྱུར་2.31དོན་འཁྱོལ་བྱས་པ་དེ་ལོ་གོང་མ་ལས་37%འཕར་བ་དང་། མ་དངུལ་སྒོར་དུང་ཕྱུར་8.3བསྡུ་སྒྲིལ་བྱས་ཏེ་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་གསར་སྤེལ་རྣམ་གྲངས་65ལག་བསྟར་བྱས་ཐོག་རྣམ་གྲངས་ཁུལ་གྱི་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་བྱས་པ། ཚན་རིག་ཤེས་བྱ་དང་ངལ་རྩོལ་རྩལ་ནུས་གསོ་སྦྱོང་ལག་བསྟར་ཤུགས་ཆེན་བྱས་ནས་གསོ་སྦྱོང་མ་དངུལ་ཁྱོན་སྒོར་ཁྲི་5000བཏང་སྟེ་ཞིང་འབྲོག་པ་མི་ཐེངས་ཁྲི་28ལ་གསོ་སྦྱོང་བྱས་པས་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་ནུས་པ་སྔར་བས་ཆེ་རུ་སོང་བ་བཅས་རེད།

        སྤྱི་ཚོགས་བྱ་གཞག་ལ་མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་སོང་བ།

        2009ལོར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་འཐབ་ཇུས་ལས་འགན་གལ་ཆེན་ལ་བརྩིས་ཏེ་མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བས་སྤྱི་ཚོགས་ཀྱི་བྱ་གཞག་ཁག་མགྱོགས་མྱུར་འཕེལ་རྒྱས་སོང་ཡོད།

        སློབ་གསོའི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་སོང་ཞིང་། རང་ལྗོངས་ཀྱི “གཞི་རྩའི་ཆ་གཉིས ”ཀྱི་གྲུབ་འབྲས་ཟམ་མི་ཆད་པར་བརྟན་དུ་ཕྱིན་ནས་ལོ་དགུའི་ལམ་ལུགས་ཀྱི་འོས་འགན་སློབ་གསོ་ཁྱབ་གདལ་གཏོང་བ་དང་ཡིག་རྨོངས་སེལ་བའི་ལས་འགན་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་པ་དང་། “འགན་ལེན་གསུམ ”གྱི་འགྲོ་གྲོན་ཚད་གཞི་དེ་སླར་ཡང་མཐོ་རུ་བཏང་ནས་ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར་1800ལོན་ཏེ་ཕན་པ་ཐོབ་པའི་སློབ་མ་ཁྲི་27ལོན་པ། ཞིང་འབྲོག་པའི་བུ་ཕྲུག་གི་འབྲིང་རིམ་ལས་རིགས་སློབ་གསོའི་སློབ་ཡོན་དང་ཞག་སྡོད་འགྲོ་གྲོན་མེད་པ་བཟོས་པ་དེས་སློབ་མ་ཁྲི་2.9ལ་ཕན་པ་ཐོབ་པ། སློབ་གྲྭ་ཆེ་མོའི་དགེ་འོས་དང་ས་གཤིས་གཏེར་ཁ་དང་དེ་བཞིན་ཞིང་ལས་དང་འབྲེལ་བ་ཡོད་པའི་ཆེད་ལས་ཀྱི་སློབ་མར་སློབ་ཡོན་མི་དགོས་པའི་སློབ་གསོ་ལག་བསྟར་བྱས་པ་བཅས་རེད།

        སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་སྔར་བས་ལེགས་སུ་སོང་ཞིང་། རྫོང་31གི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་དང་། ཤང་གྲོང་53གྱི་འཕྲོད་བསྟེན་ཁང་། སྡེ་ཁུལ་4ཡི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་བཅས་ཚད་གཞི་ཅན་གྱི་འཛུགས་སྐྲུན་བྱེད་འགོ་བཙུགས་པ་དང་། རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་4གསར་སྐྲུན་བྱས་པ། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་དང་སྨན་རྩིས་ཁང་འཛུགས་སྐྲུན་ལས་འགོ་བཙུགས་པ་བཅས་དང་། གྲོང་གསེབ་ཀྱི་སྨན་པར་ཁ་གསབ་དང་བྱ་དགའ་སྤྲོད་ཤུགས་ཆེ་རུ་བཏང་བས་མི་རེར་ཆ་སྙོམས་ལོ་རེར་སྒོར་3200ཡན་ལོན་པ་བཅས་རེད།

