བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན།
འཐུས་མི་རྣམ་པ།
ད་ལྟ་ངས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ལ་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་ཡོད་པ་ཞུ་རྒྱུ་དང་འབྲེལ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པ་དང་། ཟུར་ཞུགས་བློ་མཐུན་རྣམ་པས་ཀྱང་དགོངས་འཆར་འདོན་གནང་ཡོད་པ་ཞུ། 2009ལོའི་ཞིབ་དཔྱོད་ལས་ཀའི་གཙོ་བོའི་གནས་ཚུལ།
2009ལོའི་ཞིབ་དཔྱོད་ལས་ཀའི་གཙོ་བོའི་གནས་ཚུལ།
2009ལོར་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེངས་ཏེ་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པས་མཛུབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་། སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པའི་དགོངས་དོན་སྒོ་ཀུན་ནས་ལག་བསྟར་བྱས་ཐོག་ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཐེངས་དྲུག་པའི་བཀོད་སྒྲིག་གཞིར་བཟུང་རང་སྐྱོང་ལྗོངས་ཏང་ཨུད་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རིམ་པ་ཁག་གི་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱ་ཆེའི་འཐུས་མི་བཅས་ཀྱི་ནུས་ཡོད་ཀྱི་ལྟ་སྐུལ་འོག་དང་། རིམ་ཁག་སྲིད་གཞུང་དང་། སྲིད་གྲོས། དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་རང་སྐྱོང་ལྗོངས་སྐབས་དགུ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་གཉིས་པའི་གྲོས་ཆོད་ལག་བསྟར་ནན་ཏན་བྱས་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་བསྒྲུབས་ཐོག་ཞིབ་དཔྱོད་ལས་ཀར་སྒོ་ཀུན་ནས་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ་དཔལ་འབྱོར་འཕར་སྣོན་ཡོང་རྒྱུར་འགན་སྲུང་དང་། མི་དམངས་ཀྱི་འཚོ་བར་འགན་སྲུང་། བརྟན་ལྷིང་ལ་འགན་སྲུང་བཅས་བྱེད་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད།
གཅིག བཅའ་ཁྲིམས་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས། སྤྱི་ཚོགས་ཀྱི་དྲང་གཞག་དང་དྲང་བདེན་སྲུང་སྐྱོང་བྱས་པ།
ལོ་གཅིག་རིང་། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་དུས་སྐབས་གསར་པའི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་ཁྲིད་བསམ་བློ་སྟེ་“ལྟེ་བ་གཅིག་དང་། དོན་ཆེན་གཉིས། འགན་ལེན་གསུམ ” སྔ་བར་ཕྱི་གསུམ་དུ་རྒྱུན་འཁྱོངས་ཀྱིས་ཁྲིམས་ལུགས་ཀྱི་ལྟ་སྐུལ་ཤུགས་ཆེར་བཏང་ནས་སྤྱི་ཚོགས་ཀྱི་གཞུང་དྲང་དང་། བདེན་དོན་སྲུང་སྐྱོང་བྱས་ནས་ཁྲིམས་སྒྱུར་གྱི་ཆུ་ཚད་དང་གྱོད་ཞིབ་ཀྱི་སྤུས་ཚད་བར་མི་འཆད་པར་མཐོ་རུ་བཏང་སྟེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྔར་བས་ལེགས་ཤིང་མྱུར་བའི་གོང་འཕེལ་ཆེན་པོ་ཡོང་རྒྱུར་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད།
(དང་པོ )ཉེས་དོན་ཉེས་གསོག་གི་བྱེད་སྒོ་སྣ་ཚོགས་ལ་ཁྲིམས་ལུགས་ལྟར་རྡུང་རྡེག་བཏང་སྟེ་ནུས་ཤུགས་ཡོད་རྒུ་བཏོན་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་ལྷིང་སྲུང་སྐྱོང་བྱས་ཡོད། ལོ་གཅིག་རིང་། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་གི་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་བཏང་བ་དང་། ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་གི་བྱེད་སྒོར་སྔོན་འགོག་ནན་པོ་བྱས་ཏེ་2008ལོའི་ལྷ་སའི “ 3·14” དོན་རྐྱེན་དང་འབྲེལ་ཡོད་གྱོད་གཞི་ཁྲིམས་ལུགས་ལྟར་ཐག་གཅོད་འཚམ་པོ་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་གི་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་བཏང་ཡོད་པ་རེད། སྤྱི་བདེ་དང་ཁྲིམས་ཁང་སོགས་སྡེ་ཚན་དང་གཞོགས་འདེགས་དམ་ཟབ་དང་། ཤུགས་སྒྲིལ་མཉམ་ལས་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱི་ཁྱབ་ཁོངས་ནང་ནག་ཚོགས་ལ་རྡུང་རྡེག་དང་ངན་རེངས་གཙང་ཐག་བཟོ་བའི་འཐབ་རྩོད་གཏིང་ཟབ་སྤེལ་ཏེ་ནག་ཚོགས་དང་ངན་རེངས་སྟོབས་ཤུགས་ཀྱི་ཉེས་གསོག་དང་། ཚབས་ཆེའི་འཇིགས་གཏུམ་གྱི་ཉེས་གསོག རྒྱུ་ནོར་ལ་ལན་མང་བཙན་གནོད་བྱས་པའི་ཉེས་གསོག དུག་རྫས་ཉེས་གསོག་བཅས་ལ་རྡུང་རྡེག་ཚ་ནན་བཏང་སྟེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཀྱི་སྣང་བ་ཆེ་རུ་ཕྱིན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལྟར་མི་རིགས་དང་། ཆོས་ལུགས། འཐབ་ཕྱོགས་གཅིག་འགྱུར་སོགས་སྡེ་ཚན་ལ་རོགས་རམ་ཧུར་ཐག་བྱས་ཏེ་དགོན་པར་ཟབ་བསྐྱོད་ཀྱིས་ཁྲིམས་ལུགས་དྲིལ་བསྒྲགས་དང་སློབ་གསོའི་ལས་དོན་སྤེལ་བ་དང་། མཐའ་མཚམས་ཀྱི་བགྲོད་ལམ་ལ་བཀག་སྡོམ་ནན་པོ་བྱས་པ་དང་། ལྕགས་ལམ་ལམ་རྒྱུད་ཀྱི་བདེ་འཇགས་སྲུང་སྐྱོང་བྱས་པ། འཚུབ་ཆ་ཆེ་བའི་དུས་ཚིགས་དང་གལ་ཆེའི་བྱེད་སྒོའི་བརྟན་ལྷིང་སྲུང་སྐྱོང་གི་ལས་འགན་ཡོངས་སུ་རྫོགས་པའི་སྒོ་ནས་ལེགས་སྒྲུབ་བྱས་ཡོད།
(གཉིས་པ )ལས་ཐོག་ཉེས་གསོག་གི་གྱོད་གཞིར་ཁྲིམས་ལུགས་ལྟར་ཞིབ་གཅོད་བྱས་ནས་ཏང་གི་གཟུགས་བཪྙན་བཟང་པོ་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་ཁེ་ཕན་ནུས་ཤུགས་ཡོད་རྒུ་བཏོན་ནས་སྲུང་སྐྱོང་བྱས་ཡོད། ལོ་གཅིག་རིང་། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུའི་གཙོ་གནད་དེ་ཏང་གི་གཟུགས་བཪྙན་དང་། བསྒྱུར་བཅོས་དང་གོང་སྤེལ། བརྟན་ལྷིང་བཅས་གསུམ་དང་མི་དམངས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་སྐྱོན་ཆེ་བ་དང་གྱོང་གུན་ཆེ་བའི་གྱོད་གཞིའི་ཐོག་བཞག་སྟེ་གྱོད་གཞི་དེ་རིགས་གཅིག་ཐོན་མ་ཉིད་དུ་ལམ་སེང་ཐག་གཅོད་བྱས་པ་ལས་ཐེ་ཚོམ་སོམ་ཉི་གཏན་ནས་བྱས་མེད། ལོ་ཧྲིལ་པོར་ལས་ཐོག་ཉེས་གསོག་གི་གྱོད་གཞི་བསྡོམས་40དང་མི་གྲངས་43གྱོད་ཁོངས་སུ་བཅུག་ནས་བརྟག་དཔྱད་བྱས་པའི་ནང་གྱོད་གཞི་ཆེན་པོ་28དང་གནད་ཆེའི་གྱོད་གཞི་8ཡོད། བརྟག་དཔྱད་མཇུག་སྒྲིལ་བྱས་པའི་གྱོད་གཞི་30དང་མི་གྲངས་31ཡོད་པ་དང་ཞུ་སྦྱོར་བྱ་རྒྱུར་བསྐྱལ་བའི་གྱོད་གཞི་25དང་མི་གྲངས་25ཡོད་པ། རྒྱལ་ཁབ་ལ་ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་ཁྲི 