དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བོད་རང་སྐྱོང་ལྗོངས་ཀྱི་ 2009 ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་ 2010 ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་སྒྲོན།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        འཐུས་མི་རྣམ་པ།

        རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་མངགས་ལྟར་ད་ལྟ་2009ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2010ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་འདི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུ་ཡིན་པས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པ་དང་ཟུར་ཞུགས་འཐུས་མི་རྣམ་པས་ཀྱང་བསམ་འཆར་འདོན་རོགས་གནང་།

        གཅིག 2009ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ།

        2009ལོ་ནི “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག་རེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུར་སྐྱོད་རྒྱུ་མཐའ་འཁྱོངས་ཐོག ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་ཀྱིས་ཕྱོགས་གཅིག་ནས་དར་ཆ་གསལ་སྟོན་གྱིས་བརྟན་ལྷིང་དམ་འཛིན་བྱས་ཏེ་ལྷ་སའི “གསུམ་པའི་བཅུ་བཞིའི ”དོན་རྐྱེན་གྱི་འཚུབ་ཆ་ཆེ་བའི་དུས་ཚོད་དང་། བོད་དུ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་50འཁོར་བ་དང་ཀྲུང་གོ་གསར་པ་དབུ་བཪྙེས་ནས་ལོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོའི་རིང་གི་སྤྱི་ཚོགས་དུས་བབ་བརྟན་ལྷིང་འགན་སྲུང་ཐུབ་པ་བྱུང་ནས་དཔལ་འབྱོར་མགྱོགས་མྱུར་སླར་གསོ་ཐུབ་རྒྱུར་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་སྐྲུན་པ་དང་། ཕྱོགས་གཅིག་ནས་བློ་བརྟན་འགྱུར་མེད་ཀྱིས་གོང་འཕེལ་གཏོང་རྒྱུ་དམ་འཛིན་བྱས་ཏེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཤིང་། “ཐོན་ལས་དང་པོ་ཆུ་ཚད་མཐོ་རུ་གཏོང་བ་དང་། ཐོན་ལས་གཉིས་པ་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེ་གཏོང་བ ”བཅས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་འཐབ་ཇུས་ལག་བསྟར་ཤུགས་ཆེ་བྱས་པ་དང་། མ་འཇོག་དོན་འཁྱོལ་དང་འཛད་སྤྱོད་བྱེད་རྒྱ་ཆེ་རུ་ཧུར་ཐག་བཏང་སྟེ་ཞིང་འབྲོག་ལས་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་བཏང་བ་དང་། ཁྱད་ལྡན་ཐོན་ལས་གོང་འཕེལ་ཤུགས་ཆེ་བཏང་བ། དམངས་འཚོ་ལེགས་སུ་གཏོང་རྒྱུར་ཤུགས་བརྒྱབ་པའི་ཐོག འགག་སྒྲོལ་དཀའ་སེལ་དང་འབད་འབུངས་ཡར་བརྩོན་གྱིས་འབབ་འཕར་འགན་ལེན་དང་། དམངས་འཚོ་འགན་ལེན། བརྟན་ལྷིང་འགན་ལེན་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་གོང་འཕེལ་མྱུར་པོ་ཡོང་བར་སྐུལ་འདེད་བཏང་ཡོད། དཔལ་འབྱོར་འདུ་འགོད་ལ་ཁྱད་ཆོས “མངོན་གསལ་དོད་པོ་བཞི ”ཐོན་པ་སྟེ།

        གོང་འཕེལ་གྱི་རྣམ་པ་མངོན་གསལ་དོད་པོས་སླར་གསོ་བྱུང་བ། ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སླར་ཡང་སྐས་རིམ་གསར་པ་ཞིག་ལ་སླེབས་ནས་སྒོར་དུང་ཕྱུར་400བསྒྲོལ་ཡོད་པས་སྒོར་དུང་ཕྱུར་437ཟིན་བཟོ་ཡོད། དཔལ་འབྱོར་གོང་འཕེལ་འགྲོ་ཚད་12.1%ཟིན་པ་དེ་དུས་མཚུངས་དང་བསྡུར་ན་བརྒྱ་ཆའི་གྲངས་2མགྱོགས་སུ་སོང་བ་དང་། མཆོང་སྐྱོད་ལྟ་བུའི་གོང་འཕེལ་འགྲོ་བའི་རྣམ་པ་བཟང་པོ་སླར་གསོ་ཐུབ་ཡོད། དེའི་ནང་ཐོན་ལས་དང་པོར་སྒོར་དུང་ཕྱུར་64བྱུང་བ་དེ་དུས་མཚུངས་དང་བསྡུར་ན་3%འཕར་བ་དང་། ཐོན་ལས་གཉིས་པར་སྒོར་དུང་ཕྱུར་132བྱུང་བ་དེ་དུས་མཚུངས་དང་བསྡུར་ན་18.3%འཕར་བ། ཐོན་ལས་གསུམ་པར་སྒོར་དུང་ཕྱུར་241བྱུང་བ་དེ་དུས་མཚུངས་དང་བསྡུར་ན་11.7%འཕར་ཡོད། ཐོན་ལས་གྲུབ་ཆ་མངོན་གསལ་དོད་པོས་ལེགས་བཅོས་བྱུང་བ། ཐོན་ལས་གཉིས་པའི་འཕར་ཐང་གིས་ས་གནས་ཐོན་སྐྱེད་སྤྱིའི་རིན་ཐང་ནང་བཟུང་བའི་བསྡུར་ཚད་དེ་ཐེངས་དང་པོར་30%ལས་བརྒལ་ཏེ་ལོ་གཅིག་སྔ་སྣུར་དུ “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ཀྱི་དམིགས་ཚད་ལེགས་སྒྲུབ་བྱུང་བ་དང་། ཡུལ་སྐོར་ལས་རིགས་འཕེལ་རྒྱས་མྱུར་པོ་བྱུང་ཞིང་། རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་བར་སྣེ་ལེན་བྱས་པ་མི་ཐེངས་ཁྲི་550བརྒལ་བཟོ་ཡོད་པ་དེ་དུས་མཚུངས་དང་བསྡུར་ན་ལྡབ་1.47འཕར་བ། ནས་ཀྱི་སྦི་རག་དང་5100རྟགས་ཅན་གཏེར་ཆུ་རྒྱལ་སྤྱིའི་ཁྲོམ་རར་འདོན་ཐུབ་ཡོད། དཔལ་འབྱོར་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་སོང་བ། ནོར་སྲིད་ཡོང་འབབ་ཤུགས་ཆེ་འཕར་ཞིང་། སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་30བརྒལ་བཟོ་ཡོད་པ་དེ་ལོ་གོང་མའི་དངོས་སུ་ལེགས་སྒྲུབ་བྱུང་བའི་གྲངས་འབོར་ལས་20%ཡན་འཕར་རྒྱུ་དང་། ཁྲལ་འབབ་ཁག་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་34ཟིན་བཟོ་ཡོད་པ་དེ་དུས་མཚུངས་དང་བསྡུར་ན་12.8%འཕར་རྒྱུ། ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་འབབ་སྨར་འཕར་མགྱོགས་པོ་བྱུང་སྟེ་སྒོར་3589ཟིན་རྒྱུ་ཡིན་པས་དུས་མཚུངས་དང་བསྡུར་ན་13%འཕར་རྒྱུ། གྲོང་ཁྱེར་གྲོང་བརྡལ་གྲོང་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་སྔོན་དཔག་བྱས་ན་སྒོར་13580ཟིན་བཟོ་ཡོད་པ་དེ་དུས་མཚུངས་དང་བསྡུར་ན་8%འཕར་རྒྱུ་བཅས་རེད། ལམ་སྲོལ་གྱི་གསོན་ཤུགས་མངོན་གསལ་དོད་པོས་ཆེ་རུ་སོང་བ། ཞིང་འབྲོག་ཁུལ་གྱི་ཕྱོགས་བསྡུས་བསྒྱུར་བཅོས་དང་། སྨན་རིགས་སྨན་བཅོས་འཕྲོད་བསྟེན་ལམ་སྲོལ། སྤྱི་ཚོགས་འགན་སྲུང་། ཁེ་ལས། ནོར་ཁྲལ་སོགས་བསྒྱུར་བཅོས་ལ་གོང་འཕེལ་ཤུགས་ཆེ་བྱུང་བ་དང་། སྲིད་གཞུང་སྒྲིག་གཞི་བསྒྱུར་བཅོས་ཕྱོགས་ཡོངས་ནས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགན་སྲུང་བྱེད་རྒྱུའི་ལམ་སྲོལ་དང་སྒྲིག་སྲོལ་སྔར་བས་ཡག་ཏུ་སོང་བ་བཅས་ཀྱིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་འཆར་གཞི་ལག་བསྟར་བྱས་ཚུལ་སྤྱིའི་ཆར་ཡག་པོ་བྱུང་ཡོད།

        (གཅིག )ཞིང་འབྲོག་ལས་ཀྱི་རྨང་གཞི་སྲ་བརྟན་གཏོང་རྒྱུར་ཤུགས་བརྒྱབ་ནས་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་རྒྱུར་གྲུབ་འབྲས་གསར་པ་ཐོབ་པ།

        ལོ་གཅིག་རིང་ང་ཚོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བདེ་འཁོད་ལས་བརྩོན་བྱེད་རྒྱུ་འཚང་ཁར་བརྩིས་ནས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་བསྐྲུན་ཐོག་ཞིང་འབྲོག་ལས་བརྟན་པོའི་ངང་གོང་འཕེལ་དང་། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་ནས་འཕར་ཐུབ་པ། ཞིང་འབྲོག་ལས་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། 1.ཞིང་འབྲོག་ལས་ཐོན་འཕར་འབབ་འཕར་ཡོང་རྒྱུ་དམ་འཛིན་བྱས་པ་དང་། དེང་རབས་ཀྱི་ཞིང་འབྲོག་ལས་འཕེལ་རིམ་ལ་སྐུལ་སྤེལ་ཏན་ཏིག་བཏང་སྟེ་ས་ཁུལ་ཆ་ཤས་ཀྱི་ཚབས་ཆེའི་རང་བྱུང་གནོད་འཚེའི་ཤུགས་རྐྱེན་ངན་པ་ཁྱད་བསད་གང་ཐུབ་བྱས་ཏེ་ཞིང་འབྲོག་ལས་བརྟན་པོའི་ངང་གོང་འཕེལ་ཐུབ་པ་བྱུང་ཡོད། སྔོན་དཔག་བྱས་ན་ལྗོངས་ཡོངས་ཀྱི་འབྲུ་རིགས་ཐོན་འབོར་ཏུན་ཁྲི་92ཟིན་རྒྱུ་ཡིན་པས་རྣམ་ཀུན་ལོ་རེའི་ཆུ་ཚད་རྒྱུན་འཁྱོངས་ཐུབ་པ་དང་། ཤ་རིགས་དང་དཀར་ཆུའི་ཐོན་འབོར་ཁག་སོ་སོར་ཀྲོན་ཁྲི་25.2དང་ཏུན་ཁྲི་31ཟིན་པ་དེ་དུས་མཚུངས་དང་བསྡུར་ན་ཁག་སོ་སོར་3%དང་5.2%འཕར་ཡོད། 2.ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཤུགས་ཆེ་བཏང་ཡོད། ཞིང་འབྲོག་མང་ཚོགས་ཀྱི་བདེ་འཁོད་ལས་གཞི་དང་དེའི་ལེ་ལག་གི་སྒྲིག་བཀོད་འཛུགས་སྐྲུན་ཧུར་ཐག་བྱས་ཏེ་སྡེབ་རྩིས་བྱས་ན་དུད་ཚང་ཁྲི་23དང་ཞིང་འབྲོག་མང་ཚོགས་ཁྲི་120ཡི་སྡོད་ཁང་གནད་དོན་ཐག་གཅོད་ཐུབ་སྟེ་ལོ་གཅིག་སྔ་སྣུར་གྱིས “ལོ་ལྔ་ཚན་བཅུ་གཅིག་པའི ”ཞིང་འབྲོག་མང་ཚོགས་ཀྱི་བདེ་འཁོད་ལས་གཞིའི་འཆར་འགོད་དམིགས་ཚད་ལེགས་སྒྲུབ་བྱུང་བ་དང་། འབྲོག་པ་གཞིས་ཆགས་བཟོ་རྒྱུའི་ལས་གཞི་སྤེལ་བའི་ནང་དུད་ཚང་ཁྲི་1.44བསྐྲུན་རྒྱུའི་ལས་འགན་བསྒྲུབས་ཅིང་། སྡེབ་རྩིས་བྱས་ན་དུད་ཚང་ཁྲི་4.04ཙམ་དོན་འཁྱོལ་བྱུང་ཡོད་“ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་རྣམ་གྲངས་ཀྱི་ཇུས་གཞིའི་ནང་བཏོན་པའི་དུད་ཚང་ཁྲི་2.4བསྐྲུན་རྒྱུའི་ལས་འགན་ཚད་ལས་བརྒལ་ནས་ལེགས་སྒྲུབ་ཐུབ་སྟེ་འབྲོག་པ་གཞིས་ཆགས་ཐུབ་རྒྱུ་རྩ་བའི་ཆར་མངོན་གྱུར་བྱུང་ཡོད། མི་གྲངས་ཁྲི་41.43གྱི་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་ཤིང་། སྡེབ་རྩིས་བྱས་ན་མི་གྲངས་ཁྲི་122.2ཙམ་ལ་འཐུང་ཆུ་གཙང་མ་སྤྱོད་ཐུབ་པ་བྱུང་བས་ལོ་གཅིག་སྔ་སྣུར་གྱིས “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་དམིགས་ཚད་དང་ལས་འགན་ལེགས་སྒྲུབ་ཐུབ་ཡོད། གྲོང་གསེབ་ཀྱི་རྫབ་རྫིང་ཁག་ཁྲི་7.1བཟོས་ཤིང་། སྡེབ་རྩིས་བྱས་ན་དུད་ཚང་གི་རྫབ་རྫིང་ཁག་ཁྲི་11.4བསྐྲུན་ཟིན་ནས “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་རྣམ་གྲངས་ཀྱི་ཇུས་གཞིའི་ནང་བཏོན་པའི་དུད་ཚང་ཁྲི་2.5ལ་རྫབ་རྫིང་བཟོ་རྒྱུའི་ལས་འགན་ཚད་བརྒལ་ལེགས་སྒྲུབ་ཐུབ་ཡོད། སྒོར་དུང་ཕྱུར་3.16བཀོད་སྒྲིག་གིས་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་གནས་སྐྲུན་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད། མི་གྲངས་ཁྲི་11ཙམ་ལ་གློག་བེད་སྤྱོད་གཏོང་རྒྱུ་དང་གློག་ཡག་ཏུ་གཏོང་ཐུབ་པ་བྱུང་ནས་ཞིང་འབྲོག་མང་ཚོགས་མི་གྲངས་ཁྲི་150ལྷག་ཙམ་ལ་གློག་སྤྱོད་ཐུབ་པ་བྱུང་ཡོད། སླར་ཡང་ཤང་ཁག་19དང་སྲིད་འཛིན་གྲོང་ཚོ་213ལ་གཞུང་ལམ་ཤར་གཏོང་ཐུབ་པ་དང་། ཤང་(གྲོང་བརྡལ )ཁག་63ལ་འོད་ཆུན་ཁྲིད་པ། སྲིད་འཛིན་གྲོང་ཚོ་404ལ་ཁ་པར་ཁྲིད་ཡོད། ཤང (གྲོང་བརྡལ )ཁག་7ལ་འགྲུལ་སྐྱེལ་བབས་ཚུགས་བརྒྱབ་ཡོད། དངུལ་རྩས “ཞིང་གསུམ ”ལ་རྒྱབ་སྐྱོར་བྱེད་ཤུགས་ཟམ་མི་ཆད་པ་ཆེ་རུ་བཏང་ཞིང་། 2009ལོའི་ལོ་མཇུག་བར་ཞིང་འབྲེལ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་51ཟིན་ཡོད། 3.ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་བཏང་བ་དང་། ཁྱད་ལྡན་ཐོན་ལས་རྣམ་གྲངས་ཀྱི་འབབ་འཕར་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ་མ་དངུལ་སྒོར་དུང་ཕྱུར་8.3སྒྲིལ་སྤྱོད་ཀྱིས་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་རྣམ་གྲངས་ཁག་65གཉེར་རྒྱུར་བཏང་ཞིང་། རྣམ་གྲངས་གཉེར་བ་དེས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཐུབ་པའི་ནུས་པ་དེ་བས་མངོན་གསལ་དོད་དུ་སོང་ནས་རྣམ་གྲངས་གཉེར་ཁུལ་མང་ཚོགས་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་660ནས་སྒོར་674ལ་འཕར་ཡོད། ཞིང་འབྲོག་མང་ཚོགས་ཀྱི་རྩལ་ནུས་སྦྱོང་བརྡར་དང་ངལ་ནུས་ཕྱིར་གཏོང་བྱེད་ཤུགས་ཆེ་རུ་བཏང་ཐོག ལས་གཞིའི་འཛུགས་སྐྲུན་ནང་ཞུགས་པ་བརྒྱུད་ནས་ཞིང་འབྲོག་མང་ཚོགས་འབབ་འཕར་ཡོང་བར་སྐུལ་འདེད་བཏང་བས་ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་འབབ་སྨར་སྔོན་དཔག་བྱས་ན་སྒོར་3589ཟིན་བཟོ་ཡོད་པ་དེ་དུས་མཚུངས་དང་བསྡུར་ན་13%འཕར་རྒྱུ་རེད།

        (གཉིས )གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་རྒྱུར་དམིགས་ནས་ཤུགས་སྣོན་བརྒྱབ་སྟེ་ཀྲུང་དབྱང་གི་མ་འཇོག་དོན་འཁྱོལ་བྱེད་ཚད་སྔར་བས་ཆེ་རུ་བཏང་བ།