        ཚན་རྩལ་གྱིས་ཐོན་ལས་འཕེལ་རྒྱས་ལ་འདེགས་སྐྱོར་དང “ཞིང་གསུམ ”ལ་ཞབས་ཞུ་བྱེད་ནུས་སྔར་བས་ཆེ་རུ་སོང་ཞིང་། “གསེར་གཡག་དང་གསེར་ཉིའི་ཚན་རྩལ་འདུ་འགོད ”སོགས་ཚན་རྩལ་རྣམ་གྲངས་འགངས་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ་ཚན་རྩལ་ཆེད་གཏོང་པ་དང་ཚན་རྩལ་ཁྱབ་གདལ་ལས་ཀར་ཤུགས་སྣོན་བརྒྱབ་ནས་ཚན་རྩལ་ཆེད་གཏོང་པ་མི་2112བར་མང་དུ་བཏང་བ་དེའི་ནང་ཞིང་འབྲོག་པའི་ཚན་རྩལ་ཆེད་གཏོང་པ་1163ལོན་པ་རེད།

        རིག་གནས་བྱ་གཞག་སྔར་བས་འཕེལ་རྒྱས་སོང་ཞིང་། ཞིང་འབྲོག་ཁུལ་གྱི་གཞི་རིམ་རིག་གནས་ལས་དོན་བརྟན་པོའི་ངང་སྐུལ་འདེད་བཏང་ནས་རྫོང་ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ལྟེ་གནས་13དང་། རྫོང་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་འདུ་འགོད་41 ཤང་གྲོང་ཕྱོགས་བསྡུས་རིག་གནས་ས་ཚིགས་81 ཞིང་ཁྱིམ་དཔེ་དེབ་ཁང་680བཅས་བསྐྲུན་པ་དང་། བོད་ཤིན་འདུ་འགོད་དང་། རླུང་འཕྲིན་དང་བཪྙན་འཕྲིན་དུད་ཚང་ཚང་མར་ཤར་གཏོང་ཐུབ་པའི་འདུ་འགོད། གྲོང་གསེབ་ཏུ་གློག་བཪྙན་སྟོན་པའི་འདུ་འགོད། སྐུད་ཡོད་གྲངས་གཞིའི་བཪྙན་འཕྲིན་འདུ་འགོད་བཅས་ལག་བསྟར་ཤུགས་ཆེན་བྱས་པར་རླུང་འཕྲིན་དང་བཪྙན་འཕྲིན་ཕྱོགས་བསྡུས་མི་འབོར་ལ་ཁྱབ་ཚད་89.2%དང་90.4%སོ་སོར་ལོན་པ་རེད།