1131མ་འཁེལ་བ་བྱས་ཡོད། གྱོད་གཞིར་ཞིབ་གཅོད་བྱ་སྐབས་ང་ཚོས་ཐོག་མཐའ་བར་གསུམ་དུ་གཟབ་ནན་ངང་གྱོད་ཞིབ་ཀྱི་དུས་ཚོད་གདམས་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། བཀག་ཉར་དང་འཛིན་བཟུང་སོགས་ཀྱི་བཙན་ཐབས་གཟབ་ནན་ངང་སྤྱོད་རྒྱུའི་རྩ་དོན་རྒྱུན་འཁྱོངས་ཀྱིས་ཁེ་ལས་ཀྱི་རྩིས་ཁྲར་དམ་བཅད་བྱུང་རྒྱལ་དུ་མི་བྱེད་པ་དང་། ཁེ་ལས་ཀྱི་དངུལ་ནོར་བྱུང་རྒྱལ་དུ་བཀག་ཉར་མི་བྱེད་པ། ཁེ་ལས་ཀྱི་དངུལ་ཁང་གི་རྩིས་ཐོའི་ཨང་གྲངས་བྱུང་རྒྱལ་དུ་བསྡམས་འཇོག་མི་བྱེད་པ། ཁེ་ལས་ཀྱི་ཐོན་སྐྱེད་དང་ཚོང་གཉེར་ལ་གང་ཐུབ་ངང་སྐྱོན་མི་རྒྱག་པ་བྱེད་པ། ཁེ་ལས་ཀྱི་ཁྲོམ་རྭའི་མིང་གྲགས་ལ་གང་ཐུབ་ངང་གནོད་མི་སྐྱེལ་བ་བྱས་ཏེ་སྲིད་ཇུས་ལག་བསྟར་བྱ་རྒྱུའི་འཁྲུལ་ནོངས་བྱུང་བ་དང་ཁྲིམས་འགལ་ཉེས་གསོག་བར་གྱི་དབྱེ་བ་དང་། ལས་འཛོལ་བྱུང་བ་དང་འགན་འཛོལ་ཉེས་གསོག་བར་གྱི་དབྱེ་བ། དཔལ་འབྱོར་འགྲོ་འོང་དང་དཔལ་འབྱོར་ཉེས་གསོག་བར་གྱི་དབྱེ་བ་བཅས་ནན་པོར་ཕྱེ་སྟེ་ཁྲིམས་སྒྱུར་ནན་པོ་བྱས་ཡོད་ལ་ཞབས་ཞུ་ཡང་སེམས་རྩ་འཁོལ་པོས་བྱས་ཏེ་མི་དམངས་མང་ཚོགས་ཁྲོད་ཀྱི་ཏང་གི་གཟུགས་བཪྙན་བཟང་པོ་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་ཁེ་ཕན་སྲུང་སྐྱོང་བྱས་ཡོད།
(གསུམ་པ )ཞུ་གཏུག་གི་བྱེད་སྒོར་ཁྲིམས་ལུགས་ལྟར་ལྟ་སྐུལ་བྱས་ནས་ཁྲིམས་འཛིན་གཞུང་དྲང་དང་སྤྱི་ཚོགས་ཀྱི་དྲང་གཞག་དང་དྲང་བདེན་ལ་ནུས་ཤུགས་ཡོད་རྒུ་བཏོན་ནས་སྲུང་སྐྱོང་བྱས་ཡོད། ལོ་གཅིག་རིང་། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཏང་དང་། མི་དམངས། ཁྲིམས་ལུགས་བཅས་ལ་ཚད་མཐོའི་འགན་ཁུར་བའི་སྙིང་སྟོབས་ཀྱི་ཐོག་ནས་ཁྲིམས་ལུགས་ཀྱི་ལྟ་སྐུལ་བྱ་རྒྱུའི་འགན་ནུས་ལག་ལེན་ཏན་ཏིག་བྱས་ཏེ། ཁྲིམས་ལུགས་གཅིག་གྱུར་དང་ལག་བསྟར་ཡང་དག་བྱས་པར་ནུས་ཡོད་ཀྱི་སྲུང་སྐྱོང་བྱས་ཡོད། དེ་ཡང་གཅིག་ནི་གྱོད་ཁོངས་སུ་འཇུག་རྒྱུར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ཡོད། གྱོད་ཁོངས་སུ་འཇུག་པར་ལྟ་སྐུལ་བྱ་རྒྱུའི་གྱོད་གཞི་བསྡོམས་15ཞིབ་གཅོད་བྱས་པ་དང་། ཉུལ་ཞིབ་ལས་ཁུངས་ལ 《གྱོད་གཞིར་མ་བཅུག་པའི་རྒྱུ་མཚན་གསལ་བཤད་དགོས་རྒྱུའི་བླང་བྱ་བཏོན་པའི་བརྡ་ཐོ 》15བཏང་བ་དང་། ཉུལ་ཞིབ་ལས་ཁུངས་ལ་བརྡ་ཐོ་བཏང་ནས་གྱོད་གཞི་7དང་མི་གྲངས་13གྱོད་ཁོངས་སུ་བཅུག་ཡོད། གཉིས་ནི་ཉུལ་ཞིབ་བྱེད་སྒོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ཡོད། ཉུལ་ཞིབ་ལས་ཁུངས་ཀྱིས་འཛིན་བཟུང་གི་ཆོག་མཆན་ཞུ་རྒྱུར་ཕུལ་བའི་གྱོད་གཞིའི་ནང་འཛིན་བཟུང་གི་ཆ་རྐྱེན་ཚང་མེད་པའི་གྱོད་གཞི་97ནང་ནས་མི་གྲངས་205འཛིན་བཟུང་བྱས་མེད་པ་དང་། ཉུལ་ཞིབ་ལས་ཁུངས་ཀྱིས་ཞུ་གཏུག་ལ་ཞིབ་བཤེར་བྱ་རྒྱུར་བསྐྱལ་བའི་གྱོད་གཞིའི་ནང་ནས་ཞུ་གཏུག་བྱ་རྒྱུའི་ཆ་རྐྱེན་མ་ཚང་བའི་གྱོད་གཞི་61དང་མི་གྲངས་110ལ་ཞུ་གཏུག་བྱས་མེད་པ། སྔ་སྣུར་དུ་ཉུལ་ཞིབ་བྱ་རྒྱུར་ཞུགས་པའི་གྱོད་གཞི་ཐེངས་གྲངས་94ཡོད་པ། གལ་ཆེའི་གྱོད་གཞིར་གྲོས་བསྡུར་བྱ་རྒྱུར་ཞུགས་ཐེངས་34ཟིན་པ། ས་ངོས་ས་ཐོག་ཏུ་རྩད་ཞིབ་ཚོད་ལྟ་བྱེད་ཐེངས་10ཟིན་པ། ཉུལ་ཞིབ་ལས་ཁུངས་ལ་ཡོ་བསྲང་བྱ་རྒྱུའི་བསམ་འཆར་ཁག་150ལྷག་ཙམ་བཏོན་ཡོད། གསུམ་ནི་ཉེས་དོན་འདྲི་གཅོད་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ། དངོས་འབྲེལ་ནོར་འཁྲུལ་བྱུང་བའི་ཉེས་དོན་ཁྲུན་གཅོད་དང་འདུམ་གཅོད་ལ་བསྐྱར་གཅོད་ཞུ་གཏུག་ཁག་5བརྒྱབ་པ་དང་། ཉེས་དོན་འདྲི་གཅོད་ཀྱི་བྱེད་སྒོའི་ནང་ཁྲིམས་དང་འགལ་ཚུལ་ཡོ་བསྲང་བྱ་རྒྱུའི་བསམ་འཆར་ཐེངས་17བཏོན་པ། བཞི་ནི་དམངས་དོན་སྲིད་འཛིན་གྱི་འདྲི་གཅོད་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ། མི་དམངས་མང་ཚོགས་ཀྱིས་ཞུ་འབུལ་བྱས་པའི་དམངས་དོན་སྲིད་འཛིན་གྱོད་གཞི་44ལ་ནན་ཏན་ངང་ཞིབ་གཅོད་བྱས་པ་དང་། དངོས་འབྲེལ་ནོར་བའི་དམངས་དོན་སྲིད་འཛིན་གྱི་ཁྲུན་གཅོད་དང་འདུམ་གཅོད་ལ་བསྐྱར་གཅོད་བྱ་རྒྱུ་ཁག་8བཏོན་ཡོད། ལྔ་ནི་ཁྲིམས་བཅད་ལག་བསྟར་དང་ལྟ་འདོམས་ཀྱི་བྱེད་སྒོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ། མི་གྲངས་1777ལ་ཁྲིམས་ཆད་ཡང་བཟོས་བཏང་བ་དང་། མི་9དངོས་མིན་བཙོན་འགྲོལ་བཏང་བ། མི་54ལ་ཁག་ཁུར་བཙོན་བཏོན་གྱིས་སྨན་བཅོས་བྱས་པ། བཀག་ཉར་གྱི་དུས་ཚོད་ཐིམས་མཚམས་དྲན་སྐུལ་བྱ་རྒྱུ་དང་། དུས་ཚད་ལས་བརྒལ་ཏེ་བཀག་ཉར་བྱས་པའི་འགན་འཁྲི་རྩད་གཅོད་བྱ་རྒྱུའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཏེ་ས་གནས་དང་གྲོང་ཁྱེར་གྱི་ཉེས་ཅན་ལྟ་སྲུང་ཁང་5དང་། གཙོ་གནད་རྫོང་གི་ཉེས་ཅན་ལྟ་སྲུང་ཁང་21ལ་ཞིབ་བཤེར་བྱས་ནས་དུས་ཚད་ལས་བརྒལ་ཏེ་བཀག་ཉར་བྱས་པའི་གྱོད་གཞིའི་ནང་ནས་མི་གྲངས་22ལ་ཁྲིམས་ལུགས་ལྟར་ཡོ་བསྲང་བྱས་ཡོད།
གཉིས། མི་དམངས་ཀྱི་འཚོ་བར་དོ་ཁུར་ཤུགས་ཆེ་བྱས་ཏེ་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་པ།
ལོ་གཅིག་རིང་། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་མི་དམངས་ཀྱི་དོན་དུ་ཁྲིམས་སྒྱུར་བྱ་རྒྱུའི་སྙིང་དོན་ཉམས་ལེན་ཧུར་ཐག་བྱས་ཏེ་ཞིབ་དཔྱོད་ལས་དོན་ལ་ལེགས་བཅོས་བར་མི་འཆད་པ་བྱས་ནས་རང་རྟོགས་ངང་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་དེ་ཞིབ་དཔྱོད་ལས་ཀའི་གཞི་འཛིན་ས་དང་མཐར་ཐུག་གི་དམིགས་ཡུལ་ལ་བརྩིས་ཏེ་གཞི་རིམ་ལ་ཟབ་འཇུག་གིས་བཅར་འདྲི་བརྟག་དཔྱད་དང་། དངོས་ཞིབ་ལྐོག་འདྲི། རིམ་བཤེར་བྱས་ནས་ཞུ་གཏུག་མཚམས་འཇོག་བྱེད་དུ་འཇུག་པ། མི་དམངས་ལ་དགོས་མཁོ་གང་ཡོད་སྐད་ཆ་འདྲི་བ་དང་མི་དམངས་ཀྱི་ས་ནས་ཐབས་ཇུས་བླངས་ཏེ་མི་དམངས་ལ་ཞབས་འདེགས་ཞུ་གི་ཡོད།