        ལོ་གཅིག་རིང་ང་ཚོས་ནང་མཁོ་རྒྱ་ཆེར་གཏོང་རྒྱུ་དང་དཔལ་འབྱོར་འཕར་སྣོན་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་རྒྱལ་ཁབ་ཀྱི་སྡེབ་སྒྲིག་སྲིད་ཇུས་དང་བྱ་ཐབས་ལ་འབྲལ་མེད་ཕྱོགས་ཏེ་རྣམ་གྲངས་འཛུགས་སྐྲུན་བྱེད་རྒྱུ་མགྱོགས་སུ་བཏང་ནས་དཔལ་འབྱོར་འཕར་སྣོན་ཡོང་བར་ཕན་པའི་མ་འཇོག་གི་དགོས་མཁོ་འགན་ལེན་བྱས་ཡོད། 1.ཀྲུང་དབྱང་གི་མ་འཇོག་རག་ཐབས་ཧུར་ཐག་བྱས་ཏེ་ཀྲུང་དབྱང་གི་མ་འཇོག་སྒོར་དུང་ཕྱུར་210དོན་འཁྱོལ་བྱས་པ་དེ་དུས་མཚུངས་དང་བསྡུར་ན་31.3%འཕར་ནས་ཟིན་ཐོ་གསར་པ་གཏོད་ཅིང་། སྡེབ་རྩིས་བྱས་ན་ཀྲུང་དབྱང་གི་མ་འཇོག་སྒོར་དུང་ཕྱུར་580དོན་འཁྱོལ་བྱས་པ་དེས “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ནང་མ་འཇོག་གི་74.5%བཟུང་ཡོད། རྒྱལ་ཁབ་ཀྱི་སྔོན་རྩིས་ནང་གི་མ་དངུལ་བཀོད་སྒྲིག་བྱས་པ་ཕུད་ད་དུང་ནོར་སྲིད་ཀྱི་གཞི་རྩའི་འཛུགས་སྐྲུན་འཁོར་རྒྱུགས་མ་དངུལ་སྒོར་དུང་ཕྱུར་25གཅིག་གྱུར་གྲབས་གསོག་བྱས་ཡོད། སྔོན་དཔག་བྱས་ན་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་ཀྱི་མ་འཇོག་སྒོར་དུང་ཕྱུར་370ལས་བརྒལ་བཟོ་ཡོད་པས་དུས་མཚུངས་དང་བསྡུར་ན་20%ཡན་འཕར་རྒྱུ་རེད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་ཞིབ་འཇུག་བྱེད་མཁན་བོད་སྐྱོད་རྟོག་ཞིབ་ཚོགས་ཆུང་གིས་བོད་ལ་རྟོག་ཞིབ་བྱེད་པའི་གོ་སྐབས་བཟང་པོ་དེ་དམ་འཛིན་གྱིས “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་རྣམ་གྲངས་ཀྱི་ལེགས་སྒྲིག་ཇུས་གཞི་དུས་ཐོག་ཏུ་བཏོན་ཏེ་འཆར་འགོད་དམིགས་ཚད་ལེགས་སྒྲུབ་བྱེད་རྒྱུར་རྨང་གཞི་བཟང་པོ་བཏིང་ཡོད། 2.ལས་གྲྭ་གསར་པ་འགོ་འཛུགས་རྒྱུ་དང་ལས་འཕྲོ་སྐྱོང་རྒྱུ་དམ་འཛིན་བྱས་ཡོད། ལྗོངས་ཏང་ཨུད་ཀྱིས་བཏོན་པའི “ཟླ་4པ་ནི་རང་ལྗོངས་ཀྱི་ལས་གྲྭ་གསར་པ་འགོ་འཛུགས་རྒྱུ་དང་ལས་འཕྲོ་སྐྱོང་རྒྱུའི་ཟླ་བར་བརྩི་བའི ”བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་ལྷ་ས་དང་གོང་དཀར་གནམ་ཐང་བར་གྱི་ཆེད་སྤྱོད་གཞུང་ལམ་དང་། མེ་ཏོག་གཞུང་ལམ། གཞིས་རྩེའི་ཞི་བདེ་གནམ་ཐང་སོགས་གཙོ་གནད་རྣམ་གྲངས་ཁག་གཅིག་ལས་འགོ་བཙུགས་པས་ལྗོངས་ཡོངས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་སེམས་ཤུགས་ལ་སྐུལ་སློང་ཤུགས་ཆེ་བྱས་ཡོད། ལྷ་ས་ནས་གཞིས་རྩེའི་བར་གྱི་ལྕགས་ལམ་བཟོ་རྒྱུ་རྒྱལ་ཁབ་ལ་ཕུལ་ནས་ཆོག་མཆན་གནང་རྒྱུར་སྒུག་ཡོད་པ་དང་། བོད་དཀྱིལ་རྒྱུད་ཀྱི་ཆུ་འཐེན་ནུས་གསོག་གློག་ཁང་རྒྱག་རྒྱུའི་འཆར་གཞི་བཟོ་སྐྱོར་བྱས་པ་ཕུད། 2009ལོའི་ལོ་མཇུག་ཏུ་སླེབས་སྐབས “རྣམ་གྲངས་180”དང་དེ་མིན་རྣམ་གྲངས་ཁག་ཚང་མ་ལས་འགོ་བཙུགས་ཟིན། རྣམ་གྲངས་125ཙམ་གྱི་མ་འཇོག་བཀོད་སྒྲིག་བྱས་ཟིན་ཞིང་། དེའི་ནང་རྣམ་གྲངས་100ལས་མཇུག་བསྒྲིལ་ནས་བེད་སྤྱོད་བྱེད་རྒྱུར་རྩིས་སྤྲོད་བྱས་ཡོད། 3.གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་རྒྱུར་ལམ་ལྷོངས་བྱུང་བ། མངའ་རིས་དགུན་ས་གནམ་ཐང་རགས་ཙམ་སྐྲུན་ཟིན་ནས་འཕུར་སྐྱོད་ཚོད་ལྟ་ལེགས་གྲུབ་བྱུང་བ་དང་། སྤོམ་མདའ་གནམ་ཐང་བཟོ་བཅོས་རྒྱས་སྐྲུན་ལས་གཞི་བདེ་བླག་ངང་ལེགས་སྒྲུབ་བྱུང་བ། གཞིས་རྩེའི་ཞི་བདེ་གནམ་ཐང་ལས་འགོ་བཙུགས་པ། ལྷ་ས་གོང་དཀར་གནམ་ཐང་གི་འཕུར་སྐྱོད་ཁུལ་བསྒྱུར་བཟོ་དང་ལེ་ལག་ལས་གྲྭའི་སྔོན་གྲབས་ལས་ཀ་སྤེལ་བཞིན་ཡོད་པ། ཤིན་བོད་དང་། མཚོ་བོད། ཁྲོན་བོད། ཡུན་བོད། ཀྲུང་ནེ་སོགས་གཞུང་ལམ་ཨ་མ་དང་། རྫོང་མཐུད་སྣུམ་ནག་ལམ་དང་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་བྱེད་རྒྱུ་བདེ་བླག་ངང་བྱེད་བཞིན་པ་བཅས་གཞུང་ལམ་འཛུགས་སྐྲུན་ལ་མ་རྩ་སྒོར་དུང་ཕྱུར་60.62བཏང་ཟིན་པ་ཡིན། མོན་མཚེར་ནས་བར་ག་བརྒྱུད་སྤུ་ཧྲེང་བར་དང་། དིང་རི་སྒང་དཀར་ནས་གཉའ་ལམ་བརྒྱུད་འགྲམ་བར། སྨར་ཁམས་ནས་མཚམས་ཆུ་བར་སོགས་ཀྱི་གཞུང་ལམ་རྣམ་གྲངས་6རྩ་བའི་ཆར་ལས་མཇུག་སྒྲིལ་བ་དང་། སྣུམ་ནག (སྦེ་ལཱ་ས )གཞུང་ལམ་སྤྱི་ལེ་394ཙམ་མང་དུ་སོང་བ། བྲག་ཆུ་ཞོལ་ཁ་ཆུ་ཤུགས་གློག་ཁང་ཟླ་4པའི་ཟླ་མཇུག་ཏུ་ཡོངས་སུ་ལས་མཇུག་སྒྲིལ་བ། ཞོལ་ཁ་ནས་བཏང་བའི་ཆན་ཧྥུའུ་110ཡོད་པའི་གློག་གཏོང་གློག་སྒྱུར་ལས་གཞི་ཟླ་4པར་ལས་གཉེར་བྱེད་འགོ་བཙུགས་པ། རྒྱ་ཚྭའི་ཆན་ཧྥུའུ་110ཡོད་པའི་གློག་གཏོང་གློག་སྒྱུར་ལས་གཞི་དེ་གློག་ཁྲིད་བྱས་ནས་ལས་གཉེར་བྱེད་པ། ལྷ་ས་ནས་ཉིང་ཁྲི་བར་གྱི་ཆན་ཧྥུའུ་220ཡོད་པའི་གློག་གཏོང་གློག་སྒྱུར་ལས་གཞི་གཉེར་འགོ་བཙུགས་པ། བོད་དཀྱིལ་རྒྱུད་ཀྱི་གློག་དྲ་དང་ཉིང་ཁྲིའི་གློག་དྲ་མཉམ་སྦྲེལ་ཐུབ་པས་ས་གནས་གྲོང་ཁྱེར་ལྔ་ལ་ཁེབས་པའི་བོད་དཀྱིལ་རྒྱུད་ཀྱི་གློག་དྲ་ཆགས་པ་མཚོན་ཞིང་། བོད་དཀྱིལ་རྒྱུད་ས་ཁུལ་གྱི་གློག་ཤུགས་མཁོ་འདོན་གྱི་འགལ་བ་ཞི་ལྷོད་དུ་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། བར་བརྒལ་གློག་ཁུངས་ཀྱི་འཕྲུལ་འཁོར་གསུམ་2009ལོའི་ལོ་མཇུག་ཏུ་གློག་གཏོང་འགོ་ཚུགས་པ། དངོས་ཨ་འཕྲང་ཆུ་ཤུགས་གློག་ཁང་དང་དུད་ཚང་ཚང་མར་གློག་འཁྲིད་རྒྱུའི་ལས་གཞི་དང་། མངའ་རིས་དྲ་སྦྲེལ་འོད་ཤུགས་གློག་ཁང་བཅས་འཛུགས་སྐྲུན་བྱེད་རྒྱུའི་ལས་ཀ་ལམ་ལྷོངས་བྱུང་བ། ཕོད་མདོ་ཆུ་བེད་ལྟེ་གནས་ལས་གྲྭ་སྐྲུན་འགོ་བཙུགས་པ་དང་། མ་ནག་དང་མལ་སྟག་ཆུ་འདྲེན་ཁུལ་ཆེན་པོ་གཉིས་ཀྱི་གཙོ་རྐང་ལས་གཞི་ལེགས་སྒྲུབ་ཟིན་པ། མཚོ་བོད་ལྕགས་ལམ་ནག་ཆུ་ཟོག་འགྲེམས་ལྟེ་གནས་བསྐྲུན་ནས་ལས་གཉེར་བྱེད་འགོ་ཚུགས་ཤིང་། དེར་ཁེ་ལས་6འཛུལ་ཞུགས་བྱས་ཟིན་པ། གནོད་འཚེ་ཕོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་ཕན་རང་བཞིན་གྱི་སྤྱི་ཚོགས་བྱ་གཞག་སླར་གསོ་དང་བསྐྱར་སྐྲུན་བྱེད་རྒྱུའི་ལས་ཀ་བདེ་བླང་ངང་སྤེལ་ཡོད། 4.རྣམ་གྲངས་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གཙོ་གནད་རྣམ་གྲངས་ཀྱི་རྩིས་བཤེར་དང་། ཞིབ་བཤེར། བརྟག་ཞིབ་བཅས་བྱེད་ཤུགས་ཆེ་རུ་བཏང་བ། རྒྱལ་ཁབ་ཀྱིས་གསར་སྣོན་བྱས་པའི་ཀྲུང་དབྱང་གི་མ་འཇོག་རྣམ་གྲངས་ཞིབ་བཤེར་ཚོགས་ཆུང་ལ་འབྲེལ་ཡོད་ཞིབ་བཤེར་ལས་ཀ་བྱེད་རྒྱུར་གཞོགས་འདེགས་ཧུར་ཐག་བྱས་ཏེ་ཀྲུང་དབྱང་གི་ཞིབ་བཤེར་ཚོགས་ཆུང་ཐེངས་བཅོ་བརྒྱད་པ་དང་བཅུ་དྲུག་པའི་བཅོས་སྒྲིག་བརྡ་ཐོའི་བསམ་འཆར་དང་བླང་བྱ་གཞིར་བཟུང་གསར་སྣོན་བྱས་པའི་ཀྲུང་དབྱང་གི་མ་འཇོག་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ་ཀྲུང་དབྱང་གི་གསར་སྣོན་མ་འཇོག་རྣམ་གྲངས་ཐེངས་དང་པོ་དེ་ཆ་ཚང་ལས་འགོ་བཙུགས་པ་དང་། ཀྲུང་དབྱང་གི་གསར་སྣོན་མ་འཇོག་རྣམ་གྲངས་ཐེངས་གཉིས་པ་དང་གསུམ་པ་ལས་འགོ་འཛུགས་ཚད་93%ཟིན་པ། ཀྲུང་དབྱང་གི་གསར་སྣོན་མ་འཇོག་རྣམ་གྲངས་ཐེངས་བཞི་པ་རིམ་པས་ལས་འགོ་བཙུགས་ཤིང་། ལེ་ལག་མ་དངུལ་སྤྱི་ཡོངས་ཀྱི་གནས་འབྱོར་ཐུབ་ཚད་91%ཟིན་པ་དང་། རྣམ་གྲངས་ཀྱི་དོ་དམ་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་ཡོད།

        (གསུམ ) སྤྱི་ཚོགས་ཀྱི་འཛད་སྤྱོད་བྱེད་རྒྱ་ཤུགས་ཆེར་བཏང་ནས་དཔལ་འབྱོར་འདུ་འགོད་མངོན་གསལ་དོད་པོས་ཆེ་རུ་སོང་བ།

        ལོ་གཅིག་རིང་ང་ཚོས་རྒྱལ་ཁབ་ནས་ནང་མཁོ་རྒྱ་ཆེར་གཏོང་བ་དང་དཔལ་འབྱོར་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བའི་སྡེབ་སྒྲིག་འཆར་གཞིའི་བླང་བྱ་ལྟར་སྤྱི་ཚོགས་ཀྱི་འཛད་སྤྱོད་བྱེད་རྒྱ་ཤུགས་ཆེར་བཏང་ཡོད། སྔོན་དཔག་བྱས་ན་སྤྱི་ཚོགས་ཡོངས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་ཚོང་བྱེད་འབོར་སྒོར་དུང་ཕྱུར་155ཟིན་རྒྱུ་ཡིན་པ་དེ་དུས་མཚུངས་དང་བསྡུར་ན་20.1%འཕར་རྒྱུ་རེད། 1.“བོད་ཀྱི་ལོ་གསར ”དང་“ཞོ་སྟོན ”སོགས་རྒྱུན་སྲོལ་དུས་ཆེན་གྱི་སྐབས་དང་བསྟུན་ནས “སྲིད་གཞུང་གི་དམངས་ཕན་དངོས་ཟོག་ཉོ་འཛིན་དང་གཱ ”སྤྲོད་པ་དང་། དེ་བཞིན་དབུལ་པོ་དང་དམིགས་བསལ་རིགས་གྲས་ལ་ཐེངས་གཅིག་མའི་འཚོ་བའི་ཁ་གསབ་རོགས་དངུལ་སྤྲོད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་འཛད་སྤྱོད་དགོས་མཁོ་འཆར་ཤུགས་མགྱོགས་པོ་ཡོང་རྒྱུར་ངར་སྐུལ་བཏང་ཡོད། 2.“ ཁྱིམ་སྤྱོད་གློག་ཆས་དང་། ནང་ཆས། ཞིང་འཕྲུལ། མོ་ཊ། སྦག་སྦག་བཅས་གྲོང་གསེབ་ཏུ་གཏོང་རྒྱུའི ”བྱེད་སྒོ་ཧུར་ཐག་སྤེལ་ནས་ཁ་གསབ་མ་དངུལ་སྒོར་ཁྲི་4077བཀོད་སྒྲིག་བྱས་པས་ཞིང་འབྲོག་ཁུལ་གྱི་འཛད་སྤྱོད་གདང་རིམ་འཕར་ཐུབ་པ་དང་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་གོང་མཐོར་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེ་བཏང་ཡོད། 3.“གྲོང་ཁྲི་ཤང་སྟོང་གི་ཁྲོམ་རའི་ལས་གཞི ”དང་“བརྒྱ་གཉིས་ཁྲོམ་རའི་ལས་གཞི ”ཏན་ཏིག་ངང་སྤེལ་ཏེ་ཞིང་དུད་ཚོང་ཁང་ཁག་400གསར་རྒྱག་དང་ལེགས་བཅོས་བྱས་པ་དང་། རྫོང་རིམ་པའི་ཞིང་ཟོག་ཚོང་ར་ཁག་40བཙུགས་ནས་ཁྲོམ་ར་ཁེབས་ཚད་སྔར་བས་ཆེ་རུ་སོང་ཡོད། ཏེན་ཚྭ་ཚོང་གཉེར་དྲ་རྒྱའི་མ་ལག་འཛུགས་སྐྲུན་བྱེད་རྒྱུ་ཕྱོགས་ཡོངས་ནས་སྤེལ་ཏེ་ཏེན་ཚྭ་ཚོང་གཉེར་བྱེད་ས་ཁག་1200བཙུགས་པ་དང་། ལྷ་སའི་ཏེན་ཚྭ་ཚོང་གཉེར་འགྲེམས་སྐྱེལ་ལྟེ་གནས་བཙུགས་ཟིན་པ། ཆབ་མདོ་དང་། ནག་ཆུ། མངའ་རིས་བཅས་ཀྱི་ཏེན་ཚྭ་འགྲེམས་སྐྱེལ་ལྟེ་གནས་འཛུགས་སྐྲུན་བདེ་བླག་ངང་སྤེལ་བཞིན་པ་བཅས་ལ་བརྟེན་ཏེན་ཚྭ་ཁེབས་ཚད་80%བརྒལ་ཡོད། 4.སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དོ་དམ་ལམ་ལུགས་བཙུགས་པ་དང་དེ་ཚགས་ཚུད་དུ་བཏང་ཡོད་པས་ས་ཁང་ཐོན་ལས་ཁྲོམ་ར་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བྱུང་ཡོད།

       (བཞི ) ཐོན་ལས་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་གང་ཆེ་བརྒྱབ་སྟེ་རང་ངོས་གོང་འཕེལ་གཏོང་ནུས་སྔར་བས་ཆེ་རུ་སོང་བ།

        ལོ་གཅིག་རིང་ང་ཚོས “ཁྱད་ལྡན་དང་གཞི་ཁྱོན་ལྡན་པ་ཡོང་རྒྱུ་གཙིགས་ཆེར་འཛིན་པ་དང་། ཁྲིད་སྟོན་གཞོགས་སྐྱོར་བྱེད་རྒྱུ་གཙིགས་ཆེར་འཛིན་པ། སྣོན་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུ་གཙིགས་ཆེར་འཛིན་པ། ཞིང་འབྲོག་མང་ཚོགས་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱེད་རྒྱུ་གཙིགས་ཆེར་འཛིན་པ ”བཅས་ཀྱི་ཐོན་ལས་གོང་འཕེལ་གཏོང་རྒྱུའི་མཛུབ་ཁྲིད་རྩ་དོན་མཐའ་འཁྱོངས་བྱས་ཏེ “མཐོ་ཆེ་རིང ”གསུམ་ཡོང་བ་བྱེད་རྒྱུར་ཤུགས་བརྒྱབ་ནས་ཐོན་ལས་འཛུགས་སྐྱོང་བྱེད་རྒྱུ་མགྱོགས་སུ་བཏང་ཡོད། 1.རྒྱལ་ཁབ་ནས་ཐོན་ལས་དར་སྤེལ་གཏོང་བའི་སྐྱེད་སྦྱར་དངུལ་བུན་དང་མ་འཇོག་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་1.1རག་ཐབས་བྱས་ཏེ་རང་ལྗོངས་ཀྱི་ཁྱད་ཡོན་ལྡན་པའི་ཐོན་ལས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད། ཏུན་ཁྲི་20ཟིན་པའི་ནས་ཀྱི་སྦི་རག་བཟོ་འཁོར་དང་ཧྭ་ཤིན་སྦེ་ལ་ས་བཟོ་གྲྭའི་ཏུན་ཁྲི་60ཟིན་པའི་སྐམ་བསྲེག་སྦེ་ལ་སའི་བཟོ་འཁོར་གསར་པ་རྒྱ་སྐྱེད་གཏོང་བའི་ལས་གཞི། ཏུན་ཁྲི་9.4ཟིན་པའི་འཁྱགས་རོམ་གཏེར་ཆུ་བཟོ་འདོན་གྱི་དུས་ཁག་དང་པོའི་ལས་གཞི། རྒྱ་མའི་ཟངས་མང་ལྕགས་རིགས་གཏེར་ཁ་འདེམས་འཚོལ (དུས་ཁག་དང་པོའི )ལས་གཞི་སོགས་བཟོ་ལས་རྣམ་གྲངས་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། ཀའོ་ཐན་སྦེ་ལཱ་སའི་དུས་ཁག་གཉིས་པའི་བཟོ་འཁོར་བདེ་བླག་ངང་ཐོན་སྐྱེད་བྱེད་འགོ་ཚུགས་ཡོད། ལྷོ་ཁ་ས་གནས་རྒྱ་ཚྭ་རྫོང་སྤང་ཕུ་རྡོ་གསེར་གཏེར་ཁ་འདེམས་འཚོལ་དང་། མལ་གྲོ་གུང་དཀར་རྫོང་ན་ཁྲ་ཐང་བྱང་གཏེར་ཁུལ་གྱི་ཤིན་གཏེར་འདེམས་འཚོལ་སོགས་ཀྱི་རྣམ་གྲངས་ལས་འགོ་བཙུགས་ཡོད། 2.བཟོ་ལས་ཐོན་སྐྱེད་བརྟན་པོའི་ངང་འཕར་སྣོན་བྱུང་ཞིང་། བཟོ་ལས་འཕར་ཐང་སྒོར་དུང་ཕྱུར་33བྱུང་བ་དེ་དུས་མཚུངས་དང་བསྡུར་ན་12.3%འཕར་ཡོད། གཙོ་གནད་བཟོ་ལས་ཐོན་རྫས་ཀྱི་ཐོན་འབོར་འཕར་མགྱོགས་པོ་བྱུང་ཞིང་། གློག་གཏོང་ཚད་དང་། སྦེ་ལཱ་ས། སྦི་རག ཤེལ་དམ (ལྕགས་དམ )ནང་བླུགས་པའི་འཐུང་ཆུ་བཅས་དུས་མཚུངས་དང་བསྡུར་ན་ཁག་སོ་སོར་10.6%དང་། 13.1% 13.7% 101.8%བཅས་འཕར་ཡོད། 5100གཏེར་ཆུ་ཤང་ཀང་ས་ཁུལ་དུ་ཚོང་གཉེར་བྱས་པ་དང་། ནས་ཀྱི་སྦི་རག་ཨ་རིར་བཏང་བ། སྦི་རག་དང་གཏེར་ཆུའི་ཁྲོམ་ར་རྒྱུན་ཆད་མེད་པར་རྒྱ་ཆེར་སོང་ཡོད། 3.མ་དངུལ་སྒོར་དུང་ཕྱུར་2.7བཀོད་སྒྲིག་བྱས་ཏེ་མཚོ་བོད་ས་གཤིས་ཀྱི་ལས་གཞིར་ཆེད་གྲོན་གཏོང་དམིགས་ཧུར་ཐག་བཟོས་ཡོད། 4.ཡུལ་སྐོར་ལས་རིགས་གོང་འཕེལ་ཇེ་མགྱོགས་སུ་བཏང་བ། ཡུལ་སྐོར་དྲིལ་བསྒྲགས་ལ་བརྟེན་ནས་དངོས་ཟོག་བྲིན་ཐབས་དང་འགྲུལ་པ་འདྲེན་འགུགས་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཁྱད་ལྡན་ཡུལ་སྐོར་ཐོན་རྫས་གསར་སྤེལ་ཤུགས་ཆེ་བྱས་པ། ཡུལ་སྐོར་ལ་བརྟེན་ནས་དངོས་ཟོག་བྲིན་ཐབས་བྱེད་རྒྱུ་དང་ཡུལ་སྐོར་གོང་འཕེལ་གཏོང་རྒྱུའི་ཆེད་སྤྱོད་མ་དངུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཡུལ་སྐོར་གྱི་མཁོ་དགོས་ཆེ་རུ་འགྲོ་རྒྱུར་ངར་སྐུལ་ཤུགས་ཆེ་བཏང་ཡོད་པས་ཡུལ་སྐོར་སྔར་བཞིན་གོང་འཕེལ་འགྲོ་བའི་རྣམ་པ་མངོན་གསལ་དོད་པོ་བྱུང་ནས་ཡུལ་སྐོར་ཐོན་ལས་སླར་གསོ་མྱུར་པོ་བྱུང་ཡོད། སྔོན་དཔག་བྱས་ན་ལོ་ཧྲིལ་པོར་ཁྱོན་བསྡོམས་རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་556ཙམ་ལ་སྣེ་ལེན་བྱེད་ཐུབ་བཟོ་ཡོད་པ་དེ་དུས་མཚུངས་དང་བསྡུར་ན་ལྡབ་1.47འཕར་རྒྱུ་ཡིན་པ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་ཀྱི་བསྡོམས་འབོར་སྒོར་དུང་ཕྱུར་52.ཡོང་རྒྱུ་ཡིན་པ་དེ་དུས་མཚུངས་དང་བསྡུར་ན་ལྡབ་1.32འཕར་རྒྱུ་རེད། ཡུལ་སྐོར་ལས་རིགས་ཀྱི་སྐུལ་ཁྲིད་འོག་འགྲིམ་འགྲུལ་སྐྱེལ་འདྲེན་དང་། སྦྲག་ལས་འཕྲིན་གཏོང་། བཟའ་བཏུང་ཞབས་ཞུ་སོགས་ཀྱི་ལས་རིགས་ལ་གོང་འཕེལ་མྱུར་པོ་བྱུང་སོང་ཡོད།

        (ལྔ ) སྤྱི་ཚོཌ་བྱ་གཞག་གོང་འཕེལ་གཏོང་རྒྱུར་ཤུགས་བརྒྱབ་པར་བརྟེན་དམངས་འཚོ་སྔར་བས་ལེགས་སུ་སོང་བ།

