དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        འཐུས་མི་རྣམ་པ།

        ད་ལྟ་ངས་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་ཞུ་རྒྱུ་མ་ཟད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་ཀྱང་དགོངས་འཆར་འདོན་གནང་ཡོད་པ་ཞུ།

        2009ལོ་ནི་རང་ལྗོངས་ཀྱི་གོང་འཕེལ་དང་བརྟན་ལྷིང་གི་ལས་འགན་ཤིན་ཏུ་ལྕི་བའི་ལོ་ཞིག་རེད། ལོ་གཅིག་ནང་། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ནུས་ལྡན་མཛུབ་ཁྲིད་འོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་གི་གྲོས་ཆོད་ཀྱི་བླང་བྱ་ལྟར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པས་མཛུབ་ཁྲིད་བྱེད་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཏང་གི་བོད་སྐོར་གྱི་སྤྱི་ཡོངས་ལས་དོན་ལ་འབྲལ་མེད་ཕྱོགས་པ་བཅས་བྱས་ཏེ “གོང་དུ་བཀུར་དགོས་པ་གསུམ ”གྱི་མཛུབ་ཁྲིད་བསམ་བློ་དེ་ཁྲིམས་ཁང་ལས་དོན་གྱི་ཁྱབ་ཁོངས་ཁག་ཚང་མའི་ནང་ཕྱོགས་ཡོངས་ནས་དོན་འཁྱོལ་ཐུབ་པ་དང་། ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་ཁྲིམས་འཛིན་འདྲི་གཅོད་ཀྱི་འགན་ནུས་བསྒྲུབས་ཐོག་སྤྱི་ཡོངས་ལ་ཞབས་འདེགས་དང་མི་དམངས་ཀྱི་དོན་དུ་ཁྲིམས་འཛིན་བྱས་པར་བརྟེན་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། ལོ་ཧྲིལ་པོར་རིགས་འདྲ་མིན་གྱི་གྱོད་གཞི་ཁག་ཁྱོན་18518བདག་སྤྲོད་བྱས་པ་དང་། གྱོད་གཞི་ཁག་17353ལ་འདྲི་ཞིབ་དང་། ལག་བསྟར། མཐའ་འདོམས་བཅས་བྱས་ཡོད་པས་དུས་མཚུངས་དང་བསྡུར་ན་ཁག་སོ་སོར་12.6%དང་13%འཕར་ནས་ཕྱོགས་བསྡུས་གྱོད་ཐག་གཅོད་ཚད་93.7%ཟིན་ཡོད། དེའི་ནང་རིམ་ཁག་ཁྲིམས་ཁང་གིས་ཐད་ཀར་བདག་སྤྲོད་བྱས་པའི་དམངས་དོན་དང་ཚོང་དོན། སྲིད་འཛིན། རྒྱལ་ཁབ་ཀྱི་གུན་གསབ། ལག་བསྟར། ཁྲིམས་ཆད་ཡང་བཟོས་དང་དངོས་མིན་བཙོན་དགྲོལ་བཏང་བ་སོགས་ཀྱི་གྱོད་གཞི་ཁག་17042ཡོད་པ་དེས་གྱོད་གཞི་བསྡོམས་འབོར་གྱི་92%ཟིན་ཡོད།

        གཅིག ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་བོད་ཀྱི་སྤྱི་ཚོགས་གཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་པ།

        ང་ཚོས་དཔལ་འབྱོར་བརྟན་ཞིང་ཅུང་མྱུར་བའི་སྒོ་ནས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་འགན་སྲུང་དང་སྤྱི་ཚོགས་གཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་ཁྲིམས་ཁང་གི་ལས་ཀ་ཨང་དང་པོར་བཞག་ཐོག་ཉེས་དོན་དང་དམངས་དོན་ཚོང་དོན་གྱིས་གཙོ་བོ་བྱས་པའི་འདྲི་གཅོད་ལས་དོན་ཁག་དམ་འཛིན་ཤུགས་ཆེ་བྱས་པ་དང་། ཁྲིམས་བཅད་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་བ། རང་སྟོབས་ཀྱི་ཁྲིམས་འཛིན་བྱེད་རྒྱུར་སྐུལ་འདེད་བཏང་བ། ཁག་དབྱེ་རྩོད་འདུམ་བྱེད་ཤུགས་ཆེ་རུ་བཏང་བ་བཅས་ཀྱིས་བཅའ་ཁྲིམས་ཀྱི་བྱ་ཐབས་བེད་སྤྱོད་གང་ལེགས་བྱས་ནས་སྤྱི་ཚོགས་དང་དཔལ་འབྱོར་གྱི་འབྲེལ་བ་སྙོམས་སྒྲིག་བྱས་པ་དང་སྤྱི་ཚོགས་གཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།

        (གཅིག ) ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ཡོང་རྒྱུར་སྲུང་སྐྱོང་བྱས་པ། སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་སྲུང་སྐྱོང་། མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བཅས་བྱེད་རྒྱུའི་དར་ཆ་མཐོན་པོར་བསྒྲེངས་ཐོག ཏཱ་ལའི་རུ་ཚོགས་ཀྱིས་མེས་རྒྱལ་ཁ་ཕྲལ་གཏོང་བའི་སྡིག་ཉེས་བྱེད་སྤྱོད་དང་ལོག་སྤྱོད་ཀྱི་ངོ་བོར་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་ཐོག ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཡུན་རིང་རང་བཞིན་དང་། རྣོ་ངར་རང་བཞིན། ཪྙོག་འཛིང་རང་བཞིན་བཅས་ལ་ངོས་འཛིན་བྱེད་རྒྱུ་སྔར་བས་ཆེ་རུ་བཏང་ནས་སྔ་ཕྱི་བར་གསུམ་དུ་རིག་པ་དྭངས་གསལ་ཐུབ་པ་བྱས་ཡོད། འདྲི་གཅོད་ཀྱི་གཙོ་གནད་ལ་སྐབས་བསྟུན་ལེགས་སྒྲིག་གིས་འདྲི་གཅོད་ཀྱི་ཐབས་ཇུས་ལ་དོ་སྣང་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གི་ཁ་ཕྲལ་རིང་ལུགས་པའི་སྨྱོ་ཧམ་ཆེན་པོར་སེམས་ཐག་གཙང་བཅད་ཀྱིས་རྡུང་རྡེག་བཏང་ཡོད། “དྲག་རྡུང ”གི་མཛད་ཕྱོགས་རྒྱུན་འཁྱོངས་ཀྱིས་གཙོ་གནད་ལ་རྡུང་རྡེག་མངོན་གསལ་དོད་པོ་བཏང་སྟེ་དམ་བསྒྲགས་ཀྱི་བྱ་ཐབས་རྒྱུན་བཟུང་གིས་ནག་ཚོགས་ངན་རེངས་ཕྱོགས་གཏོགས་ཀྱི་ཉེས་གསོག་དང་། ཚབས་ཆེའི་གཏུམ་སྤྱོད་ཀྱི་ཉེས་གསོག ཐོན་རྟག་པའི་རྒྱུ་ནོར་མི་བདག་བདག་བཟུང་གི་ཉེས་གསོག སྤྱི་བྱིངས་དང་འབྲེལ་བའི་དཔལ་འབྱོར་གྱི་ཉེས་གསོག དུག་རྫས་ཀྱི་ཉེས་གསོག་སོགས་སྤྱི་ཚོགས་དང་དཔལ་འབྱོར་གྱི་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་བདེ་འཇགས་ལ་སེམས་ཁྲལ་བཟོ་བའི་ཉེས་དོན་ཉེས་གསོག་རིགས་ཁྲིམས་ལུགས་གཞིར་བཟུང་ཉེས་ཆད་ནན་པོ་བཅད་ཡོད། ཁྱོན་བསྡོམས་ཉེས་དོན་གྱི་གྱོད་གཞི་ཁག་1476ལ་འདྲི་གཅོད་མཐའ་འདོམས་བྱས་པ་དང་། ཉེས་གསོག་པ་མི་གྲངས་1629ལ་ཁྲིམས་ཆད་བཅད་ཅིང་། ནན་ཡང་ཟུང་གཅོད་ཀྱི་ཉེས་དོན་སྲིད་ཇུས་ལག་བསྟར་དོན་འཁྱོལ་ཡང་དག་པ་བྱས་ཏེ་ཁྲིམས་གཅོད་དང་། སྔོན་འགོག སྐྱོབ་ཐབས་བཅས་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་པས་གུ་ཡངས་གཏོང་དགོས་སར་གུ་ཡངས་དང་། ནན་པོ་བྱེད་དགོས་སར་ནན་པོ། ནག་ཉེས་ལ་ཆད་གཅོད་འཚམ་པོ་བཅས་བྱེད་ཐུབ་པ་བྱུང་ཡོད། ཁྱོན་བསྡོམས་གྱོད་ཡ་མི་གྲངས་7ལ་ཁྲིམས་ལུགས་གཞིར་བཟུང་ཉེས་པ་མེད་པའི་ཁྱབ་བསྒྲགས་བྱས་པ་དང་། ནག་ཉེས་ཅུང་ཡང་ཞིང་། སྤྱི་ཚོགས་ལ་སླར་ཡང་གནོད་འཚེ་བཟོ་མི་སྲིད་པའི་ཉེས་གསོག་པ་མི་གྲངས་187ལ་ཁྲིམས་ལུགས་གཞིར་བཟུང་ཁྲིམས་ཆད་འགྱངས་གཅོད་བྱས་པ། ཉེས་ཁག་ཁྲིམས་འཁུར་དང་བསྒྱུར་བཀོད་དང་ལེན་བྱེད་མཁན་ཉེས་གསོག་པ་མི་གྲངས་1668ལ་ཁྲིམས་ལུགས་གཞིར་བཟུང་ཁྲིམས་ཆད་ཡང་བཟོས་དང་དངོས་མིན་བཙོན་དགྲོལ་བཏང་བས་ཉེས་གསོག་པས་སྔར་བྱས་རྒྱབ་སྐྱུར་དང་ཕྱིན་ཆད་སྤང་བླང་བྱེད་རྒྱུར་སྐུལ་འདེད་བཏང་ཡོད། ཁྱོན་བསྡོམས་གྱོད་ཡ་མི་གྲངས་243ལ་ཁྲིམས་རྩོད་པ་དམིགས་འཛུགས་བྱས་པ་དང་། གྲངས་ཉུང་མི་རིགས་དང་ཕྱི་རྒྱལ་གྱི་གྱོད་ཡ་མི་གྲངས་324ལ་སྐད་སྒྱུར་བྱེད་མཁན་དམིགས་འཛུགས་བྱས་ཡོད།

