སྐབས་དགུ་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་སྤེལ་ཚུལ་སྐོར་གྱི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་དགུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན།
ཨུ་ཡོན་རྣམ་པ།
སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀའ་མངགས་ལྟར་ངས་གྲོས་གཞིའི་ལས་དོན་སྤེལ་ཚུལ་སྐོར་ཚོགས་ཆེན་ལ་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་གནང་།
གཅིག གྲོས་གཞིའི་རྩ་བའི་གནས་ཚུལ།
རང་སྐྱོང་ལྗོངས་སྲིད་གྲོས་སྐབས་དགུ་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཚུན་སྲིད་གྲོས་ཨུ་ཡོན་རྣམ་པ་དང་། སྲིད་གྲོས་ཐེ་ཞུགས་ཚན་པ་ཁག སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་བཅས་ཀྱིས་ལྗོངས་ཏང་ཨུད་དང་ལྗོངས་མི་དམངས་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་འབྲལ་མེད་ཕྱོགས་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གནད་དོན་གལ་ཆེན་རིགས་དང་དེ་བཞིན་དཀའ་གནད་ཆེ་བ་དང་གླེང་ཆ་ཆེ་བའི་གནད་དོན་དང་ཟུང་འབྲེལ་གྱིས་གྲོས་གཞིའི་རྣམ་པའི་ཐོག་ནས་ཐབས་འདོན་ཇུས་འགོད་ཧུར་ཐག་བྱས་ཡོད་ཅིང་། ཁྱོན་བསྡོམས་གྲོས་གཞི་ཁག་342ལག་འབྱོར་བྱུང་བར་ཞིབ་བཤེར་བྱས་ཏེ་གྲོས་ཁོངས་སུ་བཅུག་པའི་གྲོས་གཞི་ཁག་339ཡོད་པ་དང་དེའི་ནང་རང་སྐྱོང་ལྗོངས་ཏང་ཨུད་དོན་གཅོད་ཐིང་ལ་དོན་འཁྱོལ་བྱེད་རྒྱུར་བརྒྱུད་སྤྲོད་བྱས་པ་ཁག་34དང་། རང་སྐྱོང་ལྗོངས་སྲིད་གཞུང་དོན་གཅོད་ཐིང་ལ་དོན་འཁྱོལ་བྱེད་རྒྱུར་བརྒྱུད་སྤྲོད་བྱས་པ་ཁག་302བོད་དམག་ཁུལ་ཁང་ལ་དོན་འཁྱོལ་བྱེད་རྒྱུར་བརྒྱུད་སྤྲོད་བྱས་པ་ཁག་1ལྗོངས་སྲིད་གྲོས་ལ་དོན་འཁྱོལ་བྱེད་རྒྱུར་བརྒྱུད་སྤྲོད་བྱས་པ་ཁག་2གྲོས་ཁོངས་སུ་མ་བཅུག་པར་ཨུ་ཡོན་གྱི་ཡིག་འབུལ་ལ་བརྩིས་ནས་ཐག་གཅོད་བྱས་པ་ཁག་3བཅས་ཡོད། ན་ནིང་ཟླ་10པའི་ཟླ་མཇུག་ལ་གྲོས་གཞི་ཚང་མར་ལན་འདེབས་ཟིན་པ་ཡིན། བསྡོམས་རྩིས་ལྟར་ན་གྲོས་གཞིའི་ནང་བཏོན་པའི་གནད་དོན་ཐག་གཅོད་ཟིན་པའམ་ཡང་ན་རྩ་བའི་ཆར་ཐག་གཅོད་ཟིན་པ་ཁག་98ཡོད་པ་དེས་གྲོས་གཞིའི་སྤྱི་འབོར་གྱི་29%ཟིན་པ་དང་། གྲོས་གཞིའི་ནང་བཏོན་པའི་གནད་དོན་ཐག་གཅོད་བྱེད་བཞིན་པའམ་ཡང་ན་ཐག་གཅོད་བྱེད་རྒྱུའི་འཆར་འགོད་ནང་བཅུག་པ་ཁག་166ཡོད་པ་དེས་གྲོས་གཞིའི་སྤྱི་འབོར་གྱི་49%ཟིན་པ། སྲིད་ཇུས་ཀྱི་གཏན་འབེབས་དང་ཆ་རྐྱེན་གྱིས་རྐྱེན་པས་གནས་སྐབས་ཐག་གཅོད་བྱེད་མ་ཐུབ་པ་ཁག་75ཡོད་པ་དེས་གྲོས་གཞིའི་སྤྱི་འབོར་གྱི་22%ཟིན་ཡོད། གྲོས་གཞིའི་སྤུས་ཚད་དང་། དང་ལེན་བྱེད་ཚད། བློ་མོས་བྱུང་ཚད་བཅས་མཐོ་རུ་སོང་ཡོད།
ལོ་གཅིག་རིང་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་ལ་རིམ་ཁག་འགོ་ཁྲིད་དང་རིམ་ཁག་རྩ་འཛུགས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཡོད། གྲོས་གཞི་དོན་འཁྱོལ་བྱེད་རྒྱུར་རྩིས་སྤྲོད་བྱེད་པའི་ཚོགས་འདུའི་ཐོག་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་ཀྱིས་འབྲེལ་ཡོད་འགན་ནུས་སྡེ་ཚན་ལ་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་དང་སྲིད་སྐྱོང་བྱེད་ནུས་ལེགས་སྐྱོང་བྱེད་རྒྱུའི་མཐོ་ཚད་ནས་ཨུ་ཡོན་གྱི་གྲོས་གཞི་དོན་འཁྱོལ་ནན་པོ་བྱེད་དགོས་པ་དང་། ཨུ་ཡོན་གྱིས་བཏོན་པའི་གནད་དོན་རིགས་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད། གྲོས་གཞི་སྒྲུབ་འགན་འཁུར་མཁན་སྡེ་ཚན་གྱིས་གྲོས་གཞི་དོན་འཁྱོལ་བྱེད་རྒྱུ་དེ་སྤྱོད་ཚུལ་འགྱུར་ལྡོག་དང་དམངས་ལ་དངོས་དོན་སྒྲུབ་རྒྱུའི་ཐབས་ལམ་གལ་ཆེན་ཞིག་ལ་བརྩིས་ནས་གྲོས་གཞི་དོན་འཁྱོལ་བྱེད་རྒྱུའི་འགན་འཁྲིའི་ལམ་ལུགས་འཛུགས་པ་དང་ལས་རིམ་ཚགས་ཚུད་དུ་བཏང་ཡོད་། སྡེ་ཚན་མང་པོ་ཞིག་གི་གཙོ་འགན་འཁུར་མཁན་ངོ་མས་དེ་དོན་འདྲི་རྟོགས་དང་། ལན་འདེབས། བསམ་འཆར་བསྡུ་ལེན་བཅས་བྱས་ཡོད། ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་ཐིང་(ད་ལྟའི་རང་སྐྱོང་ལྗོངས་མི་རྒྱུན་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་)དང་། སློབ་གསོ་ཐིང་སོགས་ཚན་པའི་འགན་འཁུར་མི་སྣ་ངོ་མས་གྲོས་གཞི་འདོན་མཁན་དང་ངོ་གཏུག་གླེང་མོལ་བྱས་པ་དང་། གྲོས་གཞི་དོན་འཁྱོལ་ངོ་གཏུག་བྱེད་པའི་བཞུགས་མོལ་ཚོགས་འདུའི་ནང་ཨུ་ཡོན་གདན་འདྲེན་ཞུས་ནས་གྲོས་གཞི་དོན་འཁྱོལ་བྱས་འབྲས་སྐོར་ལ་ཁོང་ཚོའི་བསམ་འཆར་ཉན་འཇོག་བྱས་ཡོད། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དང་། དམངས་སྲིད་ཐིང་། ཚོང་དོན་ཐིང་། འཛུགས་སྐྲུན་ཐིང་(ད་ལྟའི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་)ཡུལ་སྐོར་ཅུད། རིག་དངོས་ཅུད་སོགས་ཚན་པའི་འགོ་ཁྲིད་གཙོ་བོས་ནང་ཁུལ་གྱི་དོན་འཁྱོལ་རྩིས་སྤྲོད་ཚོགས་འདུ་འཚོགས་ནས་གྲོས་གཞི་སྒྲུབ་འགན་འཁུར་མཁན་ཚན་པ་ཁག་ལ་ངེས་པར་