        ལོ་གཅིག་རིང་། ང་ཚོས་མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དམངས་འཚོ་ལེགས་སུ་གཏོང་རྒྱུར་དམ་འཛིན་ལྷོད་མེད་བྱེད་པ། མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐག་གཅོད་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་པར་བརྟེན་སྤྱི་ཚོགས་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས་སོང་ཡོད། 1. སློབ་གསོའི་བྱ་གཞག་གཞན་གྱི་སྔོན་དུ་གོང་འཕེལ་བཏང་བ། ཚད་ལྡན་ཅན་གྱི་སློབ་ཆུང་ཁག་147དང་། བྱིས་གསོ་ཁང་ཁག་10དམའ་རིམ་སློབ་འབྲིང་ཁག་7མཐོ་རིམ་སློབ་འབྲིང་དཀྱུས་མ་ཁག་9འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་ཁག་4བཅས་དང་། བོད་ལྗོངས་དྲག་ཆས་ཉེན་རྟོག་དཔོན་དམག་མཐོ་རིམ་ཆེད་ཚན་སློབ་གྲྭ་དང་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭ་སོགས་སློབ་གྲྭ་ཆེ་བ་ཁག་2བཙུགས་ཡོད། “གཞི་རྩའི་ཆ་གཉིས ”ཀྱི་འགག་སྒྲོལ་གྲུབ་འབྲས་སྔར་བས་སྲ་བརྟན་བཏང་ནས་ལྗོངས་ཡོངས་ཀྱི་རྫོང་ཁག་73ལ “ལོ་དགུའི་ཁྱབ་གདལ ”གྱི་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་ཡོད། ཞིང་འབྲོག་ཁུལ་གྱི་འགན་བབས་སློབ་གསོའི “འགན་ལེན་གསུམ ”གྱི་འགྲོ་གྲོན་ཁ་གསབ་ཚད་གཞི་བསྟུད་མར་ཐེངས་གཉིས་སྤར་ཡོད། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གཉེར་གཞི་རྒྱ་སྔར་བས་ཆེ་རུ་བཏང་ནས་མཐོ་རིམ་སློབ་གསོའི་སློབ་གཉེར་ཆ་རྐྱེན་སྔར་བས་ལེགས་སུ་བཏང་ཡོད། 2.འཕྲོད་བསྟེན་ཐད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་པ། རྫོང་ཁག་31གི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་དང་། ཤང (གྲོང་བརྡལ )ཁག་53གྱི་འཕྲོད་བསྟེན་ཁང་། སྡེ་ཁུལ་ཁག་4ཡི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་བཅས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་བྱེད་འགོ་བཙུགས་པ། རྫོང་ཁག་4ཡི་རིམས་ནད་འགོག་བཅོས་ལྟེ་གནས་གསར་སྐྲུན་བྱས་པ། རང་སྐྱོང་ལྗོངས་སྨན་རྩིས་ཁང་དང་། ཆབ་མདོ་དང་ནག་ཆུ་ས་གནས་ཀྱི་སྨན་རྩིས་ཁང་། དེ་བཞིན་ཆབ་མདོ་ས་གནས་མི་དམངས་སྨན་ཁང་། ལྷ་ས་གྲོང་ཁྱེར་གྱི་མ་བུ་འཕྲོད་སྦྱོར་སྨན་ཁང་བཅས་བཟོ་བཅོས་རྒྱས་སྐྲུན་བྱས་པ། ཞིང་འབྲོག་ཁུལ་གྱི་འཕྲོད་བསྟེན་ཐད་ཀྱི་རྨང་གཞིའི་སྒྲིག་བཀོད་རིམ་པས་ལེགས་སུ་བཏང་བ། ས་གནས (གྲོང་ཁྱེར )རིམ་པའི་སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་བཀོད་ཆ་རྐྱེན་རིམ་པས་ལེགས་སུ་གཏོང་བ། བཟའ་བཅའ་དང་སྨན་རྫས་ལ་ལྟ་འདོམས་བྱེད་རྒྱུའི་མ་ལག་གི་རྨང་གཞིའི་སྒྲིག་བཀོད་རིམ་པས་འཐུས་ཚང་དུ་བཏང་བ། H1N1ཆམ་རིམ་ཀ་པ་འགོག་བཅོས་བྱེད་རྒྱུར་མཐོང་ཆེན་པོ་བྱས་ནས་འགོག་བཅོས་བྱེད་རྒྱུའི་གལ་ཆེའི་བྱ་ཐབས་རབ་དང་རིམ་པ་དུས་ཐོག་ཏུ་བཀོད་སྒྲིག་བྱས་པས་འགོག་བཅོས་བྱེད་རྒྱུའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། 3.རིག་གནས་ལུས་རྩལ་བྱ་གཞག་གོང་འཕེལ་ཇེ་མགྱོགས་སུ་བཏང་བ། རྫོང་གི་ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ལྟེ་གནས་ཁག་13དང་། ཤང་(གྲོང་བརྡལ )གི་རིག་གནས་ས་ཚུགས་ཁག་81རྫོང་གི་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ལས་གཞིའི་རྫོང་རིམ་པའི་ལྟེ་གནས་ཁག་41དང་ཆབ་མདོ་ས་ཁུལ་གྱི་གཞོན་ནུ་ལོ་ཆུང་གི་བྱེད་སྒོའི་ལྟེ་གནས་བཅས་གསར་རྒྱག་བྱས་པ་དང་། ཞིང་དུད་དཔེ་དེབ་ཁང་680གསར་རྒྱག་བྱས་པ། “རིག་དངོས་ཆེ་ཁག་གསུམ ”གྱི་ཉམས་གསོ་སྲུང་སྐྱོང་གི་ལས་གཞི་ཕྱོགས་ཡོངས་ནས་ལས་མཇུག་འགྲིལ་བ། རླབས་འབྲིང་བརྒྱུད་གཏོང་ཁང་4བཙུགས་ཤིང་། རླུང་འཕྲིན་བཪྙན་འཕྲིན་ཕྱོགས་བསྡུས་མི་འབོར་ལ་ཁེབས་ཚད་ཁག་སོ་སོར་89.2%དང་90.4%ཟིན་པ། གྲོང་ཚོ་རིམ་པའི་ཞིང་པའི་ལུས་སྦྱོང་བྱེད་ས་ཁག་290གསར་རྒྱག་བྱས་པ་བཅས་ལ་བརྟེན་མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བའི་ཆུ་ཚད་སྔར་བས་ལེགས་སུ་སོང་ཡོད། 4. ཚན་རྩལ་གསར་གཏོད་དང་ཁྱབ་གདལ་ལས་ཀ་མུ་མཐུད་ཡག་པོ་བསྒྲུབས་པ། “གསེར་གྱི་འབྲི་གཡག་དང་གསེར་གྱི་ཉི་མའི་ཚན་རྩལ་ལས་གཞི ”སོགས་གཙོ་གནད་ཚན་རྩལ་རྣམ་གྲངས་ལག་བསྟར་གཏིང་ཟབ་བྱས་པས་ཚན་རྩལ་གྱི་འདེགས་སྐྱོར་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད་། ཚན་རྩལ་ཆེད་གཏོང་པ་2112ལོན་པ་དེའི་ཁྲོད་ཞིང་འབྲོག་པའི་ཚན་རྩལ་ཆེད་གཏོང་བ་1163ཡོད། 5. སྤྱི་ཚོགས་འགན་བཅོལ་གྱི་ལས་དོན་ལ་སྐུལ་སྤེལ་ཧུར་ཐག་བཏང་བ། སྤྱི་ཚོགས་འགན་བཅོལ་གྱི་ཁེབས་རྒྱ་སྔར་བས་ཆེ་རུ་བཏང་ཞིང་། ལྗོངས་ཡོངས་སུ་སྤྱི་ཚོགས་འགན་བཅོལ་ནང་ཞུགས་མཁན་སྤྱིའི་མི་གྲངས་ཁྲི་72.1ཟིན་ཡོད། ལྷ་སའི “གསུམ་པའི་བཅུ་བཞིའི ”དོན་རྐྱེན་ནང་གྱོང་གུན་ཕོག་པའི་ཚོང་དུད་དང་མི་སྣ། དེ་བཞིན་ཤུགས་རྐྱེན་ཐེབས་པའི་ལས་རིགས་བཅས་ལ་ལས་ཤོར་རོགས་སྐྱོབ་དང་། སྨན་བཅོས་རོགས་སྐྱོབ། ཁང་པ་ཉམས་གསོའི་རོགས་དངུལ། བོགས་དངུལ་ཁ་གསབ། སྐྱེད་སྦྱར་དངུལ་བུན་སོགས་ཀྱི་ཐད་ལ་སྒོར་ཁྲི་1936.5བཏང་ཡོད་པས་ཤུགས་རྐྱེན་ཐེབས་པའི་ལས་རིགས་ལ་རོགས་སྐྱོབ་བྱེད་རྒྱུའི་ལས་འགན་ཡོངས་སུ་སྒྲུབ་ཐུབ་པ་བྱུང་ཡོད། ཁེ་ལས་ནས་དངུལ་རྩའི་ཉམས་ཉེན་ལ་ཁ་གཏད་གཅོག་རྒྱུའི་ཐད་རོགས་རམ་ཧུར་ཐག་བྱས་པ་དང་། དཀའ་ངལ་ཡོད་པའི་ཁེ་ལས་ལ་ཁ་གསབ་སྤྲོད་རྒྱུ་དང་། སྤྱི་ཚོགས་འགན་བཅོལ་ཐད་ཀྱི་ཁ་གསབ་སྤྲོད་རྒྱུ། ལས་གནས་ཐད་ཀྱི་ཁ་གསབ་སྤྲོད་རྒྱུ་བཅས་ལ་བསྡོམས་སྒོར་ཁྲི་3989.34བཏང་ཡོད། “3·28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་ཀྲུང་དབྱང་གིས་རང་ལྗོངས་ལ་གནང་བའི་སྒོར་དུང་ཕྱུར་5.3ཟིན་པའི་རྣམ་གྲངས་ལག་བསྟར་བྱེད་རྒྱུ་དང་དངོས་ཟོག་འགྲེམས་སྤྲོད་ཀྱི་ལས་དོན་ལེགས་སྒྲུབ་ཐུབ་པ་བྱུང་ཡོད། 6.ལས་ཞུགས་དང་ལས་ཞུགས་བསྐྱར་མ་བྱེད་རྒྱུར་དམ་འཛིན་ནན་པོ་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་མཐོ་རིམ་སློབ་གྲྭ་ཐོན་པའི་སློབ་མའི་ལས་ཞུགས་བྱེད་རྒྱུ་རྒྱ་ཆེར་བཏང་སྟེ་གཞུང་ལས་པ་ཡོངས་བསྒྲགས་ཀྱིས་བསྡུ་འཇུག་བྱེད་པ་དང་། སྤྱི་ཕན་རང་བཞིན་གྱི་ལས་གནས་ཉོ་སྒྲུབ་བྱེད་པ། ཁྲོམ་རའི་ཐོག་ལས་ཞུགས་བྱེད་འཇུག་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཐབས་ལམ་མང་པོའི་ཐོག་ནས་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་ཐུབ་ཡོད། མིག་སྔར་སློབ་གྲྭ་ཆེ་བའི་སློབ་མ་ཁྲི་1ལྷག་ཙམ་ལ་ལས་ཀ་བཀོད་སྒྲིག་བྱས་པ་དང་། ལྗོངས་ཡོངས་སུ་ལས་ཞུགས་བྱེད་མཁན་མི་ཁྲི་2མང་དུ་སོང་བ། འགྱུར་ལྡོག་འགྲོ་ཚུལ་ལ་གཞིགས་ཏེ “ལས་ཞུགས་མེད་པའི་ཁྱིམ་ཚང ”མི་ཐོན་པ་བྱས་པ། གྲོང་ཁྱེར་གྲོང་བརྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་4%ནང་ཚུན་དུ་ཚོད་འཛིན་ཐུབ་པ་བཅས་བྱུང་ཡོད། 7. གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ཀྱི་སྡོད་ཁང་འགན་སྲུང་བྱེད་རྒྱུའི་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཁང་གླ་ཁེ་བའི་སྡོད་ཁང་དང་། ལས་ཤག གོང་ཁེ་གོ་ཆོད་ཀྱི་སྡོད་ཁང་བཅས་འཛུགས་སྐྲུན་བྱེད་པ་དང་། ཁང་གླའི་ཁ་གསབ་རོགས་དངུལ་སྤྲོད་པ། སྡོད་ཁང་འགན་སྲུང་བྱེད་ལམ་ཚགས་ཚུད་དུ་གཏོང་བ་བཅས་བྱས་ནས་གྲོང་ཁྱེར་གྲོང་བརྡལ་གྱི་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་སྡོད་ཁང་ཆ་རྐྱེན་ལེགས་སུ་བཏང་ཡོད།

        (དྲུག ) སྣོད་བཅུད་ཤེས་དཔལ་ལྡན་པ་ཡོང་བའི་དམ་འཛིན་ཡག་པོ་བྱེད་རྒྱུར་ཤུགས་བརྒྱབ་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་བྱེད་རྒྱུར་གྲུབ་འབྲས་གསར་པ་ཐོབ་པ།

        ལོ་གཅིག་རིང་། ང་ཚོས་བོད་ཀྱི་སྣོད་བཅུད་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་བོད་ཀྱི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་ཡག་པོ་བྱས་པ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་བྱེད་རྒྱུ་དེ་རྨང་གཞིའི་འཛུགས་སྐྲུན་ཆེ་ཤོས་སུ་བརྩིས་ཏེ་དམ་འཛིན་བྱས་པར་གྲུབ་འབྲས་གསར་པ་ཐོབ་ཡོད།

        1.《བོད་ཀྱི་སྣོད་བཅུད་སྲུང་བཅད་སྲུང་སྐྱོང་དང་འཛུགས་སྐྱོང་བྱེད་རྒྱུའི་འཆར་འགོད 》ལག་བསྟར་ཧུར་ཐག་བྱས་པ་དང་འབྲེལ་དུས་ཐོག་ཏུ 《བོད་ཀྱི་སྣོད་བཅུད་སྲུང་བཅད་སྲུང་སྐྱོང་དང་འཛུགས་སྐྱོང་བྱེད་རྒྱུའི་འཆར་འགོད་ལག་བསྟར་བྱེད་རྒྱུའི་བསམ་འཆར 》བཟོས་ཏེ་རྒྱལ་ཁབ་ཀྱི་མ་རྩ་བསྡོམས་སྒོར་དུང་ཕྱུར་18དོན་འཁྱོལ་ཐུབ་པ་བྱུང་ཡོད། གྲོང་གསེབ་ཀྱི་རྫབ་རླངས་དང་། ཆུ་ཤུགས་གློག་ཁང་ཆུང་གྲས་ཀྱིས་འབུད་ཤིང་རྒྱུ་ཚབ་བྱས་པ། ནགས་སྦོལ་ཞིང་ཁ་ནགས་སུ་སྒྱུར་བ། སྐྱས་སྤོས་རྩྭ་གསོ། བྱེ་འགོག་བྱེ་བཅོས། འགོག་སྲུང་ཤིང་ནགས་མ་ལག་འཛུགས་སྐྲུན་བྱེད་རྒྱུ་སོགས་ཀྱི་ལས་གཞི་སྤེལ་རིམ་ལམ་དུ་ལྷོངས་པོ་བྱུང་ཡོད། བོད་རང་སྐྱོང་ལྗོངས་ཀྱི་རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་བྱེད་རྒྱུའི་གཟེངས་བསྟོད་སྐུལ་མའི་ལམ་སྲོལ་ཚོད་ལྟ་བྱེད་འགོ་བཙུགས་ཡོད། 2.ཁོར་ཡུག་ཕྱོགས་བསྡུས་འགོག་བཅོས་བྱེད་ཤུགས་ཆེ་རུ་བཏང་བར་བརྟེན་གྲོང་ཁྱེར་གྲོང་བརྡལ་གྱི་བཙོག་ཆུ་གཙང་གསིང་བཟོ་རྒྱུ་དང་། ལེ་ལག་ཆུ་འགྲོ་ཁྲིད་རྒྱུ། གད་སྙིགས་གཙང་སེལ་བཟོ་རྒྱུ་སོགས་ཁོར་ཡུག་སྲུང་སྐྱོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་སྔར་བས་ཤུགས་སྣོན་ཐེབས་ཡོད། ཆབ་མདོའི་བཙོག་ཆུ་གཙང་གསིང་བཟོ་གྲྭ་བཙུགས་ཏེ་འཁོར་སྐྱོད་བྱེད་རྒྱུ་ཚོད་ལྟ་བྱས་པ་དང་། ལྷ་ས་གྲོང་ཁྱེར་གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭ་འཛུགས་རྒྱུའི་ལས་འགོ་བརྩམས་ཡོད། 3.ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་། ལྷག་པར་དུ་གཙོ་གནད་ཁྱབ་ཁོངས་ཀྱི་ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་བྱེད་རྒྱུ་བརྟན་པོའི་ངང་སྤེལ་བ་དང་། ཧྭ་ཤིན་སྦེ་ལཱ་ས་དང་ཀའོ་ཐན་སྦེ་ལཱ་སའི་ལྷག་དྲོད་ཀྱིས་དྲོད་ཤུགས་ཆུང་བའི་གློག་འདོན་རྣམ་གྲངས་ལ་རྒྱལ་ཁབ་ཀྱི་ཆོག་མཆན་ཐོབ་ཟིན་པ། ཁེ་ལས་ལ་གཙོ་གནད་དུ་བཟུང་ནས་ལྟ་འདོམས་བྱེད་པའི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་ནུས་རྒྱུ་ཟད་གྲོན་ཆེ་བའི་ཁེ་ལས་ཀྱི་ནུས་རྒྱུར་ཚད་ལེན་བརྟག་ཞིབ་བྱེད་རྒྱུའི་ལས་ཀ་ཧུར་ཐག་སྤེལ་ཡོད། ནུས་རྒྱུ་བསྲི་ཚགས་ཀྱི་ལག་རྩལ་གསར་སྤེལ་དང་ཁྱབ་གདལ་གཏོང་རྒྱུ་ཇེ་མགྱོགས་སུ་བཏང་སྟེ་ཟད་གྲོན་ཆེ་བ་དང་བཙོག་སྐྱོན་གཏོང་མང་བའི་ལས་རིགས་རྨོངས་ཚོད་ཀྱིས་རྒྱ་སྐྱེད་གཏོང་རྒྱུར་ཚོད་འཛིན་ནན་པོ་བྱས་ཡོད། མིག་སྔར་རང་ལྗོངས་ཀྱི་སྐམ་བཀྲག་སྦེ་ལཱ་ས་དཔེ་གསར་གྱིས་སྦེ་ལཱ་སའི་སྤྱིའི་ཐོན་འབོར་བསྡུར་ཚད་50%ལ་ཉེ་བ་ཙམ་ཟིན་པ་དང་། འོད་ཤུགས་གློག་ཁང་གིས་གློག་གཏོང་ཚད་སྤྱིའི་ཤོང་འབོར་ཀྲོའོ་ཝ་9ཟིན་པ། ཞིང་འབྲོག་མང་ཚོགས་ཁྱིམ་དུད་ཁྲི་39.53ལ་ཉི་ཐབ་སྤྲད་པ། ནུས་བསྲིའི་ཤེལ་ཏོག་ཁྲི་110ཁྱབ་གདལ་བཏང་བ། ཉི་ནུས་ཀྱི་ཆུ་ཚ་པོ་བཟོ་ཆས་སྒྲིག་སྦྱོར་བེད་སྤྱོད་བྱེད་ཚད་སྤྱི་ཁྲེ་ངོས་གྲུ་མ་ཁྲི་100ཡས་མས་ཟིན་པ་བཅས་བྱུང་ཡོད།

        (བདུན )བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་རྒྱུར་ཤུགས་བརྒྱབ་ནས་གོང་འཕེལ་གྱི་ཁོར་ཡུག་སྔར་བས་ལེགས་སུ་བཏང་བ།

        ལོ་གཅིག་རིང་། ང་ཚོས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་འགོག་རྐྱེན་བཟོ་བའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགལ་རྐྱེན་སེལ་རྒྱུར་འབྲལ་མེད་ཕྱོགས་ཏེ་ལམ་སྲོལ་བསྒྱུར་བཅོས་བྱེད་རྒྱུར་སྐུལ་སྤེལ་ཤུགས་ཆེ་བཏང་ཡོད། 1.ཞིང་འབྲོག་ཁུལ་གྱི་ཕྱོགས་བསྡུས་བསྒྱུར་བཅོས་མུ་མཐུད་སྐུལ་སྤེལ་བཏང་ཞིང་། ནགས་ཚལ་གྱི་བདག་དབང་ལམ་ལུགས་བསྒྱུར་བཅོས་བྱེད་རྒྱུའི་ཚོད་ལྟ་བྱེད་རིམ་ལམ་ལྷོངས་བྱུང་བ། ཤང (གྲོང་བརྡལ )གི་སྒྲིག་གཞི་དང་། གྲོང་གསེབ་ཀྱི་འགན་བབ་སློབ་གསོའི་ལམ་སྲོལ། རྫོང་ཤང་ནོར་སྲིད་ལམ་སྲོལ། དེ་བཞིན་གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་སོགས་བསྒྱུར་བཅོས་བྱེད་རྒྱུ་གཙོ་བོའི་ནང་དོན་དུ་བྱེད་པའི་གྲོང་གསེབ་ཀྱི་ཕྱོགས་བསྡུས་བསྒྱུར་བཅོས་དགེ་མཚན་ལྡན་ལ་བརྟན་པོའི་ངང་སྐུལ་སྤེལ་བཏང་ཡོད།

        2.གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་མུ་མཐུད་གཏིང་ཟབ་དུ་བཏང་སྟེ་ཁེ་ལས་ཁྲིམས་ཚན་གྱི་བཅོས་སྐྱོང་གྲུབ་ཆ་སྔར་བས་འཐུས་ཚང་དུ་བཏང་ནས་གཏེར་ལས་ཚོགས་པ་དང་ཨར་སྐྲུན་རྒྱུ་ཆ་ཚོགས་པ། ཨར་སྐྲུན་ཚོགས་པ་བཅས་གསར་འཛུགས་བྱས་པ་དང་། ཡུལ་སྐོར་དང་བོད་སྨན་སོགས་ཁེ་ལས་ཚོགས་པ་འཛུགས་རྒྱུའི་ལས་དོན་སྤེལ་རྒྱུར་ཤུགས་བརྒྱབ་པ། གཞུང་ཁོངས་རྒྱུ་ནོར་ལ་ལྟ་འདོམས་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་སྔར་བས་འཐུས་ཚང་དུ་བཏང་ཡོད། 3.ནོར་ཁྲལ་ལམ་སྲོལ་བསྒྱུར་བཅོས་བྱེད་རྒྱུ་བརྟན་པོའི་ངང་སྤེལ་བ། རྫོང་དང་ཤང་གི་སྤྱི་པའི་ནོར་སྲིད་ལམ་སྲོལ་གྱི་སྒྲོམ་གཞི་འཛུགས་རྒྱུ་གཙོ་གནད་དུ་བཟུང་ནས་སྐུལ་སྤེལ་བཏང་བ་དང་། སྔོན་རྩིས་ལམ་ལུགས་བསྒྱུར་བཅོས་བྱེད་རྒྱུ་གཏིང་ཟབ་དུ་བཏང་ནས་ལོ་གཅིག་གི་སྔ་སྣུར་དུ་རྫོང་རིམ་པའི་ནོར་སྲིད་ལས་ཁུངས་ཡོངས་ལ་སྡེ་ཚན་གྱི་ཕྱོགས་བསྡུས་སྔོན་རྩིས་བསྒྱུར་བཅོས་བྱེད་རྒྱུའི་འཆར་འགོད་དམིགས་ཚད་མངོན་གྱུར་བྱུང་ཡོད། གནས་ཐང་འཕར་ཁྲལ་ཁ་སྒྱུར་དང་འབྲེལ་ཡོད་ཀྱི་ཁྲལ་བསྡུའི་ལམ་སྲོལ་བསྒྱུར་བཅོས་བྱེད་རྒྱུར་སྐུལ་སྤེལ་ཧུར་ཐག་བཏང་ཡོད། 4.འཕྲོད་བསྟེན་ལམ་སྲོལ་བསྒྱུར་བཅོས་བྱེད་རྒྱུར་ཕྱོགས་ཡོངས་ནས་སྐུལ་སྤེལ་བཏང་བ། ལྗོངས་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ལམ་སྲོལ་བསྒྱུར་བཅོས་བྱེད་རྒྱུའི་ལས་དོན་ཚོགས་འདུ་སྐོང་ཚོགས་བྱས་ཏེ 《སྨན་བཅོས་འཕྲོད་བསྟེན་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བསམ་འཆར 》(བོད་ཏང་སྤེལ [2009]ཡིག་ཨང་12པ )བཟོས་པ་དང་། 《སྨན་བཅོས་འཕྲོད་བསྟེན་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་2009ལོའི་ལས་དོན་གྱི་གཙོ་གནད་ཇུས་གཞི 》བཏོན་པ། 《བོད་རང་སྐྱོང་ལྗོངས་ཀྱི་2009ལོའི་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་ལམ་ལུགས་ལག་བསྟར་བྱེད་རྒྱུའི་ལས་དོན་ཇུས་གཞི 》ཟིན་འགོད་བྱེད་རྒྱུ་ལེགས་གྲུབ་བྱས་ཡོད། 5.སྒྲིག་གཞི་བསྒྱུར་བཅོས་བྱེད་རྒྱུའི་ལས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་སྒྲིག་སྲོལ་དང་ལམ་སྲོལ་གྱི་འབྲེལ་འཛིངས་བསངས་བར་བརྟེན་སྲིད་གཞུང་ལས་ཁུངས་ཀྱི་སྲིད་འཛིན་ལས་ཕྱོད་སྔར་བས་ཆེ་རུ་སོང་བ་དང་གསོན་ཤུགས་སྔར་བས་ཤུགས་ཆེར་འཕེལ་ཡོད། 6. ནང་ཁོངས་དང་ཕྱི་ཕྱོགས་། ལྷག་པར་དུ་ནང་སར་སྒོ་མོ་དབྱེ་རྒྱ་ཆེ་རུ་གཏོང་རྒྱུར་ཤུགས་བརྒྱབ་པ་དང་། ཁུལ་ཁོངས་དཔལ་འབྱོར་སྤེལ་རེས་དང་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཡོད། སྔོན་དཔག་བྱས་ན་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་སྤྱི་འབོར་ཨར་སྒོར་དུང་ཕྱུར་4ཡོང་བཟོ་ཡོད་པ་དང་། མཐའ་ཁུལ་མང་ཚོགས་ཀྱི་ཚོང་ཟོག་ཉོ་ཚོང་བྱེད་རྒྱུ་དུས་མཚུངས་དང་བསྡུར་ན་68.5%འཕར་རྒྱུ་ཡིན་པ། རང་བཟོས་ཐོན་རྫས་ཕྱིར་གཏོང་བྱེད་རྒྱུ་འཕར་ཤུགས་ཆེ་ཙམ་ཡོང་རྒྱུ་རེད། སྐབས་བཅུ་གཉིས་པའི་ཀྲུང་གོའི་བོད་ལྗོངས་དང་ནེ་པ་ལའི་དཔལ་འབྱོར་ཚོང་དོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་དང་། 2010ལོའི་ཧྲང་ཧའེ་འཛམ་གླིང་དངོས་རིགས་འགྲེམས་ཚོགས་བོད་ཀྱི་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ། དེ་བཞིན་བོད་ཀྱི་ཚོང་དང་མ་རྩ་འདྲེན་འགུགས་དང་ཁྱད་ལྡན་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་སོགས་གཉེར་རྒྱུ་ལེགས་སྒྲུབ་བྱུང་ཡོད། འགག་སྒོའི་རྨང་གཞིའི་སྒྲིག་བཀོད་དང་མཐའ་མཚམས་ཚོང་དོན་གྱི་ཁྲོམ་ར་འཛུགས་སྐྲུན་བྱེད་རྒྱུ་མགྱོགས་སུ་བཏང་ཡོད། རྒྱལ་ཁབ་ནས་འགག་སྒོ་འཛུགས་སྐྲུན་བྱེད་དམིགས་མ་རྩ་སྒོར་ཁྲི་2855རག་ཐབས་ཧུར་ཐག་བྱས་པས་མ་འཇོག་འཆར་གཞིའི་43%ཚད་ལས་བརྒལ་ནས་ལེགས་གྲུབ་བྱས་ཡོད་པས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱུའི་གཏིང་ཚད་དང་རྒྱ་ཚད་སྔར་བས་ཆེ་རུ་གཏོང་ཐུབ་པ་བྱུང་ཡོད། 7.ཚོང་དང་མ་རྩ་འདྲེན་འགུགས་བྱེད་རྒྱ་ཇེ་ཆེར་བཏང་ཡོད་པས་སྔོན་དཔག་བྱས་ན་ལྗོངས་ཡོངས་སུ་ཚོང་དང་མ་རྩ་འདྲེན་འགུགས་བྱས་པའི་རྣམ་གྲངས་ཁག་316དོན་འཁྱོལ་ཐུབ་བཟོ་ཡོད་པ་དང་། གྲོས་དོན་མ་དངུལ་སྒོར་དུང་ཕྱུར་150ཟིན་བཟོ་ཡོད་པ། དོན་ཐོག་ཏུ་སླེབས་པའི་མ་དངུལ་སྒོར་དུང་ཕྱུར་59ཟིན་བཟོ་ཡོད་པ་བཅས་དུས་མཚུངས་དང་བསྡུར་ན་23%འཕར་རྒྱུ་རེད། 8.བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་20དོན་འཁྱོལ་ཡོང་རྒྱུའི་མཐུན་སྦྱོར་ཧུར་ཐག་བྱས་པས་དུས་མཚུངས་དང་བསྡུར་ན་21.4%འཕར་ཡོད།