        (གཉིས ) ནུས་ཤུགས་ཡོད་རྒུས་དཔལ་འབྱོར་གོང་འཕེལ་སྔར་ལས་ཡག་པ་དང་། སྔར་ལས་མགྱོགས་པ། སྔར་ལས་ཆེ་བ་བཅས་ཡོང་རྒྱུའི་འགན་ལེན་བྱས་པ། རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་གྱི་ཤུགས་རྐྱེན་འོག་བྱུང་བའི་དཔལ་འབྱོར་དང་སྤྱི་ཚོགས་ཁོར་ཡུག་གི་ཁྱད་ཆོས་གསར་པ་དང་འགྱུར་ལྡོག་གསར་པར་དོ་སྣང་ཆེན་པོ་བྱས་ཏེ་རང་འགུལ་ངང་རང་ལྗོངས་ཀྱི་དཔལ་འབྱོར་འདུ་འགོད་དང་། ཐོན་ལས་གོང་འཕེལ། ཁྲོམ་ར་འཛུགས་སྐྱོང་། ཁེ་ལས་ཀྱིས་གཉེར་སྐྱོང་བྱེད་པ་བཅས་ཀྱི་ནང་ཐོན་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་ཁོང་དུ་ཆུད་པ་བྱས་ནས་དུས་ཐོག་ཏུ་ཁྲིམས་འཛིན་ཐད་ཀྱི་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆ་བཟོ་འདོན་བྱས་ཐོག ཧུར་བརྩོན་ཆེན་པོ་དང་། གོང་འཕེལ་གྱི་བསམ་བློ། ཚན་རིག་དང་མཐུན་པའི་བྱེད་ཐབས། དེ་བཞིན་རང་འགུལ་ངང་ལས་ཀ་བྱེད་པ་བཅས་ལ་བརྟེན་ནས་དཔལ་འབྱོར་གྱི་འབྲེལ་བ་ལེགས་སྒྲིག་དང་དཔལ་འབྱོར་གྱི་སྒྲིག་ལམ་སྲུང་སྐྱོང་བྱས་ཏེ་ནུས་ཤུགས་ཡོད་རྒུས་འཕར་སྣོན་འགན་སྲུང་བྱས་ཡོད། ཁྱོན་བསྡོམས་དམངས་དོན་དང་ཚོང་དོན་གྱི་གྱོད་གཞི་ཁག་10986འདྲི་ཞིབ་བྱས་པ་དང་། དམིགས་རྟེན་དངུལ་འབོར་སྒོར་དུང་ཕྱུར་10.7ཟིན་པ་དེ་དུས་མཚུངས་དང་བསྡུར་ན་ཁག་སོ་སོར་12%དང་12.6%མང་དུ་སོང་ཡོད། གཞུང་ཁོངས་ཁེ་ལས་དང་འབྲེལ་བའི་ས་ཁོངས་བརྒལ་བའི་དཔལ་འབྱོར་གྱོད་གཞི་དང་། དེ་བཞིན་གྲུབ་ཆ་ལེགས་སྒྲིག་བྱེད་པ་དང་། ནང་མཁོ་རྒྱ་ཆེར་གཏོང་བ། འཕར་སྣོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནང་ཐོན་པའི་བུ་ལོན་གཏོང་ལེན་དང་། ཉོ་ཚོང་། འགན་གཙང་གཏོང་ལེན་སོགས་ཀྱི་གན་རྒྱའི་གྱོད་གཞིའི་རིགས་ལ་མཐུན་སྦྱོར་འོས་འཚམ་དང་ཁྲིམས་ལུགས་གཞིར་བཟུང་འདྲི་ཞིབ་བྱས་པས་དཔལ་འབྱོར་བརྟན་ཞིང་ཅུང་མགྱོགས་པོའི་སྒོ་ནས་གོང་འཕེལ་ཡོང་རྒྱུར་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་ཞིག་བཏོད་ཐུབ་པ་བྱུང་ཡོད། “ཞིང་འབྲེལ ”གྱོད་གཞིར་མཐོང་ཆེན་པོ་བྱས་ཏེ་ས་ཆ་བསྡུ་སྤྱོད་ཀྱི་སློག་སྤྲོད་དང་། དབྱར་རྩྭ་དགུན་འབུ་ཉོ་ཚོང་། གཏེར་ཁ་སྔོག་འདོན། རྩྭ་ར་འགན་གཙང་སོགས་ཐོན་ཁུངས་ཀྱི་རྩོད་ཪྙོག་དང་། ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་གྱོད་གཞིའི་རིགས་ལ་ཁྲིམས་ལུགས་གཞིར་བཟུང་འདྲི་ཞིབ་བྱས་པས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་སྐྲུན་རྒྱུར་སྐུལ་འདེད་གཏོང་ཐུབ་པ་བྱུང་ཡོད།

        ཁྲིམས་འཛིན་དང་སྲིད་འཛིན་དབར་མཉམ་ལས་དང་ཕན་ཚུན་སྐུལ་སྤེལ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གལ་ཆེའི་གནས་ཚུལ་བརྡ་ཁྱབ་དང་གལ་ཆེའི་གྱོད་གཞི་མཐུན་སྦྱོར་བྱེད་རྒྱུའི་ལམ་ལུགས་ཁྱབ་སྤེལ་བཏང་ཐོག་མི་དཔུང་ཁྱུ་སྒྲིག་གི་ཞུ་བཅར་ཐོན་བཟོ་ཡོད་པ་དང་སྤྱི་ཚོགས་གཞི་མཐུན་བརྟན་ལྷིང་ལ་གནོད་བཟོ་ཡོད་པའི་གནས་ཚུལ་རིགས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་དེར་ཁྲིད་སྟོན་དང་། བར་འདུམ། ཞུ་འབུལ་མཚམས་འཇོག་བཅས་བྱེད་རྒྱུའི་ལས་དོན་ཧུར་བརྩོན་ངང་ཡག་པོ་བསྒྲུབས་ཤིང་། ཁྱོན་བསྡོམས་སྲིད་འཛིན་གཏུག་བཤེར་དང་རྒྱལ་ཁབ་ཀྱི་གུན་གསབ་གྱོད་གཞི་ཁག་80འདྲི་ཞིབ་བྱས་ཡོད། གསོག་ཐེབས་གྱོད་གཞི་གཅིག་སྡུད་ཐོག་གཙང་སེལ་བྱེད་པའི་ཆེད་དམིགས་བྱེད་སྒོ་ཏན་ཏིག་ངང་སྤེལ་ཞིང་། ལྗོངས་ཏང་ཨུད་ཀྱི་ཚད་མཐོའི་མཐོང་ཆེན་དང་འབྲེལ་ཡོད་སྡེ་ཚན་གྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་གནས་ཚུལ་ཇི་ཡོད་གསལ་རྟོགས་དང་། རྒྱུ་རྐྱེན་རྩད་འཚོལ། གྱོད་གཞིར་གཞིགས་ཏེ་ཐབས་ཇུས་འདོན་པ། ཐབས་མང་མཉམ་སྤྱོད་བཅས་བྱས་ཏེ་ཁྲིམས་བཅད་ལག་བསྟར་བྱེད་རྒྱུའི་གསོག་ཐེབས་གྱོད་གཞི་ཁག་ཁྱོན་བསྡོམས་575གཙང་སེལ་བཟོས་ཤིང་། དེའི་ནང་རྒྱུ་དངོས་ཡོད་པའི་གྱོད་གཞི་ཁག་182ཚང་མ་ནུས་ལྡན་གྱིས་ལག་བསྟར་བྱས་པ་དང་། རྒྱུ་དངོས་མེད་པའི་གྱོད་གཞི་ཁག་383ཡང་བཅའ་ཁྲིམས་དང་སྲིད་ཇུས་གཞིར་བཟུང་ཐག་གཅོད་འོས་འཚམ་བྱས་པས་ཁྲིམས་བཅད་ལག་བསྟར་བྱེད་རྒྱུའི་གསོག་ཐེབས་གྱོད་གཞི་གཙང་སེལ་བྱེད་རྒྱུའི་ལོ་མང་རིང་གི་གནད་དོན་ཪྙིང་པ་ཁག་གཅིག་ཐག་གཅོད་ཡག་པོ་བྱུང་ཡོད། ལོ་ཧྲིལ་པོར་ཁྱོན་བསྡོམས་ཁྲིམས་བཅད་ལག་བསྟར་བྱེད་རྒྱུའི་གྱོད་གཞི་ཁག་2085བདག་སྤྲོད་བྱས་པ་དང་། གྱོད་གཞི་ཁག་1847ལག་བསྟར་མཐའ་འདོམས་བྱས་པས་ལག་བསྟར་མཐའ་འདོམས་བྱེད་ཚད་88.6%དང་། དམིགས་རྟེན་དངུལ་འབོར་སྒོར་དུང་ཕྱུར་3.5ཙམ་ཟིན་ཡོད། “འདུམ་འགྲིག་བྱེད་རྒྱུ་སྔོན་འགྲོར་བྱས་ཏེ་འདུམ་འགྲིག་དང་འདྲི་གཅོད་ཟུང་འབྲེལ་བྱེད་རྒྱུ ”མཐའ་འཁྱོངས་ཐོག མང་ཚོགས་ཀྱི་བློ་མོས་ཡོད་མེད་ལ་མི་ལྟ་བ་དང་། སྤྱི་ཚོགས་ཀྱི་ཕན་འབྲས་བཟང་ཞན་ལ་མི་ལྟ་བ། གཙོ་ཁྲིམས་དངལས་རིམ་བཅའ་ཁྲིམས་སྟོང་པ་ཤོད་པ་སོགས “ཁྲི་ཐོག་ནས་གྱོད་གཞི་འདྲི་བའི ”འགྱུར་མེད་ཀྱི་སྣང་ཚུལ་རིགས་འགྱུར་ལྡོག་གཏོང་རྒྱུར་ཤུགས་བརྒྱབ་སྟེ “མཐུན་པོ་བྱུང་ན་མཆོག་གྱུར་ཡིན་པའི ”འདུ་ཤེས་བརྟན་པོ་བཙུགས་ནས་འདུམ་སྒྲིག་བྱེད་རྒྱུ་དེ་རྩོད་གཞི་ཐག་གཅོད་བྱེད་པའི་བྱ་ཐབས་དང་པོ་དང་ངེས་པར་དུ་བརྒྱུད་དགོས་པའི་ལས་རིམ་ལ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས “ལས་རིམ་ཡོངས་དང་། མི་སྣ་ཡོངས། ཕྱོགས་མཐའ་ཀུན ”བཅས་ཀྱི་འདུམ་འགྲིག་ལས་དོན་གྱི་ལམ་སྲོལ་གསར་པ་བཏོད་དེ་གཞི་མཐུན་གྱི་ཁྲིམས་འཛིན་བྱེད་སྟངས་ཧུར་ཐག་བཏོད་ཡོད། ཁྲིམས་སྒྱུར་གྱོད་སྒྲུབ་བྱེད་པའི་བརྒྱུད་རིམ་ནང་མི་དང་གྱོད་གཞིར་བསྟུན་པ་དང་། དུས་བབ་དང་གནས་ཚུལ་ལ་གཞིགས་ནས་ཁྲིད་སྟོན་གྱིས “འདུམ་འགྲིག ”བྱེད་རྒྱུའི་ཐོག་ཤུགས་རྒྱག་པ་དང་། “མཐུན་འགྲིག ” ཡོང་རྒྱུའི་ཐོག་བསམ་བློ་གཏོང་བ། “གྱོད་བསྒྲུབས ”བྱེད་རྒྱུའི་ཐོག་ཕན་འབྲས་ཐོན་པ་བཅས་བྱས་ནས “གྱོད་དོན་ཞིབ་བཅད་ཟིན་ལ་བྱ་བ་ཡང་བསྒྲུབས ”ཐུབ་པའི་ཕན་འབྲས་ཡག་ཤོས་ཐོན་པ་བྱས་ཡོད། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་གཏུག་བཤེར་མ་བྱས་པའི་གོང་དུ་རིགས་འདྲ་མིན་གྱི་རྩོད་གཞི་ཁག་6484ལ་འདུམ་འགྲིག་བྱས་ཤིང་། དམངས་དོན་གྱི་འདུམ་འགྲིག་དང་ཕྱིར་འཐེན་བྱེད་ཚད་དང་། ཁྲིམས་བཅད་ལག་བསྟར་མཐུན་འགྲིག་བྱེད་ཚད་ཁག་སོ་སོར་69%དང་36%ཟིན་ཞིང་། གཞི་རིམ་ཁྲིམས་ཁང་ཁག་གིས་ཁྱོན་བསྡོམས་དམངས་ཁྲོད་ཀྱི་རྩོད་གཞི་ཁག་12100ལྷག་ཙམ་མཛུབ་ཁྲིད་དང་འདུམ་འགྲིག་ཐག་གཅོད་བྱས་ཡོད།

        (གསུམ ) སེམས་ནུས་ཡོད་རྒུས་དམངས་ཀྱི་འཚོ་བ་འགན་ལེན་བྱས་པ། མི་དམངས་ཁྲིམས་ཁང་གི “མི་དམངས་རང་བཞིན ”དང་ཁྲིམས་འཛིན་འདྲི་གཅོད་ལས་ཀའི “ལག་ལེན་རང་བཞིན ”གཉིས་ཟུང་འབྲེལ་དམ་ཟབ་བྱས་ནས “མི་དམངས་ཁྲིམས་དཔོན་གྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི ”བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་དེ་ཁྲིམས་སྒྱུར་གྱོད་ཞིབ་བྱེད་པའི་རང་སྟོབས་ཁྲིམས་འཛིན་གྱི་ལག་ལེན་ནང་ཁྱབ་ཐུབ་པ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་གང་ཐུབ་བྱས་ཡོད། མང་ཚོགས་ལ་གཏུག་བཤེར་བྱེད་བདེ་ཡོང་བའི “ཤར་གཏོང་བགྲོད་ལམ ”བཟོས་ཤིང་། གྱོད་ཁོངས་སུ་འཇུག་རྒྱུ་དང་ཡིག་འབུལ་ཞུ་བཅར་གྱི་ཞབས་ཞུར་ཤུགས་སྣོན་བརྒྱབ་ཐོག་ཁ་པར་ཐོག་ནས་གྱོད་ཁོངས་སུ་འཇུག་རྒྱུ་དང་། དུས་ཆེན་དང་གུང་སེང་རིང་གྱོད་ཁོངས་སུ་འཇུག་རྒྱུ། གཏུག་བཤེར་གྱི་མཛུབ་ཁྲིད་བྱེད་རྒྱུ། ཉེན་ཟོན་གཏོང་རྒྱུ་སོགས་ཀྱི་ཁ་ཆད་བྱེད་ཐབས་དོན་འཁྱོལ་བྱས་ནས་མི་དམངས་མང་ཚོགས་ཀྱིས་ཞུ་གཏུག་བྱེད་དཀའ་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཡོད། བལྟ་སྐྱོང་དང་མགོ་འདོན་འཚོ་སྐྱོང་གི་རྩོད་གཞི་དང་། ལས་གྲྭའི་དངུལ་ཆད་འགྱངས། ཞིང་པ་ལས་མིའི་གླ་ཆ་ཆད་འགྱངས་སོགས་དམངས་ཀྱི་འཚོ་བ་དང་འབྲེལ་བ་ཡོད་པའི་གྱོད་གཞི་རྣམས་སྔོན་ལ་གྱོད་ཁོངས་སུ་འཇུག་པ་དང་། སྔོན་ལ་འདྲི་ཞིབ་བྱེད་པ། སྔོན་ལ་ལག་བསྟར་བྱེད་པ་བཅས་བྱས་ནས་ངལ་རྩོལ་གྱི་རྩོད་ཪྙོག་དང་ངལ་ནུས་གླ་ཆའི་གྱོད་གཞི་ཁྱོན་བསྡོམས་ཁག 892འདྲི་ཞིབ་བྱས་ཡོད། ཁྲིམས་འཛིན་རོགས་སྐྱོབ་བྱེད་རྒྱུའི་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་རོགས་སྐྱོབ་བྱ་ཡུལ་གནད་འཁེལ་བཙལ་འཚོལ་དང་། རོགས་སྐྱོབ་བྱེད་རྒྱ་ཆེ་རུ་གཏོང་བ། རོགས་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་དཀའ་ངལ་ཡོད་པའི་ཁྱུ་ཚོགས་ལ་གཏུག་བཤེར་རིན་དངུལ་སྒོར་ཁྲི་487དུས་འགྱངས་དང་། ཆག་ཡང་། རྩ་ཆག་བཏང་བ་དང་། འཚོ་བར་དཀའ་ངལ་ཡོད་པའི་དོ་བདག་ལ་རོགས་སྐྱོབ་དངུལ་སྒོར་ཁྲི་127སྤྲད་ཡོད། ཞུ་གཏུག་དང་འབྲེལ་བ་ཡོད་པའི་ཡིག་འབུལ་ཞུ་བཅར་གྱི་དཀའ་གནད་སེལ་རྒྱུར་ཤུགས་རྒྱག་པ་དང་། འགལ་ཟླ་དང་རྩོད་ཪྙོག་རིགས་མཐིལ་རྟོགས་དང་རྩད་བཤེར་བྱས་ཐོག “གཏན་འཁེལ་བཞི་དང་འགན་གཙང་གཅིག ”དང་། འགོ་ཁྲིད་ཀྱིས་ཞུ་བཅར་དང་ལེན། འབྱུང་རྩ་བཅོས་སྐྱོང་། འགན་འཁྲི་བདའ་འདེད་སོགས་ཀྱི་ལས་ཀའི་སྒྲིག་སྲོལ་དོན་འཁྱོལ་ནན་ཏན་བྱས་ཏེ་ཞུ་གཏུག་དང་འབྲེལ་བ་ཡོད་པའི་ཡིག་འབུལ་ཞུ་བཅར་གྱི་གནད་དོན་ཐག་གཅོད་གང་འཚམ་བྱས་ཡོད། སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་ཤུགས་རྐྱེན་ཐེབས་བཟོ་ཡོད་པའི་མཉམ་སྡེབ་ཀྱི་ཞུ་བཅར་དང་། ཞུ་བཅར་བྱས་ནས་འཁྲས་སྡོད་པ། ཟིང་སློང་བ་བཅས་ཀྱི་རིགས་ལ་ཚད་མཐོའི་མཐོང་ཆེན་བྱས་ཐོག “གཏིང་ཟབ་ཞིབ་ཚགས་བྱས་ནས་དོན་འཁྱོལ་ཐུབ་པ་བྱེད་པ་དང་། ཆུང་ཐོག་ནས་དམ་འཛིན་སྔ་ཙམ་བྱེད་པ་དང་ཐོག་མ་ནས་བཟུང་བའི ”བླང་བྱ་གཞིར་བཟུང་ངང་རྒྱུད་རིང་པོས་ཉན་འཇོག་བྱེད་པ་དང་། དོགས་གཞི་སེལ་ཞིང་གནས་ལུགས་དྲངས་བ། ལྷག་བསམ་ཟོལ་མེད་ཀྱིས་མཐུན་འབྲེལ་བྱེད་པ་བཅས་བྱས་ཡོད། ཁྱོན་བསྡོམས་ཞུ་འབུལ་དང་བསྐྱར་ཞིབ་བྱས་པའི་གྱོད་གཞི་རིགས་འདྲ་མིན་167འདྲི་ཞིབ་བྱས་པ་དང་། མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་ཐེངས་གྲངས་1932ཐག་གཅོད་བྱས་པ། ཞུ་གཏུག་དང་འབྲེལ་བ་ཡོད་པའི་ཡིག་འབུལ་ཞུ་བཅར་གྱི་བསྡོམས་འབོར་དེ་དུས་མཚུངས་དང་བསྡུར་ན་34%ཆག་པ། གཞི་རིམ་ཁྲིམས་ཁང་ཁག་གཅིག་ཏུ “གོང་གཏུག་བྱེད་མཁན་མེད་པ ”དང་“ཡིག་འབུལ་ཞུ་བཅར་བྱེད་མཁན་མེད་པའི ”དམིགས་ཚད་བསྒྲུབས་ཡོད། དམངས་དང་འབྲེལ་འདྲིས་དང་དམངས་འདོད་གསལ་ཞུའི་ལམ་སྲོལ་འཛུགས་པ་དང་འགོ་ཁྲིད་ལས་བྱེད་པས་གཞི་རིམ་དུ་འབྲེལ་ལམ་འཛུགས་པའི་ལམ་ལུགས་འཐུས་ཚང་དུ་བཏང་ནས “ཁྲིམས་དཔོན་བརྒྱ་གཞི་རིམ་དུ་སྐྱོད་རྒྱུ ”དང་། “ཁྲིམས་དཔོན་གྱི་ཟབ་སྐྱོད་བདུན ”“ཁྲིམས་དཔོན་གྱི་འཆད་སྟེགས ”སོགས་ཀྱི་བྱེད་སྒོ་ཏན་ཏིག་སྤེལ་ཡོད། མཐོ་རིམ་དང་འབྲིང་རིམ་ཁྲིམས་ཁང་གིས་བརྟག་ཞིབ་ཚོགས་ཆུང་87སྒྲིག་འཛུགས་བྱས་ཏེ་གཞི་རིམ་གྱི་འཐབ་ས་དང་པོར་སྐྱོད་ཅིང་། དམངས་ཀྱི་འབོད་སྒྲ་ཉན་པ་དང་དམངས་ཀྱི་བསམ་འདུན་ཤེས་རྟོགས་བྱས་ནས་ཁྲིམས་དཔོན་མི་གྲངས་109གཞི་རིམ་ཁྲིམས་ཁང་དུ་འདྲི་གཅོད་ཀྱི་དོ་དམ་ཚད་ལྡན་བཟོ་རོགས་བྱེད་པར་བདམས་གཏོང་བྱས་ཡོད། གཞན་ཡང་ཁྲིམས་དཔོན་ཁྲིམས་སྟེགས་ནས་བབས་པ་དང་ཁྲིམས་ཁང་ནས་དོན་ཏེ་སློབ་འབྲིང་སློབ་ཆུང་གི “ཁྲིམས་ལུགས་ཀྱི་སློབ་སྤྱི་གཞོན་པའི ”འགན་གནས་འཁུར་ནས་ཁྲིམས་ལུགས་ཁྱབ་གདལ་དང་དྲིལ་བསྒྲགས་བྱས་ཡོད།