དུ་བསམ་བློའི་ངོས་འཛིན་གནད་ལ་འཁེལ་བ་དང་། སྒྲིག་འཛུགས་དང་འགོ་ཁྲིད་བྱེད་རྒྱུ་གནད་ལ་འཁེལ་བ། ཞིབ་ཕྲའི་བྱ་ཐབས་གནད་ལ་འཁེལ་བ། ཇུས་གཞི་ཞིབ་ཚགས་བཟོ་འགོད་བཅས་བྱེད་རྒྱུ་མ་ཟད། ལག་བསྟར་བྱེད་རྒྱུ་སྒྲིག་འཛུགས་ཏན་ཏིག་བྱས་ཏེ་གྲོས་གཞི་དོན་འཁྱོལ་བྱེད་པའི་ལས་དོན་དེ་འཆར་གཞི་ཡོད་པ་དང་། གོ་རིམ་ལྡན་པའི་ངང་སྤེལ་དགོས་པའི་བླང་བྱ་བཏོན་ཡོད། གྲོས་གཞི་སྒྲུབ་འགན་འཁུར་མཁན་ཚན་པས་གྲོས་གཞི་དོན་འཁྱོལ་བྱེད་འགན་ཏན་ཏིག་འཁུར་བ་དང་ཨུ་ཡོན་གྱི་བསམ་འཆར་བསྡུ་ལེན་ཧུར་ཐག་བྱས་པར་བརྟེན་སྐབས་དགུ་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་གཞི་དོན་འཁྱོལ་བྱས་འབྲས་ལ་གྲོས་གཞི་འདོན་མཁན་གྱི་བློ་མོས་བྱུང་ཚད་དང་རྩ་བའི་ཆར་བློ་མོས་བྱུང་ཚད་96%ཟིན་ཡོད།
ཚོགས་འདུ་ཐེངས་གཉིས་པའི་གྲོས་གཞིར་ཁྱད་ཆོས་གཙོ་བོ་གཉིས་ཡོད་པ་གཅིག་ནི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་མང་ཚོགས་ཀྱིས་དོ་སྣང་བྱེད་པའི་གླེང་ཆ་ཆེ་བའི་གནད་དོན་གཅིག་སྡུད་ཐོག་མཚོན་ཡོད་པ་དང་། གཉིས་ནི་གྲོས་གཞིའི་སྤུས་ཚད་ཡོངས་ཁྱབ་ཀྱིས་མཐོ་རུ་སོང་ཡོད་པ་དང་། བཏོན་པའི་གྲོས་འཆར་རྣམས་ལུགས་མཐུན་དང་འགྲིག་ངེས་ཡོད་པས་དང་ལེན་བྱེད་ཚད་མཐོ་རུ་སོང་ཡོད།
(གཅིག )དཔལ་འབྱོར་འཛུགས་སྐྲུན་གྱི་ཁྱབ་ཁོངས་དང་འབྲེལ་བ་ཡོད་པའི་གྲོས་གཞི་ཁག་188ཡོད་པ་དེས་གྲོས་ཁོངས་སུ་བཅུག་པའི་གྲོས་གཞིའི་སྤྱི་འབོར་གྱི་55.5%ཟིན་ཡོད། གྲོས་གཞི་དེ་དག་ཞིང་ལས་དང་། གྲོང་ཁྱེར་འཛུགས་སྐྲུན། འགྲིམ་འགྲུལ། ཡུལ་སྐོར། ནོར་སྲིད་དང་ཚོང་དོན། དངུལ་རྩ་སོགས་ལས་རིགས་དང་འབྲེལ་བ་ཡོད་པས་ཨུ་ཡོན་ཚོས་རང་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་ཐད་ལ་ཚད་མཐོའི་ཁུར་སེམས་བཅངས་པ་དེ་མཚོན་ཡོད་པ་དཔེར་ན། 《རང་ལྗོངས་ཀྱི་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མགྱོགས་མྱུར་གོང་འཕེལ་གཏོང་རྒྱུའི་སྐོར 》སོགས་ཀྱི་གྲོས་གཞིར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆེད་དོན་ཞིབ་འཇུག་བྱས་པ་བརྒྱུད་སྲིད་ཇུས་ཀྱིས་ཁྲིད་སྟོན་དང་གླེང་ཕྱོགས་ཀྱིས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་སོང་བ་དང་། མ་རྩ་བསྡུ་གཏོང་གི་ཐབས་ལམ་རྒྱ་ཆེར་སོང་བ། འགན་ལེན་དང་ཉེན་ཟོན་བྱེད་ནུས་སྔར་བས་ཤུགས་ཆེར་སོང་བ། ཞབས་ཞུའི་མ་ལག་ཚགས་ཚུད་དུ་སོང་བ་བཅས་བྱས་ཡོད། རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་1བཏང་ནས་ཁག་ཐེག་ཀུང་སིའི་མ་རྩ་ཁ་སྣོན་དང་ཁེ་ལས་འབྲིང་ཆུང་གི་མ་རྩ་བསྡུ་གཏོང་བྱེད་ཤུགས་ཆེ་རུ་བཏང་བས་རང་ལྗོངས་ཀྱི་ཁེ་ལས་འབྲིང་ཆུང་གི་ཡིད་རྟོན་ཁག་ཐེག་མ་ལག་རིམ་བཞིན་འཐུས་ཚང་དུ་གཏོང་རྒྱུར་སྐུལ་སྤེལ་གྱི་ནུས་པ་ཐོན་ཡོད། ཞིང་འབྲོག་ལས་ཐད་ཨུ་ཡོན་ཚོས་བཏོན་པའི་ཞིང་འབྲོག་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་དང་། ཞིང་འབྲོག་ལས་ཆ་འཕྲིན་ཅན་དུ་སྒྱུར་རྒྱུའི་གོམ་སྟབས་མགྱོགས་སུ་གཏོང་རྒྱུ། དེང་རབས་ཞིང་འབྲོག་ལས་གོང་འཕེལ། གྲགས་རྟགས་བཟོ་འདོན་འཐབ་ཇུས་ལག་བསྟར། དེ་བཞིན་སྔོ་ཚལ་དང་། ཇ་རིགས། བོད་སྨན་རྒྱུ་ཆ་བཅས་གཞི་རྒྱ་ལྡན་པའི་ཕྱོགས་སུ་གོང་འཕེལ་གཏོང་དགོས་པ་དང་། དབུལ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་སོགས་ཀྱི་གྲོས་འཆར་རིགས་སྲིད་གཞུང་ཞིང་འབྲོག་ལས་འགན་ནུས་སྡེ་ཚན་གྱིས་དང་ལེན་བྱས་ཏེ་ཚན་རྩལ་གྱིས་སྣེ་ཁྲིད་བྱེད་པ་དང་། ལས་རིགས་མཐུན་ཚོགས་ཀྱིས་སྣེ་འདྲེན་བྱེད་པ། ཁེ་ལས་ཀྱིས་གཞི་རྟེན་བྱེད་པ། གྲགས་སྤུས་གཉིས་ལྡན་གྱི་ཐོན་རྫས་གཙོ་གནད་དུ་བྱེད་པ། སྤུས་ཚད་དོ་དམ་བྱེད་རྒྱུ་བྱ་ཐབས་སུ་འཛིན་པ་བཅས་བྱས་ཏེ་ས་ཁོངས་ཀྱི་ཁྱད་ལྡན་གྲགས་རྟགས་བཟོ་རྒྱུ་སོགས་བྱ་ཐབས་སྣ་ཚོགས་དོན་འཁྱོལ་ཏན་ཏིག་བྱས་པར་བརྟེན་རང་ལྗོངས་ཀྱི་ཞིང་ཞོར་ཐོན་རྫས་གྱི་ཁྲོམ་རར་འགྲན་རྩོད་བྱེད་ནུས་ཇེ་ཆེར་སོང་ཡོད། རང་སྐྱོང་ལྗོངས་ཡུལ་སྐོར་ཅུད་སོགས་སྡེ་ཚན་གྱིས་ཨུ་ཡོན་ཚོས་བཏོན་པའི 《ཡུལ་སྐོར་ལས་རིགས་མགྱོགས་མྱུར་གོང་འཕེལ་གཏོང་དགོས་རྒྱུའི་སྐོར 》དང་། 《བོད་ཀྱི་ཡུལ་སྐོར་ཁྲོམ་རའི་ཁོར་ཡུག་གཙང་བཟོ་བྱེད་རྒྱུའི་སྐོར 