(དང་པོ ) བློ་གཅིག་སེམས་གཅིག་གིས “དམངས་ཀྱི་དོན་དུ་ཁྲིམས་སྒྱུར་བྱ་རྒྱུའི་དགོངས་དོན་ལག་ལེན་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་གང་ཐུབ་བྱས་པ ”དེ་ཡང་གཅིག་ནི་མང་ཚོགས་ཀྱི་ཞུ་འབུལ་གྱོད་གཞིར་ཆེད་མངགས་གཙང་བཤེར་བྱ་རྒྱུའི་ལས་ཀ་གཅིག་བསྡུས་ངང་སྤེལ་ཡོད། རིམ་བཤེར་བྱས་ཏེ་ཤེས་པའི་གྱོད་གཞི་9ལ་རེ་རེ་བཞིན་ཞིབ་འཇུག་བྱས་ནས་ཐག་གཅོད་བྱ་ཐབས་བཏོན་ཏེ་དེ་སྔའི་ཐག་གཅོད་ཁག་5ཡོ་བསྲང་བྱས་པ་དང་། ཉེས་དོན་སྐྱིན་ཚབ་འཇལ་རྒྱུའི་གྱོད་གཞི་ཁག་3ལ་ཞིབ་གཅོད་བྱས་ནས་དོ་བདག་ལ་སྐྱིན་ཚབ་དངུལ་དང་། གྱོད་གཞི་དང་འབྲེལ་ཡོད་ཀྱི་དངུལ་སྒོར་ཁྲི་147.3981འཇལ་བའམ་ཕྱིར་སློག་བྱས་ཏེ་དེ་སྔོན་དྲང་གཞག་མིན་པའི་ཐག་གཅོད་བྱས་པའི་དོ་བདག་3བདེན་དོན་གྱི་མཐའ་གསལ་བ་བཟོས་ཏེ་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ནུས་ཡོད་ཀྱི་སྒོ་ནས་སྲུང་སྐྱོང་བྱས་ཡོད། གཉིས་ནི་འགོ་ཁྲིད་ཀྱིས་ཡིག་འབུལ་ཞུ་བཅར་ལ་སྣེ་ལེན་ཞུ་རྒྱུའི་ཐད་འགོ་ཁྲིད་གཙོ་བོས་འགན་ཁུར་རྒྱུའི་ལམ་ལུགས་གཏིང་ཟབ་ངང་ཁྱབ་སྤེལ་བཏང་ཡོད། གོང་ལ་ཞུ་འདྲི་བྱ་རྒྱུ་དེ་གཤམ་ལ་འདྲི་རྟོག་བྱ་རྒྱུར་བསྒྱུར་བ་དང་། བཅར་འདྲི་བསྒུགས་ནས་སྡོད་རྒྱུ་དེ་སྐོར་སྐྱོད་བཅར་འདྲི་བྱ་རྒྱུར་བསྒྱུར་ནས་སྐོར་སྐྱོད་དང་། གཤམ་སྐྱོད་འདྲི་རྟོག བསྐྱར་འདྲི་བཅས་བསྡོམས་ཐེངས་531བྱས་པ་དང་། མི་དམངས་མང་ཚོགས་ལ་ཁྲིམས་ལུགས་སྤྱོད་སྟངས་ཐེངས་4560བསླབ་པ། རྒྱལ་ཁབ་ཀྱི་ལས་དོན་མི་སྣར་ཁྲིམས་ལུགས་ཀྱི་དྲིལ་བསྒྲགས་སློབ་གསོ་ཐེངས་145བྱས་པའི་སློབ་གསོ་མྱོང་མཁན་ལས་བྱེད་པ་དང་མང་ཚོགས་མི་གྲངས་22582ཟིན་ཡོད། གསུམ་ནི་ཞིབ་དཔྱོད་ཀྲང་གིས་སྣེ་ལེན་བྱ་རྒྱུ་དང་། ཁ་ཆད་ལྟར་སྣེ་ལེན་བྱ་རྒྱུའི་ལམ་ལུགས་ནན་ཏན་ངང་དོན་འཁྱོལ་བྱས་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་གི་ཞིབ་དཔྱོད་ཀྲང་གིས་མང་ཚོགས་ལ་སྣེ་ལེན་བསྡོམས་ཐེངས་164བྱས་ཏེ་སྤྱི་ཚོགས་ཐོག་བག་ཆགས་ཆེ་བ་དང་། མི་དམངས་མང་ཚོགས་ཀྱི་བདེ་རྩའི་ཁེ་ཕན་དང་འབྲེལ་ཡོད་ཀྱི་གྱོད་གཞི་5ཡོ་བསྲང་དང་ཐག་གཅོད་བྱས་ཡོད། བཞི་ནི་ཧུར་བརྩོན་ཆེན་པོས་དམངས་ལ་སྟབས་བདེ་དང་། དམངས་ལ་ཕན་བདེ་སྐྲུན་པའི་བྱ་ཐབས་འཐུས་ཚང་བཟོས་ཡོད། དུས་བབ་ཀྱི་དགོས་མཁོ་དང་འཚམ་ཆེད་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ལས་ཐོག་ཉེས་གསོག་གི་ཐེར་འདོན་ཁ་པར་12309བཙུགས་པ་དང་། དྲ་རྒྱའི་ཐོག་ཐེར་འདོན་དང་། ཞུ་འབུལ། ཆ་འཕྲིན་རྩད་འདྲི་བཅས་ཀྱི་ཞབས་འདེགས་ཞུ་ས་བཟོས་ཡོད། ཁ་པར་དང་དྲ་རྒྱ་བརྒྱུད་དོན་གནད་བསྡོམས་163དང་མི་ཐེངས་གྲངས་182ལ་སྐད་ཆ་དྲིས་པར་ལན་ཡོད་པ་དང་། དཀའ་ངལ་ཡོད་པར་རོགས་རམ་ཐུབ་པ་བྱས་ཡོད།
(གཉིས་པ ) ཐབས་བརྒྱ་ཇུས་སྟོང་གིས་མི་དམངས་ཀྱི་འཚོ་བར་དོ་ཁུར་བྱས་ནས་མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། མི་དམངས་མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡིན་པ། མི་དམངས་མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པའི་ཁེ་ཕན་གྱི་གནད་དོན་སྲུང་སྐྱོང་གང་ཐུབ་བྱས་ཡོད། “ཐོན་འཕར་ཡོང་རྒྱུར་འགན་སྲུང་དང་། དམངས་ཀྱི་འཚོ་བར་འགན་སྲུང་། བརྟན་ལྷིང་འགན་སྲུང ”བཅས་བྱ་རྒྱུར་ཞབས་འདེགས་ཞུ་བའི་མཛུབ་ཁྲིད་ཀྱི་བསམ་འཆར་ནན་ཏན་ངང་གཏན་འབེབས་དང་ལག་བསྟར་བྱས་ཏེ་ལྗོངས་ཡོངས་ཀྱི་རིམ་པ་ཁག་གི་ཞིབ་དཔྱོད་ལས་ཁུངས་སུ་ཁྲིམས་སྒྱུར་བྱས་ནས་ཁྱོན་ཡོངས་ལ་སྲུང་སྐྱོབ་བྱ་རྒྱུ་དང་། བློ་སེམས་གཅིག་སྒྲིལ་གྱིས་གནས་སྐབས་ཀྱི་དཀའ་ངལ་སེལ་རྒྱུའི་སྒྲིལ་ཤུགས་ཆེན་པོ་ཞིག་ཆགས་ཏེ་ཐོན་འཕར་ཡོང་བར་འགན་སྲུང་དང་། མི་དམངས་ཀྱི་འཚོ་བར་འགན་སྲུང་། བརྟན་ལྷིང་ལ་འགན་སྲུང་བཅས་བྱ་རྒྱུར་ཁྲིམས་ལུགས་ཀྱི་རྒྱབ་སྐྱོར་ནུས་ལྡན་ཞིག་བྱེད་ཐུབ་ཡོད། ན་ནིང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་འགན་སྲུང་བྱ་རྒྱུར་དམིགས་ནས་རྫུན་བཟོ་རྫུན་འཚོང་གི་གྱོད་གཞི་4དང་མི་7ལ་ཁྲིམས་ལུགས་ལྟར་ཐག་གཅོད་བྱས་པ་དང་། ཞིང་འབྲོག་མི་དམངས་མང་ཚོགས་ཀྱིས་དོ་སྣང་བྱེད་པའི་ས་ཞིང་དང་། རྩྭ་ཐང་འགན་ལེན་དང་། ནོར་སྲིད་དོ་དམ། ཞིང་ཕན་མ་དངུལ་དོན་འཁྱོལ་བྱ་རྒྱུ་སོགས་ཀྱི་གནད་དོན་ལ་དམིགས་ནས་ཞིང་འབྲེལ་ལས་ཐོག་ཉེས་གསོག་གི་གྱོད་གཞི་10དང་མི་གྲངས་11ལ་ཞིབ་གཅོད་བྱས་པ། བདེ་འཁོད་ལས་བརྩོན་བྱ་རྒྱུ་འགག་རྩར་འཛིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་རྒྱུར་དམིགས་ཏེ་ལས་ཐོག་ཉེས་གསོག་གི་གྱོད་གཞི་3དང་མི་4གྱོད་ཁོངས་སུ་བཅུག་ནས་བརྟག་དཔྱད་བྱས་པ་དང་། ལས་བཟོ་པའི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུར་དམིགས་ནས་གཞུང་ཁོངས་ཁེ་ལས་ཀྱི་ལས་དོན་མི་སྣ་མི་9ཡིས་ལྐོག་ཟ་དང་གཞན་སྤྱོད། རྒྱལ་ཁབ་ཀྱི་རྒྱུ་ནོར་སྒེར་བགོས་བཅས་བྱས་པའི་ལས་ཐོག་ཉེས་གསོག་ལ་ཞིབ་གཅོད་ནན་པོ་བྱས་པ། ནུས་པའི་འབྱུང་ཁུངས་དང་། སྣོད་བཅུད་ཁོར་ཡུག་ལ་གནོད་འཚེ་གཏོང་བར་དམིགས་ཏེ་འགན་འཛོལ་གྱོད་གཞི་2དང་མི་3ལ་ཞིབ་གཅོད་བྱས་པ། ཚབས་ཆེའི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུར་དམིགས་ཏེ་དམིགས་བསལ་ཅན་གྱི་ཚབས་ཆེའི་བདེ་འཇགས་ལས་འཛོལ་ཁག་5ལ་བརྟག་དཔྱད་བྱེད་རྒྱུར་ཐད་ཀར་ཞུགས་པ་མ་ཟད་ལྷག་བསྡད་པའི་མངོན་གསལ་ཆེ་བའི་གནད་དོན་ལ་ཁྲིམས་ལུགས་ལྟར་ཞིབ་གཅོད་བྱ་རྒྱུའི་གྲོས་འཆར་བཏོན་ཡོད། དེ་མིན་ད་དུང་གྱོད་གཞི་བྱུང་སའི་སྡེ་ཚན་ལ་རོགས་རམ་གྱིས་ལས་ཐོག་ཉེས་གསོག་སྔོན་འགོག་བྱ་རྒྱུའི་བྱ་ཐབས་ཁག་7དོན་འཁྱོལ་བྱས་ཡོད། དངུལ་རྩ་དང་། འགྲིམ་འགྲུལ། ཆུ་གློག་སོགས་གལ་ཆེའི་སྡེ་ཚན་ལ་གཞོགས་འདེགས་ཀྱིས་ལས་ཐོག་ཉེས་གསོག་སྔོན་འགོག་བྱ་རྒྱུའི་ལས་ཀའི་ལམ་སྲོལ་བཙུགས་ཡོད། ཁེ་ལས་དང་མཉམ་འབྲེལ་གྱིས་གལ་ཆེའི་རྣམ་གྲངས་7འཛུགས་སྐྲུན་བྱེད་ཚུལ་ལ་འགོ་ནས་མཇུག་བར་ལྟ་སྐུལ་བྱས་ཡོད།
(གསུམ་པ )བློ་གཅིག་སེམས་གཅིག་གིས་ལྟ་སྐུལ་དང་ལེན་བྱས་ཏེ་ཞིབ་དཔྱོད་ལས་ཀར་ལེགས་བཅོས་གང་ཐུབ་ཅི་ཐུབ་བྱས་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་གི་ཞིབ་དཔྱོད་ལས་ཁུངས་ཀྱིས་རང་འགུལ་ངང་ཏང་ཨུད་ལ་ལས་དོན་བཀའ་སྐོར་དང་སྙན་སེང་ཞུས་ཏེ་རིམ་པ་ཁག་གི་ཏང་ཨུད་ཀྱི་མཐོང་ཆེན་དང་རྒྱབ་སྐྱོར་བརྩོན་ལེན་བྱས་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་དང་གཏན་འབེབས་སྒོ་ཀུན་ནས་དོན་འཁྱོལ་བྱས་ཐོག་དུས་ཐོག་ཏུ་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གལ་ཆེའི་ལས་དོན་སྤེལ་ཚུལ་སྙན་སེང་ཞུས་པ། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བསྒྲུབ་རྒྱུར་སྤྲད་པའི་ལས་དོན་ནན་ཏན་ངང་བསྒྲུབས་པ། ཧུར་བརྩོན་ཆེན་པོས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་དང་འབྲེལ་བ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་བཏོན་པའི་བསམ་འཆར་དང་སྐྱོན་བརྗོད་གྲོས་འཆར་བཅས་ལ་ནན་ཏན་ངང་ཞིབ་འཇུག་བྱས་ནས་དོན་འཁྱོལ་བྱས་པ། ཞིབ་དཔྱོད་ལས་དོན་ཕྱི་གསལ་བྱ་རྒྱུ་ཁྱབ་སྤེལ་ཤུགས་ཆེ་བཏང་བ་དང་། མི་དམངས་ཀྱི་ལྟ་སྐུལ་པའི་ལམ་ལུགས་བསྒྱུར་བཅོས་བྱ་རྒྱུ་ཧུར་བརྩོན་ངང་གཏིང་ཟབ་ཏུ་བཏང་སྟེ་མི་དམངས་ཀྱི་ལྟ་སྐུལ་པ་291འདེམས་བསྐོ་བྱས་པ། ཞིབ་དཔྱོད་ཀྱི་ལས་ཀའི་ནང་ཉེས་དོན་ཞུ་འབུལ་གྱི་གྱོད་གཞིར་མངོན་གསལ་དུ་ཞིབ་བཤེར་དང་ཁྲིམས་འཛིན་དཔྱད་སྡོམ་བྱ་རྒྱུ་སོགས་ཀྱི་ལམ་ལུགས་འཐུས་ཚང་བཙུགས་པ། ཆ་འཕྲིན་ཡོངས་བསྒྲགས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཞིབ་དཔྱོད་ལས་ཀར་ནུས་ཡོད་ཀྱི་ཡོ་བསྲང་བྱས་ནས་ཞིབ་དཔྱོད་བྱེད་དབང་སྤྱོད་རྒྱུ་དེ་ཏང་གི་བལྟོས་མེད་འགོ་ཁྲིད་དང་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ། གསར་འགྱུར་ཚན་པ་དང་སྤྱི་ཚོགས་གླེང་ཕྱོགས་ཀྱི་ལྟ་སྐུལ་བཅས་ཀྱི་འོག་ཏུ་བཅུག་སྟེ་ཞིབ་དཔྱོད་བྱེད་དབང་ཡང་དག་པའི་ངང་སྤྱོད་རྒྱུར་འགན་སྲུང་བྱས་ཡོད། རང་རྟོགས་ངང་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱ་རྒྱུའི་ཐད་ལྗོངས་ཡོངས་ཀྱི་རིམ་གསུམ་ཞིབ་དཔྱོད་ལས་ཁུངས་ཀྱིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་དཔྱད་གཞིའི་ཡིག་རིགས་2800འབུལ་སྐྱེལ་ཞུས་པ་དང་། ལས་དོན་སྙན་སེང་ཐེངས་270ཞུས་པ། བཅར་འདྲིར་མི་ཐེངས་680ཕྱིན་པ། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་གདན་འདྲེན་ཞུས་ནས་ཞིབ་དཔྱོད་ལས་ཀར་རྟོག་ཞིབ་མི་ཐེངས་390བྱས་ཏེ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལྟ་སྐུལ་བྱེད་དབང་ལ་འགན་སྲུང་ནུས་ལྡན་བྱས་ཡོད།
གསུམ། དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་ལུགས་ཀྱི་ལྟ་སྐུལ་ནུས་པ་ཆེ་རུ་བཏང་བ།
ལོ་གཅིག་རིང་། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་དཔྱོད་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་སྒོ་ཀུན་ནས་ཤུགས་སྣོན་བརྒྱབ་སྟེ་དོ་ནན་དང་། གཞུང་དྲང་། ཚུལ་ལྡན། སྤྱོད་གཙང་བཅས་ཀྱི་སྒོ་ནས་ཁྲིམས་སྒྱུར་བྱ་རྒྱུར་གནོད་པའི་གནད་དོན་མངོན་གསལ་ཅན་རྣམས་ཐག་གཅོད་ཤུགས་ཆེ་བྱས་པས་དཔུང་ཁག་ཁྱོན་ཡོངས་ཀྱི་བྱང་ཚད་དང་ཁྲིམས་སྒྱུར་གྱི་ཆུ་ཚད་གསར་དུ་མཐོ་རུ་ཕྱིན་ཡོད།
(དང་པོ )སློབ་སྦྱོང་དང་ལག་ལེན་གྱི་བྱེད་སྒོའི་གྲུབ་འབྲས་ཏན་ཏིག་ངང་སྲ་བརྟན་དང་རྒྱ་ཆེར་བཏང་བ། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་དོ་ནན་དང་། གཞུང་དྲང་། ཚུལ་ལྡན་བཅས་ཀྱི་སྒོ་ནས་ཁྲིམས་སྒྱུར་བྱ་རྒྱུའི་སྐོར་གྱི་ཏང་གི་ཚོགས་ཆེན་བཅུ་བདུན་པའི་བླང་བྱ་ལྟར་ཀྲུང་དབྱང་གི་གལ་ཆེའི་མཛུབ་སྟོན་དང་། ལྗོངས་ཏང་ཨུད་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བཀོད་སྒྲིག་གི་བླང་བྱ་ལག་བསྟར་ནན་པོ་བྱས་ཏེ་བསམ་བློ་ཆབ་སྲིད་ཀྱི་འཛུགས་སྐྱོང་ཨང་དང་པོར་འཇོག་རྒྱུ་དང་། སློབ་སྦྱོང་དང་ལག་ལེན་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་དེ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིག་ཤེས་ལྟ་བའི་སློབ་གསོ་གཏིང་ཟབ་གཏོང་རྒྱུ་གཉིས་བྲལ་མེད་གཅིག་འགྱུར་ཡོང་བ་བྱས་ཏེ་ལག་ལེན་གྱི་ཁྱད་ཆོས་དང་། ལམ་སྲོལ་གསར་གཏོད་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་ཞིབ་དཔྱོད་ལས་དོན་དེ་ཚན་རིག་དང་མཐུན་པའི་གོང་འཕེལ་འགྲོ་རྒྱུར་ཤུགས་རྐྱེན་ཐེབས་པའི་ལམ་ལུགས་དང་ལམ་སྲོལ་ལ་གཅིག་བསྡུས་ངང་གཙང་སྒྲིག་བྱས་ཏེ་ཚད་བཅད་ཡིག་ཆ་བསྡོམས་150གཙང་སྒྲིག་བྱས་པ་དང་། ལམ་ལུགས་ལམ་སྲོལ་ཁག་124གཙང་སྒྲིག་བྱས་པ། ཡིག་ཆ་6མེད་པ་བཟོས་པ། ཡིག་ཆ་27ལ་བཟོ་བཅོས་བརྒྱབ་ནས་ཆ་ཚང་དུ་བཏང་ཡོད། སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་གསར་གཏོད་དང་། ཁྲིམས་ལུགས་ཀྱི་ལྟ་སྐུལ་བྱ་རྒྱུ་གསར་གཏོད། ཞིབ་དཔྱོད་ལས་ཀའི་འགན་སྲུང་འཐུས་ཚང་བཟོ་རྒྱུ་གསར་གཏོད་སོགས་ཀྱི་སྒྲིག་སྲོལ་ལམ་ལུགས་གཏན་འབེབས་དང་ཕྱིར་འགྲེམ་བྱས་པས་ཞིབ་དཔྱོད་དཔུང་ཁག་གི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་ཀྱི་རིག་ཤེས་ལྟ་བ་དང་། “དམངས་ཀྱི་ཆེད་དུ་ཞིབ་དཔྱོད་དང་། དམངས་ཀྱི་ཆེད་དུ་ཁྲིམས་སྒྱུར ”བྱ་རྒྱུའི་ཁྲིམས་སྒྱུར་གྱི་ལྟ་བ་དང་གྱོད་གཞིར་ཞིབ་གཅོད་བྱེད་ཤུགས་དང་། སྤུས་ཚད། ལས་ཆོད། ཕན་འབྲས་བཅས་གཅིག་འགྱུར་ཡིན་པའི་ལས་ཀའི་གྲུབ་འབྲས་ཀྱི་ལྟ་བ་དེ་བཞིན་ལྟ་སྐུལ་པས་དེ་བས་ཀྱང་ལྟ་སྐུལ་དང་ལེན་བྱ་རྒྱུའི་དབང་ཆའི་ལྟ་བ་སྔར་བས་སྲ་བརྟན་དུ་ཕྱིན་པ་དང་། ཞིབ་དཔྱོད་མི་སྣའི་ཁྲིམས་སྒྱུར་གྱི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་པ། སློབ་སྦྱོང་དང་ལག་ལེན་གྱི་བྱེད་སྒོའི་གྲུབ་འབྲས་སྔར་བས་ཆེ་རུ་ཕྱིན་ཡོད།
(གཉིས་པ )འགོ་ཁྲིད་ཚན་པ་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་པ། འགོ་ཁྲིད་ལས་བྱེད་པས་ཆབ་སྲིད་སློབ་སྦྱོང་དང་། འགན་འབབ་ལས་ཀ་སློབ་སྦྱོང་བྱ་རྒྱུ་སོགས་ཀྱི་ལམ་ལུགས་ནན་ཏན་ངང་དོན་འཁྱོལ་བྱས་ནས་རིམ་ཁག་ཞིབ་དཔྱོད་ལས་ཁུངས་སུ་ཏང་གཤིས་དར་སྤེལ་དང་། ཀུན་སྤྱོད་གཙོར་བཟུང་། རང་དཔེ་གཞན་སྟོན་བཅས་ཀྱི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་ནས་འགོ་ཁྲིད་ལས་བྱེད་པར་སློབ་གསོ་དང་། ལྟ་སྐུལ། དོ་དམ་བཅས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཡོད། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱ་རྒྱུར་དམ་འཛིན་ཤུགས་ཆེ་བྱས་ཏེ་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ཁོངས་གཏོགས་སུ་རིམ་པ་རེ་རེ་བཞིན་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱ་རྒྱུའི་འགན་འཁྲིའི་ཡི་གེ་འཇོག་རྒྱུ་དང་། སྒྲིག་ཁྲིམས་སྒྲིག་སྲོལ་སློབ་སྦྱོང་བྱ་རྒྱུ། གྱོད་གཞིར་བརྟེན་ནས་ཁྲིམས་ཀྱི་གནས་ལུགས་ལ་དབྱེ་ཞིབ་བྱ་རྒྱུ་བཅས་ཀྱི་བྱེད་སྒོ་སྤེལ་ཡོད། རིམ་ཁག་ཏང་ཨུད་དང་། མི་དམངས་འཐུས་ཚོགས་ཀྱི་རྒྱབ་སྐྱོར་བརྩོན་ལེན་གང་ཐུབ་བྱས་ཏེ་རིམ་ཁག་ཞིབ་དཔྱོད་ཁང་གི་འགོ་ཁྲིད་ཚན་པ་ལེགས་སྒྲིག་དང་ཁ་གསབ་བྱས་པ་དང་། རྗེས་གྲབས་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དམངས་གཙོའི་ཐོག་ནས་ཁྲུའུ་རིམ་པ་རྒན་གཞོན་གྱི་རྗེས་གྲབས་ལས་བྱེད་པ་བསྡོམས་120འོས་སྦྱོར་ཞུས་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན 31བསྐོ་བཞག་བྱ་རྒྱུའི་སྙན་འབུལ་ཞུས་ཡོད། རིམ་པ་ཁག་གི་ཞིབ་དཔྱོད་ཁང་གི་ཏང་ཙུའུ་དང་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་དམ་འཛིན་ཤུགས་ཆེ་བྱས་ཏེ་མིག་སྔར་གཞི་རིམ་ཞིབ་དཔྱོད་ཁང་72ལ་ཏང་ཙུའུ་བཙུགས་པ་དང་། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ཁང་81ཚང་མར་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་བཙུགས་ཡོད། ལྗོངས་ཏང་ཨུད་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་གི་འགོ་ཁྲིད་ཚན་པར་ཁ་གསབ་དང་ཤུགས་སྣོན་སྔར་ལས་ལྷག་པ་བྱུང་ཡོད།