        (བཞི ) ཁྲིམས་འཛིན་ལས་དོན་གྱི་ལམ་སྲོལ་གསར་གཏོད་ཧུར་ཐག་བྱས་པ། ལོ་ལྔ་ཚན་གསུམ་པའི་བསྒྱུར་བཅོས་རྩ་གནད་ལག་བསྟར་དོན་འཁྱོལ་ནན་ཏན་དང་། རྒྱལ་ཁབ་དང་རང་ལྗོངས་ཀྱི་གནས་ཚུལ་ལ་བསྟུན་ཏེ་མི་དམངས་ཀྱི་ཁྲིམས་འཛིན་ལམ་ལུགས་ཀྱི་བླང་བྱ་དང་མཐུན་ལ་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཁྲིམས་འཛིན་ལས་དོན་གྱི་ཐབས་རྣམ་ཞིག་འཚོལ་ཞིབ་ཧུར་ཐག་བྱས་ཡོད། “ཀུན་གསལ་འདྲི་གཅོད ”བྱེད་ཐབས་ཧུར་ཐག་སྤེལ་ནས་གྱོད་ཁོངས་སུ་འཇུག་རྒྱུ་ཡོངས་བསྒྲགས་དང་། ཁྲིམས་སའི་འདྲི་གཅོད་ཡོངས་བསྒྲགས། ལག་བསྟར་བྱེད་རྒྱུ་ཡོངས་བསྒྲགས། གཟུ་ཉན་བྱེད་རྒྱུ་ཡོངས་བསྒྲགས། ཞིབ་དོན་ཡོངས་བསྒྲགས། ཡིག་རིགས་ཡོངས་བསྒྲགས་བཅས་བྱས་པར་བརྟེན་ནས་དྲང་བཞག་ཡོང་ཐབས་བྱེད་པ་དང་། གསལ་ཆར་བརྟེན་ནས་སྤྱོད་གཙང་ཡོང་ཐབས་བྱེད་པ། སྤྱོད་གཙང་ལ་བརྟེན་ནས་ཀུན་མོས་ཡོང་ཐབས་བྱེད་པ་བཅས་བྱས་ཡོད། འདྲི་གཅོད་ཀྱི་དོ་དམ་ལམ་སྲོལ་འཛུགས་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། གྱོད་གཞིའི་སྤུས་ཚད་དཔྱད་ཞིབ་བྱེད་ལམ་སྔར་བས་འཐུས་ཚང་དུ་གཏོང་བ། ཁྲིམས་ཆད་ཡང་བཟོས་དང་དངོས་མིན་བཙོན་དགྲོལ་གྱི་གྱོད་གཞི་གཉེར་སྒྲུབ་བྱེད་པའི་གོ་རིམ་ཚད་ལྡན་བཟོ་བ་བཅས་བྱས་ནས་ཁུངས་བཙན་གྱོད་ཞིབ་དང་། དམངས་འདོད་གྱོད་ཞིབ། གྱོད་ཞིབ་རྩེ་གྲ གཞི་མཐུན་གྱོད་ཞིབ་བཅས “གྱོད་ཞིབ་བཞིའི་ལས་གཞི ”བཟོས་ཏེ་འདྲི་གཅོད་ཀྱི་སྤུས་ཚད་དང་ལས་ཕྱོད་བརྟན་པོའི་ངང་ཆེ་རུ་བཏང་ཡོད། ཉེས་དོན་འདྲི་གཅོད་ལས་ཀའི་ལམ་སྲོལ་སྔར་བས་འཐུས་ཚང་དང་གསར་གཏོད་བྱེད་པ་དང་། ཉེས་ཆད་གཅོད་ཚད་ཚད་ལྡན་ཅན་བཟོ་བའི་ཚོད་ལྟའི་ལས་ཀ་ཧུར་ཐག་སྤེལ་ནས་གཙོ་གནད་མི་སྣར་བསྐྱར་དུ་བཅར་འདྲི་བྱེད་པའི་ལམ་ལུགས་འཛུགས་ཐབས་འཚོལ་ཞིབ་བྱེད་པ་དང་། ན་ཚོད་མ་ལོན་པའི་མིའི་ཉེས་གསོག་སྔོན་འགོག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་དུས་བདེའི་བོད་ལྗོངས་སྐྲུན་རྒྱུར་སྐུལ་འདེད་བཏང་ཡོད། ཐབས་གཉིས་མཉམ་སྤྱོད་དང་ཕྱི་ནང་མཉམ་སྒུལ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་ལག་བསྟར་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱེད་རྒྱུའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་ཞིག་འཚོལ་ཞིབ་ཧུར་ཐག་བྱས་ཡོད། ནང་ཁུལ་དུ “ལག་བསྟར་བྱེད་དཀའ་བའི ”གནད་དོན་ཐག་གཅོད་བྱེད་རྒྱུར་མཐོང་ཆེན་བྱས་ནས་ལས་བྱེད་པ་དང་ཉེན་རྟོག་པའི་ལས་ཀའི་འཇོན་ཐང་དང་། བྱང་ཚད། ལས་ཀའི་འགན་འཁུར་སེམས་བཅས་ཆེ་རུ་བཏང་ཐོག་ལག་བསྟར་གྱི་ཆ་རྐྱེན་བགོ་སྒྲིག་ལེགས་སྒྱུར་བྱེད་པ་དང་ལག་བསྟར་བྱ་སྤྱོད་ཚད་ལྡན་བཟོས་ནས་གཅིག་གྱུར་དོ་དམ་དང་གཅིག་གྱུར་མཐུན་སྦྱོར་བྱེད་པའི་ལག་བསྟར་ལས་དོན་གྱི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་བཏང་ཡོད། ཕྱི་ཕྱོགས་སུ “ལག་བསྟར་བྱེད་ཁག་པའི ”གནད་དོན་ཐག་གཅོད་ཡོང་རྒྱུར་མཐོང་ཆེན་བྱས་ཐོག་“ཏང་ཨུད་ཀྱིས་འགོ་ཁྲིད་བྱེད་པ་དང་། མི་དམངས་འཐུས་ཚོགས་ཀྱིས་ལྟ་སྐུལ་བྱེད་པ། སྲིད་གཞུང་གིས་རྒྱབ་སྐྱོར་བྱེད་པ། ཁྲིམས་ཁང་གིས་གཙོ་གཉེར་བྱེད་པ། ཕྱོགས་ཁག་གིས་གཞོགས་འདེགས་བྱེད་པ ”བཅས་ཀྱི་ལག་བསྟར་ལས་དོན་གྱི་རྣམ་པ་གསར་པ་ཞིག་ཆགས་པ་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཞིང་། ལག་བསྟར་ལས་དོན་དེ་སྤྱི་ཚོགས་ཀྱི་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་དམིགས་ཚད་འགན་འཁྲིའི་དཔྱད་ཞིབ་མ་ལག་དང་“དུས་བདེ་སྐྲུན་རྒྱུའི ”དཔྱད་ཞིབ་བྱེད་ཁོངས་སུ་བཅུག་སྟེ་ལག་བསྟར་ལས་དོན་གྱི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་ཞིག་བཙུགས་ཡོད།

        གཉིས། “སྲང་མདའི་གཞི་རྨང་ལས་གཞི ”ལག་བསྟར་གཏིང་ཟབ་བྱས་ནས་མི་དམངས་ཁྲིམས་ཁང་གི་གཞི་རིམ་རྨང་གཞིའི་ལས་དོན་སྲ་བརྟན་དུ་བཏང་བ། “སྲང་མདའི་གཞི་རྨང་ལས་གཞི ”ལག་བསྟར་བྱེད་རྒྱུ་དེ་ཕུགས་ཇུས་འདིང་བ་དང་རྩ་བ་བརྟན་གཏོང་གི་བྱ་ཐབས་སྤྱོད་རྒྱུའི་གལ་ཆེའི་བྱེད་སྟངས་ཤིག་ལ་བརྩི་བ་དང་། མི་དམངས་ཁྲིམས་ཁང་གིས “མི་དམངས་རང་བཞིན ”ལ་རིགས་པའི་གཞུང་ལུགས་གྱི་ཐོག་ནས་མོས་ཤུགས་དང་། བརྩེ་སེམས་མཚོན་ཤུགས། ལག་ལེན་དངོས་བསྟར་ཤུགས་བཅས་ཆེ་རུ་གཏོང་རྒྱུའི་ནུས་ལྡན་གྱི་གཞི་རྟེན་ཞིག་ཏུ་བརྩིས་ཡོད། རང་སྐྱོང་ལྗོངས་ཀྱིས་ལག་བསྟར་བྱས་པའི “སྲང་མདའི་གཞི་རྨང་ལས་གཞིའི ”འགོ་ཁྲིད་ཚོགས་ཆུང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་སྒྲིག་འཛུགས་ཞིབ་ཚགས་འོག་དང་རིམ་ཁག་ཏང་ཨུད་དང་། སྲིད་གཞུང་། དེ་བཞིན་འབྲེལ་ཡོད་སྡེ་ཚན་བཅས་ཀྱིས་ཚད་མཐོའི་མཐོང་ཆེན་དང་ཤུགས་ཆེའི་རྒྱབ་སྐྱོར་འོག གཙོ་གནད་འབུར་ཐོན་དང་། འགན་འཁྲི་ཁ་གསལ། རང་འགུལ་མཐུན་སྦྱོར། ལས་བགོས་མཉམ་ལས། སྐུལ་སྤེལ་ཏན་ཏིག་བཅས་བྱས་ནས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་གཞི་རིམ་རྨང་གཞིའི་ལས་དོན་སྔར་བས་སྲ་བརྟན་དུ་བཏང་ཡོད།

        (གཅིག ) གཞི་རིམ་ཁྲིམས་ཁང་གི་ཏང་རྩ་འཛུགས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་པ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་རྒྱུ་དེ་དམངས་ཀྱི་དོན་དུ་ཁྲིམས་སྒྱུར་བྱེད་པ་དང་། དམིགས་ཡུལ་མངོན་འགྱུར་བྱེད་པ། “མི་དམངས་རང་བཞིན ”མངོན་འགྱུར་བྱེད་པ་བཅས་ཀྱི་རྩ་འཛུགས་འགན་ལེན་ལ་བརྩིས་ཐོག ཏང་ཨུད་ཀྱི་མཐོང་ཆེན་དང་རྩ་འཛུགས་སྡེ་ཚན་གྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་ལྗོངས་ཡོངས་ཀྱི་གཞི་རིམ་ཁྲིམས་ཁང་ཚང་མར་ཏང་ཙུའུ་བཙུགས་པ་དང་། ཚན་ཁག་གི་ཁོངས་མི་རིམ་བཞིན་ཚང་སྒྲིག་བཟོས་པས་ཏང་རྩ་འཛུགས་ཀྱི་སྟོབས་ཤུགས་ཆེ་རུ་སོང་ཡོད། “གཞི་རིམ་ཁྲིམས་ཁང་གི་ཏང་ཙུའུ་ཧྲུའུ་ཅིའི་སྦྱོང་བརྡར་འཛིན་གྲྭ ”ཐེངས་དང་པོ་གཉེར་ནས་གཞི་རིམ་ཁྲིམས་ཁང་གི་ཏང་ཙུའུ་ཧྲུའུ་ཅིས་ཏང་གི་ལས་དོན་སྒྲུབ་པ་དང་། རང་ངོས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། དམངས་གཙོ་དང་ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་རྒྱུ་མཐའ་འཁྱོངས་བྱེད་པ། འདྲི་གཅོད་ལས་དོན་གྱི་ཁ་ཕྱོགས་སྟངས་འཛིན་ཡང་དག་པ་བྱེད་པ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་ཐུབ་པ་བྱུང་ཡོད། ཏང་སྐྱོང་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་བཟོས་ནས་ལག་བསྟར་བྱས་ཏེ་ཏང་ཙུའུ་ཡི་དོན་གྲོས་ལམ་སྲོལ་དང་། ཇུས་ཐག་གཅོད་ཕྱོགས། སློབ་སྦྱོང་ལམ་ལུགས་བཅས་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་སྲོག་ཤིང་དང་། དམག་འཐབ་མཁར་རྫོང་། ཏང་ཡོན་ལས་བྱེད་པའི་གདོང་ལེན་མིག་དཔེའི་ནུས་པ་བཅས་འདོན་སྤེལ་གང་ལེགས་ཐུབ་པ་བྱས་ཡོད།

        (གཉིས ) གཞི་རིམ་ཁྲིམས་ཁང་གི་འདྲི་གཅོད་རྩ་འཛུགས་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་པ། དྲང་གཞག་ཕྱོད་ཆེའི་ཁྲིམས་འཛིན་བྱེད་རྒྱུ་དེ་ཁྲིམས་ལུགས་གཞིར་བཟུང་གྱོད་ཞིབ་བྱེད་རྒྱུ་དང་། མི་དམངས་མང་ཚོགས་ལ་ཁྲིམས་འཛིན་དགོས་མཁོ་སྐོང་ཐུབ་པ་བྱེད་རྒྱུ། “མི་དམངས་རང་བཞིན ”གྱི་ཁྲིམས་སྐྱོང་འགན་ལེན་ཐུབ་པ་བྱེད་རྒྱུ་བཅས་ལ་བརྩིས་ཡོད། 《མི་དམངས་ཁྲིམས་ཁང་འཛུགས་ཁྲིམས 》ལག་བསྟར་ནན་ཏན་བྱས་ནས་གཞི་རིམ་ཁྲིམས་ཁང་གི་འདྲི་གཅོད་ཨུ་ཡོན་ལྷན་ཁང་70ཙམ་ལ་ཤུགས་སྣོན་དང་ཁ་སྣོན་སྔར་ལས་ལྷག་པ་བརྒྱབ་པ་དང་། འབྲིང་རིམ་དང་གཞི་རིམ་ཁྲིམས་ཁང་ཁ་ཤས་ལ་ད་དུང་ཆེད་བསྐོས་ཨུ་ཡོན་གསར་སྣོན་བྱས་ཡོད། “ལམ་རྒྱུད་གསུམ་དང་འབྲེལ་མཚམས་གཅིག་དམིགས་བསལ་དྲུག ”དང་བདེ་འཇགས་བཅོས་སྐྱོང་གི་གནས་ཚུལ་ཪྙོག་འཛིང་ཆེ་བའི་ཤང་དང་གྲོང་བརྡལ་གཙོ་གནད་དུ་བཟུང་སྟེ་ཚན་རིག་དང་མཐུན་པའི་སྒོ་ནས་མི་དམངས་ཁྲིམས་ས་འཛུགས་སྐྱོང་བྱེད་པའི་ཁྱབ་བཀོད་ལེགས་སྒྲིག་བྱས་ཏེ་མི་དམངས་ཁྲིམས་ས་28དངོས་སུ་བཙུགས་པ་དང་འབྲེལ་ལས་དོན་སྤེལ་ཡོད། དེ་བཞིན་འབྲིང་རིམ་དང་གཞི་རིམ་ཁྲིམས་ཁང་ནང་དུ་བཙུགས་པའི་འདྲི་གཅོད་ལས་ཁུངས་སྔར་ལས་ཚད་ལྡན་བཟོས་ཏེ་འགན་འཁྲི་ཆ་བགོས་གསལ་པོ་བཟོས་ནས་འདྲི་གཅོད་རྩ་འཛུགས་མ་ལག་འཛུགས་སྐྱོང་བྱེད་རྒྱུ་དེ་ཁྲིམས་ལུགས་གཞིར་བཟུང་འདྲི་གཅོད་ལས་དོན་སྤེལ་རྒྱུའི་བླང་བྱ་དང་སྔར་བས་འཚམ་ཐུབ་པ་དང་། དྲང་གཞག་ཕྱོད་ཆེའི་ཁྲིམས་འཛིན་བྱེད་རྒྱུའི་དགོས་མཁོ་དང་སྔར་བས་འཚམ་ཐུབ་པ་བྱས་ཡོད།

        (གསུམ ) དངོས་པོའི་དགོས་ཆ་སྒྲིག་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་པ། གཞི་རིམ་ཁྲིམས་འཛིན་གྱི་ཆ་རྐྱེན་ལེགས་བཅོས་བྱེད་རྒྱུ་དེ་རྨང་གཞི་བརྟན་དུ་གཏོང་རྒྱུ་དང་། གཞི་རིམ་ལ་ཞབས་འདེགས་ཞུ་རྒྱུ། ཏང་གི་སྲིད་སྐྱོང་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུ། “མི་དམངས་རང་བཞིན ”མངོན་གྱུར་བྱེད་རྒྱུ་བཅས་ཀྱི་ལས་ཀའི་འགན་ལེན་དུ་བརྩིས་ཡོད། ལྟེ་གནད་གཤམ་སྒྱུར་དང་། སེམས་ནུས་གཤམ་སྒྱུར། གཏོང་ཆ་གཤམ་སྤྲོད་བཅས་མཐའ་འཁྱོངས་བྱས་ཏེ་བཙན་བཟུང་མི་བྱེད་པ་དང་། བཅད་ཉར་མི་བྱེད་པ། གཞན་སྤྱོད་མི་བྱེད་པ། དུས་འགྱངས་མི་བྱེད་པ་བཅས་ཀྱི་ཐོག་ནས་ཀྲུང་དབྱང་སྲིད་ཁྲིམས་ཀྱི་ཆེད་དོན་མ་དངུལ་མང་ཆེ་བ་གཞི་རིམ་ལ་བཏང་སྟེ་ཀྲུང་དབྱང་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཁྲིམས་འཛིན་འདྲི་གཅོད་འཐབ་ཕྱོགས་ཐད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་དེ་ཐད་ཀར་དང་དུས་ཐོག་ཏུ་གཞི་རིམ་དང་འཐབ་ས་དང་པོར་ཡོད་པའི་ལས་བྱེད་པ་དང་ཉེན་རྟོག་པའི་ཐོག་ཏུ་གནད་སྨིན་ཐུབ་པ་དང་དཀའ་ངལ་ཆེ་ཤོས་དང་དགོས་པ་ཆེ་ཤོས་ཀྱི་ས་ཆར་དོན་འཁྱོལ་ཐུབ་པ་བྱས་ཡོད། འབྲེལ་ཡོད་སྡེ་ཚན་དང་གཞོགས་འདེགས་དམ་ཟབ་ཀྱིས་རང་ལྗོངས་ཁྲིམས་ཁང་གི་འགྲོ་གྲོན་དང་དགོས་ཆ་འགན་ལེན་བྱེད་རྒྱུའི་འཆར་འགོད་དུས་ཐོག་ཏུ་བཏོན་པ་དང་། འགྲོ་གྲོན་དང་དགོས་ཆར་དོ་དམ་བྱ་ཐབས་བཟོས་ཏེ་འགན་སྲུང་ཚད་གཞི་སྔར་བས་གཅིག་གྱུར་བཟོས་པ་དང་དོ་དམ་དང་བེད་སྤྱོད་བྱེད་རྒྱུ་སྔར་བས་ཚད་ལྡན་བཟོས་ཡོད། དེ་བཞིན་མཐོ་རིམ་ཁྲིམས་ཁང་གི་ཉེས་དོན་འདྲི་གཅོད་ཕྱོགས་བསྡུས་ཁྲིམས་ས་དང་། ལྷ་ས་འབྲིང་རིམ་ཁྲིམས་ཁང་གི་འདྲི་གཅོད་ཕྱོགས་བསྡུས་ཁང་ཆེན། འབྲིང་རིམ་ཁྲིམས་ཁང་ཁག་གི་ཁྲིམས་ར་སོགས་རྒྱལ་ཁབ་ཀྱི་གཙོ་གནད་རྣམ་གྲངས་ཁག་ལས་གཉེར་བེད་སྤྱོད་བྱེད་ཀྱི་ཡོད་པས་ཁྲིམས་འཛིན་ཆ་རྐྱེན་ལེགས་སུ་སོང་ཡོད།

        (བཞི ) སྐོར་སྐྱོད་གྱོད་ཞིབ་ལས་ས་བཟོ་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་པ། “མཱ་ཤི་ཝུའུ་ཡི་འདྲི་གཅོད་བྱེད་སྟངས ”ཀྱི་ནང་གནས་སྙིང་སྟོབས་དང་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་ནུས་ལྡན་བྱས་ནས་གཞི་རིམ་ཁྲིམས་ཁང་73ལ “འཁོར་ཐོག་སྐོར་སྐྱོད་ཁྲིམས་ས ”རེ་སྒྲིག་སྦྱོར་བྱས་ཡོད་པ་དང་། སྐོར་སྐྱོད་གྱོད་ཞིབ་བྱེད་པའི་ནང “མི་དམངས་རང་བཞིན ”མངོན་པ་བྱས་ཡོད། “འཁོར་ཐོག་སྐོར་སྐྱོད་ཁྲིམས་སས ”མང་ཚོགས་ཀྱིས “གོ་ཐུབ་པ་དང་། ཤེས་བདེ་བ། ཡིད་རྟོན་འཕེར་བ། བློས་འགེལ་ཐུབ་པ ”བཅས་ཀྱི་བྱེད་སྟངས་ཐོག་ནས་རྩོད་ཪྙོག་ཐག་གཅོད་བྱས་ཏེ “སྐོར་སྐྱོད་རླངས་འཁོར་གང་དུ་སླེབས་ཀྱང་དེ་གར་གྱོད་དོན་འདྲི་ཞིབ་བྱེད་པ་དང་། བཅའ་ཁྲིམས་ཞབས་ཞུ་དེ་གར་སྐྱེལ་ཐུབ་པའི ”དམིགས་ཚད་བླང་བྱ་སྒྲུབ་ཐུབ་པ་བྱས་ཡོད། ལོ་ཧྲིལ་པོར “འཁོར་ཐོག་སྐོར་སྐྱོད་ཁྲིམས་སས ”ཁྱོན་བསྡོམས་སྤྱི་ལེ་ཁྲི་54ལྷག་ཙམ་སྐྱོད་ཡོད་པ་དང་། སྐོར་སྐྱོད་གྱོད་ཞིབ་ཐེངས་གྲངས་2782བྱས་པ། རིགས་འདྲ་མིན་གྱི་གྱོད་གཞི་ཁག་4021ལ་འདྲི་ཞིབ་བྱས་པ། ཁྲིམས་ལུགས་སློབ་གསོ་ཐེངས་གྲངས་3426སྤེལ་བ་བཅས་བྱས་པར་བརྟེན་གཞི་རིམ་རྩ་འཛུགས་དང་། ལས་བྱེད་པ། མང་ཚོགས་བཅས་དབར་དང་འབྲེལ་བ་བྱེད་རྒྱུ་ཟབ་ཏུ་སོང་བ་དང་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་དགའ་བསུ་ཚད་མེད་ཐོབ་ཡོད།

        གསུམ། ཁྲིམས་ཁང་ནན་སྐྱོང་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་བྱང་ཚད་མཐོ་བའི་ཁྲིམས་དཔོན་གྱི་དཔུང་ཁག་ཅིག་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ།

        ང་ཚོས་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུ་དེ་འགན་འཁྲི་སྒྲུབ་རྒྱུ་དང་ལས་འགན་ལེགས་གྲུབ་བྱེད་པའི་གཏན་འཁེལ་རང་བཞིན་གྱི་རྒྱུ་རྐྱེན་དུ་བརྩིས་ཏེ། “བློས་འགེལ་ཆོག་པ་དང་། ཡིད་རྟོན་རུང་བ། འཇོན་ཐང་ཡོད་པ ”བཅས་དང་དྲང་གཞག་སྤྱོད་གཙང་ལྡན་པའི་ཁྲིམས་འཛིན་གྱི་ཁྲིམས་དཔོན་དཔུང་ཁག་གསོ་སྐྱོང་བྱེད་རྒྱུ་དམིགས་ཚད་དུ་བཟུང་སྟེ་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུ་དམ་འཛིན་ཤུགས་ཆེ་བྱེད་པ་དང་། འཇོན་ཐང་དང་། བྱང་ཚད་ཆེ་རུ་གཏོང་བ། གཟུགས་བཪྙན་བཟང་པོ་ཞིག་འཛུགས་པ་བཅས་བྱས་ཡོད། ལྗོངས་ཡོངས་ཀྱི་ཁྲིམས་ཁང་ཁོངས་གཏོགས་སུ་དྲང་གཞག་ཡ་རབས་ལྡན་པའི་ཁྲིམས་འཛིན་གྱི་སྔོན་ཐོན་དཔེ་མཚོན་ཁག་ཅིག་ཐོན་ཞིང་། ཀྲུང་དབྱང་དང་ཞིང་ཆེན་རིམ་པས་གཟེངས་བསྟོད་བྱས་པའི་སྔོན་ཐོན་མཉམ་སྡེབ་11དང་སྔོན་ཐོན་མི་སྒེར་15ཡོད།

        (གཅིག ) བསམ་བློ་ཆབ་སྲིད་ལེགས་སྐྱོང་བྱེད་རྒྱུ་དམ་འཛིན་ཤུགས་ཆེ་བྱས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་སློབ་སྦྱོང་དང་ལག་ལེན་བྱེད་པའི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེ་རུ་བཏང་ནས་སློབ་སྦྱོང་རྣམ་པའི་ཏང་ཙུའུ་དང་། སློབ་སྦྱོང་རྣམ་པའི་ཁྲིམས་ཁང་། སློབ་སྦྱོང་རྣམ་པའི་ཁྲིམས་དཔོན་བཅས་འཛུགས་སྐྱོང་བྱེད་རྒྱུ་གཙོ་གནད་དུ་བཞག་ནས་ཤུགས་སྣོན་བརྒྱབ་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་ཀྲུང་དབྱང་གི་དུས་སྐབས་གསར་པའི་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་མཛད་ཕྱོགས་མཐའ་འཁྱོངས་བྱེད་རྒྱུ་དེས་ལས་བྱེད་པ་དང་ཉེན་རྟོག་པའི་བསམ་བློར་དྲག་ཆས་སྤྲས་ནས་རང་འགུལ་ངང་ཁྲིམས་འཛིན་འདྲི་གཅོད་ལས་དོན་དེ་ཏང་གི་བོད་ཀྱི་ལས་དོན་སྤྱི་ཡོངས་ནང་ཁྱབ་པ་བྱས་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་བརྟན་པོ་བཙུགས་ཏེ་རང་འགུལ་ངང་མི་དམངས་ཁྲིམས་ཁང་གི “མི་དམངས་རང་བཞིན ”དང་དེ་བཞིན་རང་སྟོབས་ཀྱི་ཁྲིམས་འཛིན་འདུ་ཤེས་སེམས་ཁོངས་སུ་སིམ་པ་དང་བྱེད་སྤྱོད་དུ་འགྱུར་བ་བྱས་ཡོད། ཆབ་སྲིད་ཀྱི་བསམ་པ་དང་། སྤྱི་ཡོངས་ཀྱི་བསམ་པ། མཐུན་སྒྲིལ་གྱི་བསམ་པ་བཅས་བརྟན་པོ་བཙུགས་ཐོག་ཁ་ཕྲལ་ལ་ངོ་རྒོལ་དང་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་བྱེད་པའི་བློ་བརྟན་རང་བཞིན་དང་རང་རྟོགས་རང་བཞིན་ཆེ་རུ་སོང་ནས “མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་ཡིན་པ་དང་ཁ་ཕྲལ་ཟིང་སློང་ནི་ཆག་སྒོ་ཡིན་པའི ”བསམ་བློ་མི་སེམས་སུ་གཏིང་ཟབ་ཟུག་ཐུབ་པ་བྱུང་ཡོད།