》སོགས་ཀྱི་གྲོས་གཞི་དོན་འཁྱོལ་བྱེད་སྐབས་འབྲེལ་ཡོད་སྡེ་ཚན་དང་མཉམ་ལས་ཧུར་ཐག་བྱས་པ་དང་། མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་བར་བརྟེན་འགྲུལ་པའི་འཁོར་རིགས་འཇོག་ས་དཀོན་པ་དང་། ཞག་སྡོད་བྱེད་ས་དཀོན་པ། འགྲོ་སྐྱོད་སྟབས་བདེ་མེད་པ་བཅས་ཀྱི་གནད་དོན་ཡག་ཏུ་སོང་ཡོད། ས་གནས་ཀྱི་ཡུལ་སྐོར་ཐོན་ཁུངས་སྔར་བས་སྔོག་འདོན་བྱས་ནས་ཡུལ་སྐོར་རྣམ་གྲངས་ཕུན་སུམ་ཇེ་ཚོགས་སུ་སོང་ཡོད་པས་རང་ལྗོངས་ཀྱི་ཡུལ་སྐོར་བྱ་གཞག་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་ཐུབ་པ་བྱུང་ཡོད། ཨུ་ཡོན་ཚོས་བཏོན་པའི་གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་བྱེད་རྒྱུ་དང་། གྲོང་ཁྱེར་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ། གྲོང་ཁྱེར་སྔོ་ལྗང་ཅན་དུ་སྒྱུར་རྒྱུ་དང་། དཀར་གསལ་ལྡན་པ་བཟོ་རྒྱུ། འཁོར་རིགས་འཇོག་ས་སྐྲུན་རྒྱུའི་འཆར་འགོད་བཟོ་རྒྱུ། ཡུལ་མི་སྤྲོ་གསེང་བྱ་ཡུལ་དང་ཁོར་ཡུག་འཕྲོད་བསྟེན་སྒྲིག་བཀོད་མང་དུ་གཏོང་རྒྱུ། འགྲོ་ལམ་ཐོག་ཁྲོམ་འདོན་བྱེད་རིགས་བཅོས་སྒྲིག་བྱེད་རྒྱུ། འགྲིམ་འགྲུལ་འཚང་ཁ་ཆེ་བའི་གནད་དོན་ཐག་གཅོད་བྱེད་རྒྱུ་སོགས་ཐད་ཀྱི་གྲོས་གཞིར་དམིགས་ནས་རང་སྐྱོང་ལྗོངས་དང་། ས་གནས་དང་གྲོང་ཁྱེར་ཁག་གི་སྲིད་གཞུང་གིས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུའི་ཐད་ལ་མ་རྩ་གཏོང་ཤུགས་ཇེ་ཆེར་བཏང་བ་དང་། ནུས་ཤུགས་ཆེན་པོས “གཙང་མ་དང་། སྔོ་ལྗང་ཅན། དཀར་གསལ་ལྡན་པ། མཛེས་པོ ”བཅས་བཟོ་རྒྱུའི་ལས་གཞི་སྤེལ་ཡོད་པས་མི་དམངས་མང་ཚོགས་ཀྱི་ལས་ཀ་དང་འཚོ་བའི་ཁོར་ཡུག་ལེགས་བཅོས་ཆེན་པོ་བྱུང་ཡོད་པ་དང་། གྲོང་ཁྱེར་གྱི་རྣམ་པ་ཉིན་རེ་བཞིན་འགྱུར་ལྡོག་འགྲོ་བཞིན་ཡོད།
(གཉིས ) དམངས་འཚོར་དོ་སྣང་དང་སྤྱི་ཚོགས་ཀྱི་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གྲོས་གཞི་ཁག་64ཡོད་པ་དེས་གྲོས་ཁོངས་སུ་བཅུག་པའི་གྲོས་གཞིའི་སྤྱི་འབོར་གྱི་18.9%ཟིན་ཡོད། སློབ་གསོ་དང་། ཚན་རྩལ། རིག་གནས། འཕྲོད་བསྟེན་སོགས་ཀྱི་ནང་དོན་དང་འབྲེལ་བ་ཡོད་རིགས་དཔེར་ན། སྲིད་གྲོས་ཨུ་ཡོན་གྱིས་བཏོན་པའི 《བོད་ཀྱི་དམངས་གཙོའི་བཅོས་བསྒྱུར་དང་“བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ ”དེ་སློབ་གྲྭ་འབྲིང་ཆུང་གི་སློབ་གཞིའི་ནང་འཇུག་དགོས་པའི་སྐོར 》གྱི་གྲོས་གཞིར་རང་སྐྱོང་ལྗོངས་སློབ་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་སློབ་གྲྭ་འབྲིང་ཆུང་གི་ཀུན་སྤྱོད་སློབ་གཞི་བཟོ་བཅོས་རྩོམ་སྒྲིག་བྱེད་སྐབས་བོད་ཀྱི་དམངས་གཙོའི་བཅོས་བསྒྱུར་དང་“བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོའི ”འབྲེལ་ཡོད་ནང་དོན་རྣམས་སློབ་གཞིའི་ནང་བཅུག་ཡོད་པས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཤུགས་ཆེར་བཏང་ཡོད། རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས 《ཞིང་འབྲོག་ཁུལ་དུ་ཚན་རྩལ་ཁྱབ་གདལ་གཏོང་རྒྱུའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པའི་སྐོར 》གྱི་གྲོས་གཞི་དོན་འཁྱོལ་བྱེད་སྐབས་གཅིག་ནས་ཚན་རྩལ་མངགས་གཏོང་པའི་ལམ་ལུགས་གཏིང་ཟབ་སྤེལ་བ་བརྒྱུད་ཞིང་འབྲོག་ཁུལ་གྱི་ཚན་རྩལ་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱེད་རྒྱུའི་གོམ་སྟབས་ཇེ་མགྱོགས་སུ་སོང་བ་དང་། ཞིང་འབྲོག་ཁུལ་གྱི་ཤེས་ལྡན་པའི་དཔུང་ཁག་ཟམ་མི་ཆད་པར་སྟོབས་ཆེར་སོང་ཡོད། གཉིས་ནས་ཚན་རིག་ཁྱབ་གདལ་གཏོང་རྒྱུ་དྲིལ་བསྒྲགས་དང་ཞིང་འབྲོག་མང་ཚོགས་ལ་ཚན་རྩལ་སྦྱོང་བརྡར་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་སྟེ 《ཚན་རིག་ཁྱབ་གདལ་བཏང་འབྲས་ཁྱབ་སྤེལ་གཏོང་རྒྱུའི་བོད་ཡིག་ལག་དེབ 》དང་《དེང་རབས་ཀྱི་ཚན་རྩལ་ཁྱབ་གདལ་གཏོང་ཆས་དང་ཚན་རྩལ་ཁྱབ་གདལ་གཏོང་རྒྱུའི་རིགས་འབྲེལ་དེབ་ཚོགས 》རྩོམ་སྒྱུར་བྱེད་པ། གྲོང་གསེབ་ཏུ་བོད་ཡིག་ཐོག་ནས་ལག་རྩལ་ཆ་འཕྲིན་བེད་སྤྱོད་གཏོང་བའི་མ་ལག་འཛུགས་སྐྱོང་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་ནས་ཚན་རིག་རིག་གནས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་ཡོད་པ་རེད། གསུམ་ནས་ཚན་རྩལ་སྦྱོང་བརྡར་ལས་ཀའི་ཁ་ཕྱོགས “ཞིང་གསུམ ”ལ་གཏད་རྒྱུ་རྒྱུན་འཁྱོངས་ཀྱིས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཚན་རིག་བྱང་ཚད་དང་ཚན་རྩལ་སྤྱོད་ནུས་མཐོ་རུ་གཏོང་རྒྱུ་གཙོ་བོར་བཟུང་སྟེ་ཞིང་འབྲོག་མང་ཚོགས་ཀྱི་མེ་སྟག་ལས་གཞིའི་སྣེ་ཁྲིད་མཁན་དང་། ཕྱུག་འགྱུར་འཇོན་ཐང་ཅན། ཞིང་འབྲོག་མང་ཚོགས་ལ་ཆེད་དོན་རྣམ་གྲངས་ཀྱི་རྩལ་ནུས་སྦྱོང་བརྡར་སྤྲོས་རྒྱུ་བཅས་སྔར་བས་ཤུགས་ཆེར་བཏང་ནས་ལག་རྩལ་གསར་པ་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་ཡོད། བཞི་ནས་ཞིང་འབྲོག་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་རྒྱུ་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་རྒྱུར་དམིགས་ཏེ་ཚན་རྩལ་འབྲས་བུ་བེད་སྤྱོད་དང་དངོས་སྒྱུར་བྱེད་རྒྱུར་སྐུལ་འདེད་བཏང་སྟེ་ཚན་རྩལ་གསར་གཏོད་བྱེད་རྒྱུའི་ཁྲིད་སྟོན་བྱས་ཡོད། ཨུ་ཡོན་གྱིས་བཏོན་པའི 《རང་ལྗོངས་ཀྱི་བཟའ་བཅའི་རིགས་ལ་གནོད་ཕོག་མེད་པ་བྱེད་རྒྱུའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གྲོས་གཞིར 