        (བརྒྱད )གལ་ཆེའི་གནད་དོན་ཞིབ་འཇུག་བྱེད་རྒྱུར་ཤུགས་བརྒྱབ་ནས་དཔལ་འབྱོར་ལེགས་ཤིང་མྱུར་བའི་སྒོ་ནས་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་བཏང་བ།

        ལོ་གཅིག་རིང་། ང་ཚོས་སྤྱི་ཡོངས་ལ་ཤུགས་རྐྱེན་ཐེབས་པའི་འགལ་ཟླ་གཙོ་བོ་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འགག་རྩའི་ལྷུ་ཚིགས་དང་དེ་བཞིན་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་མངོན་ཆེའི་གནད་དོན་རིགས་དམ་འཛིན་ཤུགས་ཆེ་བྱས་ནས་བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུར་ཤུགས་སྣོན་གྱིས་གཞི་ཆེའི་དཔལ་འབྱོར་སྟངས་འཛིན་སྙོམས་སྒྲིག་བྱེད་ནུས་དང་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་བཏང་ཡོད། 1. དཔལ་འབྱོར་ལེགས་སྒྲིག་བྱེད་རྒྱུ་དམ་འཛིན་ཤུགས་ཆེ་བྱས་པ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གི་བཀོད་སྒྲིག་གཞིར་བཟུང་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་དུས་བབ་ལ་དབྱེ་ཞིབ་ཡང་དག་པ་བྱས་ཐོག་འཕྲལ་ཐག་ཆོད་པོས་ཇུས་ཐག་བཅད་དེ་དུས་ཐོག་ཏུ་དུས་སྐབས་མི་འདྲ་བའི་གཙོ་བོའི་ལས་འགན་ཁག་ལ་དམིགས་ནས་བྱ་ཐབས་ནུས་ལྡན་སྤྱད་པར་བརྟེན་ལོ་ཧྲིལ་པོའི་སྤྱི་ཚོགས་ཀྱི་དུས་བབ་བརྟན་ལྷིང་དང་དཔལ་འབྱོར་གང་མགྱོགས་སླར་གསོ་ཡོང་རྒྱུར་འགན་ལེན་ཐུབ་ཡོད། དུས་ཚིགས་དང་པོར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གོང་འཕེལ་དང་བརྟན་ལྷིང་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱས་ནས་ཏཱ་ལའི་རུ་ཚོགས་ཀྱི་འགོག་རྐྱེན་གཏོར་བཤིག་ལ་དམིགས་ཏེ “ཕྱོགས་གཉིས་དམ་འཛིན་དང་ཕྱོགས་གཉིས་ཀ་དམ་ཐག་ཆོད་འཛིན་རྒྱུ ”རྒྱུན་འཁྱོངས་བྱས་ནས་འཚུབ་ཆ་ཆེ་བའི་དུས་སྐབས་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་དཔལ་འབྱོར་གྱི་འདུ་འགོད་སྙོམས་པོ་ཡོང་བའི་འགན་ལེན་ཐུབ་ཡོད། དུས་ཚིགས་གཉིས་པར་རང་སྐྱོང་ལྗོངས་ཀྱིས་དུས་ཐོག་ཏུ་ལས་ཀའི་ལྟེ་གནས་དེ་དཔལ་འབྱོར་ཐོག་བསྒྱུར་ནས་ཞིང་ལས་སྟོབས་ཆེར་གཏོང་རྒྱུ་དང་། ཞིང་པར་ཕན་སྦྱར་གྱི་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུ། མ་འཇོག་རྒྱ་ཆེར་ཧུར་ཐག་གཏོང་རྒྱུ། འཛད་སྤྱོད་འཕེལ་རྒྱུར་ངར་སྐུལ་ཤུགས་ཆེ་གཏོང་རྒྱུ། ཁྱད་ལྡན་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། དམངས་འཚོ་ལེགས་སུ་གཏོང་རྒྱུར་ཤུགས་རྒྱག་རྒྱུ། གཞི་ཆེའི་དཔལ་འབྱོར་ལ་ལྟ་སྡོམ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་རྒྱུ་ཤུགས་ཆེར་གཏོང་རྒྱུ། བདེ་འཇགས་ཐོན་སྐྱེད་ལ་ཤུགས་སྣོན་རྒྱག་རྒྱུ། སྒྲིག་གཞི་བསྒྱུར་བཅོས་བྱེད་རྒྱུའི་ལས་དོན་སོགས་ཀྱི་བྱ་ཐབས་ཁག་དགུ་བཏོན་ཡོད་པས་དཔལ་འབྱོར་འདུ་འགོད་བྱེད་ཚད་མངོན་གསལ་དོད་པོས་ཆེ་རུ་སོང་བ་དང་། ཁྲོམ་རའི་སེམས་ཤུགས་རིམ་པས་སླར་གསོ་ཐུབ་པ། སྤྱི་ཚོགས་ཀྱི་སྔོན་དཔག་བྱེད་སྟངས་རྒྱུན་ཆད་མེད་པར་ལེགས་སུ་སོང་བ། དཔལ་འབྱོར་འཕར་ཤུགས་མྱུར་པོ་བྱུང་བ་བཅས་ལ་བརྟེན་དུས་ཚིགས་དང་པོའི་7.3%ནས་དུས་ཚིགས་གཉིས་པར་10.3%ལ་སླེབས་ཡོད། དུས་ཚིགས་གསུམ་པར་རང་སྐྱོང་ལྗོངས་ཀྱིས་ལས་དོན་སྤེལ་ཤུགས་སྔར་བས་ཤུགས་ཆེར་བཏང་སྟེ་ཞིང་འབྲོག་ལས་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་བཏང་ཐོག་མ་འཇོག་དོན་འཁྱོལ་དང་འཛད་སྤྱོད་རྒྱ་ཆེར་ཧུར་ཐག་བཏང་བ་དང་། ནོར་སྲིད་ཀྱི་སྤྱིར་བཏང་སྤྱི་པའི་ཞབས་ཞུའི་ཐད་ཀྱི་གཏོང་སྒོ་ཤུགས་ཆེར་བཏང་སྟེ་ཁྱད་ལྡན་ཐོན་ལས་གོང་འཕེལ་ཤུགས་ཆེ་བཏང་ཡོད་པས་དཔལ་འབྱོར་འཕར་ཚད་རིམ་བཞིན་ཇེ་མགྱོགས་སུ་སོང་ནས་11.4%མཐོ་རུ་སོང་ཡོད། དུས་ཚིགས་བཞི་པར་རང་སྐྱོང་ལྗོངས་ཀྱིས་དཔལ་འབྱོར་གྱི་དུས་བབ་ལ་གཞིགས་ཏེ “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་དམིགས་ཚད་ལས་འགན་དང་ཟུང་འབྲེལ་བྱས་ཏེ “དཔལ་འབྱོར་འཕར་ཚད་10%ཡན་ཟིན་པའི་འགན་ལེན་ཐུབ་པ་བྱེད་རྒྱུ་དང་12%ཟིན་ཐུབ་པའི་འབད་བརྩོན་བྱེད་རྒྱུའི ”དམིགས་ཚད་ཁ་གསལ་བཏོན་ཡོད་པའི་ཐོག ཞིང་འབྲོག་ལས་ཀྱི་རྨང་གཞི་སྔར་ལས་ལྷག་པའི་སྒོ་ནས་བརྟན་དུ་གཏོང་རྒྱུ་དང་། མ་འཇོག་དོན་འཁྱོལ་དམ་འཛིན་བྱེད་རྒྱུ། འཛད་སྤྱོད་རྒྱ་ཆེར་ཧུར་ཐག་གཏོང་རྒྱུ། ཐོན་སྐྱེད་གཉེར་སྐྱོང་ཁོར་ཡུག་ལེགས་སུ་གཏོང་རྒྱུ། དམངས་འཚོ་ལེགས་སུ་གཏོང་རྒྱུར་ཤུགས་རྒྱག་རྒྱུ་སོགས་ཀྱི་བྱ་ཐབས་མང་པོ་མཉམ་དུ་སྤྱད་ཡོད། ས་གནས (གྲོང་ཁྱེར )ཁག་དང་སྡེ་ཚན་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ལྟར་ལས་དོན་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་བྱས་པར་བརྟེན་ལོ་འགོར་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་ལེགས་གྲུབ་གང་ལེགས་བྱུང་ཡོད། 2.ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་ལ་ཞིབ་འཇུག་བྱེད་མཁན་བོད་སྐྱོད་རྟོག་ཞིབ་ཚོགས་ཆུང་གི་ལས་ཀར་ལ་གཞོགས་འདེགས་ཧུར་ཐག་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། རང་སྐྱོང་ལྗོངས་དང་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱིས་རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་དང་དེ་ནས་2020ལོའི་བར་གྱི་གོང་འཕེལ་བསམ་གཞི་དང་། གཟིགས་སྐྱོང་སྲིད་ཇུས། རྣམ་གྲངས་དང་མ་འཇོག་སོགས་ཀྱི་ཐད་ལ་ངོས་འཛིན་གཅིག་མཐུན་བྱུང་ཡོད། དེ་རྗེས་རང་སྐྱོང་ལྗོངས་ཀྱིས་སླར་ཡང་ཆེད་དམིགས་ལས་དོན་ཚོགས་ཆུང་པེ་ཅིན་དུ་བཏང་སྟེ་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྟོག་ཞིབ་ཚོགས་ཆུང་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ་རྟོག་ཞིབ་འཆར་ཟིན་ཧུར་ཐག་བྲིས་པ་དང་། གཟིགས་སྐྱོང་སྲིད་ཇུས་དང་རྣམ་གྲངས་ཇུས་གཞི་ཁག་དབྱེ་གསེད་བྱས་པ་ལས་བྱུང་བའི་རྟོག་ཞིབ་སྙན་ཞུའི་ནང་། རང་ལྗོངས་ཀྱི་གོང་འཕེལ་གཏོང་ཕྱོགས་ཀྱི་དོན་དངོས་དང་བླང་བྱ་གང་ལེགས་མཚོན་ཡོད་པས་ཀྲུང་དབྱང་ནས་ཆེད་དོན་ཚོགས་འདུ་སྐོང་ཚོགས་བྱས་ཏེ་བོད་ཀྱི་ལས་དོན་ལ་ཞིབ་འཇུག་བྱས་ནས་རང་ལྗོངས་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཤུགས་ཆེ་རུ་བཏང་ཐོག མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་གཏོང་ཕྱིར་རྨང་གཞི་བཏིང་ཡོད་པ་མ་ཟད། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་གོ་སྐབས་གསར་པ་ཞིག་ཀྱང་གཏོད་ཡོད། 3.“ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་བཟོ་རྒྱུའི་ལས་དོན་སྔ་ཙམ་ནས་སྤེལ་འགོ་བཙུགས་ཏེ 《ལྗོངས་ཡོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་བཟོ་རྒྱུའི་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བསམ་འཆར 》བཟོས་པ་དང་ལ་རང་ལྗོངས་ཀྱིས་ཞིབ་འཇུག་བྱས་ནས 《“ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ཀྱི་གལ་ཆེའི་གནད་དོན་ལ་ཞིབ་འཇུག་བྱེད་རྒྱུའི་ཕྱོགས་སྟོན 》བཏོན་ཡོད་པས་གལ་ཆེའི་གནད་དོན་ཁག་21ལ་ཞིབ་འཇུག་བྱེད་རྒྱུའི་ལས་དོན་རྩ་བའི་ཆ་ནས་ལེགས་གྲུབ་ཟིན་ཡོད། རང་སྐྱོང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ཀྱི་སྤྱིའི་བསམ་གཞི་ཞིབ་འཇུག་བྱེད་རྒྱུའི་ལས་དོན་སྤེལ་རྒྱུ་ལམ་ལྷོངས་བྱུང་ཡོད། 4.རིན་གོང་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ་རིན་གོང་བསྒྱུར་བཅོས་བྱེད་རྒྱུ་དགེ་མཚན་ལྡན་ལ་བརྟན་པོའི་སྒོ་ནས་སྤེལ་ཞིང་། བཅོས་སྣུམ་གྱི་རིན་གོང་གྲུབ་སྟངས་སྔར་ལས་ལྷག་པའི་སྒོ་ནས་ལེགས་སུ་བཏང་སྟེ་སྔ་རྗེས་སུ་བཅོས་སྣུམ་གྱི་རིན་གོང་ལེགས་སྒྲིག་ཐེངས་བརྒྱད་བྱས་པ་དང་། སྐབས་དང་བསྟུན་ནས་དབུས་རྒྱུད་ཀྱི་གློག་དྲའི་རིན་གོང་ལེགས་སྒྲིག་བྱས་པ་དང་ལྷ་སའི་ཆུ་མཁོ་འདོན་གྱི་རིན་གོང་ཚོད་རྩིས་བྱས་པ། རིན་གོང་ལ་ལྟ་སྡོམ་བྱེད་ཤུགས་ཆེ་རུ་བཏང་སྟེ་དམངས་ཀྱི་འཚོ་བ་དང་འབྲེལ་བའི་རིན་གོང་གི་གནད་དོན་གཙོ་གནད་དུ་བཞག་སྟེ་ཐག་གཅོད་བྱས་ཡོད། སྨན་བཅོས་ཐད་ཀྱི་འགྲོ་གྲོན་བསྡུ་རྒྱུའི་ཚད་གཞི་ཞིབ་བཤེར་གྱིས་གཏན་འཁེལ་བྱས་པ་དང་འབྲེལ་སློབ་གསོའི་འགྲོ་གྲོན་བསྡུ་ཕྱོགས་ལ་ཞིབ་བཤེར་བྱས་པ། ཁྲོམ་རའི་ཐོག་གི་གོང་ཚད་རྒྱག་ཕྱོགས་ལ་བཅོས་སྒྲིག་ཤུགས་ཆེ་བྱས་པ་དང་རྣམ་པ་འདྲ་མིན་གྱི་རིན་གོང་ཞིབ་བཤེར་བྱེད་པའི་ལས་ཀ་ཧུར་ཐག་སྤེལ་ཏེ་ནུས་ཤུགས་ཡོད་རྒུས་ཁྲོམ་རའི་ཟོག་གོང་རྩ་བའི་ཆ་ནས་བརྟན་པོ་ཡོང་བ་བྱས་ཡོད། སྔོན་དཔག་ལྟར་ན་གྲོང་མིའི་འཛད་སྤྱོད་ཀྱི་རིན་གོང་སྤྱིའི་འཕར་ཚད་1.1%ཟིན་རྒྱུ་རེད།

        ལོ་གཅིག་རིང་གི་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་ཚུལ་ལ་བལྟས་ཚེ། འཛམ་གླིང་དཔལ་འབྱོར་ཉམས་ཉེས་ཆེན་པོ་བྱུང་བའི་དུས་སྐབས་དང་རྒྱལ་ཡོངས་ཀྱི་དཔལ་འབྱོར་ལ་དཀའ་ངལ་ཆེ་ཤོས་འཕྲད་པའི་ལོ་དེར་ལོ་གཅིག་ལྷག་ཙམ་གྱི་དུས་ཚོད་ནང་ང་ཚོའི་དཔལ་འབྱོར་སླར་གསོ་མྱུར་པོ་བྱུང་བ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་དུས་བབ་སྔར་བཞིན་ཛ་དྲག་ཡིན་པའི་སྐབས་སུ་དཔལ་འབྱོར་འཕར་ཚད་དེ་དུས་ཚིགས་དང་པོར་7.3%ཟིན་པ་དང་། དུས་ཚིགས་གཉིས་པར་10.3%ཟིན་པ། དུས་ཚིགས་གསུམ་པར་11.4%ཟིན་པ་བཅས་ནས་ལོ་འཁོར་མོར་12.1%ལ་སླེབས་པས་གོང་འཕེལ་མྱུར་པོ་འདི་འདྲ་བྱུང་བ་དེ་ནི་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གི་ནང་མཁོ་རྒྱ་ཆེར་གཏོང་རྒྱུ་དང་། དཔལ་འབྱོར་འཕར་སྣོན་ཡོང་རྒྱུར་སྐུལ་འདེད་གཏོང་བའི་སྡེབ་སྒྲིག་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་ནས་དཔལ་འབྱོར་གྱི་དུས་བབ་འགྱུར་ལྡོག་ལ་རིག་པ་སྐྱེན་པོས་ལྟ་ཞིབ་བྱས་ཏེ་ཕན་མེད་ཀྱི་རྒྱུ་རྐྱེན་རྣམས་ཐོབ་དཀའ་བའི་གོ་སྐབས་ཤིག་ཏུ་འགྱུར་བ་བྱས་ཐོག་བོད་རང་གི་དམིགས་བསལ་ཁྱད་ཆོས་ལ་དམིགས་ཏེ་དཔལ་འབྱོར་སྙོམས་སྒྲིག་རྒྱུན་ཆད་མེད་པ་བྱས་ནས་དཀའ་ངལ་ཁྱད་བསད་དང་། ཁ་གཏད་ཧུར་ཐག་གཅོག་པ། ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཡོད་པ་བཅས་ལས་བྱུང་བའི་ཐད་ཀའི་གྲུབ་འབྲས་ཤིག་ཡིན་པ་དང་། ལྗོངས་ཡོངས་ཀྱི་གོང་འོག་ཀུན་ཚང་མས “བོད་སྐྱོད་རྒན་གྲས་ཀྱི་སྙིང་སྟོབས ”དར་སྤེལ་ཧུར་ཐག་བཏང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མཛད་ཇུས་བཀོད་སྒྲིག་ལག་བསྟར་ཇི་མ་ཇི་བཞིན་བྱས་ཏེ་མཐུན་སྒྲིལ་སེམས་གཅིག་དང་། ལས་དོན་ཏན་ཏིག དཀའ་སྤྱད་འབད་འབུངས་བཅས་བྱས་པ་ལས་བྱུང་བའི་གྲུབ་འབྲས་ཤིག་ཡིན་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སེམས་ཐག་གཙང་བཅད་ཀྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། བློ་གཅིག་སེམས་གཅིག་གིས་གོང་འཕེལ་ཡོང་ཐབས་བྱེད་པ་དང་། སེམས་ནུས་གཅིག་མཐུན། དཀའ་སྤྱད་འབད་འཐབ། གོང་འཕེལ་ལ་སྐུལ་འདེད་བཏང་བ་བཅས་ལས་བྱུང་བའི་གྲུབ་འབྲས་ཡིན་པ་མ་ཟད། དེ་ཐོག་ནས་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་། རྒྱལ་ཡོངས་མི་དམངས་ཀྱི་འཇུངས་པ་མེད་པའི་རོགས་རམ། མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་འགྲན་ཟླ་བྲལ་བ། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་རང་བཞིན་བཅས་ཐད་ཀར་མཚོན་ཡོད། གྲུབ་འབྲས་དེ་དག་ལས་སླ་པོར་བྱུང་བ་ཞིག་མིན་པས་ང་ཚོས་ངེས་པར་དུ་གཅེས་སྤྲས་ལྡབ་བརྒྱ་བྱེད་དགོས།

        གཉིས། 2010ལོའི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་ཁོར་ཡུག་གི་སྤྱིའི་ཚོད་དཔག་དང་ཐོག་མའི་བསམ་གཞི།

        (གཅིག )2010ལོའི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་ཁོར་ཡུག་གི་སྤྱིའི་ཚོད་དཔག

        མིག་སྔར་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་སྤྱི་ཡོངས་ཀྱི་ཁོར་ཡུག་ནི་ཡག་པོ་ཡོད་པ་དང་། “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ཀྱི་དམིགས་ཚད་ལས་འགན་ཁག་མངོན་གྱུར་བྱེད་རྒྱུའི་དུས་བབ་དེ་བས་ཡག་པོ་ཡོད།

        གཅིག་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་ལ་ཁ་གཏད་གཅོག་ཐབས་ཀྱི་སྡེབ་སྒྲིག་འཆར་གཞིར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་དང་། རྒྱལ་ནང་གི་དཔལ་འབྱོར་འཕེལ་ངོ་བཟང་ཏུ་འགྲོ་བའི་དུས་བབ་རྒྱུན་ཆད་མེད་པར་སྲ་བརྟན་བྱུང་ནས་སྤྱིའི་གནས་ཚུལ་སྔོན་དཔག་ལས་ཡག་པ་ཡོད།

        ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་གཞི་ཆེའི་དཔལ་འབྱོར་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་ལྷིང་རང་བཞིན་མཐའ་འཁྱོངས་བྱས་ཏེ་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་འོས་འཚམ་ལྷུག་གཏོང་གི་དངུལ་ལོར་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་རྒྱུ་ཡིན་པའི་གསལ་ཁ་བཏོད་ཡོད། གཞི་རྩའི་འཛུགས་སྐྲུན་ཐད་ཀྲུང་དབྱང་གིས་མ་འཇོག་བྱེད་རྒྱུ་2009ལོའི་ཆུ་ཚད་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་པ་མ་ཟད། “ཞིང་གསུམ ”དང་། འགན་སྲུང་རང་བཞིན་གྱི་བདེ་འཁོད་ལས་གཞི། འཕྲོད་བསྟེན་སློབ་གསོ་སོགས་དམངས་འཚོའི་ཁྱབ་ཁོངས་ལ་མ་དངུལ་འཇོག་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་ཡིན་པ་དང་། དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་པོའི་ས་ཁུལ་བཅས་ལ་ཡང་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད། རྒྱལ་ཁབ་ཀྱིས་ད་དུང་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འཐབ་ཇུས་མུ་མཐུད་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན་པ་མ་ཟད། སླད་ཕྱིན་ལོ་བཅུའི་ནང་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འབྲེལ་ཡོད་སྲིད་ཇུས་དང་བྱ་ཐབས་སྔར་བས་ཚགས་ཚུད་དུ་གཏོང་རྒྱུ་བཅས་ཡིན་པས་དེ་དག་གིས་རང་ལྗོངས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་ཕྱི་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད།

        གཉིས་ནི་ཀྲུང་དབྱང་གིས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད་ཅིང་། ན་ནིང་ནས་བཟུང་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་མང་པོས་ཚོགས་པ་འཁྲིད་ནས་བོད་ཀྱི་ལས་དོན་རྟོག་ཞིབ་གནང་བར་ཕེབས་པའི་ཐོག་ནས་ཀྲུང་དབྱང་གིས་བོད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་གི་ཡོད་པ་གང་ལེགས་མཚོན་གྱི་ཡོད་པས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་གོང་འཕེལ་གཏོང་ཐབས་དང་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སེམས་ཤུགས་དང་ཆོད་སེམས་ཤུགས་ཆེ་འཕེལ་ཐུབ་པ་བྱུང་ཡོད། ཕྱོགས་མཚུངས་ཀྲུང་དབྱང་ནས་ད་དུང་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་རྟོག་ཞིབ་ཚོགས་ཆུང་བོད་དུ་བཏང་ནས་རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་རྣམ་གྲངས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་པ་མ་ཟད། རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཅིག་པའི ”རྗེས་མའི་ལོ་གཉིས་དང་། “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་དང་2020ལོ་བར་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཐད་ཀྱི་གནད་དོན་ལ་རྟོག་ཞིབ་ཀྱང་གནང་ཡོད། མིག་སྔར་རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ཇུས་གཞི་ལེགས་སྒྲིག་དང “ལོ་ལྔ་ཚན་བཅུ་གཅིག་པའི ”དུས་མཇུག་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་ལ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་རྒྱུའི་སྲིད་ཇུས་དང་རྣམ་གྲངས་འགའ་ཞིག་སྐོར་གྱི་བསམ་འཆར་ཞིག་རགས་ཙམ་གྲུབ་ཟིན་ཡོད་པས་རྒྱལ་ཁབ་པུའུ་ཨུད་ཁག་གིས་གྲོས་མོལ་ཧུར་ཐག་དང་ཞིབ་འཇུག་གཏིང་ཟབ་བྱེད་སྒང་ཡིན་པས་དེས་རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ལག་བསྟར་ལམ་ལྷོངས་ཡོང་རྒྱུ་དང “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་གོང་འཕེལ་གཏོང་རྒྱུར་རྨང་གཞི་བཏིང་ཡོད།