        (གཉིས ) འགོ་ཁྲིད་ཚན་ཁག་ལེགས་སྐྱོང་བྱེད་རྒྱུ་དམ་འཛིན་ཤུགས་ཆེ་བྱས་པ། “སྤྱོད་ཡོན་གཉིས་ལྡན་དང་། ཀུན་སྤྱོད་གཙིགས་ཆེན་དུ ”འཛིན་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་འགོ་ཁྲིད་ཚན་ཁག་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་འགན་འཁྲི་སྒྲུབ་པ་དང་ལས་འགན་ལེགས་གྲུབ་བྱེད་པའི་དོན་ཆེན་དུ་བརྩིས་ནས་དམ་འཛིན་བྱས་ཐོག ཚན་ཁག་གི་ཆབ་སྲིད་ལངས་ཕྱོགས་བརྟན་པོ་དང་བསམ་བློ་དྭངས་གཙང་ཡོང་རྒྱུ་འགན་ལེན་བྱེད་པ་དང་ཕྱོགས་མཚུངས། ཪྙོག་འཛིང་ཆེ་བའི་རྣམ་པར་ཁ་གཏད་གཅོག་རྒྱུ་དང་། ཕྱོགས་བསྡུས་དོ་དམ་བྱེད་རྒྱུ། སྒྲིག་འཛུགས་མཐུན་སྦྱོར་གྱི་ནུས་པ་ཆེ་རུ་གཏོང་རྒྱུ་བཅས་ལ་ཚད་མཐོའི་མཐོང་ཆེ་བྱས་ཡོད། ཏང་ཨུད་ཀྱི་འགོ་ཁྲིད་འོག་ལས་བྱེད་པས་གཞོགས་འདེགས་དང་དོ་དམ་བྱེད་པའི་འགན་ནུས་འདོན་སྤེལ་ཧུར་ཐག་བྱས་ཏེ་འགོ་ཁྲིད་ལས་བྱེད་པ་གསོ་སྐྱོང་དང་བདམས་གསེས་གནས་སྤར་བྱེད་རྒྱུའི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་ལས་བྱེད་པ་བརྗེ་རེས་ཀྱི་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་བཏང་ཞིང་། ཁྲིམས་ཁང་གི་ལས་བྱེད་པ་འཕྲེད་ཕྱོགས་དང་། གཞུང་ཕྱོགས། ས་གནས་བརྒལ་བ། ལས་རིགས་བརྒལ་བ་བཅས་ཀྱི་བརྗེ་རེས་བྱེད་ཤུགས་ཆེ་རུ་བཏང་ཐོག་རིམ་ཁག་ཁྲིམས་ཁང་གི་འགོ་ཁྲིད་ཚན་ཁག་གི་གྲུབ་ཆ་ལུགས་མཐུན་ཡོང་བ་བྱས་ཏེ་ཁྲིམས་འཛིན་འདྲི་གཅོད་ལས་དོན་སྒྲིག་འཛུགས་དང་དོ་དམ་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། “གོ་གནས་གཅིག་གིས་འགན་འཁྲི་གཉིས་འཁུར་དགོས་པ་དང་། བྱ་ཐབས་གཉིས་སྤེལ་དགོས་པ། ཕན་འབྲས་གཉིས་ཐོན་དགོས་པ ”བཅས་ཀྱི་ཐོག་ནས་ཕྱོགས་གཅིག་དུས་བདེ་ཡོང་བའི་ནུས་པ་དེ་བས་མངོན་གསལ་དོད་པོ་བྱུང་ཡོད།

        (གསུམ ) སྒྲིག་ཁྲིམས་ཀྱི་སྤྱོད་ཚུལ་ལེགས་སྐྱོང་བྱེད་རྒྱུ་དམ་འཛིན་ཤུགས་ཆེ་བྱས་པ། ལས་བྱེད་པ་དང་ཉེན་རྟོག་པའི་ཕུགས་བསམ་དང་། དམིགས་བྱའི་འདུ་ཤེས། དཀའ་སྤྱད་འབད་བརྩོན་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས། སྒྲིག་ཁྲིམས་ཀྱི་འདུ་ཤེས་བཅས་འཛུགས་རྒྱུ་གཙོ་གནད་དམ་འཛིན་བྱས་ནས་འགོ་ཁྲིད་ལས་བྱེད་པའི་སྤྱོད་ཚུལ་ལེགས་སྐྱོང་ལོ་དང་སྒྲིག་ཁྲིམས་སྤྱོད་ཚུལ་གཅིག་སྡུད་སློབ་གསོ་དང་བཅོས་སྒྲིག་བྱེད་པའི་བྱེད་སྒོ་ཏན་ཏིག་སྤེལ་ཐོག་ཞིབ་དོན་དང་། སྲིད་དོན། དཔུང་ཁག་དོ་དམ་སོགས་ཕྱོགས་བཅུའི་ཐད་ཀྱི་སྒྲིག་སྲོལ་ལམ་ལུགས་འཛུགས་པ་དང་ཚགས་ཚུད་དུ་བཏང་ནས “ལམ་ལུགས་ལ་བརྟེན་ནས་མི་ལ་དོ་དམ་དང་ལམ་ལུགས་ལ་བརྟེན་ནས་དོན་དག་སྒྲུབ་པའི ”ནུས་པ་རྒྱུན་ཐོན་ལམ་སྲོལ་ཞིག་ཆགས་ཡོད། སློབ་གསོ་དང་། ལམ་ལུགས། ལྟ་སྐུལ་བཅས་གལ་ཆེ་མཉམ་འཛིན་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་སྲོལ་སྲིད་གཙང་ལེགས་སྐྱོང་བྱེད་རྒྱུ་གཏིང་ཟབ་སྤེལ་ཞིང་། “མི་ཆོག་པ་ལྔ ”དང་“མི་ཆོག་པ་དྲུག་”གི་གཏན་འབེབས་ནན་སྲུང་བྱས་པར་བརྟེན་ན་ནིང་ལྗོངས་ཡོངས་ཀྱི་ཁྲིམས་ཁང་ལ་འགྲིམ་འགྲུལ་གྱི་ལས་འཛོལ་ཐེངས་གཅིག་ཐོན་པ་ལས་དེ་མིན་གྱི་སྒྲིག་འགལ་ཁྲིམས་འགལ་གྱི་སྣང་ཚུལ་གང་ཡང་ཐོན་མེད།

        (བཞི ) འཇོན་ཐང་དང་བྱང་ཚད་མཐོ་རུ་གཏོང་རྒྱུ་དམ་་་་ འཛིན་ཤུགས་ཆེ་བྱས་པ། ལོ་གསུམ་གྱི་རེས་འཁོར་སྦྱོང་བརྡར་འཆར་གཞི་ལག་བསྟར་བྱས་ནས་ཁྱོན་ལས་བྱེད་པ་དང་ཉེན་རྟོག་པ་མི་གྲངས་213ལྗོངས་ཕྱི་རུ་སློབ་སྦྱོང་སྦྱོང་བརྡར་བྱེད་པར་བདམས་གཏོང་བྱས་ཡོད། རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་བོད་ལྗོངས་ཡན་ལག་སློབ་གླིང་དུ་ཁྱོན་བསྡོམས་སྦྱོང་བརྡར་འཛིན་གྲྭ་ཁག་9གཉེར་བ་དང་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་མི་ཐེངས་654སྦྱོང་བརྡར་ནང་ཞུགས་ཡོད། ཁྲིམས་འཛིན་ཡིག་རྒྱུགས་གོང་གི་སྦྱོང་བརྡར་སྤྲོས་ཤུགས་ཆེ་རུ་བཏང་ནས་བོད་ཀྱི་སྐར་གྲངས་ཚད་གཞི་དང་ཚོད་ལྟའི་སྐར་གྲངས་ཚད་གཞི་མུ་མཐུད་ལག་བསྟར་བྱས་པར་ཁྲིམས་འཛིན་ཡིག་རྒྱུགས་འཕྲོས་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་སྟེ “ལྷན་གྲོས་ཁྲིམས་ས་སྒྲུབ་དཀའ་བ ”དང “ཁྲིམས་དཔོན་གྱི་རྒྱུན་འཛིན་ཆད་པ ”སོགས་ཀྱི་གནད་དོན་སྔར་བས་ཞི་ལྷོད་དུ་གཏོང་ཐུབ་པ་བྱུང་ཡོད།

        བཞི། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ་རང་འགུལ་ངང་ལྟ་སྐུལ་དང་ལེན་ཞུས་པ།

        《དོན་གནད་གལ་ཆེའི་རིགས་ཏང་ཨུད་ལ་དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས 》བཟོས་ནས་ལག་བསྟར་བྱས་ཏེ་གལ་ཆེའི་ཁྲིམས་འཛིན་ཇུས་གཞི་དང་། གལ་ཆེའི་ལས་དོན་བཀོད་སྒྲིག གྱོད་གཞི་ཆེ་གྲས་དང་གནད་ཆེའི་གྱོད་གཞི་འདྲི་གཅོད་བྱེད་རྒྱུ་སོགས་གལ་ཆེ་རིགས་རང་སྐྱོང་ལྗོངས་ཏང་ཨུད་ལ་དགོངས་སྐོར་སྙན་སེང་ཞུས་ནས་ཏང་གིས་ཁྲིམས་འཛིན་འདྲི་གཅོད་ལས་དོན་གྱི་འགོ་ཁྲིད་བྱེད་རྒྱུ་ལམ་ལུགས་ཅན་དང་ཚད་ལྡན་ཅན་དུ་སྒྱུར་བ་བྱས་ནས་འདྲི་གཅོད་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་འགན་ལེན་བྱེད་པ་དང་ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་ཇུས་གཞི་བཀོད་སྒྲིག་བཅས་རང་ལྗོངས་ཀྱི་ཁྲིམས་འཛིན་འདྲི་གཅོད་ཁྱབ་ཁོངས་ཚང་མའི་ནང་ལག་བསྟར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས་ཡོད།

        《ལྟ་སྐུལ་བཅའ་ཁྲིམས 》དང་ལག་བསྟར་བྱ་ཐབས་དོན་འཁྱོལ་ནན་ཏན་བྱས་ཏེ 《ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་ཁྲིམས་ཁང་གིས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་ལས་དོན་དང་ལེན་བྱེད་པའི་བསམ་འཆར 》ཞིབ་འཇུག་བཟོ་འབེབས་བྱས་ཏེ་ལྟ་སྐུལ་དང་ལེན་བྱེད་པའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཤུགས་ཆེར་ཏན་ཏིག་སོང་ཡོད། རིམ་ཁག་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་སྒྱུར་ཞིབ་བཤེར་དང་། ལྟ་སྐོར། ཆེད་དོན་རྟོག་ཞིབ་བཅས་བྱེད་པར་གཞོགས་འདེགས་ཧུར་ཐག་བྱས་ཡོད། རང་འགུལ་ངང་སྲིད་གྲོས་ཀྱི་དམངས་གཙོ་ལྟ་སྐུལ་དང་ལེན་ཞུས་ཡོད། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་དང་འབྲེལ་བ་བྱེད་ལམ་ཚགས་ཚུད་དུ་བཏང་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱིས་བཏོན་པའི་སྐྱོན་བརྗོད་དང་། བསམ་འཆར། གྲོས་འཆར་ཁྱོན་བསྡོམས་ཁག་5གཉེར་སྒྲུབ་ལན་འདེབས་བྱས་པ་དང་། གྱོད་ཁག་112ལ་ཁྲིམས་སའི་འདྲི་གཅོད་བྱས་པར་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་642གདན་ཞུ་བྱས་པ་དང་ཁྲིམས་ཁང་གི་ལས་དོན་ལ་ལྟ་སྐོར་བྱེད་པར་མི་ཐེངས་548གདན་ཞུ་བྱས་ཡོད།