》བཟོ་ཚོང་དང་། འཕྲོད་བསྟེན། སྨན་རྫས་ལྟ་སྐུལ་སོགས་སྡེ་ཚན་གྱིས་བྱ་ཐབས་ནུས་ལྡན་སྤྱད་དེ་བཟའ་བཅའ་འདོན་ཚོང་བྱེད་མཁན་ཐོ་འགོད་བྱེད་ལམ་བཙུགས་པ་དང་། བཟའ་བཅའི་འཕྲོད་བསྟེན་ཐད་ལ་ཆེད་དོན་བཅོས་སྒྲིག་བྱེད་སྒོ་སྤེལ་ཡོད་པས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གིས 《རང་ལྗོངས་གྲོང་གསེབ་ཀྱི་གད་སྙིགས་ཀྱི་གནོད་དོན་ཐད་ལ་མཐོང་ཆེན་བྱེད་དགོས་པའི་སྐོར 》གྱི་གྲོས་གཞི་དོན་འཁྱོལ་བྱེད་ཕྱོགས་ཐད་ལ 《བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཕྱོགས་ཀྱི་འཆར་འགོད (2009—2015ལོའི་བར )》བཟོས་པའི་ནང་མ་དངུལ་སྒོར་ཁྲི་19982.43གཏོང་རྒྱུའི་འཆར་གཞི་ཡོད་པ་དེ་ལོ་བདུན་ནང་ལྗོངས་ཡོངས་ཀྱི་ས་གནས་དང་གྲོང་ཁྱེར་7གྱི་གྲོང་ཚོ་དང་གྲོང་རྡལ་5000ལྷག་ཙམ་ནང་ནས་གནད་ཆེའི་གྲོང་ཁྱེར་གྲོང་རྡལ་དང་། འགྲིམ་འགྲུལ་ལམ་རྒྱུད། ཡུལ་སྐོར་གནས་ལྗོངས་ཁུལ་བཅས་ཀྱི་མཐའ་འཁོར་དུ་གནས་པའི་གྲོང་ཚོ་158བདམས་ཏེ་ཞིང་འབྲོག་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་དོན་སྤེལ་ནས་འཚོ་བའི་གད་སྙིགས་བསྡུ་རུབ་དང་འཚོ་བའི་བཙོག་ཆུ་གཙང་སེལ་མ་ལག་འཛུགས་རྒྱུ་དང་། གྲོང་ཚོ་གྲོང་རྡལ་གྱི་འགྲོ་ལམ་འཛུགས་སྐྲུན་བྱེད་རྒྱུ། འཐུང་ཆུའི་ཡོང་ཁུངས་སྲུང་སྐྱོང་བྱེད་རྒྱུ། དེ་བཞིན་ཞིང་འབྲོག་ཁུལ་གྱི་ཕྱུགས་ར་དང་། གསང་སྤྱོད། ཐབ་ཚང་བཅས་ལེགས་བཅོས་བྱས་ནས་མི་ཕྱུགས་སྡོད་ས་ལོགས་སུ་དབྱེ་རྒྱུ་དང་། བཙོག་གཅིན་གནོད་མེད་གཙང་སེལ་བྱེད་རྒྱུ་སོགས་ཀྱི་ལས་ཀ་བྱས་ནས་གྲོང་གསེབ་ཀྱི་ཁོར་ཡུག་ཡག་ཏུ་བཏང་སྟེ་ཐོན་སྐྱེད་གོང་འཕེལ་དང་། འཚོ་བ་འབྱོར་ཕྱུག སྣོད་བཅུད་ཡག་པ་བཅས་དཔལ་ཡོན་ལྡན་པའི་གོང་འཕེལ་གྱི་ལམ་དུ་བསྐྱོད་ཐུབ་པ་བྱེད་རྒྱུ་དང་། སྣོད་བཅུད་དཔལ་ཡོན་ལྡན་པ་ཞིག་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
(གསུམ ) སྲིད་ཁྲིམས་དང་། ཆོས་ལུགས། ངལ་རྩོལ་མི་དོན། སྤྱི་ཚོགས་འགན་སྲུང་སོགས་ཐད་ཀྱི་གྲོས་གཞི་ཁག་87ཡོད་པ་དེས་གྲོས་ཁོངས་སུ་བཅུག་པའི་གྲོས་གཞིའི་སྤྱི་འབོར་གྱི་25.6%ཟིན་ཡོད། མི་དམངས་མང་ཚོགས་ཀུན་གྱིས་སེམས་ཁུར་བྱེད་པའི་སྤྱི་ཚོགས་བདེ་འཇགས་ཀྱི་གནད་དོན་ལ་དམིགས་ནས་ཨུ་ཡོན་ཚོས 《སེམས་ཤུགས་གཅིག་སྒྲིལ་གྱིས་ཐུན་མོང་ཐོག་ཁྲིམས་འགལ་ཉེས་གསོག་རིགས་ལ་རྡུང་རྡེག་དང་སྔོན་འགོག་བྱས་ནས་སྤྱི་ཚོགས་བརྟན་ལྷིང་ཡོང་བའི་བདེ་འཇགས་ཀྱི་ཁོར་ཡུག་ཅིག་གཏོད་རྒྱུའི་སྐོར 》དང་། 《སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་སྐོར 》སོགས་ཀྱི་གྲོས་གཞི་བཏོན་རིགས་ལ་གྲོས་གཞི་སྒྲུབ་འགན་འཁུར་མཁན་ཚན་པས་བྱ་ཐབས་འདྲ་མིན་སྤྱད་ནས་དོན་འཁྱོལ་བྱས་པར་ཁ་ཡོད་ལག་ཡོད་ཀྱི་ཕན་འབྲས་ཐོན་ཡོད། རང་སྐྱོང་ལྗོངས་མི་རྒྱུན་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས 《གྲོང་ཁྱེར་གྲོང་རྡལ་གྱི་ལས་བཟོ་དང་ཡུལ་མིའི་སྨན་བཅོས་འགན་བཅོལ་གྲོན་དངུལ་དོ་དམ་བྱེད་རྒྱུའི་སྐོར་གྱི་གྲོས་འཆར 》དོན་འཁྱོལ་བྱེད་སྐབས་གྲོས་གཞི་འདོན་མཁན་ཨུ་ཡོན་སར་སྔ་རྗེས་ཐེངས་གཉིས་བསྐྱོད་ནས་བསམ་འཆར་སྤེལ་རེས་བྱས་པ་དང་ཚུར་ལན་བྱུང་བའི་གནས་ཚུལ་གཞིར་བཟུང་དཔྱད་ཡིག་ཞིབ་ཕྲ་མཁོ་འདོན་བྱས་པ་མ་ཟད། གྲོས་གཞི་འདོན་མཁན་ལ་ངང་རྒྱུད་རིང་པོས་འགྲེལ་བཤད་བརྒྱབ་ཡོད་པ་དང་། 《སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་ནོར་དོན་དོ་དམ་བྱ་ཐབས 》སྐོར་གྱི་གཏན་འབེབས་གཞིར་བཟུང་གྲོང་ཁྱེར་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩའི་རིགས་ནོར་སྲིད་ཀྱི་ཆེད་འཇོག་རྩིས་ཁུངས་སུ་བཅུག་སྟེ་གཏོང་ཡོང་རྩིས་ཁུངས་ཁག་དབྱེ་ནས་དོ་དམ་དང་། ཆེད་དངུལ་ཆེད་སྤྱོད་བྱེད་རྒྱུ་བཟོས་ཡོད་པས་གྲོས་གཞི་འདོན་མཁན་གྱིས་རང་གིས་བཏོན་པའི་གནད་དོན་ལ་བློ་ཡིད་ཚིམ་པའི་ལན་འདེབས་བྱུང་བའི་ངོས་འཛིན་བྱས་པ་མ་ཟད། སྤྱི་ཚོགས་འགན་སྲུང་ལས་དོན་ཐད་ལའང་བསམ་ཤེས་དང་རྒྱབ་སྐྱོར་བྱེད་རྒྱུའི་རྣམ་འགྱུར་བསྟན་ཡོད།
གཉིས། གྲོས་གཞིའི་ལས་དོན་སྒྲུབ་སྟངས་གཙོ་བོ།
(གཅིག )འགོ་ཁྲིད་ཀྱིས་མཐོང་ཆེན་དང་མཉམ་འཛིན་སྤྱི་སྒྲུབ་བྱས་པ།
རང་སྐྱོང་ལྗོངས་ཏང་ཨུད་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གྲོས་གཞི་དོན་འཁྱོལ་ལས་དོན་དེ་ལོ་འཁོར་གྱི་དམིགས་ཚད་འགན་འཁྲི་དཔྱད་ཞིབ་བྱེད་རྒྱུའི་ནང་དོན་དུ་བཅུག་ཡོད་པས་གྲོས་གཞི་སྒྲུབ་འགན་འཁུར་མཁན་ཚན་པ་མང་ཆེ་བའི་འགོ་ཁྲིད་གཙོ་བོ་ངོ་མས་དམ་འཛིན་བྱས་པ་དང་། ལས་བགོས་འགོ་ཁྲིད་ཀྱིས་ཞིབ་ཕྲའི་ལས་ཀ་དམ་འཛིན་བྱས་ཡོད། རང་སྐྱོང་ལྗོངས་སྲིད་གྲོས་རྒྱུན་ལས་ཨུ་ལྷན་དང་ཀྲུའུ་ཞིའི་ཚོགས་འདུས་གྲོས་གཞིའི་ལས་ཀར་མཐོང་ཆེན་པོ་གནང་བས་གོང་འོག་ཚང་མས་མཉམ་འཛིན་སྤྱི་སྒྲུབ་བྱེད་པའི་སྒྲུབ་སྐུལ་གྱི་རྣམ་པ་ཞིག་ཆགས་ཡོད། རིམ་ཁག་འགོ་ཁྲིད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་པར་བརྟེན་གྲོས་གཞི་དོན་འཁྱོལ་བྱེད་པའི་སྤུས་ཚད་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་སོང་བ་དང་གྲོས་གཞི་དོན་འཁྱོལ་བྱེད་པའི་ཕན་འབྲས་ཆེ་རུ་སོང་ནས་མི་དམངས་སྲིད་གྲོས་ཧྲིལ་པོའི་བྱེད་ནུས་འདོན་སྤེལ་བྱེད་རྒྱུ་དང་། ཕྱོགས་ཁག་ཚང་མའི་བློ་གྲོས་དང་ནུས་ཤུགས་གཅིག་སྒྲིལ་བྱེད་རྒྱུ། སྤྱི་ཚོགས་རིང་ལུགས་ཀྱི་གཞི་མཐུན་སྤྱི་ཚོགས་སྐྲུན་རྒྱུ་བཅས་ཀྱི་ནང་ནུས་པ་ཤིན་ཏུ་ཆེན་པོ་འདོན་སྤེལ་བྱས་ཡོད།