        གསུམ་ནི “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ལག་བསྟར་བྱས་འབྲས་མངོན་གསལ་དོད་པོ་བྱུང་ཡོད། “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ལག་བསྟར་བྱས་ནས་ལོ་བཞི་སོང་རིང་། ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་འཇུངས་པ་མེད་པའི་རོགས་སྐྱོར་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གྱི་དམིགས་ཚད་དམ་པོར་བཟུང་ནས་ཛ་དྲག་ཆེ་བའི་ཁ་ཕྲལ་ལ་ངོ་རྒོལ་བྱེད་རྒྱུའི་འཐབ་རྩོད་ཀྱི་དུས་བབ་དང་། གཞི་ཆེའི་དཔལ་འབྱོར་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་བ། རྣམ་གྲངས་ཀྱི་སྔོན་གྲབས་ལས་འགན་ལྕི་བ། རང་བྱུང་གནོད་འཚེ་ཐོན་མང་བ་སོགས་ལས་བྱུང་བའི་ཤུགས་རྐྱེན་དང་དཀའ་ངལ་རིགས་ཁྱད་བསད་བྱས་ཐོག་རྒྱུན་ཆད་མེད་པར་གོང་འཕེལ་གྱི་ལྟ་བ་གསར་གཏོད་དང་གོང་འཕེལ་གྱི་དཀའ་གནད་སེལ་འགྲོལ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཁྱབ་ཁོངས་ཁག་ནང་གི་འཛུགས་སྐྲུན་དང་གོང་འཕེལ་ཐད་གྲུབ་འབྲས་གལ་ཆེ་ཐོབ་ཡོད། ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་དེ་2007ལོར་སྒོར་དུང་ཕྱུར་300བསྒྲོལ་བ་དང་། 2009ལོར་སྒོར་དུང་ཕྱུར་400བསྒྲོལ་བ། ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ལོ་རེའི་ཆ་སྙོམས་འབབ་སྨར་འཕར་ཚད་14.7%ཟིན་པ་དེ་འཆར་འགོད་ཀྱི་སྔོན་དཔག་ལས་བརྒྱ་ཆའི་གྲངས་1.7མཐོ་བ་བྱུང་བ། ས་གནས་ཀྱི་ནོར་སྲིད་སྤྱིར་བཏང་སྔོན་རྩིས་ཡོང་འབབ་དེ་ལོ་གཉིས་སྔ་སྣུར་གྱིས་2010ལོའི་སྒོར་དུང་ཕྱུར་24དམིགས་ཚད་ཟིན་པ་བྱེད་རྒྱུའི་འཆར་འགོད་ལ་སླེབས་ཐུབ་པ་བྱུང་བ་བཅས་ཡིན། ཞིང་འབྲོག་མང་ཚོགས་ཀྱི་བདེ་འཁོད་ལས་གཞི་དང་། ཞིང་འབྲོག་མང་ཚོགས་ཀྱི་གནོད་མེད་འཐུང་ཆུའི་ལས་གཞི། མི་སྟོང་རེར་འཕྲོད་བསྟེན་ལག་རྩལ་མི་སྣ་རེ་དང་སྨན་ཁང་གི་ཚད་ལྡན་ནད་ཁྲི་རེ། གྲོང་ཁྱེར་གྲོང་བརྡལ་གྱི་གྲོང་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་སོགས་ཀྱི་ཚད་གཞིའི་དམིགས་ཚད་སྔ་སྣུར་གྱིས་ལེགས་གྲུབ་བྱུང་བ། ཤང་(གྲོང་བརྡལ )ཁག་ལ་གཞུང་ལམ་ཤར་གཏོང་ཐུབ་ཚད་དང་། སྒྲིག་ཚུད་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད། སྒྲིག་ཚུད་གྲོང་ཚོར་ཁ་པར་ཁྲིད་ཚད། གྲོང་ཁྱེར་གྲོང་བརྡལ་ཅན་དུ་སྒྱུར་ཚད། མི་རེར་ཆ་སྙོམས་སློབ་གསོ་ཐོབ་པའི་ལོ་ཚད། གྲོང་ཁྱེར་གྲོང་བརྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད། ལས་ཞུགས་འཕར་མའི་མི་འབོར། གཞན་ཡང་GDPརྩིས་གཞིའི་ནུས་རྒྱུ་ཟད་གྲོན་སོགས་ཚང་མ་དུས་བཀག་བཞིན་འཆར་འགོད་ཀྱི་དམིགས་ཚད་མངོན་གྱུར་བྱུང་ཡོད། སྤྱིའི་ཆ་ནས་བལྟས་ཚེ། གོང་གི་ལོ་བཞིའི་ནང་ལྗོངས་ཡོངས་ཀྱི་གོང་འོག་ཀུན་གྱིས་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུའི་རྨང་གཞི་སྔར་བས་བརྟན་དུ་སོང་ཡོད་པ་དང་། གོང་འཕེལ་གྱི་གོམ་སྟབས་ཀྱང་རིམ་བཞིན་ཇེ་མགྱོགས་སུ་ཕྱིན་ཏེ་སྤྱི་ཚོགས་བྱ་གཞག་སྒོ་ཀུན་ནས་ཡར་རྒྱས་དང་། མི་དམངས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་སོང་བ། སྣོད་བཅུད་ཁོར་ཡུག་ལེགས་སུ་སོང་བ་བཅས “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་རྩ་གནད་ནང་གཏན་འཁེལ་བྱས་པའི་དམིགས་ཚད་གཙོ་བོ་རྣམས་སྤྱིའི་ཆ་ནས་ལེགས་གྲུབ་ཡག་ཙམ་བྱུང་སྟེ “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་དམིགས་ཚད་ལེགས་གྲུབ་བྱེད་རྒྱུ་དང “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཐུབ་པ་བྱུང་ཡོད།

        བཞི་ནི་སྤྱི་ཚོགས་དུས་བབ་སྤྱིའི་ཆར་བརྟན་ལྷིང་བྱུང་ཞིང་། བརྟན་ལྷིང་སྲུང་སྐྱོང་བྱེད་ཐབས་དེ་རྒྱུན་གཏན་མིན་པ་ནས་རྒྱུན་གཏན་གྱི་ཕྱོགས་སུ་སྒྱུར་ཐུབ་པ་བྱུང་སྟེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད་པས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་བརྟན་ལྷིང་ཡོང་རེ་བྱེད་པ་དང་། ཕྱུག་འགྱུར་ཡོང་རེ་བྱེད་པ། མཆོང་སྐྱོད་ལ་འབད་པ། འབྱོར་འབྲིང་ཕྱོགས་སུ་སྐྱོད་སེམས་བྱེད་པ་བཅས་ཀྱི་འདུན་པ་ཇེ་ཆེར་སོང་བར་བརྟེན་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུའི་མང་ཚོགས་ཀྱི་རྨང་གཞི་དང་སྤྱི་ཚོགས་ཀྱི་རྨང་གཞི་སྔར་བས་བརྟན་དུ་སོང་ཡོད།

        ཕན་ལྡན་གྱི་དུས་བབ་མཐོང་ཐུབ་པ་དང་ཕྱོགས་མཚུངས་ང་ཚོས་ད་དུང་ངེས་པར་དུ་རིག་པ་དྭངས་གསལ་གྱི་སྒོ་ནས་མིག་སྔའི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ཁྲོད་ཀྱི་ཕན་མེད་རྒྱུ་རྐྱེན་ཡང་མཐོང་ཐུབ་པ་བྱེད་དགོས། གཅིག་ནི་རྒྱལ་ནང་གི་དཔལ་འབྱོར་འཕར་ཤུགས་མགྱོགས་ཙམ་བྱུང་ཡོད་ཀྱང་དཔལ་འབྱོར་ཡར་འགྲོའི་རྨང་གཞི་ད་དུང་བརྟན་པོ་མེད། རྒྱལ་ཁབ་ཀྱི་གཞི་ཆེའི་སྟངས་འཛིན་གྱི་སྲིད་ཇུས་ཀྱི་ཁ་ཕྱོགས་ཆེན་པོ་དང་རྩ་དོན་ཆེན་པོ་དེར་འགྱུར་ལྡོག་མེད་ཀྱང་རྒྱལ་ནང་གི་དཔལ་འབྱོར་དེ་ཪྙོག་འཛིང་ཆེ་བའི་ཁོར་ཡུག་དེ་ལ་གདོང་ལེན་བྱེད་དགོས་པས་གཞི་ཆེའི་སྲིད་ཇུས་ལ་འགྱུར་ལྡོག་འགྲོ་རྒྱུར་སྔོན་དཔག་བྱེད་དཀའ་བ་དང་གཏན་འཁེལ་བྱེད་དཀའ་བའི་རྒྱུ་རྐྱེན་མང་དུ་སོང་ཡོད་པར་བརྟེན་རང་ལྗོངས་ཀྱི་དཔལ་འབྱོར་བརྟན་པོའི་སྒོ་ནས་འཁོར་སྐྱོད་བྱེད་རྒྱུར་ཤུགས་རྐྱེན་ངེས་ཅན་ཐེབས་རྒྱུ་རེད། གཉིས་ནི་རང་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་བའི་འདེགས་སྐྱོར་གྱི་ཆ་རྐྱེན་ད་དུང་ཞན་པོ་ཡིན་ཞིང་། དཔལ་འབྱོར་ལེགས་ཤིང་མྱུར་བའི་སྒོ་ནས་གོང་འཕེལ་གཏོང་རྒྱུར་ཤུགས་རྐྱེན་ཐེབས་པའི་གདིང་གཞིའི་འགལ་ཟླ་དེ་ད་དུང་རྩ་བ་ནས་ཐག་གཅོད་ཐུབ་མེད་པ་དང་། གོང་འཕེལ་གཏོང་ཡུལ་གྱི་ཁོར་ཡུག་ཐད་ད་དུང་ལེགས་བཅོས་སྔར་ལས་ལྷག་པ་བྱེད་དགོས་པ། གློག་ཤུགས་མཁོ་དགོས་དབར་གྱི་འགལ་བ་སྔར་བཞིན་མངོན་གསལ་ཤིན་ཏུ་ཆེན་པོ་ཡོད་པ་དང་། ཕྱི་ཕྱོགས་ཀྱི་གཞི་ཆེའི་ཁོར་ཡུག་འགྱུར་ལྡོག་འགྲོ་བ་བརྒྱུད་དངུལ་ལོར་བཀྲམ་ཐལ་ཤོར་བའི་གནོན་ཤུགས་ཆེ་རུ་འགྲོ་བས་རང་ལྗོངས་ཀྱི་ཟོག་གོང་ལེགས་སྒྲིག་བྱེད་རྒྱུར་དཀའ་ངལ་ཆེ་རུ་འགྲོ་གི་ཡོད་པ། སྒྲིག་སྲོལ་དང་ལམ་སྲོལ་བསྒྱུར་བཅོས་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། དངུལ་རྩའི་ཐོག་ནས་ཐོན་ལས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་རྒྱུར་ད་དུང་སྔར་བས་ཤུགས་སྣོན་རྒྱག་དགོས་ཀྱི་ཡོད། 2009ལོའི་ཟླ་11པའི་ཟླ་མཇུག་བར་དངུལ་རྩའི་ལས་ཁུངས་སུ་དངུལ་བཅོལ་ལྷག་གྲངས་སྒོར་དུང་ཕྱུར་1029.82ཟིན་ཡོད་པ་དེ་དངུལ་བུན་དང་དངུལ་བཅོལ་གྱི་བསྡུར་ཚད་23.9%ཙམ་ལས་ཟིན་གྱི་མེད། གསུམ་ནི་2010ལོར་གཞི་རྩའི་འཛུགས་སྐྲུན་ཐད་ཀྲུང་དབྱང་གིས་མ་འཇོག་བྱེད་རྒྱུ་དེ་2009ལོའི་ཆུ་ཚད་ལ་གནས་པ་བྱེད་རྒྱུ་ཡིན་ཀྱང་སྟོབས་ཤུགས་གཅིག་སྡུད་ཀྱིས་གཙོ་གནད་སྲུང་འཛིན་དང་མ་འཇོག་གི་ཕན་འབྲས་མཐོ་རུ་གཏོང་ཕྱིར་ཀྲུང་དབྱང་གི་མ་འཇོག་བཀོད་སྒྲིག་གི་རྩ་དོན་ནི “འཛུགས་སྐྲུན་བྱེད་སྒང་དང་མཇུག་བསྡུའི་རྣམ་གྲངས་བཀོད་སྒྲིག་ཡག་པོ་བྱེད་དགོས་པ་དང་། མ་དངུལ་འདང་ངེས་གཏོང་དགོས་པ། ལས་གཞི་གསར་པ་རྩོམ་དགོས་རིགས་ཚོད་འཛིན་ནན་པོ ”བྱེད་རྒྱུ་ཡིན་པས་གལ་ཆེའི་རྣམ་གྲངས་གསར་པ་འཛུགས་དགོས་རིགས་ལ་ང་ཚོས་ཀྲུང་དབྱང་ནས་མ་དངུལ་རག་ཐབས་བྱེད་རྒྱུ་ཁག་ཏུ་ཕྱིན་ཡོད། ཕྱོགས་མཚུངས་རང་ལྗོངས་ཀྱི་དམངས་ཁྲོད་ཀྱི་མ་འཇོག་བྱེད་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ་དང་སྦྲགས་དམངས་ཁྲོད་ཀྱི་མ་འཇོག་འཕར་ཤུགས་ཆེན་པོ་ཡོང་བ་བྱེད་རྒྱུ་དེའང་ཇེ་ཁག་ཏུ་འགྲོ་བཞིན་ཡོད། བཞི་ནི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་པོ་ཡོད་པ་དང་། རྒྱལ་སྤྱིའི་ཐོག་ཀྲུང་གོར་ངོ་རྒོལ་བྱེད་མཁན་ཕྱོགས་གཏོགས་ཀྱིས་ང་ཚོ་ནུབ་ཕྱོགས་ཅན་དུ་བསྒྱུར་རྒྱུ་དང་ཁ་ཕྲལ་གཏོང་རྒྱུའི་ཆབ་སྲིད་ཀྱི་རེ་ངན་དང་དེ་བཞིན་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་ལ་སྔར་ནས་ད་བར་འགྱུར་བ་རྩ་བ་ནས་བཏང་མེད་པས་ང་ཚོས་ལྷོད་གཡེང་རྩ་བ་ནས་བྱེད་རྒྱུ་མེད།

        (གཉིས ) སྤྱིའི་བླང་བྱ་དང་གོང་འཕེལ་གྱི་དམིགས་ཚད།

        2010ལོ་ནི་རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན། 2010ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེས། ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་དང “ལོ་ལྔ་ཚན་བཅུ་གཅིག་པའི ”འབད་འཐབ་དམིགས་ཚད་ཕྱོགས་ཡོངས་ནས་མངོན་གྱུར་བྱེད་རྒྱུ་དང་། དཔལ་འབྱོར་དང་སྤྱི་ཚོགས་མྱུར་ཞིང་བརྟན་པོའི་སྒོ་ནས་གོང་འཕེལ་ཡོང་རྒྱུའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱེད་རྒྱུར་དོན་སྙིང་ཆེན་པོ་ལྡན་ཡོད། ང་ཚོས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པས་མཛུབ་ཁྲིད་བྱེད་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཀྲུང་དབྱང་གི་དུས་སྐབས་གསར་པའི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་ཁྲིད་བསམ་བློར་གཡོ་འགུལ་མི་གཏོང་བར་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཐོག རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་དང་ལྗོངས་ཏང་ཨུད་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་ཚོགས་འདུ་ཐེངས་དྲུག་པའི་ཇུས་གཞིའི་བཀོད་སྒྲིག་ལྟར་ཀྲུང་དབྱང་ནས་མུ་མཐུད་དེ་ནང་མཁོ་རྒྱ་ཆེར་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་པ་དང་བོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བའི་ཐོབ་པར་དཀའ་བའི་གོ་སྐབས་དེ་དམ་འཛིན་ལྷོད་མེད་བྱས་ནས་དཔལ་འབྱོར་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུ་དང་སྤྱི་ཚོགས་གཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་བརྗོད་དོན་གཙོ་བོར་འབྲལ་མེད་ཕྱོགས་ནས “ཐོན་ལས་དང་པོ་ཆུ་ཚད་མཐོ་རུ་གཏོང་བ་དང་། ཐོན་ལས་གཉིས་པ་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེ་གཏོང་བ ”བཅས་ཀྱི་དཔལ་འབྱོར་གོང་འཕེལ་གྱི་འཐབ་ཇུས་ལག་བསྟར་ཤུགས་ཆེ་བྱེད་རྒྱུ་དང་། ལས་འགན་ཨང་དང་པོ་དེ་དམ་པོར་འཛིན་རྒྱུ་དང་། ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་རྒྱུ། སྤྱི་ཚོགས་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་རྒྱུ། དམངས་འཚོ་ལེགས་བཅོས་བྱེད་རྒྱུར་ཤུགས་རྒྱག་རྒྱུ། སྣོད་བཅུད་དཔལ་ཡོན་དར་སྤེལ་གཏོང་རྒྱུ། བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱེད་རྒྱུ། སྤྱི་ཚོགས་བརྟན་ལྷིང་རྒྱུན་འཁྱོངས་ཡོང་བ་བྱེད་རྒྱུ་བཅས་བྱས་ནས “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་དམིགས་ཚད་ཕྱོགས་ཡོངས་ནས་ལེགས་གྲུབ་ཐུབ་པའི་འགན་ལེན་བྱས་ཏེ “ལོ་ལྔ་ཚན་བཅུ་གཉིས་པའི ”དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་འདིང་ཆེད། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་གོམ་སྟབས་གསར་པ་སྤོ་ཐུབ་པ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་སྔར་ལས་ཡག་པ་དང་། སྔར་ལས་མགྱོགས་པ། སྔར་ལས་ཆེ་བ་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་ཡིན།

        “འཆར་འགོད་དམིགས་ཚད་ཡོངས་སུ་ལེགས་སྒྲུབ་བྱེད་རྒྱུ་དང་གོང་འཕེལ་རྨང་གཞི་སྲ་བརྟན་གཏོང་རྒྱུར་ཤུགས་རྒྱག་དགོས་པའི ”བླང་བྱ་གཞིར་བཟུང་། ཧུར་བརྩོན་ཡར་ཐོན་དང་ལག་ལེན་བསྟར་ཐུབ་པའི་རྩ་དོན་ལ་གཞིགས་ཏེ་2010ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་དམིགས་ཚད་གཙོ་བོ་ནི། ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་12%ཡན་འཕར་བ་བྱེད་རྒྱུ་དང་། ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་འབབ་སྨར་13%ཡན་འཕར་བ་བྱེད་རྒྱུ། ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་20%ཡན་འཕར་བ་བྱེད་རྒྱུ། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་18%ཡན་འཕར་བ་བྱེད་རྒྱུ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་ཚོང་སྤྱི་འབོར་18%ཡན་འཕར་བ་བྱེད་རྒྱུ། གྲོང་ཁྱེར་གྲོང་བརྡལ་གྱི་ཐོ་འཁོད་ལས་ཤོར་བ་4.3%ནང་ཚུན་དུ་ཚོད་འཛིན་ཐུབ་པ་བྱེད་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་སྤྱིའི་ཆུ་ཚད་འཕར་ཚད་དེ་3.5%ནང་ཚུན་དུ་ཚོད་འཛིན་ཐུབ་པ་བཅས་བྱེད་རྒྱུའི་གཏན་འཁེལ་བྱ་རྒྱུ་ཡིན།

      (གསུམ ) 2010ལོའི་ལས་ཀའི་གཙོ་གནད།

        གོང་གསལ་དམིགས་ཚད་ལེགས་སྒྲུབ་བྱེད་ཆེད་2010ལོའི་དཔལ་འབྱོར་ལས་དོན་དེ “གཙོ་དོན་གཅིག ”ལ་དམ་པོར་དམིགས་དགོས་པ་སྟེ། དེའང “ལོ་ལྔ་ཚན་བཅུ་གཅིག་པའི ”དམིགས་ཚད་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱེད་རྒྱུ་དང “ལོ་ལྔ་ཚན་བཅུ་གཉིས་པའི ”དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་རྨང་གཞི་འདིང་རྒྱུ་ཡིན་པ་དང་། “གོ་སྐབས་གཉིས ”དམ་པོར་འཛིན་དགོས་པ་སྟེ། ཀྲུང་དབྱང་གིས་རང་ལྗོངས་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་པ་དང་རྒྱལ་ཁབ་ཀྱིས་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འཐབ་ཇུས་ལག་བསྟར་གཏིང་ཟབ་ཏུ་གཏོང་རྒྱུའི་གོ་སྐབས་གཉིས་དམ་འཛིན་བྱེད་རྒྱུ་ཡིན་པ། “འབྲེལ་བ་ཁག་གསུམ ”གཙོ་གནད་དུ་བཞག་ནས་སྟངས་འཛིན་བྱེད་དགོས་པ་སྟེ། བརྟན་ལྷིང་དང་གོང་འཕེལ་གཏོང་རྒྱུའི་དབར་གྱི་འབྲེལ་བ་དང་། ཉེ་བའི་གོང་འཕེལ་གཏོང་རྒྱུ་དང་ཡུན་རིང་གོང་འཕེལ་གཏོང་རྒྱུའི་དབར་གྱི་འབྲེལ་བ། དཔལ་འབྱོར་འཕར་ཚད་དང་སྤུས་ཚད་ཀྱི་ཕན་འབྲས་དབར་གྱི་འབྲེལ་བ་བཅས་སྟངས་འཛིན་ཡག་པོ་བྱེད་དགོས་པ་ཡིན་པ། “གཙོ་གནད་དྲུག ”དམ་འཛིན་ཏན་ཏིག་བྱེད་དགོས་པ་སྟེ། ཞིང་འབྲོག་ལས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུར་ཤུགས་བརྒྱབ་ནས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་ཟམ་མི་ཆད་པ་གཏོང་རྒྱུ་དང་། རང་ངོས་གོང་འཕེལ་གཏོང་ནུས་ཆེ་རུ་གཏོང་རྒྱུར་ཤུགས་བརྒྱབ་ནས་ཐོན་ལས་སྐྱོང་སྤེལ་གྱི་གོམ་སྟབས་ཇེ་མགྱོགས་སུ་ཟམ་མི་ཆད་པ་གཏོང་རྒྱུ། དཔལ་འབྱོར་གོང་འཕེལ་གཏོང་སྟངས་ལ་ཁ་སྒྱུར་བྱེད་རྒྱུར་ཤུགས་བརྒྱབ་ནས་མ་འཇོག་དང་འཛད་སྤྱོད་གཉིས་པོས་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་ནུས་པ་ཆེ་རུ་ཟམ་མི་ཆད་པ་གཏོང་རྒྱུ། དམངས་འཚོ་ལེགས་བཅོས་བྱེད་རྒྱུར་ཤུགས་བརྒྱབ་ནས་སྤྱི་ཚོགས་བྱ་གཞག་ཁག་གོང་འཕེལ་འགྲོ་རྒྱུར་སྐུལ་སྤེལ་ཟམ་མི་ཆད་པ་གཏོང་རྒྱུ། བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱེད་རྒྱུར་ཤུགས་བརྒྱབ་ནས་གོང་འཕེལ་གྱི་ཁོར་ཡུག་ལེགས་བཅོས་ཟམ་མི་ཆད་པ་བྱེད་རྒྱུ། སྣོད་བཅུད་དཔལ་ཡོན་དར་སྤེལ་གཏོང་རྒྱུར་ཤུགས་བརྒྱབ་ནས་མི་དང་རང་འབྱུང་ཁམས་མཐུན་སྦྱོར་ངང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་ཟམ་མི་ཆད་པ་གཏོང་རྒྱུ་བཅས་ཡིན།