        སྤྱི་ཚོགས་ལས་རིགས་ཁག་གི་ལྟ་སྐུལ་དང་ལེན་བྱེད་པའི་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་བཏང་བ། སྲིད་གཙང་ལྟ་སྐུལ་པའི་ལམ་ལུགས་ཚགས་ཚུད་དུ་བཏང་སྟེ་སྤྱི་ཚོགས་ཐོག་གི་གྲགས་ཅན་མི་སྣ་ཁྱོན་བསྡོམས་249གདན་ཞུས་ཀྱིས་རིམ་གསུམ་ཁྲིམས་ཁང་གི་སྲིད་གཙང་ལྟ་སྐུལ་པའི་འགན་འཁྲི་འཁུར་ཡོད། མི་དམངས་ཀྱི་མཉམ་ཞུགས་གྱོད་ཞིབ་པས་གྱོད་དོན་འདྲི་གཅོད་ལས་ཀའི་ནང་ཞུགས་རྒྱུར་ཤུགས་སྣོན་བརྒྱབ་ཅིང་མི་དམངས་ཀྱི་མཉམ་ཞུགས་གྱོད་ཞིབ་པ་ཁྱོན་བསྡོམས་94གྱོད་དོན་145ནང་ཐེ་ཞུགས་བྱས་ཏེ་མང་ཚོགས་དང་འབྲེལ་བ་བྱེད་པའི་སྦྲེལ་ཟམ་ལྟ་བུའི་འབྲེལ་ཐག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། ཞིབ་བཤེར་ལྟ་སྐུལ་ལ་མཐོང་ཆེན་ཚད་མེད་བྱས་པ་དང་ཞིབ་དཔྱོད་ཀྱི་གྲོས་འཆར་ནན་ཏན་གྱིས་ཉན་ལེན་བྱས་ནས་ཁྲིམས་བཞིན་རྒོལ་གཏུག་གྱོད་གཞི་ཁག་7ལ་འདྲི་གཅོད་མཐའ་འདོམས་བྱས་པའི་ནང་ཁྲིམས་ཐག་བསྐྱར་གཅོད་དང་བསྐྱར་ཞིབ་བྱེད་རྒྱུར་སློག་པ་གྱོད་དོན་ཁག་2དང་། ཐོག་མའི་ཁྲིམས་བཅད་སོར་བཞག་བྱས་པ་གྱོད་དོན་ཁག་2 འདུམ་འགྲིག་དང་ཞུ་བ་སློང་འབེབས་བྱས་པ་གྱོད་དོན་ཁག་3བཅས་ཡིན།

        འཐུས་མི་རྣམ་པ། ལོ་གཅིག་རིང་ལྗོངས་ཡོངས་ཀྱི་ཁྲིམས་ཁང་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། མི་དམངས་འཐུས་ཚོགས་ཀྱི་ནུས་ལྡན་ལྟ་སྐུལ། སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེ། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་དང་། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱིས་སེམས་འཁུར་དང་རོགས་རམ་བྱས་ནས་བྱུང་བའི་འབྲས་བུ་ཡིན། སེམས་འཁུར་དང་རྒྱབ་སྐྱོར་བྱས་པ་དེ་དག་ཚང་མ་ནི་ང་ཚོས་གསར་གཏོད་དང་གོང་འཕེལ་གཏོང་བའི་འགུལ་ཤུགས་ཆེ་ཤོས་ཤིག་དང་། ང་ཚོས་དཀའ་ངལ་ལས་རྣམ་པར་རྒྱལ་བའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཤིག་ཡིན་ལ་དྲང་བཞག་བདེན་སྐྱོང་བྱེད་པའི་རྒྱབ་རྩ་བརྟན་པོ་ཞིག་ཀྱང་ཡིན། མཚམས་འདིར་ངས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སྦྲགས་བླ་ན་མེད་པའི་གུས་འདུད་ཀྱང་ཞུ་རྒྱུ་ཡིན།

        ལྗོངས་ཡོངས་ཀྱི་ཁྲིམས་ཁང་ལས་དོན་ལ་གྲུབ་འབྲས་གང་ཙམ་ཐོབ་ཡོད་མོད། འོན་ཀྱང་དུས་བབ་དང་། ལས་འགན། མི་དམངས་མང་ཚོགས་བཅས་ཀྱི་རེ་བ་དང་བསྡུར་ན་ད་དུང་ཧེ་བག་ངེས་ཅན་ཞིག་བསྡད་ཡོད། དེ་ཡང་གཅིག་ནི་ཁྲིམས་ཁང་དཔུང་ཁག་གི་སྤྱིའི་བྱང་ཚད་དང་ཁྲིམས་འཛིན་ནུས་པ་དེ་སྤྱི་ཚོགས་ཀྱི་དྲང་གཞག་བདེན་སྐྱོང་གི་བླང་བྱ་དང་འཚམ་ཐུབ་ཀྱི་མེད། གཉིས་ནི་ཁྲིམས་འཛིན་ལས་ཀའི་ལམ་སྲོལ་དེ་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཇེ་ཆེར་འགྲོ་བའི་ཁྲིམས་འཛིན་གྱི་དགོས་མཁོ་དང་འཚམ་མི་ཐུབ་པ་དང་འདྲི་གཅོད་ཀྱི་སྤྱོད་ཚུལ་དེ་ཙམ་ཡག་པོ་མེད་པས་ལས་ཀའི་ནུས་ཕྱོད་ཆེ་རུ་གཏོང་དགོས་ཀྱི་ཡོད། གསུམ་ནི་ད་ལྟའི་ལས་འགན་ལྕི་པོ་ཡིན་པར་བརྟེན་ཁྲིམས་འཛིན་གྱི་ཁོར་ཡུག་དང་གཞི་རིམ་གྱི་རྨང་གཞིའི་ལས་ཀ་དེ་བས་འཐུས་ལེགས་སུ་གཏོང་དགོས་ཀྱི་ཡོད། ང་ཚོས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་གནད་དོན་དེ་དག་ཐག་གཅོད་བྱེད་ཐུབ་པའི་ཡིད་ཆེས་དང་ཆོད་སེམས་ཡོད།

        འཐུས་མི་རྣམ་པ། 2010ལོར “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ཀྱི་དམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱེད་དགོས་པས་ང་ཚོས་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་། སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ། ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ “གོང་དུ་བཀུར་དགོས་པ་གསུམ ”མཛུབ་ཁྲིད་དུ་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་སྔར་ལས་ཡག་པ་དང་། སྔར་ལས་མགྱོགས་པ། སྔར་ལས་ཆེ་བ་བཅས་དང་ཡུན་རིང་བདེ་འཁོད་ཀྱི་དམིགས་ཚད་བླང་བྱ་མངོན་གྱུར་ཡོང་རྒྱུ་དམ་འཛིན་ནན་པོ་བྱས་ཐོག་སྤྱི་ཚོགས་གཞི་མཐུན་བརྟན་ལྷིང་ལ་ཤུགས་རྐྱེན་བཟོ་བའི་འབྱུང་རྩའི་རང་བཞིན་དང་། རྩ་བའི་རང་བཞིན། རྨང་གཞིའི་རང་བཞིན་བཅས་ཀྱི་གནད་དོན་དམ་འཛིན་བྱས་ནས་སྤྱི་ཚོགས་ཀྱི་འགལ་ཟླ་སེལ་བ་དང་། སྤྱི་ཚོགས་དོ་དམ་བྱེད་སྟངས་གསར་གཏོད། དྲང་གཞག་སྤྱོད་གཙང་གི་ཁྲིམས་སྒྱུར་བཅས་ལས་དོན་ཆེ་གྲས་ཁག་གསུམ་པོ་གཏིང་ཟབ་ངང་སྤེལ་ཏེ་ཐོག་མཐའ་བར་གསུམ་དུ་སྤྱི་ཡོངས་ལ་ཞབས་འདེགས་དང་མི་དམངས་ཀྱི་ཁྲིམས་འཛིན་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་དང་། ཐོག་མཐའ་བར་གསུམ་དུ་དཔུང་ཁག་ལེགས་སྐྱོང་བྱེད་རྒྱུ་དམ་འཛིན་ནན་པོ་དང་ཕྱོགས་ཡོངས་ནས་དཔུང་ཁག་གི་བྱང་ཚད་མཐོ་རུ་གཏོང་རྒྱུ་མཐའ་འཁྱོངས། ཐོག་མཐའ་བར་གསུམ་དུ་ཁྲིམས་འཛིན་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུ་དང་སྒྲིག་སྲོལ་དང་ལམ་སྲོལ་བསྒྱུར་བཅོས་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་རྒྱུ་མཐའ་འཁྱོངས། ཐོག་མཐའ་བར་གསུམ་དུ་གཞི་རིམ་རྨང་གཞིའི་འཛུགས་སྐྲུན་དམ་འཛིན་ཡག་པོ་དང་ཁྲིམས་ཁང་གི་ལས་ཀའི་རྨང་གཞི་སྲ་བརྟན་དུ་ཏན་ཏིག་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་ཁྲིམས་ཁང་ལས་དོན་གྱི་གཙོ་གནད་འགག་སྒྲོལ་ཐུབ་པ་དང་ཕྱོགས་ཡོངས་ནས་གོང་འཕེལ་འགྲོ་ཐུབ་པའི་འབད་བརྩོན་བྱེད་རྒྱུ་ཡིན།

        གཅིག་ནི་ཡུན་རིང་བདེ་འཁོད་ཡོང་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་གཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྲུང་སྐྱོང་ཏན་ཏིག་བྱེད་དགོས། ཐོག་མཐའ་བར་གསུམ་དུ་ཏཱ་ལར་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱེད་རྒྱུ་དང་ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་བྱེད་རྒྱུ་གལ་ཆེའི་ནང་གི་དོན་ཆེན་ལ་བརྩིས་ཏེ་ཕུགས་ཇུས་འདིང་བ་དང་རྩ་བ་བརྟན་གཏོང་གི་བྱ་ཐབས་བཟུང་ཐོག་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་ནུས་ཤུགས་ཆེར་གཏོང་རྒྱུ། ཉེས་དོན་གྱོད་གཞི་འདྲི་གཅོད་བྱེད་ནུས་འདོན་སྤེལ་ཧུར་ཐག་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བ་དང་སྤྱི་ཚོགས་བརྟན་ལྷིང་ལ་གཏོར་བཤིག་གཏོང་བའི་ཉེས་གསོག་པ་འདྲ་མིན་རིགས་ལ་ཁྲིམས་ལུགས་ལྟར་རྡུང་རྡེག་ཚ་ནན་གཏོང་རྒྱུ། ནན་ཡང་ཟུང་སྤྱོད་བྱེད་པའི་ཉེས་དོན་སྲིད་ཇུས་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་ཀྱི་ཁ་གཏད་དུ་ལངས་པའི་རིགས་ཉུང་དུ་གཏོང་གང་ཐུབ་བྱས་ཏེ་སྤྱི་ཚོགས་གཞི་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ།