(གཉིས ) གྲོས་གཞི་བསྡུ་རུབ་བྱེད་རྒྱུའི་ལས་དོན་དམ་འཛིན་ཡག་པོ་བྱས་ནས་གྲོས་གཞིའི་སྤུས་ཚད་ལེགས་སུ་བཏང་བ།
གཅིག་ནི་ཨུ་ཡོན་ལ་སྦྱོང་བརྡར་སྤྲོས་པའི་ལས་ཀ་དམ་འཛིན་ཡག་པོ་བྱས་ཤིང་། 2009ལོའི་ཟླ་6པའི་ནང་སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་དགུ་པའི་ཨུ་ཡོན་གསར་པའི་སྦྱོང་བརྡར་འཛིན་གྲྭ་ཐེངས་གཉིས་པ་གཉེར་བ་དང་། ཚོགས་འདུའི་ཐོག་གྲོས་གཞི་བཏོན་ནས་འགན་ནུས་སྒྲུབ་ཕྱོགས་སྐོར་ལ་ཆེད་དོན་འཆད་ཁྲིད་བྱས་ཡོད་པས་སྲིད་གྲོས་ཀྱི་གྲོས་གཞིའི་ངོ་བོ་དང་། གནས་བབ། ནུས་པ། འགན་ནུས་བཅས་ཐད་ལ་ཨུ་ཡོན་གྱི་ངོས་འཛིན་ཟབ་ཏུ་སོང་བ་དང་། གྲོས་གཞིའི་རྩ་བའི་བླང་བྱ་ཁོང་དུ་ཆུད་ཐུབ་པ་བྱུང་ནས་གྲོས་གཞི་འདོན་པ་སོགས་ཀྱི་བྱ་ཐབས་ལ་བརྟེན་ཏེ་སྲིད་ཞུགས་སྲིད་གླེང་བྱེད་རྒྱུའི་ཧུར་བརྩོན་རང་བཞིན་སྐོང་འཐེན་ཐུབ་ཡོད། གཉིས་ནི་ཚང་འཛོམས་ཚོགས་འདུ་མ་ཚོགས་གོང་ཨུ་ཡོན་ཚོར་གྲོས་གཞི་བསྡུ་རུབ་བྱེད་རྒྱུའི་བརྡ་ཐོ་བཏང་ནས་གྲོས་གཞིའི་ནང་དོན་དང་འབྲི་སྟངས་སོགས་ཐད་ཀྱི་ཞིབ་ཕྲའི་བླང་བྱ་བཏོན་པ་མ་ཟད། དཔྱད་གཞི་གནང་རྒྱུའི་གྲོས་གཞིའི་ཁ་བྱང་ཁག་79བསྐུར་ཡོད། གསུམ་ནི་ཚང་འཛོམས་ཚོགས་འདུ་ཚོགས་རིང་དུ་གྲོས་གཞིའི་ངེས་བྱ་དང་། གྲོས་གཞི་རིགས་དབྱེའི་ཚད་གཞི། གྲོས་གཞིར་ཞིབ་བཤེར་བྱས་ནས་གྲོས་ཁོངས་སུ་འཇུག་རྒྱུའི་ཚད་གཞི་སོགས་པར་འགྲེམས་བྱས་ཡོད་པ་མ་ཟད། ཨུ་ཡོན་ཚོར་སློབ་སྦྱོང་དང་དཔྱད་གཞི་བྱེད་གཞིའི་ཚད་ལྡན་གྲོས་གཞིའི་མ་དཔེ་མཁོ་འདོན་བྱས་ཡོད། བཞི་ནི་རྟོག་ཞིབ་བྱེད་པ་དང་། ཏང་ཨུད་དང་སྲིད་གཞུང་གི་འབྲེལ་ཡོད་ལས་དོན་གནས་ཚུལ་གྱི་བརྡ་ཁྱབ་ཉན་པ། བཞུགས་མོལ་ཚོགས་འདུ་སྐོང་ཚོགས་བྱེད་པ་སོགས་ཀྱི་ཐོག་ནས་ཨུ་ཡོན་ཚོར་གནས་ཚུལ་ཤེས་རྟོགས་དང་། སྲིད་དོན་འདྲི་རྩད། གྲོས་གཞི་རྩོམ་འབྲི་བཅས་བྱེད་རྒྱུའི་ལས་ས་བཟོས་ཡོད། ལྔ་ནི་སྲིད་གྲོས་ལས་དོན་གྱི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་ཧུར་ཐག་བྱས་ནས་གལ་ཆེའི་ཚོགས་འདུའི་ཐོག་གི་གཏམ་བཤད་དང་། རྟོག་ཞིབ་སྙན་ཞུ། ཡུལ་བབ་དམངས་འདུན་སོགས་གྲོས་གཞིར་སྒྱུར་རྒྱུའི་མཛུབ་ཁྲིད་དང་ཞབས་ཞུ་བྱེད་པའི་ལས་ཀ་ཡག་པོ་བྱས་ནས་གྲོས་གཞི་ཡོང་ཁུངས་རྒྱ་ཆེར་གཏོད་ཡོད། དྲུག་ནི་གྲོས་གཞིར་ཞིབ་བཤེར་བྱས་ནས་གྲོས་ཁོངས་སུ་འཇུག་རྒྱུའི་ཚད་གཞི་རྒྱུན་འཁྱོངས་ནན་པོ་བྱས་ཏེ 《སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ལས་དོན་སྲོལ་ཡིག 》གི་གཏན་འབེབས་གཞིར་བཟུང་བསྡུ་རུབ་བྱས་པའི་གྲོས་གཞིར་ཞིབ་བཤེར་ནན་པོ་བྱས་ཏེ་གྲོས་ཁུངས་སུ་འཇུག་རྒྱུའི་ཚད་གཞི་དང་མ་མཐུན་པའི་རིགས་དུས་ཐོག་ཏུ་ཨུ་ཡོན་ལ་འབྲེལ་བ་བྱས་ཐོག་བཟོ་བཅོས་བརྒྱབ་རྗེས་བསྐྱར་དུ་འབུལ་དགོས་པའམ་ཡང་ན་ཡིག་འབུལ་ཞུ་བཅར་གྱི་གྲས་སུ་བརྩིས་པ་དང་། དེ་མིན་རྣམ་པ་གཞན་བརྒྱུད་ནས་ཐག་གཅོད་བྱས་ཡོད་པས་གྲོས་གཞིའི་སྤུས་ཚད་འགན་སྲུང་ཐུབ་ཡོད། བདུན་ནི་གཟེངས་བསྟོད་སྐུལ་ལྕག་བྱེད་སྟངས་ཚགས་ཚུད་དུ་བཏང་ནས་དཔེ་མཚོན་བཙུགས་པ་དང་ཕུལ་བྱུང་ལ་གཟེངས་བསྟོད་བྱས་པ་བརྒྱུད་ཨུ་ཡོན་གྱིས་འཁྲི་འགན་སྒྲུབ་པའི་ཧུར་བརྩོན་རང་བཞིན་སྐོང་འཐེན་ཐུབ་ཡོད།
(གསུམ ) སྒྲུབ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་གྲོས་གཞི་དོན་འཁྱོལ་བྱེད་པའི་ཕན་འབྲས་ཆེ་རུ་སོང་བ།
གཅིག་ནི “རིམ་པ་དབྱེ་ནས་འགན་འཁུར་རྒྱུ་དང་གཏོགས་ཁོངས་ནས་དོ་དམ་བྱེད་པའི ”རྩ་དོན་གཞིར་བཟུང་ཚང་འཛོམས་ཚོགས་འདུ་གྲོལ་རྗེས་ཁག་སོ་སོར་ལྗོངས་ཏང་ཨུད་དང་ལྗོངས་མི་དམངས་སྲིད་གཞུང་ལ་དུས་ཐོག་ཏུ་གྲོས་གཞི་ཡོངས་རྫོགས་དོན་འཁྱོལ་བྱེད་རྒྱུར་རྩིས་འབུལ་ཞུས་ཡོད། གཉིས་ནི་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་མཐུན་སྦྱོར་དང་གཞོགས་འདེགས་བྱས་ཏེ་གྲོས་གཞི་རྩིས་སྤྲོད་བྱེད་པའི་ཚོགས་འདུ་འཚོགས་ཤིང་། ལྗོངས་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་འགན་འཁུར་མཁན་འགོ་ཁྲིད་ཚོགས་འདུར་ཞུགས་པ་མ་ཟད། ཚོགས་འདུའི་ཐོག་གྲོས་གཞིའི་གནས་ཚུལ་ངོ་སྤྲོད་ཞུས་པ་དང་འབྲེལ་ཇི་ལྟར་བྱས་ནས་གྲོས་གཞི་དོན་འཁྱོལ་བྱེད་རྒྱུའི་སྐོར་ལ་ཞིབ་ཕྲའི་བསམ་འཆར་དང་བླང་བྱ་བཏོན་ཡོད། གསུམ་ནི་ཚང་འཛོམས་ཚོགས་འདུ་གྲོལ་རྗེས་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་ཚོགས་འདུའི་ཐོག་གཙོ་གནད་གྲོས་གཞི་ཁག་16གཏན་འཁེལ་བྱས་ནས་མཇུག་འདེད་སྒྲུབ་སྐུལ་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། བཞི་ནི་གྲོས་གཞི་སྒྲུབ་འགན་འཁུར་མཁན་ཚན་པས་དེ་སྔའི་སྟབས་བདེའི་ལན་འདེབས་བྱེད་པ་ནས་ད་ཆ་དངོས་ཡོད་གནས་ཚུལ་ཐག་གཅོད་བྱེད་རྒྱུའི་ཕྱོགས་སུ་སྒྱུར་གང་ཐུབ་བྱས་ཡོད། ལྔ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གྲོས་གཞི་དོན་འཁྱོལ་རྩིས་སྤྲོད་བྱེད་པའི་ཚོགས་འདུ་འཚོགས་རྗེས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་གྲོས་གཞི་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དོན་གཅོད་ཐིང་ལྟ་བཤེར་ཁང་དང་སྲིད་གཞུང་དོན་གཅོད་ཐིང་ལྟ་བཤེར་ཁང་ལ་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད། མཉམ་འབྲེལ་ཐོག་གྲོས་གཞི་སྒྲུབ་འགན་འཁུར་མཁན་ཚན་པར་ཟབ་འཇུག་བྱས་ཏེ་ཞིབ་བཤེར་ལྟ་སྐུལ་དང་ལས་སྒོར་མཛུབ་ཁྲིད་བྱས་པས་སྒྲུབ་སྐུལ་བྱེད་མཁན་དང་། སྒྲུབ་སྐུལ་བྱེད་སྟངས། སྒྲུབ་སྐུལ་བྱེད་ཡུལ་གྱི་གདང་རིམ། དྲིལ་བསྒྲགས་བྱེད་སྟངས་སོགས་ཕྱོགས་བཞིའི་ཐད་ལ་རིམ་གྱིས་བསམ་གཞི་ལེགས་སྒྲིག་དང་བྱེད་སྟངས་འགྱུར་ལྡོག་བཏང་བས་གྲོས་གཞི་དོན་འཁྱོལ་བྱེད་ཐབས་ཟམ་མི་ཆད་པར་འཐུས་ཚང་དུ་སོང་ཡོད།
(བཞི )འཕྲེད་ཕྱོགས་ལ་འབྲེལ་བ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་གྲོས་གཞིའི་ལས་དོན་གྱི་ཆུ་ཚད་མཐོ་རུ་བཏང་བ།
གཅིག་ནི་གྲོས་གཞིའི་ལས་དོན་གྱི་ཆུ་ཚད་མཐོ་རུ་གཏོང་ཕྱིར་སྲིད་གྲོས་ཀྱི་ལས་དོན་བཀོད་སྒྲིག་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་གཞི་ཨུ་ལྷན་གྱིས་འོས་སྦྱོར་གནང་བ་གཞིར་བཟུང་ལས་བགོས་ཀྲུའུ་ཞི་གཞོན་པས་གྲོས་གཞི་ཨུ་ལྷན་གྱི་སློབ་སྦྱོང་རྟོག་ཞིབ་ཚོགས་ཆུང་སྣེ་ཁྲིད་བྱས་ཏེ་ཟླ་5པའི་ཚེས་5ཉིན་ནས་ཟླ་5པའི་ཚེས་20བར་ཀྲེ་ཅང་དང་ཧྥུ་ཅན་ཞིང་ཆེན་གཉིས་ལ་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་བསྐྱོད་ནས་ཞིང་ཆེན་དེ་གཉིས་ཀྱིས་རྒྱལ་ཡོངས་ཀྱི “ཚོགས་འདུ་གཉིས ”ཀྱི་དགོངས་དོན་ལག་བསྟར་བྱས་པའི་བསམ་གཞི་གསར་པ་དང་། བྱེད་སྟངས་གསར་པ། བྱ་ཐབས་གསར་པ། གྲོས་གཞིའི་ལས་ཀའི་ཉམས་མྱོང་བཅས་ཕྱོགས་སྡོམ་བྱས་ཏེ་རྟོག་ཞིབ་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་བཟོས་ཡོད་པས་རང་ལྗོངས་ཀྱི་གྲོས་གཞིའི་ལས་དོན་ཐད་ལ་དགེ་མཚན་ལྡན་པའི་སྐུལ་སྤེལ་གྱི་ནུས་པ་བཏོན་ཡོད་ལ་ཀྲུའུ་ཞིའི་ཚོགས་འདུས་ཀྱང་ཁས་ལེན་གང་ལེགས་གནང་ཡོད། གཉིས་ནི་གྲོས་གཞིའི་ལས་དོན་གྱི་ཉམས་མྱོང་ཕྱོགས་སྡོམ་ཏན་ཏིག་བྱས་ནས 《བོད་ཀྱི་དོན་དངོས་ལ་དམིགས་ཏེ་གྲོས་གཞིའི་སྤུས་ཚད་མཐོ་རུ་གཏོང་རྒྱུའི་སྐོར 》གྱི་ཉམས་མྱོང་དཔྱད་ཡིག་བཟོས་པ་དེ་ཡུན་ནན་ཞིང་ཆེན་དུ་འཚོགས་པའི་ནུབ་རྒྱུད་ཞིང་ཆེན་དང་གྲོང་ཁྱེར་བཅུ་གཉིས་ཀྱི་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་སྐོར་གྱི་མཉམ་འབྲེལ་ཚོགས་འདུ་ཐེངས་ཉི་ཤུ་པའི་ཐོག་གཏམ་བཤད་སྤེལ་རེས་བྱས་ཡོད།
(ལྔ )དྲིལ་བསྒྲགས་ལས་ཀ་ཡག་པོ་བྱས་ནས་སྤྱི་ཚོགས་ཀྱི་བག་ཆགས་ཆེ་རུ་བཏང་བ།
གཅིག་ནི་ཚོགས་འདུ་འདྲ་མིན་ཐོག་ནས་གྲོས་གཞིའི་ལས་དོན་གྱི་གལ་ཆེའི་རང་བཞིན་དྲིལ་བསྒྲགས་བྱས་པས་སྲིད་གྲོས་ཨུ་ཡོན་དང་། སྡེ་ཚན་ཁག སྤྱི་ཚོགས་ཡོངས་བཅས་ཀྱིས་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་བྱེད་ཤུགས་ཆེ་རུ་སོང་བ་དང་། གྲོས་གཞིའི་ལས་དོན་གྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད། གཉིས་ནི་གསར་འགྱུར་མཚམས་སྦྱོར་ཚན་པ་དང་འབྲེལ་གཏུག་མཉམ་ལས་བྱེད་རྒྱུར་ཤུགས་བརྒྱབ་ནས་ཚགས་པར་དང་བཪྙན་འཕྲིན་སོགས་མཚམས་སྦྱོར་དང་། ནང་ཁུལ་དུས་དེབ 《བོད་ལྗོངས་སྲིད་གྲོས 》བེད་སྤྱད་ནས་གྲོས་གཞི་ཁག་གཅིག་གི་ནང་དོན་དང་། ལན་འདེབས་བྱས་ཚུལ། གྲོས་གཞིའི་སྒྲུབ་ལན། གྲོས་གཞི་དོན་འཁྱོལ་བྱས་ཚུལ་བཅས་ཡོངས་བསྒྲགས་བྱས་པ་དང་། གྲོས་གཞིའི་ལས་དོན་སྐོར་གྱི་ལག་ལེན་གསར་པ་དང་། ཉམས་མྱོང་གསར་པ། གྲུབ་འབྲས་གསར་པ་བཅས་དྲིལ་བསྒྲགས་བྱས་པ་དང་འབྲེལ་ཕུལ་བྱུང་གྲོས་གཞི་དང་། གྲོས་གཞི་སྒྲུབ་འགན་འཁུར་མཁན་སྔོན་ཐོན་ཚན་པ། ཕུལ་བྱུང་ལས་དོན་པ་བཅས་ཀྱི་བྱ་ཐབས་གསར་པ་དྲིལ་བསྒྲགས་བྱས་པ། གཞན་ཡང་གྲོས་གཞི་དོན་འཁྱོལ་བྱས་རྗེས་ཐོན་པའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་དྲིལ་བསྒྲགས་བཅས་བྱས་ཡོད། གསུམ་ནི 《བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་ཚོགས་འདུ་ཐེངས་གཉིས་པའི་གཙོ་གནད་གྲོས་གཞི་དང་ཡིག་ལན་འདེམས་སྒྲིག 》རྩོམ་སྒྲིག་པར་སྐྲུན་བྱས་ནས་ལྗོངས་ཡོངས་ཀྱི་སྲིད་གྲོས་ཨུ་ཡོན་དང་། སྲིད་གྲོས་ཐེ་ཞུགས་ཚན་པ། འབྲེལ་ཡོད་འགོ་ཁྲིད་དང་སྡེ་ཚན་བཅས་ལ་ཕུལ་ཡོད།