(གསུམ་པ )རང་ངོས་ལ་ལྟ་སྐུལ་བྱ་རྒྱུའི་ལམ་སྲོལ་འཛུགས་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་པ། ལྗོངས་ཡོངས་ཀྱི་རིམ་པ་ཁག་གི་ཞིབ་དཔྱོད་ལས་ཁུངས་ཀྱིས་རང་ཉིད་ཀྱི་ཁྲིམས་སྒྱུར་བྱེད་སྒོར་ལྟ་སྐུལ་དང་གཅུན་འདོམས་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་དང་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་སྒྱུར་གྱི་ཚད་བཅད་བར་མི་ཆད་པར་ཆ་ཚང་དུ་བཏང་བ་དང་། དོ་དམ་བྱེད་སྲོལ་བར་མི་ཆད་པར་འཐུས་ཚང་དུ་བཏང་སྟེ་ལས་ཐོག་ཉེས་གསོག་གི་དོགས་ཡོད་མི་སྣར་འདྲི་ཞིབ་བྱ་སྐབས་བརྒྱུད་རིམ་ཚང་མར་སྒྲ་འཇུག་དང་བཪྙན་འཇུག་བྲལ་མེད་བྱ་རྒྱུ་དང་། ལས་ཐོག་ཉེས་གསོག་གི་གྱོད་གཞིར་ཞིབ་གཅོད་བྱ་སྐབས་དེ་གྱོད་ཁོངས་སུ་འཇུག་རྒྱུ་དང་། གྱོད་གཞི་ཕྱིར་འཐེན་བྱ་རྒྱུ། འཛིན་བཟུང་བྱ་རྒྱུ། ཞུ་གཏུག་མ་བྱས་པར་རིམ་པ་གོང་མར་ཐོ་བཀོད་སྙན་སེང་དང་ཆོག་མཆན་ཞུ་རྒྱུ་སོགས་ཀྱི་ལམ་ལུགས་ཁྱབ་སྤེལ་བཏང་བ། གནད་ཆེའི་གྱོད་གཞི་ཕྱི་གསལ་བཟོས་ནས་ཞིབ་གཅོད་བྱ་རྒྱུར་ལྟ་སྐུལ་བྱ་རྒྱུ་དང་། “གྱོད་གཞི་གཅིག་ལ་ཤོག་བྱང་གསུམ ”དང་། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་སྡེ་ཚན་གྱིས་རྗེས་དེད་ལྟ་སྐུལ་བྱ་རྒྱུ་སོགས་ཀྱི་ལམ་ལུགས་བཙུགས་ཏེ་གྱོད་ཞིབ་ཀྱི་ལྷུ་ཚིགས་ཁག་གི་གནས་ཚུལ་ལ་གཞིགས་པའི་ལྟ་སྐུལ་བྱེད་ཐུབ་པ་དང་། རང་ཉིད་ཀྱི་ཁྲིམས་སྒྱུར་བྱེད་ལུགས་ཚད་མཐུན་བྱུང་ཡོད།
(བཞི་པ )ཞིབ་དཔྱོད་བྱ་ཚུལ་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཅིག་འགྱུར་བཀོད་སྒྲིག་ལྟར་རིམ་ཁག་ཞིབ་དཔྱོད་ལས་ཁུངས་སུ “འགོ་ཁྲིད་ལས་བྱེད་པའི་སྤྱོད་ཚུལ་ལེགས་སྐྱོང་གི་ལོ ”ཞེས་པའི་བྱེད་སྒོ་གཏིང་ཟབ་ངང་སྤེལ་བ་མ་ཟད་ཞིབ་དཔྱོད་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས “སློབ་སྦྱོང་གི་རང་བཞིན་ལྡན་པའི་ཞིབ་དཔྱོད་ཁང་གསར་འཛུགས་བྱ་རྒྱུ་དང་། སློབ་སྦྱོང་གི་རང་བཞིན་ལྡན་པའི་ཞིབ་དཔྱོད་དཔོན་གསོ་སྐྱོང་བྱ་རྒྱུའི་བྱེད་སྒོ་སྤེལ་ཏེ་ཞིབ་དཔྱོད་ལས་ཁུངས་ཀྱི་ཁྲིམས་སྒྱུར་བྱེད་ནུས་དང་། ཁྲིམས་སྒྱུར་གྱི་ཆུ་ཚད། ཁྲིམས་སྒྱུར་ལ་ཀུན་གྱིས་ཡིད་ཆེས་བྱེད་ཤུགས་བཅས་དངོས་འབྲེལ་ཆེ་རུ་ཕྱིན་ཡོད། ཐད་ཀར་གྱོད་ཁོངས་སུ་བཅུག་ནས་ཉུལ་ཞིབ་བྱས་པའི་གྱོད་གཞི་དང་། དངུལ་ནོར་འཐེན་ཉར་དང་བསྡམས་འཇོག་བྱས་པར་ཆེད་མངགས་ཞིབ་བཤེར་གྱི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་གྱོད་གཞི་བསྡོམས་186ལ་ཞིབ་བཤེར་བྱས་པའི་དངུལ་འབོར་ཁྲི་4300ཟིན་ཡོད། སྤྱོད་ཚུལ་ལེགས་སྐྱོང་གི་བྱེད་སྒོའི་ནང་རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་ཏང་ཙུའུ་ཡི་ཁོངས་མིས་རང་དཔེ་གཞན་སྟོན་བྱས་ཏེ་ཁག་བགོས་འགན་འཁུར་བྱ་རྒྱུའི་རྩ་དོན་ལྟར་གཞི་རིམ་དང་། དོན་དངོས། མང་ཚོགས་བཅས་ཀྱི་ཁྲོད་དུ་ཟབ་འཇུག་གིས་བརྟག་དཔྱད་ཞིབ་འཇུག་བྱས་ནས་གཞི་རིམ་དང་མང་ཚོགས་ལ་དོན་དངོས་ཀྱི་དཀའ་ངལ་དང་གནད་དོན་རབ་དང་རིམ་པ་མཐུན་སྒྲིག་བྱས་ནས་ཐག་གཅོད་བྱས་པར་རང་སྐྱོང་ལྗོངས་ཏང་ཨུད་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཁས་ལེན་དང་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད།
(ལྔ་པ )ནུས་པ་དང་བྱང་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་པ། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་དཔུང་ཁག་གི་བྱང་ཚད་མཐོ་རུ་གཏོང་རྒྱུ་དང་གཞི་རྒྱ་ཆེ་བའི་སློབ་གསོ་སྦྱོང་བརྡར་བྱ་རྒྱུའི་རེ་འདུན་གཞིར་བཟུང་ཞིབ་དཔྱོད་ཀྱི་སློབ་གསོ་སྦྱོང་བརྡར་གྱི་ལས་དོན་ཧུར་བརྩོན་ངང་སྤེལ་ཏེ 《2009-2012བར་གཞི་རྒྱ་ཆེན་པོའི་སྒོ་ནས་ཞིབ་དཔྱོད་ཀྱི་སློབ་གསོ་དང་སྦྱོང་བརྡར་གྱི་ལས་དོན་སྤེལ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལག་བསྟར་བསམ་འཆར 》ཞེས་པ་ཕྱིར་འགྲེམ་བྱས་ནས་ཤེས་རྩལ་འཛོམས་པའི་མི་སྣ་དང་ཆེད་ལས་ཤེས་ལྡན་མི་སྣ་འབད་བརྩོན་ཆེན་པོས་གསོ་སྐྱོང་བྱས་པ་དང་། ཞིབ་དཔྱོད་མི་སྣའི་ཐེངས་གྲངས་2300གསོ་སྐྱོང་བྱས་ཡོད། ཕྱིར་འགྲོ་བ་དང་ནང་དུ་གདན་དྲངས་རྒྱུ་ཟུང་འབྲེལ་བྱ་རྒྱུ་དང་། ཡུན་ཐུང་དང་ཡུན་རིང་སྦྱོང་བརྡར་བྱ་རྒྱུ་ཟུང་འབྲེལ་བྱ་རྒྱུ། ཆེད་ལས་གསོ་སྦྱོང་དང་སློབ་ཡུན་སློབ་གསོ་ཟུང་འབྲེལ་བྱ་རྒྱུ་བཅས་ཀྱི་ཐབས་ཤེས་ལ་བརྟེན་ནས་ཞིབ་དཔྱོད་དཔུང་ཁག་གསོ་སྐྱོང་བྱེད་ཤུགས་བར་མི་ཆད་པར་ཆེ་རུ་བཏང་ཡོད། ན་ནིང་མི་གྲངས་114ཁྲིམས་འཛིན་གྱི་ཡིག་ཚད་ལོན་པ་དེ་ནི་ཁྲིམས་འཛིན་ཡིག་རྒྱུགས་བཏང་ནས་ལོ་བརྒྱད་སོང་རིང་ཞིབ་དཔྱོད་ཁོངས་གཏོགས་སུ་ཡིག་ཚད་ལོན་པའི་མི་གྲངས་མང་ཤོས་ཀྱི་ལོ་གཅིག་ཡིན། 《བོད་རྒྱ་སྐད་ཡིག་གཉིས་སློབ་སྦྱོང་གི་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་ཇུས་གཞི 》ཕྱིར་འགྲེམ་བྱས་ནས་ཞིབ་དཔྱོད་ཁོངས་གཏོགས་ཀྱི་རང་ལོ་45མན་ཆད་ཀྱི་བོད་རྒྱ་ལས་བྱེད་པས “སྐད་ཡིག་གཉིས ”སློབ་སྦྱོང་བྱས་ཏེ “སྐད་ཡིག་གཉིས ”སློབ་སྦྱོང་བྱས་འབྲས་དེ་ལོ་རེའི་དཔྱད་སྡོམ་གྱི་ནང་དོན་ལ་བརྩིས་པ་དང་། བོད་ལྗོངས་སློབ་ཆེན་དུ་སློབ་དུས་རེར་དུས་ཡུན་ལོ་གཅིག་ཡིན་པའི་ཞིབ་དཔྱོད་ཁོངས་གཏོགས་ཀྱི་བོད་སྐད་ཡིག་སྦྱོང་བརྡར་འཛིན་གྲྭ་ཐེངས་གཉིས་གཉེར་བ། ན་ནིང་ད་དུང་པེ་ཅིང་དགེ་འོས་སློབ་ཆེན་དང་འགན་འབབ་ལས་ཀའི་སྦྱོང་བརྡར་བྱ་རྒྱུ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ། རིགས་གཅིག་མཁས་པར་བློ་འདྲི་ཞུ་རྒྱུ་བཅས་གཙོ་བོའི་ནང་དོན་དུ་བྱས་ཏེ་སྒོ་ཀུན་ནས་མཉམ་ལས་བྱ་རྒྱུའི་ཡུན་རིང་གི་ཆོད་ཡིག་བཞག་ནས་ཞིབ་དཔྱོད་དཔུང་ཁག་གི་ནུས་པའི་བྱང་ཚད་ལ་སྒོ་ཀུན་ནས་ཤུགས་སྣོན་རྒྱག་ཆེད་རྨང་གཞི་སྲ་བརྟན་ཞིག་བཏིང་ཡོད།