        གཉིས་ནི་གོང་འཕེལ་ལ་ཞབས་འདེགས་ཧུར་ཐག་ཞུས་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་བརྟན་ཞིང་མྱུར་བའི་སྒོ་ནས་འཕར་སྣོན་ཡོང་རྒྱུར་སྐུལ་སྤེལ་ཏན་ཏིག་གཏོང་དགོས། ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་བཏོན་པའི་དམིགས་ཚད་ལས་འགན་ལ་འབྲལ་མེད་ཕྱོགས་ཏེ་ལྟེ་བར་ཕྱོགས་པ་དང་། སྤྱི་ཡོངས་ལ་བསྟུན་པ། རང་སྟོབས་ཀྱི་ཁྲིམས་འཛིན། རང་འགུལ་ངང་ལས་དོན་སྤེལ་བ་བཅས་ཀྱི་སྒོ་ནས་དམངས་དོན་དང་ཚོང་དོན་སྐོར་གྱི་འདྲི་གཅོད་བྱེད་རྒྱུ་དེས་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་ཐད་ཀྱི་འགན་སྲུང་ནུས་པ་མངོན་གང་ཐུབ་བྱེད་རྒྱུ། གྲུབ་ཆ་ལེགས་སྒྲིག་དང་། ནང་མཁོ་རྒྱ་ཆེར་གཏོང་བ། འཕར་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་པའི་ནང་ཐོན་པའི་གྱོད་གཞིའི་རིགས་དང་དེ་བཞིན་གཙོ་གནད་ཁེ་ལས་དང་། གཙོ་གནད་ལས་གཞི། “ཞིང་གསུམ ”གྱི་ཁྱབ་ཁོངས་བཅས་དང་འབྲེལ་བ་ཡོད་པའི་གྱོད་གཞི་དེ་དག་གཙོ་གནད་དུ་འདྲི་ཞིབ་ཡག་པོ་བྱེད་དགོས། ཐོན་ཁུངས་གསར་སྤེལ་དང་། ངལ་ལས་ཀྱི་གླ་ཕོགས་འགལ་ཟླ། ཁྲོམ་ར་དོ་དམ་བཅས་ལས་ཐོན་པའི་རྩོད་ཪྙོག་འདྲ་མིན་ལ་ཚད་མཐོའི་མཐོང་ཆེན་དང་ཐག་གཅོད་འོས་འཚམ་བྱེད་རྒྱུ།

        གསུམ་ནི་དམངས་འཚོ་འགན་ལེན་ཧུར་ཐག་བྱས་ཏེ་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་ཏན་ཏིག་བྱེད་དགོས། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་བྱེད་རྒྱུའི་དམིགས་ཡུལ་རྒྱུན་འཁྱོངས་བྱས་ནས “མི་དམངས་ཀྱི་ཁྲིམས་དཔོན་གྱིས་མི་དམངས་ཆེད་དུ་ལས་ཀ་བྱེད་དགོས་པའི ”བརྗོད་གཞི་གཙོ་བོའི་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ། སློབ་གསོ་དང་། སྨན་བཅོས། སྤྱི་ཚོགས་འགན་སྲུང་། ཁང་པ་བཤིག་སྤོ། ངལ་རྩོལ་རྩོད་གླེང་སོགས་དམངས་འཚོ་དང་འབྲེལ་བ་ཡོད་པའི་གྱོད་གཞིའི་རིགས་འདྲི་ཞིབ་གཟབ་ནན་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་རྒྱུ། སྐོར་བསྐྱོད་གྱོད་གཞི་སྒྲུབ་པའི་ལམ་སྲོལ་དང་ལག་བསྟར་ལས་ཀའི་ལམ་སྲོལ་ཚགས་ཚུད་དུ་བཏང་ཐོག་གྱོད་ཁོངས་སུ་འཇུག་རྒྱུའི་ཡིག་འབུལ་ཞུ་བཅར་གྱི་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་ཉམས་ཐག་རིགས་གྲས་ལ་ཁྲིམས་འཛིན་གྱི་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། མི་དམངས་ཀྱི་འདུམ་འགྲིག་དང་། སྲིད་འཛིན་དུམ་འགྲིགཁྲིམས་འཛིན་འདུམ་འགྲིག་བཅས་གསུམ་གཞི་གཅིག་ཏུ་གྱུར་བའི་འདུམ་འགྲིག་ཆེན་པོ་བྱེད་སྟངས་དང་“གཞུང་གི་མཐིལ་ལ་ཐུག་པ ”དང “འཕྲེད་ཀྱི་མཐར་ཐུག་པ ”བཅས་ཀྱི་འགལ་ཟླ་དང་རྩོད་ཪྙོག་རིགས་སེལ་བའི་ཕྱོགས་བསྡུས་མ་ལག་ཅིག་ཏུ་གྲུབ་རྒྱུར་སྐུལ་སྤེལ་ཧུར་ཐག་གཏོང་རྒྱུ།

        བཞི་ནི་རྨང་རྩ་སྲ་བརྟན་ཧུར་ཐག་བཏང་སྟེ “སྲང་མདའི་གཞི་རྨང་ལས་གཞི ”ལག་བསྟར་བྱེད་རྒྱུར་སྐུལ་སྤེལ་ཏན་ཏིག་གཏོང་དགོས། གཞི་རིམ་ལ་ཁ་ཕྱོགས་པ་དང་གཞི་རིམ་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་ཀྱིས་མི་དམངས་ཀྱི་ཁྲིམས་ར་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་གང་ཆེ་བརྒྱབ་ནས་སྐུལ་སྤེལ་ཏན་ཏིག་བཏང་ཐོག་གཞི་རིམ་ཁྲིམས་དཔོན་གྱིས་དམངས་དོན་དང་ཚོང་དོན་གྱི་འདྲི་གཅོད་བྱེད་ནུས་དང་། ལག་བསྟར་བྱེད་ནུས། འགལ་ཟླ་དང་རྩོད་ཪྙོག་སེལ་ནུས། ཡུལ་ཕྱོགས་བརྟན་ལྷིང་སྲུང་སྐྱོང་བྱེད་ནུས་བཅས་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས་ཤུགས་རྒྱག་རྒྱུ། དགོངས་སྐོར་སྙན་ཞུ་དང་མཐུན་སྦྱོར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། ཏང་ཨུད་ཀྱི་འགོ་ཁྲིད་དང་། མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ། སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་བཅས་ལ་བརྟེན་ཐོག་ཞིབ་བཤེར་བྱེད་རྒྱུར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་རིམ་པ་སྟར་ཆགས་ཀྱིས་འགན་འཁྲི་དོན་འཁྱོལ་བྱས་ཏེ “སྲང་མདའི་གཞི་རྨང་ལས་གཞིའི ”སྤྱིའི་དམིགས་ཚད་དང་ལོ་འཁོར་གྱི་ལས་འགན་བརྟན་པོའི་ངང་སྒྲུབ་རྒྱུ།

        ལྔ་ནི་འཇོན་ཐང་ཆེ་རུ་ཧུར་ཐག་བཏང་སྟེ་ཏང་ལེགས་སྐྱོང་དང་དཔུང་ཁག་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས། ཆབ་སྲིད་ལ་བརྟེན་ནས་ཁྲིམས་ཁང་སྐྱོང་རྒྱུ་དང་ཁྲིམས་ཁང་ནན་སྐྱོང་བྱས་ནས་སྒྲིག་ཁྲིམས་དང་སྤྱོད་ཚུལ་གྱི་སློབ་གསོ་བཅོས་སྒྲིག་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ། ལས་བྱེད་པར་སློབ་གསོ་དང་སྦྱོང་བརྡར་སྤྲོས་ཤུགས་ཆེ་རུ་བཏང་ཐོག་ཉེས་དོན་འདྲི་གཅོད་ཐད་ཀྱི “སྟོབས་ཤུགས་རྩེ་གྲ་དང་། དམངས་དོན་དང་ཚོང་དོན་འདྲི་གཅོད་ཐད་ཀྱི་བྱང་ཆུབ་པའི་གཙོ་འཛིན་སྟོབས་ཤུགས། ལག་བསྟར་ལས་དོན་ཐད་ཀྱི་ཞུམ་མེད་སྟོབས་ཤུགས ”བཅས་གཙོ་གནད་དུ་གསོ་སྐྱོང་བྱེད་རྒྱུ། དུས་བབ་གསར་པའི་འོག་ཏང་ལེགས་སྐྱོང་དང་དཔུང་ཁག་ལེགས་སྐྱོང་བྱེད་རྒྱུའི་བསམ་གཞི་གསར་པ་དང་བྱ་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་སློབ་གསོ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་ཐོག་ནས་བཅོས་སྐྱོང་བྱེད་པའི་ལྟ་བའི་སློབ་གསོ་སྔར་ལས་ལྷག་པའི་སྒོ་ནས་སྤེལ་ཏེ་ཏང་ལེགས་སྐྱོང་བྱེད་རྒྱུས་དཔུང་ཁག་ལེགས་སྐྱོང་བྱེད་རྒྱུར་སྐུལ་ཁྲིད་དང་། དཔུང་ཁག་ལེགས་སྐྱོང་བྱེད་རྒྱུས་འདྲི་གཅོད་བྱེད་རྒྱུར་སྐུལ་འདེད་བཏང་ཐོག་དྲང་གཞག་སྤྱོད་གཙང་གི་ཁྲིམས་སྒྱུར་བྱེད་པའི་ནུས་པ་རྒྱུན་ཐོན་ལམ་སྲོལ་འཛུགས་པ་དང་“སེམས་ནང་འཇོག་རྒྱུ་བཞི ”བྱེད་ཐུབ་པ་བྱས་ཏེ་ཁྲིམས་འཛིན་གྱི་ཀུན་མོས་ཡོང་ཚད་ཆེ་རུ་བཏང་ནས་ཆབ་སྲིད་ཐད་ལངས་ཕྱོགས་བརྟན་པ་དང་། ལས་སྒོ་བྱང་ཆུབ་པ། སྒྲིག་ཁྲིམས་ནན་པ། སྤྱོད་ཚུལ་ལེགས་པ། དྲང་བཞག་སྤྱོད་གཙང་བཅས་ཀྱི་ཁྲིམས་དཔོན་དཔུང་ཁག་གཅིག་འཛུགས་སྐྱོང་བྱས་ཏེ་ཁྲིམས་འཛིན་འདྲི་གཅོད་ལས་འགན་ལེགས་གྲུབ་ཡོང་ཕྱིར་རྩ་འཛུགས་དང་ཆབ་སྲིད་ཐད་ནས་འགན་སྲུང་གང་ཐུབ་བྱེད་རྒྱུ།

        འཐུས་མི་རྣམ་པ། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་སྔར་ལས་ཡག་པ་དང་། སྔར་ལས་མགྱོགས་པ། སྔར་ལས་ཆེ་བ་བཅས་ཡོང་བའི་བརྗིད་ཆེའི་དམིགས་ཚད་མངོན་གྱུར་བྱེད་རྒྱུ་དེས་ཁྲིམས་འཛིན་འདྲི་གཅོད་ལས་ཀར་བླང་བྱ་དེ་བས་གསར་པ་དང་། དེ་བས་མཐོ་བ། དེ་བས་ནན་པ་བཏོན་ཡོད་པས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་འགན་འཁྲི་ལྕི་བ་དང་། ལས་འགན་དཀའ་ཚེགས་ཆེ་བ། ལས་བསྐལ་གཟི་བརྗིད་ཆེ་བ་བཅས་ཡིན། ལོ་གསར་པའི་ནང་ང་ཚོས་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་དང་རྒྱབ་སྐྱོར་འོག་སྔར་ལས་ལྷག་པའི་སྒོ་ནས་བསམ་བློར་བཅིངས་འགྲོལ་དང་། ལམ་བཤངས་གསར་གཏོད། སྙིང་སྟོབས་ཆེར་བསྐྱེད། ལས་ཀ་ཏན་ཏིག་བཅས་བྱས་ཏེ་བཅའ་ཁྲིམས་དང་ཁྲིམས་ལུགས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་ཟོལ་མེད་ཀྱིས་ལག་བསྟར་བྱས་ནས་ཐེངས་འདིའི་ཚོགས་འདུའི་ཐོག་བཏོན་པའི་ལས་འགན་ཁག་ལེགས་སྒྲུབ་བྱེད་རྒྱུ་དང་། འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། གཞི་མཐུན་བོད་ལྗོངས། སྣོད་བཅུད་བཟང་བའི་བོད་ལྗོངས་བཅས་སྐྲུན་རྒྱུའི་ཆེད་དུ་འབད་འཐབ་ལྷོད་མེད་བྱེད་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།