        གསུམ། 2010ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ལས་འགན་གཙོ་བོ།

        (གཅིག ) འགག་རྩའི་ལྷུ་ཚིགས་དམ་འཛིན་ནན་པོ་བྱས་ནས “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ནང་གཏན་འཁེལ་བྱས་པའི “ལོ་རེའི་ཆ་སྙོམས་དཔལ་འབྱོར་འཕར་ཚད་12%ཡན་ཟིན་པའི ”དམིགས་ཚད་མངོན་གྱུར་ཐུབ་པ་བྱེད་རྒྱུ།

        1.མ་འཇོག་རག་ཐབས་ཧུར་ཐག་བྱེད་རྒྱུ། རྒྱལ་ཁབ་གོང་འཕེལ་བསྒྱུར་བཅོས་ཨུ་ལྷན་སོགས་འབྲེལ་ཡོད་པུའུ་ཨུད་ལ་སྙན་སེང་དང་འབྲེལ་གཏུགས་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་རང་སྐྱོང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་རྣམ་གྲངས་ཀྱི་ལེགས་སྒྲིག་ཇུས་གཞི་དང “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་རྣམ་གྲངས་ཀྱི་ཇུས་གཞིར་བཀའ་མཆན་སྔ་ཙམ་ཐོབ་ཐབས་བྱས་ནས “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ནང་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་བདེ་བླག་ངང་ལེགས་སྒྲུབ་བྱེད་རྒྱུ་དང་“ལོ་ལྔ་ཚན་བཅུ་གཉིས་པའི ”ཡུན་རིང་གོང་འཕེལ་གཏོང་རྒྱུར་རྨང་གཞི་འདིང་རྒྱུ། རྒྱལ་ཁབ་ཀྱི་མ་འཇོག་དོན་འཁྱོལ་ཐུབ་རྒྱུའི་ལས་དོན་མུ་མཐུད་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། ཀྲུང་དབྱང་གི་མ་འཇོག་སྒོར་དུང་ཕྱུར་220དོན་འཁྱོལ་ཐུབ་ཐབས་བྱེད་དགོས་པ། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་440ཡན་བརྒལ་ཐབས་བྱེད་རྒྱུ། གཙོ་གནད་རྣམ་གྲངས་ཀྱི་སྔོན་གྲབས་ལས་དོན་ལ་ཤུགས་སྣོན་གང་ཆེ་རྒྱག་རྒྱུ། རྩད་ཞིབ་དང་ཇུས་འགོད་བྱེད་རྒྱུར་འོས་སྐུལ་འོས་དཔོད་བྱེད་པའི་ལམ་ལུགས་ཁྱབ་སྤེལ་ཧུར་ཐག་བཏང་ནས་རྣམ་གྲངས་བློ་འདྲིའི་རིགས་སྒྲུབ་ཁུངས་སྐྱེལ་བྱེད་པའི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་སྔོན་གྲབས་ལས་ཀའི་འགན་འཁྲི་བདའ་འདེད་གཏོང་ལམ་འཛུགས་རྒྱུ། དམངས་འཚོའི་ལས་གཞི་དང་། གལ་ཆེའི་རྨང་གཞིའི་སྒྲིག་བཀོད། ཁྱད་ལྡན་དགེ་སྟོབས་ཐོན་ལས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། བརྟན་ལྷིང་སྲུང་སྐྱོང་བྱེད་ནུས་ཆེ་རུ་གཏོང་རྒྱུ་སོགས་ཀྱི་གཙོ་གནད་རྣམ་གྲངས་ཀྱི་སྔོན་གྲབས་ལས་དོན་གང་མགྱོགས་ལེགས་གྲུབ་ཐུབ་པའི་འགན་ལེན་བྱེད་རྒྱུ། ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་དང་། ལྷ་ས་ནས་གོང་དཀར་གནམ་ཐང་བར་གྱི་ཆེད་སྤྱོད་གཞུང་ལམ། གཞིས་རྩེའི་ཞི་བདེ་གནམ་ཐང་། ལྷ་ས་གོང་དཀར་གནམ་ཐང་སོགས་ཀྱི་རྣམ་གྲངས་ལ་ཞིབ་བཤེར་མཆན་འགོད་བྱེད་རྒྱུ་ཇེ་མགྱོགས་སུ་གཏོང་རྒྱུ་དང་། ལྷག་པར་དུ་གློག་མཁོ་འདོན་དབར་གྱི་འགལ་ཟླ་ཐག་གཅོད་བྱེད་རྒྱུར་དམིགས་ནས་མཚོ་བོད་ཐད་གཏོང་གློག་རྒྱུན་དྲ་རྒྱ་འཛུགས་རྒྱུ་དང་། རྫམ་གློག་ཁང་དང་། མགོ་རྡོག་གློག་ཁང་། གློག་མེད་པའི་ས་ཁུལ་ལ་གློག་ཁྲིད་རྒྱུའི་འཆར་འགོད་བྱེད་རྒྱུ་སོགས་ཀྱི་གལ་ཆེའི་རྣམ་གྲངས་ལ་ཞིབ་བཤེར་མཆན་འགོད་བྱེད་རྒྱུ་ཇེ་མགྱོགས་སུ་གཏོང་རྒྱུ། འཛུགས་སྐྲུན་བྱེད་སྒང་གི་རྣམ་གྲངས་རིགས་ལ་དོ་དམ་ཞིབ་ཚགས་བྱེད་རྒྱུ་སྔར་བས་ཤུགས་ཆེར་བཏང་ནས་བྱ་སྤྱོད་མགྱོགས་པ་དང་། བྱ་ཐབས་གནད་ལ་འཁེལ་བ། ལས་དོན་ཚགས་ཚུད་པ་བཅས་བྱས་ནས་འགན་འཁྲིའི་འདུ་ཤེས་དང་། སྤུས་ཚད་ཀྱི་འདུ་ཤེས། བདེ་འཇགས་ཀྱི་འདུ་ཤེས་བཅས་སྔར་བས་ཟབ་ཏུ་གཏོང་རྒྱུ། གཞི་རྩའི་འཛུགས་སྐྲུན་ལས་རིམ་ལག་བསྟར་ནན་པོ་བྱས་ནས་རྣམ་གྲངས་ཀྱི “ལམ་ལུགས་བཞི ”དོན་འཁྱོལ་ནན་པོ་བྱས་ཏེ་ས་ཆ་སྤྱོད་རྒྱུ་དང་། ཁོར་ཡུག་སྲུང་སྐྱོང་། ནུས་རྒྱུ་བསྲི་ཚགས་བྱེད་རྒྱུ་བཅས་ཀྱི་བླང་བྱ་ནན་པོར་གཞིགས་ཏེ་ལས་གྲྭའི་སྤུས་ཚད་དང་འཛུགས་སྐྲུན་ཚད་གཞི་འགན་ལེན་ཐུབ་པ་བྱེད་རྒྱུ། ཀྲུང་ནེ་གཞུང་ལམ་དང་། ཁྲོན་བོད་གཞུང་ལམ། ཤིན་བོད་གཞུང་ལམ། ཡུན་བོད་གཞུང་ལམ། རྫོང་མཐུད་དང་རྫོང་སྦྲེལ་གཞུང་ལམ། གྲོང་གསེབ་ཀྱི་གཞུང་ལམ་བཟོ་བའི་དུས་ཐེངས་གསུམ་པའི་ལས་གཞི། རྒྱལ་སྲུང་མཐའ་སྲུང་དང་འགག་སྒོའི་གཞུང་ལམ། སྦྲག་ལས་རྨང་གཞིའི་སྒྲིག་བཀོད། དངོས་ཨ་ཕྲང་གློག་ཁང་། ཆུ་འདྲེན་ཁུལ་ཆེ་གྲས་གསུམ། གཙང་ཆུའི་འབྲུབ་འགོག་ལས་གཞི། ཕུ་མདོའི་ཆུ་བེད་ལྟེ་གནས། ཆུ་འདྲེན་ཁུལ་གཙོ་གནད་དང་ཆུ་བསྲི་ཕན་སྐུལ་ལས་གཞི། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ལྟ་སྐུལ་མ་ལག “གཙང་གཅིག་ཆུ་གཉིས ”རྒྱུགས་ཁུལ་གྱི་ཕྱོགས་བསྡུས་གསར་སྤེལ། དབུལ་སྐྱོར་གསར་སྤེལ། ཞིང་འབྲོག་ཁུལ་གྱི་རྨང་གཞིའི་འཕྲོད་བསྟེན་སྨན་བཅོས་སྒྲིག་བཀོད། འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ སློབ་ཆུང་ཚད་ལྡན་ཅན་གྱི་འཛུགས་སྐྲུན། རླུང་འཕྲིན་བཪྙན་འཕྲིན་གྲོང་ཚོ་ཀུན་ཁྱབ་ལས་གཞི (དུས་ཁག་གཉིས་པ )གཙོ་གནད་སྲུང་སྐྱོབ་ཀྱི་རིག་དངོས་ཉམས་གསོའི་ལས་གཞི། བོད་ལྗོངས་ནང་བསྟན་སློབ་གླིང་། ལྷ་ས་གྲོང་ཁྱེར་གྱི་སྟེང་འོག་ཆུ་འགྲོ རྫོང་དང་གྲོང་ཁྱེར་གྱི་གད་སྙིགས་སྦས་ས། བཙོག་ཆུ་གཙང་གསིང་བཟོ་རྒྱུ། མཐའ་མཚམས་སྐོར་གཡེང་འགྲོ་ལམ་དང་ལྟ་བཤེར་སྒྲིག་ཆས། རྫོང་གི་སྤྱི་ཞིབ་ཁྲིམས་གསུམ་གྱི་རྨང་གཞིའི་སྒྲིག་བཀོད་དང “ཁང་གཉིས་ཐིང་གཅིག ”སོགས་ཀྱི་རྣམ་གྲངས་གཙོ་གནད་དུ་བཟུང་ནས་ལག་བསྟར་ཡག་པོ་བྱེད་རྒྱུ། ལས་གྲྭ་ཞིབ་བཤེར་རྩིས་ལེན་ལས་དོན་དམ་འཛིན་ཡག་པོ་བྱེད་རྒྱུ། རྣམ་གྲངས་བསྐྲུན་རྗེས་ཀྱི་གདེང་འཇོག་ཚོད་ལྟའི་ལས་དོན་ཧུར་ཐག་སྤེལ་ནས་རྣམ་གྲངས་180ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱེད་རྒྱུ་དང་ཕྱོགས་བསྡོམས་བྱེད་རྒྱུའི་ལས་དོན་ཡག་པོ་བསྒྲུབ་རྒྱུ། རྣམ་གྲངས་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ལས་གྲྭའི་སྤུས་ཚད་དང་། ཉེན་མེད་ཐོན་སྐྱེད། འཛུགས་སྐྲུན་ལས་རིམ། མ་འཇོག་གི་ཕན་འབྲས་བཅས་འགན་ལེན་ཐུབ་པ་བྱེད་རྒྱུ། རྣམ་གྲངས་དོ་དམ་ལ་ཤུགས་སྣོན་ཏན་ཏིག་རྒྱག་རྒྱུ། རྒྱལ་སྲིད་སྤྱི་ཁྱབ་ཁང་དོན་གཅོད་ཐིང་གི 《གསར་གཉེར་རྣམ་གྲངས་ལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་དང་ཚད་ལྡན་བཟོ་ཕྱོགས་སྐོར་གྱི་བརྡ་ཐོ 》(རྒྱལ་དོན་སྤེལ [2007]ཡིག་ཨང་64པའི )བླང་བྱ་གཞིར་བཟུང་། རྣམ་གྲངས་གསར་གཉེར་བྱེད་རྒྱུའི་ཆ་རྐྱེན་ཁག་8ཀྱི་ཚད་གཞི་ནན་པོ་བཟོས་ནས་ཁོར་ཡུག་སྲུང་སྐྱོང་དང་། ས་ཆ་བེད་སྤྱོད། འཆར་འགོད་བྱེད་རྒྱུ་སོགས་སྔོན་ཚུད་ནས་སྒྲུབ་དགོས་པའི་ཞིབ་བཤེར་མཆན་འགོད་འགྲོ་ལུགས་གང་མགྱོགས་ཆ་ཚང་དུ་གཏོང་དགོས་པ་དང་། འཛུགས་སྐྲུན་གྱི་ཆ་རྐྱེན་ཁག་དོན་འཁྱོལ་ཧུར་ཐག་བྱེད་དགོས། མ་དངུལ་གཏོང་སྤྱོད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ནོར་སྲིད་ཀྱི་གཞི་རྩའི་འཛུགས་སྐྲུན་གྱི་འཁོར་རྒྱུགས་མ་དངུལ་བེད་སྤྱོད་ཡག་པོ་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་ལ་དགོས་པའི་མ་དངུལ་འགན་ལེན་བྱེད་རྒྱུ། མཐུན་སྦྱོར་བྱེད་རྒྱུར་ཤུགས་སྣོན་དང་། ཚན་རིག་དང་མཐུན་པའི་སྒྲིག་འཛུགས། ཨར་ལས་ཞིབ་ཚགས་བཅས་བྱས་ཏེ་སྤུས་ཚད་དང་མྱུར་ཚད་འགན་ལེན་ཐུབ་པ་བྱེད་རྒྱུ།

        2.འཛད་སྤྱོད་བྱེད་རྒྱ་ཆེ་རུ་ཧུར་ཐག་གཏོང་རྒྱུ། རྒྱལ་ཁབ་ཀྱིས་ལག་བསྟར་བྱས་པའི་འཛད་སྤྱོད་ལ་ངར་སྐུལ་གཏོང་རྒྱུའི་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ་རང་ལྗོངས་ཀྱི་འཛད་སྤྱོད་བྱེད་རྒྱ་སྔར་བས་ཆེ་རུ་གཏོང་རྒྱུའི་འབྲེལ་ཡོད་བྱ་ཐབས་སྔར་བས་ཚགས་ཚུད་གཏོང་རྒྱུ། ཁྲོམ་ར་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ས་གནས (གྲོང་ཁྱེར )བདུན་གྱི་ཞིང་ལས་ཐོན་རྫས་སྡེབ་ཚོང་ཁྲོམ་ར་དང་། རྫོང་རིམ་པའི་ཞིང་ལས་ཉོ་ཚོང་ཁྲོམ་ར། མཐའ་མཚམས་ཉོ་ཚོང་ཁྲོམ་ར་བཅས་འཛུགས་སྐྲུན་བྱེད་རྒྱུ་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱེད་རྒྱུ་དང་། ཏེན་ཚྭ་ཚོང་གཉེར་དྲ་རྒྱའི་མ་ལག་འཛུགས་སྐྲུན་བྱེད་རྒྱུ་ཧུར་ཐག་སྤེལ་རྒྱུ། “གྲོང་ཁྲི་ཤང་སྟོང ”ལས་གཞི་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་ཁུལ་གྱི་འཛད་སྤྱོད་བྱེད་རྒྱ་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ། “ཁྱིམ་སྤྱོད་གློག་ཆས་དང་། ནང་ཆས། མོ་ཊ་བཅས་གྲོང་གསེབ་ཏུ་གཏོང་རྒྱུའི ”ལས་གཞི་མུ་མཐུད་ལག་བསྟར་ཡག་པོ་བྱེད་རྒྱུ། ཉེ་བའི་ལོ་ཤས་ནང་རང་ལྗོངས་ཀྱིས་ཁྱབ་སྤེལ་བཏང་བའི་སྡོད་ཁང་སོགས་འཛད་སྤྱོད་ཆེ་རིགས་ཉམས་ཞན་དུ་མི་འགྲོ་བ་བྱེད་རྒྱུ་དང་འབྲེལ་འཛད་སྤྱོད་དར་སོ་གསར་པའི་རིགས་དང་། འཛད་སྤྱོད་ཐབས་ལམ། བྱེད་སྟངས་བཅས་གསར་གཏོད་ཧུར་ཐག་བྱེད་རྒྱུ་དང་། རིག་གནས་དང་། ལུས་སྦྱོང་། རོལ་རྩེད། ས་ཁང་ཐོན་ལས་ཁྲོམ་ར། སྤྲོ་གསེང་། གྲོང་འདབས་ཡུལ་སྐོར་སོགས་ཀྱི་འཛད་སྤྱོད་དར་སོ་གསར་པའི་རིགས་དར་ཤུགས་ཆེ་རུ་བཏང་ནས་འཛད་སྤྱོད་ཀྱི་གདང་རིམ་མཐོ་རུ་གཏོང་རྒྱུ། འཛད་སྤྱོད་ཀྱི་ཡིད་རྟོན་དངུལ་བུན་ལམ་ལུགས་བསྒྱུར་བཅོས་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས་དངུལ་བུན་གཡར་རྒྱུའི་ཆ་རྐྱེན་གང་འཚམ་ལྷུག་ཏུ་བཏང་སྟེ་མི་སྒེར་གྱི་ཡིད་རྟོན་དངུལ་བུན་བླངས་པའི་ཐོག་འཛད་སྤྱོད་བྱེད་རྒྱུར་སྐུལ་ལྕག་གཏོང་རྒྱུ། འཛད་སྤྱོད་ཁྲོམ་ར་ལེགས་སྒྲིག་དང་ཚད་ལྡན་བཟོ་ཤུགས་ཆེ་རུ་བཏང་ནས་བརྡ་ཁྱབ་རྫུན་མ་དང་། རྫུན་བཟོ་རྫུན་འཚོང་། ཚོང་ལས་ཀྱི་མགོ་སྐོར། ཉོ་འཚོང་བཙན་ཤེད་སོགས་ཀྱི་བྱེད་སྤྱོད་རིགས་ལ་ཁྲིམས་ལུགས་གཞིར་བཟུང་གནོན་འདོམས་བྱས་ནས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་དང་འཛད་སྤྱོད་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུ།

        3.ཕྱི་ནང་སྒོ་མོ་དབྱེ་རྒྱུའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུ། ལྗོངས་ཕྱི་ནང་དང་རྒྱལ་ཕྱི་རྒྱལ་ནང་གི་ཁྲོམ་ར་གཉིས་དང་། ཐོན་ཁུངས་སྣ་རིགས་གཉིས་གཅིག་གྱུར་འཆར་འགོད་བྱས་ཏེ་སྒོ་དབྱེའི་འདུ་ཤེས་ཆེ་རུ་གཏོང་རྒྱུ་དང་། གོང་འཕེལ་གྱི་ཁོར་ཡུག་ལེགས་སྒྱུར་བྱེད་རྒྱུ། ཚོང་དང་མ་རྩ་འདྲེན་འགུགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་བཅས་བྱས་ཏེ་ཚོང་དང་མ་རྩ་འདྲེན་འགུགས་བྱེད་རྒྱུའི་གཞི་ཁྱོན་སྒོར་དུང་ཕྱུར་70ཡན་ཟིན་ཐུབ་པ་བྱེད་རྒྱུ། གཞུང་ཁོངས་ཁེ་ལས་ཆེ་འབྲིང་རིགས་དང་དཔལ་འབྱོར་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་རྒྱུ་དང་ནག་ཆུའི་ཟོག་འགྲེམས་ལྟེ་གནས་ཀྱི་ཚོང་དང་མ་རྩ་འདྲེན་འགུགས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁེ་ལས་དེ་བས་མང་བ་བོད་དུ་གཞིས་འཇགས་ཐུབ་རྒྱུར་འདྲེན་འགུགས་བྱེད་རྒྱུ། ག་སྦྱར་བོད་སྐྱོར་བྱེད་ཐེངས་དྲུག (བཞི་པ )པའི་མཐུན་སྦྱོར་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་ནས་བོད་སྐྱོར་རྣམ་གྲངས་དོ་དམ་བྱེད་སྟངས་སྔར་བས་ཚགས་ཚུད་དུ་བཏང་སྟེ་བོད་སྐྱོར་མ་དངུལ་རྣམས་དོན་འཁྱོལ་ཡག་པོ་བྱེད་རྒྱུ། དྲིལ་བསྒྲགས་ངོས་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ལྗོངས་ནང་ཁུལ་གྱི་ཁེ་ལས་ཕྱི་ལ་འགྲོ་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ་ནང་སའི་ཁྲོམ་རར་འཛུལ་ཞུགས་ཐུབ་པའི་འབད་བརྩོན་བྱེད་རྒྱུ། 2010ལོའི་ཧྲང་ཧའེ་འཛམ་གླིང་དངོས་རིགས་འགྲེམས་ཚོགས་བོད་ལྗོངས་འགྲེམས་ཁང་གི་སྒྲིག་གཤོམ་བྱེད་རྒྱུ་དང་འཁོར་སྐྱོད་བྱེད་རྒྱུ་སོགས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་འགྲེམས་སྟོན་ནང་ཞུགས་རྒྱུ་དང་བོད་ཀྱི་བྱེད་སྒོའི་གཟའ་འཁོར་སོགས་གཉེར་རྒྱུའི་ལས་དོན་ཁག་ཡག་པོ་སྒྲུབ་ཐུབ་པའི་འགན་ལེན་བྱེད་རྒྱུ། ཨེ་ཤེ་ཡ་ལྷོ་མའི་ཚོང་དོན་བགྲོད་ལམ་ཆེན་པོ་གང་མགྱོགས་སྐྲུན་རྒྱུ། མཐའ་མཚམས་འགག་སྒོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཡག་པོ་བྱས་ནས་མཐའ་མཚམས་ཀྱི་ཉོ་ཚོང་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ། ཕྱིར་གཏོང་གཞོགས་སྐྱོར་སྲིད་ཇུས་ཚགས་ཚུད་དུ་བཏང་ནས་རང་བཟོས་ཐོན་རྫས་ཕྱིར་གཏོང་བྱེད་རྒྱུ་མང་དུ་བཏང་སྟེ་ལོ་ཧྲིལ་པོའི་ཕྱིར་གཏོང་ནང་འདྲེན་ཉོ་ཚོང་གི་དངུལ་འབབ་10%འཕར་ཐུབ་པ་བྱེད་རྒྱུ་བཅས་ཡིན།

        (གཉིས ) ལས་འགན་ཨང་དང་པོ་དེ་དམ་འཛིན་ལྷོད་མེད་བྱས་ནས “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ནང་གཏན་འཁེལ་བྱས་པའི “ཞིང་འབྲོག་མང་ཚོགས་མི་རེའི་ལོ་རེའི་འབབ་སྨར་13%ཡན་འཕར་བ་བྱེད་རྒྱུའི ”དམིགས་ཚད་མངོན་གྱུར་ཡོང་བའི་འགན་ལེན་བྱེད་རྒྱུ།