        གཙོ་གནད་རྣམ་གྲངས་ཀྱི་འཛུགས་སྐྲུན་འཕེལ་རིམ་བདེ་བླག་བྱུང་བ།

        2009ལོར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དུས་འགོའི་ལས་དོན་ཡག་པོ་བསྒྲུབས་པ་དང་ལས་འགོ་འཛུགས་པར་ཆ་རྐྱེན་ཧུར་ཐག་བསྐྲུན་ནས་ཕུ་མདོའི་ཆུ་བེད་ལྟེ་གནས་དང་རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ཐིག་གཞུང་ལམ་བཅོས་སྒྲིག་དང་བསྐྱར་སྐྲུན་སོགས་གཙོ་གནད་རྣམ་གྲངས་ཁག་གཅིག་འཛུགས་སྐྲུན་ལས་འགོ་བཙུགས་ཡོད། ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་རྒྱལ་ཁབ་ལ་སྙན་ཞུ་ཕུལ་ནས་ཞིབ་མཆན་གནང་རྒྱུར་སྒུག་པ་དང་བོད་དབུས་ཀྱི་ཆུ་འཐེན་ནུས་གསོག་གློག་ཁང་ལེགས་སྒྲིག་བྱ་རྒྱུ་ཕུད “180ཡི་རྣམ་གྲངས ”ཚང་མ་འཛུགས་སྐྲུན་ལས་འགོ་འཛུགས་རྒྱུའི་དམིགས་ཚད་མངོན་འགྱུར་བྱུང་བ་དང་མིག་སྔར་རྣམ་གྲངས་100ཨར་རྒྱག་ལེགས་གྲུབ་ཟིན་ཡོད། མཚོ་བོད་དང་། ཁྲོན་བོད། ཤིན་བོད། ཡུན་བོད། ཀྲུང་ནེ་བཅས་གཞུང་ལམ་དང་རྫོང་ལ་ཤར་གཏོང་ཐུབ་པའི་སྣུམ་ནག་ལམ་གྱི་འཛུགས་སྐྲུན་འཕེལ་རིམ་བདེ་བླག་བྱུང་ནས་ཁྱོན་རྫོང་49ལ་སྣུམ་ནག་ལམ་ཤར་གཏོང་ཐུབ་ཡོད། མངའ་རིས་དགུན་ས་གནམ་ཐང་དུ་གནམ་གྲུ་འབབ་རྒྱུ་ལེགས་གྲུབ་བྱུང་བ་དང་ཆབ་མདོ་སྤང་མདའ་གནམ་ཐང་རྒྱས་སྐྲུན་དང་བསྐྱར་སྐྲུན་ལས་གྲྭ་ལེགས་གྲུབ་ཟིན་ཡོད། ཉིང་ཁྲིའི་དངོས་ཨ་འཕྲང་གློག་ཁང་འཛུགས་སྐྲུན་གྱི་འཕེལ་རིམ་བདེ་བླག་བྱུང་བ་དང་བྲག་ཆུའི་ཞོལ་ཁ་གློག་ཁང་ནས་གློག་འདོན་འགོ་ཚུགས་ཏེ་ཉིང་ཁྲི་གློག་དྲ་དང་བོད་དབུས་གློག་དྲའི་དྲ་བ་མཉམ་སྦྲེལ་བྱ་རྒྱུ་མངོན་འགྱུར་བྱུང་ཡོད། མངའ་རིས་འོད་ཤུགས་དྲ་སྦྲེལ་གློག་ཁང་འཛུགས་སྐྲུན་ལས་འགོ་ཚུགས་པ་དང་སེང་གེ་ཁ་འབབ་ཀྱི་འཕྲལ་སྡོམ་གློག་ཁུངས་བསྐྲུན་ཟིན་ནས་གློག་འདོན་འགོ་ཚུགས་ཡོད། མ་ནག་དང་མལ་སྟག་ཆུ་འདྲེན་ཁུལ་ཆེན་པོ་གཉིས་ཀྱི་གཙོ་གཟུགས་ལས་གྲྭ་ལེགས་གྲུབ་ཟིན་ཡོད། གཞན་ཡང་རང་ལྗོངས་ཀྱི་གཙོ་གནད་རིག་དངོས་ཆེན་པོ་གསུམ་གྱི་ཉམས་གསོའི་ལས་གྲྭ་ལེགས་གྲུབ་ཟིན་པ་དང་མཚོ་བོད་ལྕགས་ལམ་ནག་ཆུ་ཟོག་འགྲེམས་ལྟེ་གནས་འཁོར་རྒྱུག་བྱེད་འགོ་ཚུགས་པ་རེད།

        གནད་ཆེའི་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ལ་ཚད་བརྒལ་གསར་པ་བྱུང་བ།