(དྲུག་པ ) གཞི་རིམ་གྱི་རྨང་གཞིའི་སྒྲིག་བཀོད་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ཡོད། གཞི་རིམ་ཞིབ་དཔྱོད་ཁང་གི་རྨང་གཞིའི་འཛུགས་སྐྲུན་རྗེས་སུ་ལུས་པའི་གནད་དོན་ལ་དམིགས་ཏེ་རིམ་པ་ཁག་གི་སྲིད་གཞུང་གི་རྒྱབ་སྐྱོར་འོག་ན་ནིང་བསྡོམས་མ་དངུལ་སྒོར་ཁྲི 5698.42བཏང་བ་དེའི་ནང་ནས་མ་དངུལ་སྒོར་ཁྲི་1594.42བཏང་སྟེ། རྫོང་རིམ་པའི་ཞིབ་དཔྱོད་ཁང་21དང་། གྲོང་ཁྱེར་གྱི་ཡན་ལག་ཞིབ་དཔྱོད་ཁང་6 གི་འགྲིམ་འགྲུལ་ཡོ་ཆས་ཐག་གཅོད་བྱས་པ་དང་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་བྱེད་པ་དང་ཉེན་རྟོག་པར “མི་རེར་རྩིས་འཁོར་རེ་ཡོད་པ་བྱ་རྒྱུ ”ཡི་ལས་གཞི་བསྒྲུབས་པ། མ་དངུལ་སྒོར་ཁྲི་1071.8བཏང་སྟེ་ཉེན་ཟོན་གྱི་གོ་མཚོན་སྒྲིག་ཆས་དང་ཞིབ་དཔྱོད་པའི་གྱོན་ཆས་ཐག་གཅོད་དང་དོན་འཁྱོལ་བྱས་པ། གཞུང་དོན་གཅོད་རྒྱུ་དང་། གྱོད་གཞིར་ཞིབ་གཅོད་བྱ་རྒྱུ། དེ་བཞིན་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་བཅས་ཀྱི་འགྲོ་གྲོན་སྒོར་ཁྲི་3032.2གཤམ་གཏོང་བྱས་པ་དང་བོད་སྐྱོར་མ་དངུལ་སྒོར་ཁྲི་645བརྩོན་ལེན་བྱས་པས་གཞུང་དོན་གཅོད་རྒྱུ་དང་། གྱོད་ཞིབ་བྱ་རྒྱུ། གོ་མཚོན་སྒྲིག་ཆས་སོགས་ཀྱི་ཐད་གཞི་རིམ་ཞིབ་དཔྱོད་ཁང་གི་འགྲོ་གྲོན་ཚབས་ཆེ་མི་ལྡེང་བའི་གནས་ཚུལ་སྔར་བས་ཞི་ལྷོད་དུ་གྱུར་ཡོད། དེ་དང་ཆབས་ཅིག་རྒྱལ་ཁབ་ཞིབ་དཔྱོད་དཔོན་གྱི་སློབ་གྲྭ་ཆེ་མོའི་བོད་ལྗོངས་ཡན་ལག་སློབ་ཆེན་གྲབས་འཛུགས་བྱ་རྒྱུ་དང་། འགྲམ་དང་། གྲོ་མོ། སྐྱིད་རོང་། མཚེའུ་གཉིས་བཅས་ཀྱི་མངགས་གཏོང་ཞིབ་དཔྱོད་ཁང་4བདེ་བླག་ངང་འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད།
འཐུས་མི་རྣམ་པ།
འདས་ཟིན་པའི་ལོ་གཅིག་ནང་རང་ལྗོངས་ཀྱི་ཞིབ་དཔྱོད་ལས་ཀར་ཐོབ་པའི་གྲུབ་འབྲས་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་འབྲས་བུ་དང་། རྒྱལ་ཡོངས་ཞིང་ཆེན་དང་། གྲོང་ཁྱེར་ཁག་གི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བའི་འབྲས་བུ། ལྗོངས་ཡོངས་ཀྱི་རིམ་པ་ཁག་གི་མི་དམངས་འཐུས་ཚོགས་དང་། དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱ་ཆེའི་མི་དམངས་ཀྱི་འཐུས་མི་ཚོས་ཁྲིམས་ལུགས་ལྟར་ལྟ་སྐུལ་གནང་བའི་འབྲས་བུ། ལྗོངས་ཡོངས་ཀྱི་རིམ་པ་ཁག་གི་སྲིད་གཞུང་གིས་རྒྱབ་སྐྱོར་ཤུགས་ཆེ་གནང་བའི་འབྲས་བུ། ལྗོངས་ཡོངས་ཀྱི་རིམ་པ་ཁག་གི་སྲིད་གྲོས་དང་དེ་བཞིན་རྒྱ་ཆེའི་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་དམངས་གཙོའི་ལྟ་སྐུལ་དང་། སྤྱི་ཚོགས་ཀྱི་ལས་རིགས་ཁག་གིས་ལྷག་བསམ་ཟོལ་མེད་ངང་ཐུགས་འཁུར་གནང་བའི་འབྲས་བུ་བཅས་ཡིན་པ་མ་ཟད་དེ་ནི་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་མི་སྣས་ཐུན་མོང་ཐོག་འབད་བརྩོད་བྱས་པའི་འབྲས་བུ་ཡང་ཡིན། འདིར་ངས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཚབ་ཞུས་ནས་ཡུན་རིང་ནས་བཟུང་རང་ལྗོངས་ཀྱི་ཞིབ་དཔྱོད་ལས་ཀར་དོ་ཁུར་དང་རྒྱབ་སྐྱོར་གནང་མཁན་རིམ་པ་ཁག་གི་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་མི་སྣར་བྱམས་བརྩེའི་འཚམས་འདྲི་ཞུ་རྒྱུ་དང་། བླ་ན་མེད་པའི་གུས་སེམས་བཅང་རྒྱུ་ཡིན།
ན་ནིང་གི་ལས་དོན་ལ་ཕྱིར་མིག་བལྟས་རྗེས་ང་ཚོས་དྲན་ཤེས་གསལ་པོའི་སྒོ་ནས་མཐོང་བར་རང་ལྗོངས་ཀྱི་ཞིབ་དཔྱོད་ལས་དོན་དེ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་བླང་བྱ་དང་། མི་དམངས་མང་ཚོགས་ཀྱི་རེ་འདུན་དང་བསྡུར་ན་ད་དུང་ཧེ་བག་ངེས་ཅན་ཞིག་ཡོད་པ་དེ་ཡང་གཙོ་བོ་ཁྲིམས་སྒྱུར་བྱེད་སྲོལ་དང་། ཁྲིམས་སྒྱུར་གྱི་ཆུ་ཚད། ཁྲིམས་སྒྱུར་བྱེད་ཚུལ་བཅས་ལ་ད་དུང་ལེགས་བཅོས་དང་ཤུགས་སྣོན་སྔར་ལས་ལྷག་པ་བྱེད་དགོས་པ་དང་། ཁྲིམས་ལུགས་ཀྱི་ལྟ་སྐུལ་བྱེད་ཤུགས་དང་དེའི་ཕན་འབྲས་ཏང་གི་རེ་འདུན་དང་མི་དམངས་ཀྱི་བསམ་འདུན་དང་བསྡུར་ན་ད་དུང་ཧེ་བག་ངེས་ཅན་ཞིག་ཡོད་ཅིང་ལྟ་སྐུལ་བྱེད་མི་འདོད་པ་དང་། ལྟ་སྐུལ་བྱེད་མི་ཤེས་པའི་གནད་དོན་སྔར་བཞིན་གནས་ཡོད་པ། ཞིབ་དཔྱོད་དཔུང་ཁག་གི་ཁྱོན་ཡོངས་ཀྱི་བྱང་ཚད་དང་། ཁྲིམས་ལུགས་ལྟར་ལྟ་སྐུལ་བྱ་རྒྱུའི་ནུས་པ་དེ་དུས་བབ་གསར་པ་དང་ལས་འགན་གསར་པའི་རེ་འདུན་དང་ད་དུང་ཡོངས་སུ་འཚམ་མི་ཐུབ་པ། གཞི་རིམ་ཞིབ་དཔྱོད་ཁང་གི་མི་སྣ་མི་ལྡེང་བ་དང་། རྨང་གཞིའི་སྒྲིག་བཀོད་རྗེས་སུ་ལུས་པ། གོ་མཚོན་སྒྲིག་ཆས་མི་ལྡེང་བ་སོགས་ཀྱི་གནད་དོན་སྔར་མུས་བཞིན་མངོན་གསལ་དོད་པོ་ཡོད། གནད་དོན་དེ་རྣམས་ང་ཚོས་ངེས་པར་དུ་བྱ་ཐབས་ནུས་ལྡན་སྤྱད་དེ་ཐག་གཅོད་ནན་ཏན་བྱ་རྒྱུ་ཡིན།
2010ལོའི་ཞིབ་དཔྱོད་ལས་དོན་གྱི་བཀོད་སྒྲིག་གཙོ་བོ།
2010ལོའི་ཞིབ་དཔྱོད་ལས་དོན་གྱི་བཀོད་སྒྲིག་གཙོ་བོ། 2010ལོ་ནི་རང་ལྗོངས་སུ “ལོ་ལྔ་ཚན་གྱི་འཆར་གཞི་བཅུ་གཅིག་པ ”ལག་ལེན་བསྟར་བའི་རྒྱལ་ཕམ་ཐག་གཅོད་ཀྱི་ལོ་ཞིག་ཡིན་ལ་རང་ལྗོངས་ཀྱི་སྤྱི་ཚོགས་ཀྱི་དུས་བབ་དེ་གཞི་རྩའི་ཆ་ནས་བརྟན་ལྷིང་ཡིན་པ་ནས་ཡུན་རིང་བདེ་འཁོད་ཀྱི་ཕྱོགས་སུ་འཕེལ་བའི་འགག་རྩའི་ལོ་ཞིག་ཀྱང་ཡིན། འདི་ལོའི་ཞིབ་དཔྱོད་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ཁྱོན་ཡོངས་དང་འབྲེལ་བ་ཡོད་པ་དང་། གལ་ཆེའི་དོན་སྙིང་ལྡན་པ་ཞིག་ཡིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བློ་མཐུན་ཀྲང་ཆིང་ལིས “ཞིབ་དཔྱོད་ལས་ཁུངས་ནི་བོད་ཀྱི་ཆབ་སྲིད་འཛུགས་སྐྱོང་དང་། དམངས་གཙོའི་ཁྲིམས་ལུགས་འཛུགས་སྐྱོང་བྱེད་པའི་རྐང་འཛིན་སྟོབས་ཤུགས་དང་བོད་ཀྱི་བསྒྱུར་བཅོས་དང་། གོང་སྤེལ། བརྟན་ལྷིང་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་ཀ་རྡོ་ལྟ་བུ་ཡིན་ཞེས་བསྟན་གནང་ཡོད ” ང་ཚོས་རང་སྐྱོང་ལྗོངས་ཏང་ཨུད་དང་ལྷག་པར་དུ་ཧྲུའུ་ཅི་ཀྲང་ཆིང་ལིའི་ཞིབ་དཔྱོད་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གལ་ཆེའི་མཛུབ་སྟོན་གྱི་སྙིང་དོན་མུ་མཐུད་དོན་འཁྱོལ་ཡག་པོ་བྱས་ཏེ་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱིས་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་འདི་ལོའི་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་དོན་གྱི་སྤྱིའི་བསམ་གཞི་ནི་འདི་ལྟ་སྟེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་རྒྱུ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པས་མཛུབ་ཁྲིད་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱས་ཐོག་ཀྲུང་དབྱང་དང་། ལྗོངས་ཏང་ཨུད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་སྒོ་ཀུན་ནས་ལག་བསྟར་དང་དོན་འཁྱོལ་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་འགན་འཁྲི་ཨང་དང་པོར་བརྩི་རྒྱུ་དང་། སྤྱི་ཚོགས་ཀྱི་འགལ་ཟླ་ཞི་འགྱུར་ཡོང་བ་དང་སྤྱི་ཚོགས་ཀྱི་དོ་དམ་གསར་གཏོད་བྱ་རྒྱུ། གཞུང་དྲང་སྤྱོད་གཙང་གིས་ཁྲིམས་སྒྱུར་བྱ་རྒྱུ་བཅས་ལ་བརྟེན་ནས་ཁྲིམས་ལུགས་ཀྱི་ལྟ་སྐུལ་བྱེད་ཤུགས་དང་། རང་ངོས་ལ་ལྟ་སྐུལ་བྱེད་ཤུགས། བྱང་ཚད་མཐོ་བའི་ཞིབ་དཔྱོད་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་དོན་དེ་ཆུ་ཚད་གསར་པ་ཞིག་ཏུ་སླེབས་གང་ཐུབ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་སྤེལ་ལམ་བུར་བསྐྱོད་ཐོག་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། ཞི་མཐུན་བོད་ལྗོངས། སྣོད་བཅུད་བཟང་བའི་བོད་ལྗོངས་བཅས་སྒོ་ཀུན་ནས་འཛུགས་སྐྲུན་བྱ་རྒྱུར་ཁྲིམས་འཛིན་གྱི་འགན་སྲུང་དང་ཞབས་འདེགས་ཞུ་རྒྱུ་བཅས་གོང་གསལ་གྱི་སྤྱིའི་བསམ་གཞི་གཞིར་བཟུང་ང་ཚོས་ནུས་ཤུགས་ཡོད་རྒུ་རྩལ་སྤྲུགས་ཀྱིས་གཤམ་གསལ་གྱི་གཙོ་གནད་ལས་དོན་ཁག་ལྔ་ཡག་པོ་བསྒྲུབ་རྒྱུ།
དང་པོ། ནུས་ཤུགས་ཡོད་རྒུ་རྩལ་སྤྲུགས་ཀྱིས་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ། ཁ་ཕྲལ་ལ་ངོ་རྒོལ་བྱ་རྒྱུ་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ། གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཞིབ་དཔྱོད་ལས་ཀའི་གནས་བབ་མཐོ་ཤོས་སུ་འཇོག་རྒྱུ་རྒྱུན་འཁྱོངས་ཀྱིས་ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ལ་ལྟ་རྟོག་བྱ་རྒྱུའི་འདུ་ཤེས། འགན་འཁུར་གྱི་འདུ་ཤེས། རྗེས་ཡོང་སྔོན་དྲན་གྱི་འདུ་ཤེས་བཅས་བརྟན་པོར་བཙུགས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཐབས་ཇུས་བཀོད་སྒྲིག་ལྟར་འབྲེལ་ཡོད་སྡེ་ཚན་དང་གཞོགས་འདེགས་བྱ་རྒྱུར་རང་འགུལ་ངང་ཤུགས་སྣོན་བརྒྱབ་སྟེ་ཁ་ཕྲལ་ལ་ངོ་རྒོལ་བྱ་རྒྱུའི་འཐབ་རྩོད་དང་འཇིགས་སྐུལ་ལ་ངོ་རྒོལ་བྱ་རྒྱུའི་འཐབ་རྩོད་གཏིང་ཟབ་སྤེལ་ནས་ཏཱ་ལའི་རུ་ཚོགས་དང་། ནུབ་ཕྱོགས་དགྲ་འཛིན་ཕྱོགས་གཏོགས་ཀྱིས་སྤེལ་བའི་ཁ་ཕྲལ་གཏོར་བཤིག་གི་སྤྱོད་ངན་ལ་རྡུང་རྡེག་ཚ་ནན་བཏང་སྟེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་གི་སྤྱོད་ངན་སྣ་ཚོགས་ཁྲིམས་ལུགས་ལྟར་འཕྲལ་ཐག་ཆོད་ལ་ཕན་འབྲས་ལྡན་པའི་སྒོ་ནས་ཐག་གཅོད་བྱས་ཏེ་ཆབ་སྲིད་ཀྱི་ཕན་འབྲས་དང་། ཁྲིམས་ལུགས་ཀྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་བྲལ་མེད་གཅིག་གྱུར་ཡོང་གང་ཐུབ་བྱས་ཏེ་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་བསྲིང་བརྟན་ལྷིང་ཡོང་རྒྱུར་འགན་སྲུང་ནན་ཏན་བྱ་རྒྱུ། ཉེས་དོན་ཉེས་གསོག་སྣ་ཚོགས་ལ་ཁྲིམས་ལུགས་ལྟར་རྡུང་རྡེག་གཏོང་རྒྱུ་དང་། སྤྱི་ཚོགས་ཀྱི་འགལ་ཟླ་ཞི་འགྱུར་ཡོང་བའི་ལས་ཀ་གཏིང་ཟབ་སྤེལ་རྒྱུ། བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུའི་ལས་ཀའི་ལམ་སྲོལ་གསར་གཏོད་དང་ཆ་ཚང་དུ་གཏོང་རྒྱུ། སྤྱི་ཚོགས་ཀྱི་དོ་དམ་བྱེད་ལུགས་གསར་གཏོད་བྱ་རྒྱུ་དང་། སྤྱི་ཚོགས་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བྱེད་པའི་ནང་ཧུར་བརྩོན་ངང་ཞུགས་རྒྱུ།
གཉིས་པ། ནུས་ཤུགས་ཡོད་རྒུ་རྩལ་སྤྲུགས་ཀྱིས་དཔལ་འབྱོར་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་རྒྱུ། རང་ལྗོངས་ཀྱི་དཔལ་འབྱོར་དེ་གོང་འཕེལ་སྔར་ལས་ཡག་པ་དང་། གོང་འཕེལ་སྔར་ལས་མགྱོགས་པ། གོང་འཕེལ་སྔར་ལས་ཆེ་བ་བཅས་ཡོང་བ་བྱ་རྒྱུ་དེ་ཁྲིམས་ལུགས་ཀྱི་ལྟ་སྐུལ་དང་ཞབས་ཞུ་བྱེད་པའི་ལས་འགན་ཨང་དང་པོར་བརྩི་རྒྱུ་རྒྱུན་འཁྱོངས་ཀྱིས་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ལྗོངས་ཏང་ཨུད་དང་། སྲིད་གཞུང་གི “ནུས་ཤུགས་ཆེན་པོས་དམ་འཛིན་ཡག་པོ་བྱ་རྒྱུ་བདུན ”ཞེས་པའི་ལས་དོན་བཀོད་སྒྲིག་དང་ལས་ཀའི་རེ་འདུན་གཞིར་བཟུང་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་དང་། སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་རྒྱུའི་ནང་དོན་གཙོ་བོར་དམ་ཟབ་དམིགས་ཏེ་དཔལ་འབྱོར་ཁྱབ་ཁོངས་ཀྱི་ཉེས་གསོག་ལ་ཁྲིམས་ལུགས་ལྟར་རྡུང་རྡེག་ཚ་ནན་དང་། བཟའ་ཆ་དང་། སྨན་རིགས། ཞིང་སྤྱོད་དངོས་རྫས་སོགས་རྫུན་བཟོ་རྫུན་འཚོང་བྱས་ནས་དམངས་ལ་གྱོང་གུན་བཟོ་བ་དང་གནོད་འཚེ་གཏོང་བའི་ཉེས་གསོག་ལ་ཁྲིམས་ལུགས་ལྟར་རྡུང་རྡེག་གཏོང་རྒྱུ་དང་། ཁོར་ཡུག་བཙོག་སྐྱོན་ཚབས་ཆེ་བཟོ་བ་དང་འབྱུང་ཁམས་ཁོར་ཡུག་གཏོར་བཤིག་ཚབས་ཆེན་གཏོང་བའི་ཉེས་གསོག་ལ་ཁྲིམས་ལུགས་ལྟར་རྡུང་རྡེག་གཏོང་རྒྱུ། དམངས་འཚོའི་ལས་གཞི་དང་། རྨང་གཞིའི་སྒྲིག་བཀོད། དབུལ་སྐྱོར་གུད་སྐྱོབ་སོགས་ཀྱི་འཛུགས་སྐྲུན་རྣམ་གྲངས་ལ་ཞིབ་བཤེར་ཆོག་མཆན་སྤྲོད་རྒྱུ་དང་། མ་དངུལ་དོ་དམ་དང་བེད་སྤྱོད་བྱེད་པའི་ནང་གི་ལས་ཐོག་ཉེས་གསོག་ལ་ཞིབ་བཤེར་ཐག་གཅོད་ནན་པོ་དང་ཧུར་བརྩོན་ངང་སྔོན་འགོག་བྱ་རྒྱུ། ཞིང་འབྲེལ་གྱི་ལས་ཐོག་ཉེས་གསོག་ལ་ཞིབ་གཅོད་དང་སྔོན་འགོག་བྱས་ཏེ་རྡུང་རྡེག་དང་། སྔོན་འགོག ལྟ་སྐུལ་སྲུང་སྐྱོབ་སོགས་བྱ་རྒྱུའི་འགན་ནུས་འདོན་སྤེལ་གང་ལེགས་ཀྱིས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་རྒྱུར་ཁྲིམས་འཛིན་གྱི་འགན་སྲུང་ཡག་པོ་བྱ་རྒྱུ།