        1. ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་ཤུགས་ཆེ་གཏོང་རྒྱུ། ནུས་ཤུགས་ཡོད་རྒུས་ས་ཞིང་དང་། ཆུ་བེད། སྐྱས་སྤོས་རྩྭ་གསོ། ནགས་འདེབས་སྔོ་སྒྱུར་བྱེད་རྒྱུ། འབྲོག་པ་གཞིས་ཆགས་བྱེད་རྒྱུ། གྲོང་གསེབ་ཀྱི་ཁྱིམ་སྤྱོད་རྫབ་རྫིང་འཛུགས་སྐྲུན་བྱེད་རྒྱུ་སོགས་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་དང་རྨང་གཞིའི་སྒྲིག་བཀོད་དང་འབྲེལ་བ་ཡོད་པའི་རྣམ་གྲངས་རིགས་འཛུགས་སྐྲུན་ཡག་པོ་བྱས་ནས་ཞིང་འབྲོག་ལས་ཀྱི་རྨང་གཞི་ཟམ་མི་ཆད་པར་སྲ་བརྟན་དུ་གཏོང་རྒྱུ། ཤང (གྲོང་བརྡལ )85%ཙམ་ལ་སྦྲག་གཏོང་ཐུབ་པ་དང་སྒྲིག་ཚུད་གྲོང་ཚོ་88%ལ་ཁ་པར་གཏོང་ཐུབ་པའི་འབད་བརྩོན་བྱེད་རྒྱུ། ཞིང་འབྲོག་ཁུལ་གྱི་གློག་ཤུགས་དང་གནོད་མེད་འཐུང་ཆུ་སོགས་ཀྱི་ལས་གྲྭ་འཛུགས་སྐྲུན་སྔར་བས་ཤུགས་ཆེར་བཏང་ཐོག སླར་ཡང་མི་ཁྲི་15ཙམ་ལ་གློག་སྤྱོད་རྒྱུ་ཡོང་བ་དང་མི་ཁྲི་25ཙམ་ལ་གནོད་མེད་འཐུང་ཆུ་ཡོད་པ་བྱེད་རྒྱུ། ཞིང་འབྲོག་ལས་ཀྱི་ཚན་རྩལ་ཞབས་ཞུའི་མ་ལག་དང་། ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་ཐད་ཀྱི་གནོད་མེད་མ་ལག་སྲོག་ཆགས་ཀྱི་རིམས་འགོག་མ་ལགཞིང་འབྲོག་ལས་ཀྱི་གནོད་འགོག་གེགས་སེལ་མ་ལག་བཅས་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ། འབྲུ་རིགས་ཐོན་འབབ་བརྟན་གནས་དང་ལྷག་པར་དུ་ནས་ཀྱི་ཐོན་འབབ་བརྟན་གནས་ཡོང་བ་བྱེད་རྒྱུ་གཙོ་གནད་དུ་བཟུང་ཐོག་འདེབས་འཛུགས་ལས་རིགས་དམ་འཛིན་བྱེད་རྒྱུ། ཞིང་ཕན་ཞིང་སྐྱོར་སྲིད་ཇུས་ནན་ཏན་གྱིས་དོན་འཁྱོལ་བྱས་ཏེ་འབྲུ་རིགས་ཀྱི་ཐད་གསབ་དང་། སོན་བཟང་གི་ཁ་གསབ། ཞིང་འཕྲུལ་ཡོ་བྱད་ཀྱི་ཁ་གསབ་བཅས་དུས་ཐོག་ཏུ་སྤྲོད་རྒྱུ། ལོ་ཏོག་གི་གཙོ་འདེབས་སྣ་རིགས་དང་གཙོ་ཁྲིད་སྣ་རིགས་ཁྱབ་བསྒྲགས་དང་འོས་སྦྱོར་བྱེད་རྒྱུ་མུ་མཐུད་ཁྱབ་སྤེལ་གཏོང་རྒྱུ། ཞིང་ལས་ཚན་རྩལ་ཁྱབ་གདལ་ཡག་པོ་བཏང་ནས་འབྲུ་རིགས་དང་པད་ཁ་མུའུ་རེའི་ཐོན་ཚད་གོང་མཐོར་གཏོང་རྒྱུ་དང་། ས་དཔྱད་ལུད་སྦྱོར་དང་། ས་རྒྱུ་ལེགས་སྒྱུར། ཞིང་འཕྲུལ་ཅན་སོགས་གོ་ཆོད་ལག་རྩལ་ཁྱབ་གདལ་གཏིང་ཟབ་གཏོང་རྒྱུ། བྱ་རིགས་དང་ཕྱུགས་རིགས་ཀྱི་རྒྱུད་བཟང་ལེགས་འགྱུར་དང་གསོ་སྤེལ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཕྱུགས་ལས་གསོ་སྤེལ་བྱེད་སྟངས་འགྱུར་ལྡོག་བཏང་ནས་ཕྱུགས་རིགས་བཤས་གཏོང་ཚད་ཆེ་རུ་གཏོང་རྒྱུ་དང་རྩྭ་འདེབས་ཤུགས་ཆེ་རུ་གཏོང་རྒྱུ། སྲོག་ཆགས་ཀྱི་རིམས་ནད་ཆེ་རིགས་འགོག་བཅོས་བྱེད་རྒྱུར་དམ་འཛིན་བྱས་ཏེ་ནད་རིམས་ཐར་ཚད་དང་སྤུས་ཚད་གཉིས་ཀ་གོང་མཐོར་བཏང་ནས་ཕྱུགས་ལས་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུར་འགན་ལེན་བྱེད་རྒྱུ།

        2.ཁྱད་ལྡན་ཞིང་འབྲོག་ལས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱེད་རྒྱུ། ཁྱད་ལྡན་ཞིང་འབྲོག་ལས་ཐོན་སྒོ་འབྱེད་རྒྱུའི་བསམ་གཞི་སྔར་བས་ཁ་གསལ་ཡོང་བ་བྱེད་རྒྱུ་དང་། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དང་ཁྱད་ལྡན་ཐོན་ཁུལ་ཁག་ཅིག་གཙོ་གནད་དུ་བཞག་ནས་སྐྱོང་སྤེལ་བྱེད་རྒྱུ། འགྲན་ནུས་ཆེ་བའི་ཞིང་ཕྱུགས་ཐོན་རྫས་ཐོན་ཁུལ་ཁག་ཅིག་སྟོབས་ཆེར་བཏང་ནས་ཁུལ་ཁོངས་ཁྱབ་སྟངས་དང་ཆེད་ལས་ཁག་བགོས་ལུགས་མཐུན་ཡོང་བ་བྱེད་རྒྱུ། སྤྱིར་ན “གཅིག་འདུས་དང་། མུ་སྦྲེལ་གོང་འཕེལ། ཕན་འབྲས་གཙིགས་ཆེན ”བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཐོག་སྣེ་མང་ཅན་དང་། བང་རིམ་མང་བ། སྤུས་ཚད་ལྡན་པ། གནས་ཚུལ་ལ་གཞིགས་ནས་གོང་འཕེལ་གཏོང་རྒྱུ་བཅས་ཀྱི་ཁྲོམ་རའི་དགོས་མཁོ་གཞིར་བཟུང་ཆེད་ལས་ཅན་དང་། གཞི་ཁྱོན་ཅན། ཐོན་ལས་ཅན་བཅས་གཙོ་ཆེར་བཟུང་ནས་ཁྲོམ་རར་ཁྱབ་ཚད་ཆེ་བ་དང་། དཔལ་འབྱོར་གྱི་ཕན་འབྲས་ཆེ་བ། ཁྲོམ་རའི་གནས་ཚུལ་བཟང་བ་བཅས་ཀྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་གཙོ་གནད་དུ་བཞག་ནས་གོང་འཕེལ་གཏོང་རྒྱུ། ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་ཐོན་སྐྱེད་རྟེན་གཞི་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་བོད་ནུབ་བྱང་གི་ཁུ་ལྡན་ར་དང་། བོད་བྱང་ཤར་གྱི་འབྲི་གཡགབོད་ནུབ་རྒྱུད་ཀྱི་ལུག་སོགས་ཐོན་ལས་ཁུལ་ཁག་བདུན་འཛུགས་སྐྱོང་ཡག་པོ་བྱེད་རྒྱུ།

        3.ཐབས་བརྒྱ་ཇུས་སྟོང་སྒོ་ནས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་རྒྱུན་ཆད་མེད་པར་འཕར་སྣོན་ཡོང་བ་བྱེད་རྒྱུ། ཞིང་འབྲོག་ལས་ཀྱི་ནང་ཁུལ་གྱི་འབབ་འཕར་ཡོང་བའི་གཏིང་ཤུགས་སྔོག་འདོན་གང་ལེགས་བྱས་ཐོག “ཞིང་འབྲོག་ལས་ཀྱི་ཐོན་སྐྱེད ”རྨང་གཞི་དེ་གཙོ་གནད་དུ་བཞག་ནས་དམ་འཛིན་བྱེད་དགོས་པ་དང་ཞིང་འབྲོག་མང་ཚོགས་ཀྱི་ཐོན་ལས་དང་པོའི་ཡོང་འབབ་འཕར་བ་བྱེད་རྒྱུ། ཁྱད་ལྡན་ཞིང་འབྲོག་ལས་ལ་རོགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས “ཀུང་སི་+རྟེན་གཞི་+ཞིང་དུད ”བཅས་ཀྱི་ཁེ་ཕན་མཉམ་འབྲེལ་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས་ངལ་ནུས་དཔལ་འབྱོར་གོང་འཕེལ་ཤུགས་ཆེ་བཏང་ནས་ཞིང་འབྲོག་མང་ཚོགས་ལས་གྲྭའི་འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་ལྕག་དང་སྒྲིག་འཛུགས་བྱེད་རྒྱུ་དང་ཞིང་འབྲོག་མང་ཚོགས་ཀྱི་ཨར་ལས་རུ་ཁག་ལ་གཞོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས “ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་དང་ངལ་ནུས་ཕྱིར་གཏོང ”བྱེད་རྒྱུ་དེ་གཉིས་ཡོང་འབབ་འཕར་སྣོན་ཡོང་ཁུངས་ཀྱི་བཀྲག་ཆེ་ས་གཉིས་སུ་འགྱུར་ཐུབ་པའི་འབད་བརྩོན་བྱེད་རྒྱུ། ཞིང་འབྲོག་མང་ཚོགས་ལ་རྩལ་ནུས་སྦྱོང་བརྡར་སྤྲོས་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱི་བར་བརྒྱུད་དཔུང་ཁག་སྐྱོང་སྤེལ་ཧུར་ཐག་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་ཕྱོགས་བསྡུས་བྱང་ཚད་དང་རྩ་འཛུགས་ཅན་དུ་གྱུར་རྒྱུའི་ཆུ་ཚད་གོང་མཐོར་གཏོང་རྒྱུ་དང་འབྲེལ་དོ་དམ་ཞབས་ཞུའི་མ་ལག་འཛུགས་པ་དང་ཚགས་ཚུད་དུ་བཏང་ཐོག་ཕན་ནུས་ཐོན་པའི་གཞི་རྟེན་ཡིན་པའི “ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་འབྲེལ་དཔལ་འབྱོར་རྩ་འཛུགས ”བཙུགས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཡོང་ཚད་13%ཡན་ལོན་པའི་དམིགས་ཚད་མངོན་གྱུར་ཡོང་བའི་འགན་ལེན་བྱེད་རྒྱུ།

        4.ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཏན་ཏིག་གཏོང་རྒྱུ། ཞིང་འབྲོག་མང་ཚོགས་ཀྱི་བདེ་འཁོད་ལས་གཞི་འཛུགས་སྐྲུན་བྱེད་རྒྱུ་ཇེ་མགྱོགས་སུ་བཏང་ནས་ད་ནས་ལོ་གཅིག་སོང་རྗེས་བདེ་འཁོད་ལས་གཞིའི་འཆར་གཞིའི་ལས་འགན་ལྷག་མ་20%སྔ་སྣུར་དུ་ལག་བསྟར་བྱས་ནས་ལེགས་སྒྲུབ་ཐུབ་པ་བྱེད་རྒྱུ། མ་དངུལ་སྒོར་དུང་ཕྱུར་2.6སྒྲིལ་སྤྱོད་བྱས་ཏེ་སྲིད་འཛིན་གྲོང་ཚོ་500ཀྱི་གྲོང་ཚོའི་རྣམ་པ་ཕྱོགས་བསྡུས་བཅོས་སྒྲིག་བྱེད་རྒྱུའི་ཚོད་ལྟ་ཧུར་ཐག་བྱེད་རྒྱུ། ཏེན་ཚྭ་ཁྱབ་གདལ་ཧུར་ཐག་བཏང་ནས་ཞིང་འབྲོག་ཁུལ་དུ་ཏེན་ཚྭ་ཁྱབ་ཚད་90%ཡན་ཟིན་པ་བྱེད་རྒྱུ། དཀའ་ངལ་ཆེ་བའི་ས་ཁུལ་དང་། མཐའ་མཚམས་ས་ཁུལ། མི་གྲངས་ཅུང་ཉུང་བའི་མི་རིགས་ས་ཁུལ་བཅས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་མ་ཟད། སྲིད་ཇུས་ཀྱིས་ཁྲིད་སྟོན་དང་མ་དངུལ་བཀོད་སྒྲིག་བྱེད་རྒྱུ་སོགས་ཀྱི་ཐད་ལ་འཁྱོག་ཤུགས་དེ་བས་ཆེ་རུ་གཏོང་རྒྱུ། གུན་གསབ་ལས་སྤྲོད་ཀྱི་རྣམ་གྲངས་གསོག་མཛོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་རྣམ་གྲངས་ཀྱི་སྔོན་གྲབས་ལས་དོན་ཡག་པོ་བསྒྲུབས་ཏེ་ལོ་འཁོར་གྱི་འཆར་གཞིའི་རྣམ་གྲངས་ལ་རིགས་སྒྲུབ་ཁུངས་སྐྱེལ་བྱེད་རྒྱུ་དང་གདམ་གསེས་ཡག་པོ་བྱེད་རྒྱུ། གུད་གསབ་ལས་སྤྲོད་ཀྱི་ཕན་འབྲས་སྐོར་ལ་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་དུས་བབ་གསར་པ་དང་འཚམ་པའི་དབུལ་སྐྱོར་ལས་དོན་གྱི་བསམ་གཞི་གསར་པ་དང་ཐབས་ལམ་གསར་པ་ཞིབ་འཇུག་དང་འཚོལ་ཞིབ་བྱས་ནས་གུད་གསབ་ལས་སྤྲོད་ལས་དོན་གྱི་ཕན་འབྲས་རང་བཞིན་ཆེ་རུ་གཏོང་རྒྱུ།

        (གསུམ ) ཐོན་ལས་འཛུགས་སྐྱོང་བྱེད་རྒྱུ་དམ་འཛིན་བྱས་ཏེ་བོད་ཀྱི་དངོས་ཡོད་གནས་ཚུལ་དང་མཐུན་པའི་དེང་རབས་ཐོན་ལས་འཛུགས་སྐྱོང་དང་གོང་འཕེལ་གཏོང་ལམ་ཞིག་གཏོད་ཐུབ་པ་བྱེད་རྒྱུ།

        1.ཐོན་ལས་འཛུགས་སྐྱོང་ཐད་ལ་སྲིད་ཇུས་ཀྱི་གཞོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རྒྱལ་ཁབ་ནས་གྲུབ་ཆ་ལེགས་སྒྲིག་བྱེད་པའི་གོ་སྐབས་བཟང་པོ་དེ་དམ་འཛིན་བྱས་ནས་ཐོན་ལས་ཀྱི་རྣམ་གྲངས་གསོག་འཇོག་བྱེད་རྒྱུ་དམ་འཛིན་བྱས་ཏེ་རང་ལྗོངས་ཀྱི་ཐོན་ལས་ལེགས་འགྱུར་བྱེད་རྒྱུ་དང་ལྷག་པར་དུ་ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་ཐུབ་པའི་རྣམ་གྲངས་ཁག་ཅིག་བདམས་ཏེ་རྒྱལ་ཁབ་ལ་སྙན་སེང་ཞུས་ནས་མ་དངུལ་གྱི་རྒྱབ་སྐྱོར་རག་ཐབས་བྱེད་རྒྱུ། རང་ལྗོངས་ཀྱི་ཐོན་ལས་དང་ཁེ་ལས་བསྒྱུར་བཅོས་དང་གོང་འཕེལ་གཏོང་རྒྱུའི་མ་དངུལ་དང་། ཡུལ་སྐོར་ལ་བརྟེན་ནས་བྲིན་རྒྱུགས་བྱེད་རྒྱུ། ཡུལ་སྐོར་གོང་འཕེལ་གཏོང་རྒྱུའི་ཆེད་སྤྱོད་མ་དངུལ་བཅས་བེད་སྤྱོད་གང་ལེགས་བྱས་ཏེ་ཁྱད་ལྡན་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ། ཐོན་ལས་གོང་འཕེལ་གཏོང་རྒྱུའི་མ་དངུལ་གསོག་སྒྲུབ་བྱེད་ལམ་རྒྱ་ཆེར་གཏོད་དེ་སྲིད་གཞུང་མ་འཇོག་གི་སྐུལ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ་དང་དམངས་ཁྲོད་ཀྱི་མ་དངུལ་དེ་ཁྱད་ལྡན་ཐོན་ལས་ཁྱབ་ཁོངས་ནང་གཏོང་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ནས་ཐོན་ལས་གོང་འཕེལ་གཏོང་རྒྱུར་མཉམ་ཤུགས་ཆེན་པོ་ཞིག་ཐོན་པ་བྱེད་རྒྱུ། རང་ལྗོངས་ཀྱི་ཐོན་ལས་དར་རྒྱས་གཏོང་ཐབས་གང་མགྱོགས་བཟོ་རྒྱུ། རྒྱལ་ནང་གི་ཁེ་ལས་ཆེ་གྲས་བོད་དུ་གོང་འཕེལ་གཏོང་བར་ཡོང་རྒྱུར་འདྲེན་འགུགས་ཧུར་ཐག་བྱས་ཐོག་བཟོ་ལས་ཁུལ་དང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་འཛུགས་སྐྱོང་བྱེད་རྒྱུ་དམ་འཛིན་བྱས་ཏེ་ཁ་ཙམ་མིན་པའི་སྒོ་ནས་ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཞབས་ཞུའི་བྱ་ཐབས་ལེགས་བཅོས་བྱེད་པ། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཐོན་ལས་གོང་འཕེལ་གཏོང་བའི་ནང་རྐྱེན་བཟང་པོ་ཞིག་གཏོད་རྒྱུ། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རང་སྐྱོང་ལྗོངས་ཀྱི་ཁེ་ལས་འབྲིང་ཆུང་རིགས་གོང་འཕེལ་གཏོང་རྒྱུའི་འབྲེལ་ཡོད་སྲིད་ཇུས་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་ཁེ་ལས་འབྲིང་ཆུང་ལ་ནོར་ཁྲལ་དང་དངུལ་རྩའི་གཞོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ལག་རྩལ་ཡར་ཐོན་དང་གྲུབ་ཆ་ལེགས་སྒྲིག་བྱེད་རྒྱུ་ཇེ་མགྱོགས་སུ་བཏང་ཐོག་མ་དངུལ་གསོག་སྒྲུབ་བྱེད་རྒྱུའི་དཀའ་ངལ་ཆུང་དུ་གཏོང་རྒྱུར་ཁོར་ཡུག་སྔར་བས་བཟང་པོ་ཞིག་གཏོད་དེ་ཁེ་ལས་འབྲིང་ཆུང་རིགས་ལེགས་ཤིང་མྱུར་བའི་སྒོ་ནས་གོང་འཕེལ་གཏོང་རྒྱུ།

        2.ཐོན་ལས་འཛུགས་སྐྱོང་བྱེད་རྒྱུའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུ། ནུས་ཁུངས་སྒྲིལ་བཅོས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་ཐོན་སྐྱེད་ཀྱི་རྒྱུ་གཙོ་དེ་དགེ་སྟོབས་ལྡན་པའི་སྣེ་འདྲེན་ཁེ་ལས་ཕྱོགས་སུ་སྒྲིལ་ཐུབ་པ་བྱས་ཏེ་ཐོན་ལས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་རྒྱུ་དང་། ཐོན་རྫས་ཀྱི་གདང་རིམ་འཕར་བ་བྱེད་རྒྱུ། རྟགས་ལེགས་གཏོད་རྒྱུ་བཅས་ལ་ཤུགས་སྣོན་རྒྱག་རྒྱུ། རང་ལྗོངས་ཀྱི་ཁྱད་ལྡན་ཐོན་ཁུངས་ལ་བརྟེན་ནས་བོད་སྨན་དང་ཡུལ་སྐོར་སོགས་ཀྱི་ཁེ་ལས་ཚོགས་ཚོ་བཙུགས་ཏེ་ཁེ་ལས་ཀྱི་འགྲན་རྩོད་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ། བཟོ་ལས་ཁེ་ལས་རིགས་གཙོ་གནད་དུ་འཛུགས་སྐྱོང་བྱེད་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱེད་རྒྱུ། གྲབ་ཡེར་ཚྭ་ཁའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་དང་ཐོན་སྒོ་འབྱེད་རྒྱུ་དང་། གཤོང་གྲོང་ཚོའི་ཟངས་གཏེར། ཆུ་ལུང་ཟངས་གཏེར། རྡོ་ཁྲ་ཟངས་གཏེར། དྭངས་ཆུ་མཚོའི་ཚྭ་ཁ་སོགས་གཙོ་གནད་བཟོ་ལས་རྣམ་གྲངས་ཀྱི་སྔོན་གྲབས་ལས་དོན་བསྒྲུབ་རྒྱུ་ཇེ་མགྱོགས་སུ་གཏོང་རྒྱུ། གཡུ་ལུང་ཟངས་གཏེར་དང་། རྒྱ་མ་ཟངས་གཏེར། ཧྭ་ཤིན་སྦེ་ལཱ་ས། ཇོ་རིའི་འཁྱགས་རོམ་གཏེར་ཆུ་སོགས་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུར་སྐུལ་སྤེལ་ཧུར་ཐག་བྱས་ནས་ཐོན་ལས་གཉིས་པའི་འཕར་ཐང་དེ་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་ནང་གི་བསྡུར་ཚད་སྔར་བས་མཐོ་རུ་གཏོང་རྒྱུ། ཡུལ་སྐོར་ཐོན་ལས་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ། མིག་སྔའི་ཡུལ་སྐོར་ལས་རིགས་སླར་གསོ་མགྱོགས་པོ་འགྲོ་བའི་འཕེལ་ངོ་བཟང་པོ་སྲ་བརྟན་དུ་བཏང་སྟེ་དགུན་དུས་ཀྱི་ཡུལ་སྐོར་བྲིན་རྒྱུགས་བྱེད་སྒོ་ཧུར་ཐག་སྤེལ་རྒྱུ། ཡུལ་སྐོར་བའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་དང་། གནས་ལྗོངས་ཁུལ། གནས་ལྗོངས་ས་ཚིགས་སོགས་ཀྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་ཡུལ་སྐོར་ཚོང་ཟོག་གསར་སྤེལ་དང་འགྲེམས་གཤོམ་ཧུར་ཐག་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་ཚང་མགྲོན་ཁང་ཉམས་གསོ་བྱེད་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་བྱས་ནས་དགེ་སྟོབས་ལྡན་པའི་ཤང་གྲོང་གི་ཡུལ་སྐོར་ཁེ་ལས་ཆུང་གྲས་གོང་འཕེལ་གཏོང་རྒྱུར་གཞོགས་སྐྱོར་དང་སྐུལ་ལྕག་བྱེད་རྒྱུ།

        (བཞི ) དམངས་འཚོ་ལེགས་སུ་གཏོང་རྒྱུར་དམ་འཛིན་ལྷོད་མེད་བྱས་ཏེ་མི་དམངས་ཀྱི་འཚོ་བའི་ཆུ་ཚད་དང་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཤུགས་རྒྱག་རྒྱུ།

        1. སློབ་གསོ་སྔོན་ལ་གོང་འཕེལ་ཡོང་བར་སྐུལ་སྤེལ་གཏོང་རྒྱུ།

        འགན་འབབ་སློབ་གསོ་དོ་སྙོམས་ངང་གོང་འཕེལ་གཏོང་རྒྱུར་སྐུལ་སྤེལ་བྱེད་རྒྱུ། དམའ་རིམ་སློབ་འབྲིང་འཛུགས་རྒྱུ་དང་དེ་ལེགས་སུ་གཏོང་རྒྱུའི་ལས་གཞི་དང་། སློབ་ཆུང་ཚད་ལྡན་ཅན་བཟོ་རྒྱུ་དང་སློབ་ཁྲིད་ས་ཚིགས་ཉམས་གསོ་བྱེད་རྒྱུ་བཅས་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ་འགན་འབབ་སློབ་གསོའི་དུས་རིམ་གྱི་གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་སློབ་གྲྭའི་ཆ་རྐྱེན་གྱི་ཧེ་བག་ཆུང་དུ་བཏང་ནས་གྲོང་གསེབ་ཏུ་འགན་འབབ་སློབ་གསོ་ཁྱབ་གདལ་བཏང་བའི་གྲུབ་འབྲས་སྲ་བརྟན་གཏོང་རྒྱུ། མཐོ་རིམ་སློབ་འབྲིང་དུས་རིམ་གྱི་སློབ་གསོ་གོང་འཕེལ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་མཐོ་རིམ་སློབ་འབྲིང་དཀྱུས་མ་འཛུགས་སྐྲུན་བྱེད་རྒྱུའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ཐོག་འབྲིང་རིམ་ལས་རིགས་སློབ་གསོའི་རྨང་གཞིའི་ནུས་པ་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མཐོ་རིམ་སློབ་འབྲིང་དུས་རིམ་གྱི་སློབ་གཉེར་གཞི་ཁྱོན་ཆེ་རུ་གཏོང་རྒྱུ། དམིགས་བསལ་སློབ་གསོ་མུ་མཐུད་གོང་འཕེལ་བཏང་ནས་བདེ་ཐང་གི་གནས་ཚུལ་མི་གཅིག་པའི་མི་ཚོགས་དབར་ལ་སློབ་གསོ་འདྲ་མཉམ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ། མཐོ་རིམ་སློབ་གསོའི་སྤུས་ཚད་མཐོ་རུ་བཏང་ནས་མཐོ་རིམ་སློབ་ཆེན་དཀྱུས་མའི་སློབ་བསྡུའི་གཞི་ཁྱོན་ཅུང་བརྟན་ཙམ་ཡོང་བ་བྱེད་རྒྱུ་དང་གཙོ་གནད་རིག་ཚན་དང་། ཤེས་ལྡན་པའི་གསོ་སྐྱོང་བྱེད་སྟངས་གསར་གཏོད་བྱེད་རྒྱུ། མཐོ་རིམ་སློབ་ཆེན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བཅས་ལ་རྒྱབ་སྐྱོར་བྱེད་རྒྱུ། མི་རེར་ཆ་སྙོམས་སློབ་གསོ་ཐོབ་ཚད་ལོ་7ཟིན་ཐུབ་པའི་འགན་ལེན་བྱེད་རྒྱུ།