        2009 ལོར་རང་སྐྱོང་ལྗོངས་ཀྱིས་མ་དངུལ་གྱི་ཐོག་ནས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་གནད་ཆེའི་ཁྱབ་ཁོངས་ཀྱི་ཁེ་ལས་སྟོབས་ཆེན་མཉམ་འབྲེལ་བྱེད་པར་སྐུལ་མ་བཏང་བས་དཔལ་འབྱོར་འཕེལ་རྒྱས་འགྲོ་ཚུལ་ལ་འགྱུར་ལྡོག་མགྱོགས་སུ་སོང་བ་དང་སྤུས་ཚད་དང་ཕན་འབྲས་ཀྱང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ཐོན་ལས་དང་པོ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ནས་སྔོན་དཔག་བྱས་ན། འཕར་མའི་རིན་ཐང་སྒོར་དུང་ཕྱུར་ 64 ལེགས་གྲུབ་བྱུང་བ་དང་ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་སོང་ནས་འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི་92 ཙམ་ལོན་ཡོད། ཐོན་ལས་གཉིས་པའི་འཕར་མའི་རིན་ཐང་གིས་ GDP ནང་བཟུང་བའི་བསྡུར་ཚད་དེ་ 30% ལས་ཐེངས་དང་པོ་བརྒལ་ཞིང་། རང་སྐྱོང་ལྗོངས་ཀྱིས་ཐོན་ལས་འཕེལ་རྒྱས་དང་གཞུང་ཁོངས་ཁེ་ལས་འཕེལ་རྒྱས་ཀྱི་མ་དངུལ་སྒོར་དུང་ཕྱུར་5 བཀོད་སྒྲིག་བྱེད་སྐབས་ཁེ་ལས་ཀྱིས་ཐོན་སྐྱེད་དང་གཉེར་སྐྱོང་སླར་གསོ་བྱེད་པར་རོགས་རམ་ཧུར་ཐག་བྱས་པས་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་ཕྱིན་ཡོད། ན་ནིང་བཀོད་སྒྲིག་བྱས་པའི་སྒོར་དུང་ཕྱུར་200 ལྷག་ཙམ་མུ་མཐུད་དོན་འཁྱོལ་བྱས་ཏེ་ནས་ཀྱི་སྦི་རག་དང་། ཀརྨ་ཟངས་གཏེར། སྐམ་ཐབས་ཨར་འདམ་གསར་པ་སོགས་གནད་ཆེའི་བཟོ་ལས་རྣམ་གྲངས་འཛུགས་སྐྲུན་དང་དུས་འགོའི་ལས་ཀ་བྱས་པ་དང་། བཟོ་སྐྲུན་བཟོ་ལས་ཚོགས་པ་དང་། བཟོ་སྐྲུན་རྒྱུ་ཆ་ཚོགས་པ། གཏེར་ལས་ཚོགས་པ་བཅས་སྒོ་བྱང་བཀལ་ནས་བཙུགས་པ། ས་གཤིས་ལ་བརྟེན་ནས་གཏེར་ཁ་བཙལ་འཚོལ་གྱི་ལས་ཀར་ཡར་རྒྱས་གསར་པ་བྱུང་བ་དང་གཏེར་ལས་ཐོན་རྫས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱེད་ཤུགས་སྔར་བས་ཆེ་རུ་སོང་བ་དང་རྩད་ཞིབ་གསར་སྤེལ་དང་དོ་དམ་ལས་དོན་སྔར་བས་ཚད་ལྡན་དུ་འགྱུར་བ་བཅས་རེད། ཡུལ་སྐོར་སྤྲོ་འཆམ་ལས་རིགས་སྣེ་འདྲེན་དུ་བྱེད་པའི་ཐོན་ལས་གསུམ་པ་མགྱོགས་མྱུར་ངང་སླར་གསོ་བྱུང་བ་དང་གོང་དུ་འཕེལ་ནས་འཕར་མའི་རིན་ཐང་སྒོར་དུང་ཕྱུར་ 241 ལེགས་གྲུབ་བྱུང་སྟེ་11.7% འཕར་བ་དང་། ལོ་ཧྲིལ་པོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དེ་མི་ཐེངས་ཁྲི་500 ལས་བརྒལ་ནས་ཁྲི་556 ལོན་པ་དང་ཡུལ་སྐོར་སྤྲོ་འཆམ་གྱི་ཡོང་འབབ་སྒོར་དུང་ཕྱུར་ 52.4 ལོན་པ་དེ་ལྡབ་1.47 དང་ལྡབ་1.32 སོ་སོར་འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་ཤོས་བཏོད་པ། གྲོང་གསེབ་ཀྱི་ཡུལ་སྐོར་སྤྲོ་འཆམ་ལས་རིགས་མགྱོགས་མྱུར་ངང་འཕེལ་རྒྱས་སོང་བ་དང་ལྗོངས་དེ་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཁྲི་4.2 ཡུལ་སྐོར་སྤྲོ་འཆམ་གྱི་སྣེ་ལེན་དང་ཞབས་ཞུའི་ལས་ཀའི་ནང་ཞུགས་ནས་ཡུལ་སྐོར་སྤྲོ་འཆམ་ལས་རིགས་ལ་ཡོང་འབབ་སྒོར་དུང་ཕྱུར་ 2.6 བྱུང་བ་དེ་ལས་ཞིང་འབྲོག་དུད་ཚང་ཁྲི་ 1 ལྷག་ཙམ་ལ་ཁེ་ཕན་ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།