ཨུ་ཡོན་རྣམ་པ། སྲིད་གྲོས་རྒྱུན་ལས་ཨུ་ལྷན་དང་ཀྲུའུ་ཞིའི་ཚོགས་འདུའི་འགོ་ཁྲིད་འོག་ལྗོངས་སྲིད་གྲོས་སྐབས་དགུ་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་ལ་གྲུབ་འབྲས་ཡག་པོ་ཐོབ་ཡོད་ཀྱང་དུས་སྐབས་གསར་པའི་སྲིད་གྲོས་ལས་དོན་གྱི་སྤྱིའི་བླང་བྱ་དང་བསྡུར་ན་ད་དུང་མི་འདེང་བའི་ཆ་ངེས་ཅན་ཡོད། དེའི་མཚོན་ཚུལ་གཙོ་བོ་ནི། ཨུ་ཡོན་ཁག་གཅིག་གིས་གྲོས་གཞིའི་སྤུས་ཚད་ནི་གྲོས་གཞིའི་ལས་དོན་གྱི་རྨང་གཞི་ཡིན་ལུགས་ཐད་ལ་ངོས་འཛིན་དེ་ཙམ་བྱེད་མ་ཐུབ་པ་དང་། སྤུས་ཚད་ཨང་དང་པོར་བཞག་ཐུབ་མེད་པ། དེ་བཞིན་གྲོས་གཞི་ཉུང་ཤས་ཤིག “གྲོས་གཞི་རེར་ནང་དོན་མང་བ ”དང་། གནས་ཚུལ་ཪྙོག་འཛིང་ཆེ་བ། སྡེ་ཚན་མང་པོ་དང་འབྲེལ་བ་ཡོད་པ། དོན་འཁྱོལ་བྱེད་རྒྱུར་སྤྲོད་མི་བདེ་བ་སོགས་ཀྱི་གནས་ཚུལ་ཡོད་པ། གྲོས་གཞི་སྒྲུབ་འགན་འཁུར་མཁན་ཚན་པ་ཉུང་ཤས་ཤིག་གིས་ཨུ་ཡོན་གྱི་གྲོས་གཞིར་མཐོང་ཆེན་བྱེད་རྒྱུ་མི་འདེང་བ་དང་། གྲོས་གཞི་དོན་འཁྱོལ་བྱས་པའི་སྤུས་ཚད་དེ་ཙམ་ཡག་པོ་མེད་པ། གྲོས་གཞི་སྒྲུབ་འགན་འཁུར་མཁན་ཚན་པ་ལ་ལའི་ཡིག་ལན་གྱི་ནང་དོན་ཐད་དམིགས་སའི་རང་བཞིན་ཆེན་པོ་མེད་པ། ལ་ལས་གྲོས་མོལ་བྱས་ཚུལ་གྱི་ཐོ་འགོད་རེའུ་མིག་དང་དོན་འཁྱོལ་ལས་བསྡོམས་སྙན་འབུལ་ཞུས་མེད་པ། ཡང་གྲོས་གཞི་སྒྲུབ་འགན་འཁུར་མཁན་ཚན་པ་ལ་ལས་གོ་རིམ་ལྟར་གྲོས་གཞི་དོན་འཁྱོལ་ནན་པོ་བྱས་མེད་པས་ཨུ་ཡོན་ཉུང་ཤས་ཀྱི་གྲོས་གཞིར་བརྡ་ལན་ཤར་སྤྲོད་མ་ཐུབ་པ་བཅས་ཀྱི་གནད་དོན་དེ་ཚོ་ཚང་མ་ལོ་གསར་པའི་ནང་ཐག་གཅོད་ཏན་ཏིག་ཐུབ་པ་བྱེད་དགོས།
གསུམ། 2010ལོའི་ལས་ཀའི་གཙོ་གནད།
2010ལོ་ནི་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་དེ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཀྲུའུ་ཞིའི་ཚོགས་འདུའི་འགོ་ཁྲིད་འོག་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་ཧྲིལ་པོར་དམིགས་ནས་གྲོས་གཞི་རྩེ་གྲ་བཟོ་རྒྱུ་གཙོ་གནད་དུ་བཞག་ནས་གྲོས་གཞིའི་གྲངས་འབོར་ལ་བལྟ་བ་དེ་གྲོས་གཞིའི་སྤུས་ཚད་ལ་བལྟ་བའི་ཕྱོགས་སུ་རིམ་གྱིས་སྒྱུར་ཐུབ་པ་བྱེད་རྒྱུ་དང་། མཇུག་འདེད་དོན་འཁྱོལ་བྱེད་རྒྱུ་གཙོ་གནད་དུ་བཟུང་ནས་གྲོས་གཞི་དོན་འཁྱོལ་བྱེད་རྒྱུའི་ལས་དོན་དེ་ལན་འདེབས་བྱེད་པ་ནས་ལན་འདེབས་དོན་འཁྱོལ་བྱེད་པའི་ཕྱོགས་སུ་སྒྱུར་ཐུབ་པ་བྱེད་རྒྱུ། ལམ་ལུགས་ལེགས་སྐྱོང་བྱེད་རྒྱུ་གཙོ་གནད་དུ་བཟུང་ནས་གྲོས་གཞིའི་ལས་དོན་ཚད་ལྡན་ཅན་དུ་སྒྱུར་རྒྱུའི་ཆུ་ཚད་སྔར་བས་མཐོ་རུ་བཏང་སྟེ་གྲོས་གཞིའི་ཞབས་ཞུའི་ལས་དོན་དེ་ཞབས་ཞུ་རྐྱང་པའི་རྣམ་པ་ནས་ཕྱོགས་བསྡུས་ཞབས་ཞུའི་ཕྱོགས་སུ་སྒྱུར་ཐུབ་པ་བཅས་བྱས་ཏེ་མཉམ་འབྲེལ་ཐོག་དོན་འཁྱོལ་བྱེད་པ་དང་། ཧྲིལ་པོར་སྐུལ་སྤེལ་གཏོང་བ། མཐུན་སྦྱོར་ལྡན་ལ་ནུས་འབྲས་ཆེ་བ་བཅས་ཀྱི་ལས་ཀ་བྱེད་སྟངས་ཤིག་རིམ་བཞིན་ཆགས་པ་བྱེད་དགོས།
1. “གོ་སྐབས་དམ་འཛིན་དང་། ནང་མཁོ་རྒྱ་ཆེར་གཏོང་བ། རྨང་གཞི་འདིང་བ། འཕར་སྣོན་འགན་སྲུང་བྱེད་པ ”བཅས་ཀྱི་རང་སྐྱོང་ལྗོངས་ཀྱི་ལས་ཀའི་བཀོད་སྒྲིག་ལ་བྲལ་མེད་ཕྱོགས་ནས་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་སྐུལ་སློང་བྱས་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་དང་དུས་བབ་བརྟན་ལྷིང་ཡོང་བ་བྱེད་རྒྱུའི་གལ་ཆེའི་གནད་དོན་དང་མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པའི་གནད་དོན་རིགས་བདམས་ཏེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པའི་རྨང་གཞིའི་ཐོག་གྲོས་གཞིའི་ལས་དོན་ཁག་ཡག་པོ་སྒྲུབ་རྒྱུ།
2. ཚོགས་པ་དང་། རིགས་ཁོངས། སྲིད་གྲོས་ཀྱི་ཆེད་དོན་ཨུ་ལྷན་བཅས་ཀྱི་ཐུན་མོང་གི་གྲོས་གཞིའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྤུས་ཚད་ལེགས་པའི་གྲོས་གཞིའི་ཡོང་ཁུངས་འབད་བརྩོན་ཆེན་པོས་རྒྱ་ཆེར་གཏོང་རྒྱུ། གྲོས་གཞི་དེ་སྲིད་གྲོས་ཚོགས་ཆེན་གྱི་གཏམ་བཤད་ཡིག་རིགས་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་སྙན་ཞུ། ཡུལ་བབ་དམངས་འདུན་མཚོན་པའི་ཆ་འཕྲིན་བཅས་དང་ཕན་ཚུན་འཕོ་འགྱུར་བྱེད་རྒྱུར་དོ་སྣང་བྱས་ཏེ་གྲོས་གཞིའི་ལས་དོན་ནང་སྤྱི་ཚོགས་ཀྱི་ཐེ་ཞུགས་བྱེད་རྒྱ་སྔར་བས་ཆེ་རུ་བཏང་ནས་གྲོས་གཞིའི་སྤུས་ཚད་དང་སྤྱི་ཡོངས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ།
3. གཙོ་གནད་གྲོས་གཞི་ལེགས་འདེམས་བྱས་ཏེ་གཙོ་གནད་གྲོས་གཞིའི་རིགས་སྒྲུབ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། གྲོས་དོན་གལ་ཆེ་རིགས་དང་། འཕྲལ་མར་ཐག་གཅོད་བྱེད་དགོས་རིགས། བཀོལ་སྤྱོད་རང་བཞིན་ཆེ་བ་བཅས་ཀྱི་གྲོས་གཞི་ཁག་གཅིག་བདམས་ནས་གཙོ་གནད་གྲོས་གཞིར་འཇོག་རྒྱུ། ཆེད་འགན་འཁུར་མཁན་ཀྲུའུ་ཞི་གཞོན་པ་སོ་སོས་སྣེ་ཁྲིད་དེ་གྲོས་གཞི་1—2བར་སྒྲུབ་སྐུལ་བྱེད་རྒྱུ་གཞིར་བཟུང་ཀྲུའུ་ཞིའི་ཚོགས་འདུར་ཞིབ་འཇུག་བྱེད་རྒྱུར་འབུལ་རྒྱུའི་གཙོ་གནད་གྲོས་གཞིའི་གྲངས་ཚད་གཏན་འཁེལ་བྱེད་རྒྱུ། གྲོས་གཞི་ཨུ་ཡོན་ལྷན་ཁང་དང་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་ཐུན་མོང་ཐོག་སྒྲུབ་སྐུལ་བསམ་འཆར་བཟོ་རྒྱུ་དང་། སྒྲུབ་སྐུལ་གྱི་འབྲེལ་ཡོད་ལས་དོན་ལ་མཐུན་སྦྱོར་དང་གཞོགས་འདེགས་བྱེད་འགན་འཁུར་ཏེ་གཙོ་གནད་གྲོས་གཞི་རེ་རེ་བཞིན་དོན་འཁྱོལ་བྱེད་རྒྱུར་འགོ་ཁྲིད་ངོ་མས་འགན་འཁུར་མཁན་ཡོད་པ་བྱས་ཐོག་གཙོ་གནད་གྲོས་གཞི་དོན་འཁྱོལ་བྱེད་རྒྱུར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་བྱེད་རྒྱུ།