གསུམ་པ། ནུས་ཤུགས་ཡོད་རྒུ་རྩལ་སྤྲུགས་ཀྱིས་ཁྲིམས་ལུགས་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཁྲིམས་ལུགས་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། གཞུང་དྲང་དྲང་བདེན་སྲུང་སྐྱོང་བྱ་རྒྱུ་དེ་རྩ་བའི་ལས་འགན་ལ་བརྩིས་ནས་ཁྲིམས་ལུགས་ཀྱི་ལྟ་སྐུལ་བྱེད་ནུས་ཆེ་རུ་གཏོང་གང་ཐུབ་ཀྱིས་གཙོ་གནད་ཡིན་པའི་ལྟ་སྐུལ་གྱི་ལས་ཀ་དེ་མངོན་ཆེ་ཡོང་བ་བྱས་ཏེ་ཉེས་དོན་ཞུ་སྦྱོར་ལ་ལྟ་སྐུལ་བྱ་རྒྱུ་དང་། དམངས་དོན་འདྲི་གཅོད་ལ་ལྟ་སྐུལ་བྱ་རྒྱུ། སྲིད་འཛིན་ཞུ་སྦྱོར་ལ་ལྟ་སྐུལ་བྱ་རྒྱུ། ཉེས་ཆད་ལག་བསྟར་བྱ་རྒྱུ་དང་། ལྟ་འདོམས་ཀྱི་བྱེད་སྒོར་ལྟ་སྐུལ་བྱ་རྒྱུ་བཅས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ཐོག་ཉམས་ཞན་གྱི་ལྷུ་ཚིགས་དམ་འཛིན་ཤུགས་ཆེ་དང་། ལས་ཀ་བྱེད་ཤུགས་ཆེ་རུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་བསམ་འཆར་མང་ཞིང་ཁྲིམས་སྒྱུར་ནན་པོ་མེད་པ་དང་། ཁྲིམས་འཛིན་དྲང་གཞག་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་ཤུགས་ཆེ་བྱས་ཏེ་ལྟ་སྐུལ་བྱེད་ཕོད་པ་དང་། ལྟ་སྐུལ་བྱེད་མཁས་པ། ཁྲིམས་ལུགས་ལྟར་ལྟ་སྐུལ་བྱ་རྒྱུ། ལྟ་སྐུལ་ཚད་མཐུན་བཅས་ཐུབ་པ་བྱ་རྒྱུ། ཞིབ་དཔྱོད་ལས་ཀར་བསྒྱུར་བཅོས་བྱ་རྒྱུ་ཧུར་བརྩོན་དང་བརྟན་པོའི་སྒོ་ནས་མདུན་དུ་སྤེལ་རྒྱུ་དང་། ཞིབ་དཔྱོད་ཀྱི་ཐོན་ཁུངས་ཚན་རིག་དང་མཐུན་པའི་སྒོ་ནས་སྒྲིག་སྦྱོར། ལྟ་སྐུལ་གྱི་ལམ་སྲོལ་འཐུས་ཚང་ཡོང་བ་བཅས་བྱས་ནས་རིམ་པ་ཁག་གི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལུགས་ལྟར་ཞིབ་དཔྱོད་ཀྱི་དབང་ཆ་གཞུང་དྲང་གི་སྒོ་ནས་སྤྱོད་རྒྱུར་འགན་སྲུང་ནན་པོ་བྱ་རྒྱུ།
བཞི་པ། ནུས་ཤུགས་ཡོད་རྒུ་རྩལ་སྤྲུགས་ཀྱིས་དཔུང་ཁག་གི་བྱང་ཚད་མཐོ་རུ་གཏོང་རྒྱུ། བསམ་བློ་ཆབ་སྲིད་ཀྱི་འཛུགས་སྐྱོང་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གི་རིག་ཤེས་ལྟ་བ་བརྟན་པོར་བཙུགས་ནས་ཐོག་མཐའ་བར་གསུམ་དུ་སེམས་ནང་དུ་ཏང་ཡོད་པ་དང་། མི་དམངས་ཡོད་པ། ཁྲིམས་ལུགས་ཡོད་པ། དྲང་བདེན་ཡོད་པ་བཅས་བྱས་ནས་འགོ་ཁྲིད་ཚན་པ་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་སྟེ་གཞི་རྒྱ་ཆེན་པོས་ཞིབ་དཔྱོད་ཀྱི་སློབ་གསོ་དང་སྦྱོང་བརྡར་བྱ་རྒྱུ་གོང་དུ་སྤེལ་ནས་ཞིབ་དཔྱོད་དཔུང་ཁག་གི་ལས་ཀའི་སྤྱོད་ཚུལ་འཛུགས་སྤེལ་བྱ་རྒྱུར་ཤུགས་སྣོན་ཟམ་མི་ཆད་པ་རྒྱག་རྒྱུ་དང་རིམ་པ་ཁག་གི་ཞིབ་དཔྱོད་ལས་ཁུངས་ཀྱི་སྒྲིག་ཁྲིམས་དང་སྤྱོད་ཚུལ། རང་ངོས་ཀྱི་རུལ་སྲུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་རྒྱུ་དམ་འཛིན་ཤུགས་ཆེ་བྱས་ནས་ཞིབ་དཔྱོད་དཔུང་ཁག་གི་ཁྲིམས་སྒྱུར་གྱི་ནུས་པ་དང་ཁྲིམས་སྒྱུར་གྱི་ཆུ་ཚད། ཁྲིམས་སྒྱུར་ལ་ཀུན་གྱིས་ཡིད་ཆེས་བྱེད་ཤུགས་བཅས་ཟམ་མི་ཆད་པར་མཐོར་འདེགས་ཀྱིས་ལྗོངས་ཡོངས་སུ་དོ་ནན་པ་དང་། གཞུང་དྲང་བ། ཚུལ་ལྡན་ཡིན་པ། སྤྱོད་གཙང་ཁྲིམས་སྒྱུར་བྱེད་མཁན་བཅས་ཀྱི་ཞིབ་དཔྱོད་དཔུང་ཁག་ཅིག་འཛུགས་གང་ཐུབ་བྱས་ཏེ་ཞིབ་དཔྱོད་ལས་དོན་དེ་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུར་ཆབ་སྲིད་ཀྱི་འགན་སྲུང་དང་རྩ་འཛུགས་ཀྱི་འགན་སྲུང་སྟོབས་ནུས་ལྡན་པ་ཞིག་བྱ་རྒྱུ།
ལྔ་པ། ནུས་ཤུགས་ཡོད་རྒུ་རྩལ་སྤྲུགས་ཀྱིས་གཞི་རིམ་གྱི་རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ། གཞི་རིམ་གྱི་ཞིབ་དཔྱོད་ཁང་གི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་དེ་རྨང་གཞིའི་རང་བཞིན་ལྡན་པའི་ལས་དོན་ལ་བརྩིས་ནས་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་རིམ་པ་ཁག་གི་ཏང་ཨུད་དང་། སྲིད་གཞུང་གི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱ་རྒྱུ་དང་། ས་གནས་དང་རྫོང་རིམ་པའི་མི་དམངས་ཞིབ་དཔྱོད་ཁང་གི་སྤྱི་སྤྱོད་གྲོན་དངུལ་འགན་སྲུང་བྱ་རྒྱུའི་ཚད་གཞི་ལག་བསྟར་ནན་པོ་བྱ་རྒྱུ་དང་། ཀྲུང་དབྱང་སྲིད་ཁྲིམས་ཀྱི་ཆེད་དངུལ་བེད་སྤྱོད་བྱ་རྒྱུའི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་འགྲོ་བ་བྱ་རྒྱུ། གྱོད་ཞིབ་ཁང་དང་། ལག་རྩལ་ཁང་། ལས་ཤག་བཅས་མུ་མཐུད་ནས་འཛུགས་སྐྲུན་བྱ་རྒྱུ། ཚན་རྩལ་ལ་བརྟེན་ནས་ཞིབ་དཔྱོད་ལས་ཀར་ཤུགས་སྣོན་རྒྱག་རྒྱུའི་གོམ་སྟབས་མགྱོགས་སུ་བཏང་ནས་ཚན་རྩལ་སྒྲིག་ཆས་ཀྱི་སྤུས་ཀ་མཐོ་རུ་གཏོང་རྒྱུ། ཞིབ་དཔྱོད་ལག་རྩལ་དང་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ཤུགས་ཆེར་བཏང་སྟེ་རྨང་གཞིའི་སྒྲིག་བཀོད་དང་སྒྲིག་ཆས་ཟམ་མི་ཆད་པར་ལེགས་སུ་གཏོང་བར་བརྟེན་ནས་གཞི་རིམ་ཞིབ་དཔྱོད་ཁང་གི་ཁྲིམས་ལུགས་ལྟ་སྐུལ་བྱེད་ནུས་རྒྱུན་མི་ཆད་པར་ཆེ་རུ་གཏོང་རྒྱུ།
འཐུས་མི་རྣམ་པ།
མིག་སྔར་རང་ལྗོངས་འདི་ཉིད་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱ་རྒྱུའི་ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པ་སྔར་བས་ཀྱང་མཐོ་བ་ཞིག་ཏུ་གནས་ཡོད་པ་དང་། “ལོ་ལྔ་ཚན་གྱི་འཆར་གཞི་བཅུ་གཅིག་པ ”ཡི་དམིགས་ཚད་བདེ་བླག་ངང་ལེགས་སྒྲུབ་བྱ་རྒྱུ་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་སྔར་ལས་ཡག་པ་དང་། གོང་འཕེལ་སྔར་ལས་མགྱོགས་པ། གོང་འཕེལ་སྔར་ལས་ཆེ་བ་བཅས་མངོན་གྱུར་བྱ་རྒྱུའི་འགག་རྩའི་དུས་སུ་གནས་ཡོད་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྣོ་ངར་དང་ཪྙོང་འཛིང་ཆེ་བའི་དུས་སྐབས་གསར་པར་གནས་ཡོད་པས་དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ཀྱི་མདུན་ཏུ་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། རིམ་པ་ཁག་གི་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱ་ཆེའི་འཐུས་མིའི་ནུས་ཡོད་ཀྱི་ལྟ་སྐུལ་འོག རིམ་པ་ཁག་གི་སྲིད་གཞུང་དང་སྲིད་གྲོས་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་བསམ་པའི་རྣམ་པ་དེ་བས་ཡག་པ་དང་ལས་ཀའི་སྤྱོད་ཚུལ་དེ་བས་ཚགས་སུ་ཚུད་པ། ཡར་བརྩོན་གྱི་བསམ་པ་དེ་བས་ཤུགས་ཆེ་བ་བཅས་ཀྱི་ཐོག་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་འགན་འཁྲི་ལག་བསྟར་ནན་ཏན་བྱས་ཏེ་བསམ་གཞི་གསར་པར་བརྟེན་ནས་བྱ་ཐབས་གསར་པ་ཐོན་པ་བྱ་རྒྱུ་དང་། བྱ་ཐབས་གསར་པར་བརྟེན་ནས་གོང་འཕེལ་གསར་པ་ཡོང་བ་བྱ་རྒྱུ། གོང་འཕེལ་གསར་པ་བརྟེན་ནས་འོད་སྟོང་འཕྲོ་བའི་གྲུབ་འབྲས་གསར་པ་ཐོབ་པ་བྱས་ཏེ་རང་ལྗོངས་ཀྱི་ཞིབ་དཔྱོད་ལས་དོན་དེ་བར་མི་ཆད་པར་ཆུ་ཚད་གསར་པར་སྔར་ལས་མཐོ་བ་ཞིག་ཏུ་གོང་འཕེལ་བཏང་ནས་འབད་བརྩོན་ཆེན་པོས་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་དང་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་འབུལ་ཐུབ་པ་བྱ་རྒྱུ་ཡིན།
(རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གསུམ་པའི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པར་གཞིར་བཟུང )
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