4. གྲོས་གཞི་དོན་འཁྱོལ་བྱེད་རྒྱུ་དང་། མཇུག་འདེད་ཚུར་ལན་བྱེད་རྒྱུ། གཙོ་གནད་གྲོས་གཞིའི་རིགས་སྒྲུབ་སྐུལ་བྱེད་རྒྱུ་སོགས་ཀྱི་བྱེད་སྟངས་འཚོལ་ཞིབ་བྱེད་རྒྱུ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཏང་ཨུད་དང་སྲིད་གཞུང་ཚན་པ་ཁག་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་གྲོས་གཞི་དོན་འཁྱོལ་བྱེད་རྒྱུའི་ལས་དོན་ཁག་ཡག་པོ་སྒྲུབ་རྒྱུ། ཚོགས་པ་ཁག་དང་རིགས་ཁོངས་ཁག་གི་སྲིད་གྲོས་ཨུ་ཡོན་གྱིས་རྟོག་ཞིབ་དང་སྒྲུབ་སྐུལ་བྱེད་པའི་རྣམ་པའི་ཐོག་ནས་གྲོས་གཞི་སྒྲུབ་སྐུལ་ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ། དོན་འཁྱོལ་བྱས་ཟིན་པའི་གྲོས་གཞིར “ཕྱི་མིག་བལྟ་བ ”དང་བློ་མོས་མ་བྱུང་བའི་གྲོས་གཞིར་བསྐྱར་དུ་དོན་འཁྱོལ་བྱེད་པའི་ལས་དོན་སྤེལ་ཏེ་གྲོས་གཞི་དོན་འཁྱོལ་བྱེད་པའི་ལས་དོན་གྱི་ཕན་འབྲས་དངོས་སྔར་བས་ཆེ་བ་ཐོན་པ་བྱེད་རྒྱུ།
5. གྲོས་གཞིའི་ལས་དོན་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། གསར་འགྱུར་མཚམས་སྦྱོར་ཚན་པ་དང་འབྲེལ་གཏུགས་བྱེད་རྒྱུ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་དྲིལ་བསྒྲགས་བྱེད་སྟངས་གསར་གཏོད་ཟམ་མི་ཆད་པ་བྱས་ཏེ་དྲིལ་བསྒྲགས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ། སྲིད་གྲོས་ཀྱི་གྲོས་གཞིའི་ངོ་བོ་དང་། གནས་བབ། ནུས་པ་བཅས་དྲིལ་བསྒྲགས་ཤུགས་ཆེ་བྱེད་དགོས་པ་དང་། སྲིད་གྲོས་ཨུ་ཡོན་དང་། སྲིད་གྲོས་ཐེ་ཞུགས་ཚན་པ་ཁག སྲིད་གྲོས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་བཅས་ཀྱིས་གྲོས་གཞི་བཏོན་པ་བརྒྱུད་ནས་སྲིད་ཞུགས་སྲིད་གླེང་ཧུར་ཐག་བྱེད་པའི་གཟི་བརྗིད་ཀྱི་བསམ་པ་དང་། ལས་སྐལ་སྒྲུབ་སེམས། འགན་འཁྲི་འཁུར་སེམས་བཅས་ཆེ་རུ་གཏོང་རྒྱུ་དང་། སྒྲུབ་འགན་འཁུར་མཁན་ཚན་པས་གྲོས་གཞི་དོན་འཁྱོལ་བྱེད་པའི་ཉམས་མྱོང་བཟང་པོ་དང་བྱ་ཐབས་བཟང་པོ་དྲིལ་བསྒྲགས་བྱེད་རྒྱུ། གྲོས་གཞི་དོན་འཁྱོལ་བྱས་རྗེས་ཐོན་པའི་དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་རྣམས་དྲིལ་བསྒྲགས་བྱེད་དགོས་པ། ཕུལ་བྱུང་གྲོས་གཞི་དང་། གྲོས་གཞི་སྒྲུབ་འགན་འཁུར་མཁན་སྔོན་ཐོན་ཚན་པ། གྲོས་གཞི་དོན་འཁྱོལ་བྱེད་མཁན་སྔོན་ཐོན་ལས་དོན་པ་བཅས་ལ་གཟེངས་བསྟོད་བྱེད་རྒྱུའི་ལས་དོན་ཡག་པོ་སྒྲུབ་རྒྱུ།
6. སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་དང་རིགས་ཁོངས་ཁག་གི་ཨུ་ཡོན་དང་འབྲེལ་གཏུག་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་འབྲེལ་ཡོད་གྲོས་གཞིར་བརྟག་ཞིབ་དང་ལྟ་སྐུལ་བྱེད་པའི་ལས་དོན་ནང་ཞུགས་རྒྱུ། གྲོས་གཞིའི་ལས་དོན་དེ་རྟོག་ཞིབ་བྱེད་རྒྱུ་དང་ཟུང་འབྲེལ་ནུས་ལྡན་བྱེད་པའི་བསམ་གཞི་གསར་པ་འཚོལ་ཞིབ་བྱས་ནས་གྲོས་གཞིའི་ནང་དོ་འཁུར་བྱེད་པའི་གླེང་ཆ་ཆེ་བ་དང་དཀའ་གནད་ཆེ་བའི་གནད་དོན་རིགས་བདམས་ཏེ་ཨུ་ཡོན་སྒྲིག་འཛུགས་ཀྱིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་གྲོས་གཞི་དོན་འཁྱོལ་བྱེད་པར་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་ཆབས་ཅིག་བརྟག་དཔྱད་ཞིབ་འཇུག་བྱས་ནས་བྱུང་བའི་བསམ་འཆར་དང་གྲོས་འཆར་རྣམས་དུས་ཐོག་ཏུ་གྲོས་གཞི་བཟོས་ཏེ་གྲོས་གཞིའི་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཤུགས་ཆེར་འགྲོ་རྒྱུར་དོ་སྣང་བྱེད་རྒྱུ།
ཨུ་ཡོན་རྣམ་པ་དང་བློ་མཐུན་རྣམ་པ།
གྲོས་གཞིའི་ལས་དོན་ནི་མི་དམངས་སྲིད་གྲོས་ཀྱི་སྤྱི་ཡོངས་རང་བཞིན་གྱི་དོན་སྙིང་ཆེན་པོ་ལྡན་པའི་ལས་དོན་ཞིག་དང་། ཆབ་སྲིད་རང་བཞིན་ཤུགས་ཆེ་ལྡན་པའི་ལས་དོན་ཞིག མི་རྩ་བར་འཛིན་པ་དང་མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་ལས་དོན་ཞིག་བཅས་ཡིན། ང་ཚོས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཀྱིས་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པས་མཛུབ་ཁྲིད་བྱེད་པ་དང་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་མི་དམངས་སྲིད་གྲོས་ཀྱི་སྲིད་ཞུགས་སྲིད་གླེང་བྱེད་པའི་ནང་གྲོས་གཞིའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག་གྲོས་གཞིའི་ལས་དོན་དེ་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། གཞི་མཐུན་བོད་ལྗོངས། སྣོད་བཅུད་བཟང་བའི་བོད་ལྗོངས་བཅས་སྐྲུན་ཕྱིར་འབད་བརྩོན་ལྷོད་མེད་བྱེད་དགོས།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