        2.འཕྲོད་བསྟེན་བྱ་གཞག་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་ཤུགས་ཆེ་བྱེད་རྒྱུ། རང་སྐྱོང་ལྗོངས་སྨན་རྩིས་ཁང་དང་མི་དམངས་སྨན་ཁང་གསུམ་པ་འཛུགས་སྐྲུན་བྱེད་རྒྱུ་ཇེ་མགྱོགས་སུ་གཏོང་རྒྱུ་དང་རང་སྐྱོང་ལྗོངས་རིམས་འགོག་ལྟེ་གནས་ལེགས་བཅོས་བྱེད་རྒྱུ་དང་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པ་བཟོ་བཅོས་དང་རྒྱས་སྐྲུན་བྱེད་རྒྱུའི་ལས་གྲྭ་ལག་བསྟར་ཡག་པོ་བྱས་ཏེ་ལྗོངས་ཡོངས་ཀྱི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ། རྫོང་གི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དང་ཤང (གྲོང་བརྡལ )ཁག་གི་འཕྲོད་བསྟེན་ཁང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་བྱེད་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ་དང་གྲོང་ཁྱེར་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་སྐྲུན་རྒྱུར་སྐུལ་སྤེལ་ཧུར་ཐག་གཏོང་རྒྱུ། ས་གནས (གྲོང་ཁྱེར )རིམ་པ་ཡན་གྱི་སྨན་རྩིས་ཁང་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་གོང་འཕེལ་གཏོང་རྒྱུར་གཞོགས་སྐྱོར་བྱེད་རྒྱུ། ཁ་ཙམ་མིན་པའི་སྒོ་ནས་H1N1ཆམ་རིམས་ཀ་པ་འགོག་བཅོས་བྱེད་ཤུགས་ཆེ་རུ་བཏང་སྟེ་སྤྱི་པའི་འཕྲོད་བསྟེན་ཐད་ཀྱི་གློ་བུར་དོན་རྐྱེན་རིགས་བཀག་འགོག་དང་ཚོད་འཛིན་ནུས་ལྡན་བྱེད་རྒྱུ། ཞིང་འབྲོག་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཞིང་འབྲོག་ཁུལ་དུ་སྨན་དོན་མི་སྣ་དཀོན་པའི་གནད་དོན་ཐག་གཅོད་བྱེད་རྒྱུར་ཤུགས་རྒྱག་རྒྱུ། སྨན་བཅོས་དང་སྨན་རིགས་འཕྲོད་བསྟེན་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་གཏོང་རྒྱུ། 《སྨན་བཅོས་འཕྲོད་བསྟེན་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བསམ་འཆར 》ལག་བསྟར་དོན་འཁྱོལ་བྱས་ཏེ་འབྲེལ་ཡོད་ཀྱི་ལེ་ལག་ཡིག་ཆ་ཁག་24བཏོན་ནས་སྨན་བཅོས་དང་སྨན་རིགས་འཕྲོད་བསྟེན་ལམ་སྲོལ་བསྒྱུར་བཅོས་བྱེད་རྒྱུའི་ཉེ་དུས་ཀྱི་ཇུས་གཞི་ལག་བསྟར་བྱེད་རྒྱུ་དང། 2009—2011ལོའི་བར་གྱི་གཙོ་གནད་ལས་འགན་ཁག་བགོས་རེའུ་མིག་ནང་གཏན་འཁེལ་བྱས་པའི་2009—2010ལོའི་བར་གྱི་ལས་འགན་ཁག་ལེགས་སྒྲུབ་བྱེད་རྒྱུ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཚན་པའི་ཁ་གསབ་བྱེད་སྟངས་བསྒྱུར་བཅོས་བྱས་ཏེ་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཚན་པའི་གཏོང་ཡོང་རྩིས་ཁུངས་གཉིས་ཀྱི་བྱེད་སྟངས་འཚོལ་ཞིབ་བྱེད་རྒྱུ།

        3.རིག་གནས་ལུས་རྩལ་བྱ་གཞག་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གང་མགྱོགས་འཛུགས་རྒྱུ། གཞི་རིམ་གྱི་སྤྱི་པའི་རིག་གནས་སྒྲིག་བཀོད་ཀྱི་ཆ་རྐྱེན་མུ་མཐུད་ལེགས་སུ་བཏང་ཐོག་རྫོང་དང་ཤང་གི་རིག་གནས་ཁང་འཛུགས་སྐྲུན་བྱེད་རྒྱུར་སྐུལ་སྤེལ་གཏོང་རྒྱུ། རླུང་འཕྲིན་བཪྙན་འཕྲིན་ཁྱིམ་ཚང་ཀུན་ལ་ཁྱབ་པ་བྱེད་རྒྱུ་དང་། བོད་ཤིན་ལས་གཞི། གྲོང་གསེབ་ཏུ་གློག་བཪྙན་སྟོན་རྒྱུ། སྐུད་ཡོད་གྲངས་འཛིན་བཪྙན་འཕྲིན་སོགས་ཀྱི་ལས་གཞི་ལག་བསྟར་བྱས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བའི་ཆ་རྐྱེན་ལེགས་བཅོས་ཏན་ཏིག་བྱེད་རྒྱུ། གློག་བཪྙན་དང་བཪྙན་འཕྲིན་མི་རིགས་སྐད་ཡིག་ཏུ་ཕབ་སྒྱུར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ། རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་ཀར་ཤུགས་སྣོན་བརྒྱབ་ནས “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་གི་གཙོ་གནད་རིག་དངོས་སྲུང་སྐྱོབ་ལས་གྲྭ་འཛུགས་སྐྲུན་བྱེད་རྒྱུར་སྐུལ་སྤེལ་ཧུར་ཐག་གཏོང་རྒྱུ། རིག་གནས་སྒྲིག་གཞི་བསྒྱུར་བཅོས་བྱེད་རྒྱུར་སྐུལ་སྤེལ་ཤུགས་ཆེ་བཏང་སྟེ་རིག་གནས་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། རང་སྐྱོང་ལྗོངས་རང་བྱུང་ཚན་རྩལ་འགྲེམས་སྟོན་ཁང་སོགས་རིག་གནས་སྒྲིག་བཀོད་ཆེ་གྲས་རིགས་འཛུགས་སྐྲུན་བྱེད་རྒྱུ་ཇེ་མགྱོགས་སུ་གཏོང་རྒྱུ། མང་ཚོགས་ཀྱི་ལུས་རྩལ་བྱ་གཞག་གོང་འཕེལ་གཏོང་རྒྱུར་སྐུལ་སྤེལ་ཧུར་ཐག་གཏོང་རྒྱུ། ཞིང་པའི་ལུས་རྩལ་ལུས་སྦྱོང་ལས་གཞི་མུ་མཐུད་ལག་བསྟར་བྱས་ཏེ་གྲོང་ཚོ་རིམ་པའི་ཞིང་པའི་ལུས་རྩལ་ལུས་སྦྱོང་བྱེད་ས་འཛུགས་སྐྲུན་བྱེད་རྒྱུར་སྐུལ་སྤེལ་གཏོང་རྒྱུ།

        4.ཚན་རྩལ་ཞབས་ཞུའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། གཙོ་གནད་ཚན་རྩལ་རྣམ་གྲངས་ལག་བསྟར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་ཁྱད་ལྡན་ཐོན་ལས་ལས་སྣོན་ཞིབ་ཚགས་བྱེད་པའི་ཐད་ཤུགས་རྒྱག་པ་དང་། ཞིང་འབྲོག་ཁུལ་དུ་སྔོན་ཐོན་དང་སྤྱོད་གོ་ཆོད་པའི་ལག་རྩལ་ཁྱབ་གདལ་གཏོང་རྒྱུར་དམ་འཛིན་བྱེད་པ། རང་ལྗོངས་ཀྱི་དམངས་སྤྱོད་འོད་གློག་དང་རླུང་ནུས་སོགས་ཀྱི་ཐོན་ཟོག་གསར་པ་དང་ལག་རྩལ་གསར་པ་ཞིབ་འཇུག་དང་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་བཅས་དང་། ཁེ་ལས་ཞིབ་འཇུག་གསར་སྤེལ་གྱི་སྒྲིག་གཞི་འཛུགས་རྒྱུར་ལྕག་སྐུལ་བྱེད་པ་དང་། ཁྱད་ལྡན་ཐོན་ལས་ལ་རོགས་སྐྱོར་བྱེད་པ་དང་འགག་རྩའི་ལག་རྩལ་ནང་འདྲེན་དང་གསར་གཏོད་བྱེད་མགྱོགས་སུ་གཏོང་རྒྱུ། སྲོལ་རྒྱུན་ཐོན་ལས་དེང་རབས་ཐོན་ལས་སུ་སྒྱུར་བ་དང་རིམ་སྤོར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ། རང་ལྗོངས་ཀྱི་ཚན་རྩལ་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུ།

        5. ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ། ཕན་ནུས་ལྡན་པའི་ལས་ཞུགས་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ཐོག་བྱ་གཞག་གསར་གཏོད་ཀྱི་ཞབས་ཞུ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། རང་བརྟེན་བྱ་གཞག་གསར་གཏོད་བྱེད་མཁན་ལ་སྐུལ་ལྕག་དང་། རང་བརྟེན་བྱ་གཞག་གསར་གཏོད་བྱེད་མཁན་ལ་སྲིད་ཇུས་ཐོག་ནས་རྒྱབ་སྐྱོར་ཧུར་ཐག་བྱེད་རྒྱུ། དེ་བཞིན་སློབ་གྲྭ་འབྲིང་ཆུང་གི་སློབ་ཐོན་སློབ་མ་ལས་ཞུགས་བྱེད་རྒྱུ་དང་དམག་ཞབས་ཐིམ་པའི་ཕྱིར་ལོག་དམག་མིར་ལས་བཀོད་རྒྱག་རྒྱུ་བཅས་ཀྱི་ལས་དོན་ཡག་པོ་སྤེལ་ཏེ “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ནང་གཏན་འབེབས་བྱས་པའི་མི་གྲངས་ཁྲི་8ལས་ཞུགས་ཐུབ་པའི་འཆར་འགོད་དམིགས་ཚད་ལེགས་སྒྲུབ་ཐུབ་པ་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཁྱབ་ཐུབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་གང་མགྱོགས་འཛུགས་རྒྱུ་དང་། ཁྱབ་རྒྱ་ཆེ་རུ་གཏོང་རྒྱུ། འགན་སྲུང་ཆུ་ཚད་མཐོ་རུ་གཏོང་རྒྱུ། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་གཙོ་གནད་དུ་བཞག་ནས་གང་མགྱོགས་འཛུགས་སྐྱོང་བྱེད་རྒྱུ། སྤྱི་ཚོགས་ཀྱི་ཕན་བདེ་དང་སྤྱི་ཚོགས་ཀྱི་རོགས་སྐྱོབ་ལམ་ལུགས་ཚགས་ཚུད་དུ་བཏང་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་བྱེད་རྒྱུ། ན་ཚོད་མ་ལོན་པའི་ཕྲུ་གུ་འཁྱམ་པོའི་རིགས་ལ་སྲུང་སྐྱོབ་བྱེད་རྒྱུ་དང་། བྱིས་པའི་ཕན་བདེ། དབང་པོ་སྐྱོན་ཅན་རིགས་ལ་ཕྱོགས་བསྡུས་ཞབས་ཞུ་བྱེད་རྒྱུ། སྤྱི་ཚོགས་ཀྱི་ཕྱོགས་བསྡུས་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྱོང་བྱེད་རྒྱུ་བཅས་ལ་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ།

        6.སྣོད་བཅུད་བཟང་བའི་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་བྱེད་རྒྱུའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུ། 《བོད་ཀྱི་སྣོད་བཅུད་སྲུང་བཅད་སྲུང་སྐྱོང་དང་འཛུགས་སྐྱོང་བྱེད་རྒྱུའི་འཆར་འགོད 》མུ་མཐུད་ལག་བསྟར་ཡག་པོ་བྱས་ཏེ་སྲུང་སྐྱོབ་དང་། འཛུགས་སྐྱོང་། འདེགས་སྐྱོར་འགན་སྲུང་བཅས་ཀྱི་ལས་གཞི་ཆེ་རིགས་གསུམ་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་རྒྱུ། སྣོད་བཅུད་ཁ་གསབ་ཀྱི་ལམ་སྲོལ་དར་སྤེལ་བཏང་སྟེ་ནུས་རྒྱུ་བསྲི་ཚགས་ཀྱི་ལས་ཀའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་འཛུགས་རྒྱུ་དང་འཐུས་ཚང་དུ་གཏོང་རྒྱུ་དང་ལྷག་པར་དུ་མིག་སྔའི་གློག་མཁོ་འདོན་མི་འདེང་བའི་འགལ་རྐྱེན་ཆུང་དུ་གཏོང་རྒྱུར་དམིགས་ནས་དམངས་ཡོངས་ཀྱིས་ནུས་རྒྱུ་བསྲི་ཚགས་དང་གློག་གྲོན་ཆུང་བྱེད་རྒྱུའི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་ནུས་རྒྱུ་བསྲི་ཚགས་དང་གློག་གྲོན་ཆུང་བའི་ཐོན་རྫས་ཁྱབ་སྤེལ་ཤུགས་ཆེ་གཏོང་རྒྱུ་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ནུས་རྒྱུ་བསྲི་ཚགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ། ནུས་རྒྱུ་བསྲི་ཚགས་དང་དམངས་སྤྱོད་ཨར་སྐྲུན་གྱི་ནུས་རྒྱུ་བསྲི་ཚགས་ཀྱི་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་སོགས་ཀྱི་ས་གནས་ཀྱི་ཁྲིམས་སྲོལ་ཁག་གཅིག་གང་མགྱོགས་བཟོ་རྒྱུ་དང་འཐུས་ཚང་དུ་བཏང་ནས་ནུས་རྒྱུའི་ཟད་གྲོན་ཆེ་བའི་རང་ལྗོངས་ལས་རིགས་ཀྱིས་ནུས་རྒྱུ་སྤྱོད་གྲོན་ཆེ་བའི་ཐོན་རྫས་ཀྱི་ནུས་རྒྱུའི་ཟད་གྲོན་ལ་ཚད་གཞི་བཟོ་བ་དང་ཚགས་ཚུད་དུ་བཏང་སྟེ་སྤྱི་ཚོགས་ཡོངས་ལ་ཁྱབ་ཐུབ་པའི་ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཚད་གཞིའི་མ་ལག་ཅིག་རིམ་གྱིས་འཛུགས་རྒྱུ། ཁོར་ཡུག་ལ་ཞིབ་དཔྱད་ཚད་ལེན་དང་ལྟ་སྡོམ་ནན་པོ་བྱས་ནས་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་ལས་འགུལ་གཏིང་ཟབ་སྤེལ་རྒྱུ། མུ་མཐུད་དེ་ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་གི་གཙོ་གནད་རྣམ་གྲངས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གཙོ་གནད་གྲོང་ཁྱེར་དང་གྲོང་བརྡལ་གྱི་གད་སྙིགས་ས་སྦས་གཏོང་རྒྱུ་དང་འཚོ་བའི་བཙོག་ཆུ་གཙང་གསིང་བཟོ་རྒྱུའི་རྣམ་གྲངས་མགྱོགས་མྱུར་འཛུགས་སྐྲུན་བྱས་ཏེ་རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་གི་ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་གི་དམིགས་ཚད་ལས་འགན་ལམ་ལྷོངས་ངང་མངོན་གྱུར་ཐུབ་པ་བྱེད་རྒྱུ།

        (ལྔ ) ལམ་སྲོལ་གསར་གཏོད་བྱེད་རྒྱུར་དམ་འཛིན་བྱས་ནས་གོང་འཕེལ་གྱི་ཁོར་ཡུག་ལྷུག་པོ་ཞིག་གཏོད་རྒྱུ།

        1.ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་ལམ་སྲོལ་བསྒྱུར་བཅོས་བྱེད་རྒྱུ་མུ་མཐུད་གཏིང་ཟབ་ཏུ་གཏོང་རྒྱུ། གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་བརྟན་པོ་དང་ཚགས་ཚུད་དུ་གཏོང་རྒྱུ། ས་ཞིང་ལ་སྲུང་སྐྱོབ་བྱེད་ལམ་ནན་ཤོས་མཐའ་འཁྱོངས་བྱེད་རྒྱུ། གྲོང་གསེབ་ཀྱི་མཉམ་སྡེབ་འཛུགས་སྐྲུན་ལ་སྤྱོད་རྒྱུའི་ས་ཆར་དོ་དམ་བྱེད་རྒྱུའི་ལམ་སྲོལ་བསྒྱུར་བཅོས་བྱེད་རྒྱུ། ས་ཞིང་དང་རྩྭ་ར་སྒེར་གཙང་གཉེར་སྐྱོང་བྱེད་དབང་བརྗེ་སྒྱུར་བྱེད་རྒྱུ་དང་རྩྭ་ཕྱུགས་དོ་སྙོམས་བཟོ་རྒྱུའི་ལམ་སྲོལ་ཤུགས་ཆེར་གཏོང་རྒྱུ། མཉམ་སྡེབ་ནགས་དབང་ལམ་ལུགས་བསྒྱུར་བཅོས་བརྟན་པོའི་ངང་བྱེད་རྒྱུ། གྲོང་གསེབ་ཀྱི་ཆུ་གློག་དོ་དམ་ལམ་སྲོལ་མགྱོགས་མྱུར་བསྒྱུར་བཅོས་བྱས་ནས་ཞིང་ནང་ཆུ་བེད་འཛུགས་སྐྲུན་བྱེད་ལམ་གསར་པ་ཁྱབ་གདལ་དང་འཐུས་ཚང་དུ་གཏོང་རྒྱུ། ཞིང་འབྲོག་ཁུལ་གྱི་ཕྱོགས་བསྡུས་བསྒྱུར་བཅོས་བྱེད་རྒྱུ་མུ་མཐུད་སྤེལ་རྒྱུ། ས་ཞིང་ཤོར་བའི་ཞིང་པར་ས་ཆ་བསྡུ་སྤྱོད་བྱས་པའི་འཕར་ཐང་གི་ཁེ་ཕན་མཉམ་སྤྱོད་བྱེད་རྒྱུ་ཡོད་པའི་ལམ་སྲོལ་ཞིག་འཚོལ་ཞིབ་ཀྱིས་བཟོ་གཏན་བྱས་ནས་ས་ཞིང་ཤོར་བའི་ཞིང་པའི་ལས་ཞུགས་དང་སྤྱི་ཚོགས་ཀྱི་འགན་སྲུང་གནད་དོན་ཐག་གཅོད་ཡག་པོ་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་འཆར་འགོད་གཞི་གཅིག་ཅན་གྱི་དོ་དམ་ལམ་སྲོལ་ཞིག་འཚོལ་ཞིབ་བྱས་ནས་བཟོ་རྒྱུ།

        2.སྤྱི་ཚོགས་ཀྱི་བྱ་གཞག་ཁྱབ་ཁོངས་བསྒྱུར་བཅོས་མགྱོགས་མྱུར་བྱེད་རྒྱུ། ལས་ཞུགས་སྲིད་ཇུས་མ་ལག་འཐུས་ཚང་དུ་བཏང་ནས་མི་ཤུགས་ཐོན་ཁུངས་ཀྱི་ཁྲོམ་རའི་ལམ་སྲོལ་འཛུགས་རྒྱུ། སྤྱི་ཚོགས་འགན་སྲུང་ལམ་ལུགས་ཚགས་ཚུད་དུ་བཏང་ནས་ཞིང་འབྲོག་ཁུལ་གྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་བྱེད་ཐབས་གསར་པ་ཞིག་ཚོད་ལྟ་བྱེད་རྒྱུ་དང་རྒྱལ་ཁབ་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་བྱ་གཞག་ཚན་པའི་རྒན་གསོའི་འགན་བཅོལ་བསྒྱུར་བཅོས་བྱས་ཏེ་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུ། ལས་ཤོར་དང་། ལས་རྨས། ཕྲུ་གུ་སྐྱེ་བ།

        སྨན་བཅོས་བཅས་འགན་བཅོལ་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏོང་རྒྱུ། “ལས་ཞུགས་གཅིག་ཀྱང་མེད་པའི་ཁྱིམ་ཚང ”གི་གནས་ཚུལ་མེད་པ་བཟོ་རྒྱུའི་ལམ་སྲོལ་སྔར་བས་ཚགས་ཚུད་དུ་གཏོང་རྒྱུ། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་རྣམས་ཁ་སྒྱུར་གྱིས་ལས་ཞུགས་བྱེད་རྒྱུ་དེ་སྒྲིག་འཛུགས་ཅན་དུ་འགྱུར་ཐུབ་པ་བྱེད་རྒྱུ། མུ་མཐུད་དེ་ཚན་རྩལ་དང་། སློབ་གསོ། རིག་གནས་བཅས་ཀྱི་ལམ་སྲོལ་དང་གྲོང་ལས་ཀྱི་སྤྱི་སྤྱོད་བྱ་གཞག་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུ། ཕྱོགས་མིར་ཞབས་ཞུ་དང་དོ་དམ་བྱེད་རྒྱུའི་ལམ་སྲོལ་བསྒྱུར་བཅོས་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ།

        3.ཁེ་ལས་བསྒྱུར་བཅོས་བྱེད་རྒྱུ་ཇེ་མགྱོགས་སུ་གཏོང་རྒྱུ། གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུ། གཞུང་ཁོངས་ཁེ་ལས་རིགས་ཀུང་སི་དང་མ་རྐང་ལམ་ལུགས་སུ་འགྱུར་རྒྱུ་ཇེ་མགྱོགས་སུ་བཏང་ནས་ཁྲིམས་ཚན་གྱིས་བཅོས་སྐྱོང་བྱེད་རྒྱུའི་གྲུབ་ཆ་ཚགས་ཚུད་དུ་གཏོང་རྒྱུ། གཞུང་ཁོངས་མ་རྩ་ཁྱེར་འཇོག་ཀུང་སིའི་དུང་ཧྲེ་ལྷན་ཚོགས་འཛུགས་རྒྱུའི་ཚོད་ལྟ་བྱེད་རྒྱུ་དང་གཞུང་ཁོངས་རྐང་བདག་འཐུས་མི་མངག་གཏོང་བྱེད་རྒྱུའི་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་རྒྱུ། གཞུང་ཁོངས་མ་རྩའི་ལྟ་སྐུལ་དོ་དམ་ལམ་སྲོལ་དང་སྒྲིག་སྲོལ་ཚགས་ཚུད་དུ་གཏོང་རྒྱུ། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་རྒྱུའི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་ཧུར་ཐག་བྱས་ནས་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་ནོར་སྲིད་དང་། ཁྲལ་བསྡུ། དངུལ་རྩ་སོགས་ཐད་ནས་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་དོ་དམ་ཐད་ཀྱི་འགོག་རྐྱེན་མེད་པ་བཟོས་ནས་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུ།

        4. གཞི་ཆེའི་དོ་དམ་ལམ་སྲོལ་བསྒྱུར་བཅོས་བྱེད་རྒྱུར་ཤུགས་སྣོན་གང་ལེགས་རྒྱག་རྒྱུ། མ་འཇོག་གི་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུ། སྲིད་གཞུང་གི་མ་འཇོག་དོ་དམ་ལམ་སྲོལ་ཚགས་ཚུད་དུ་བཏང་ནས་ཀྲུང་དབྱང་གི་སྔོན་རྩིས་ནང་ཚུད་པའི་མ་འཇོག་དོ་དམ་མ་ལག་ཆ་ཚང་དུ་བཏང་སྟེ་རྒྱལ་ཁབ་ཀྱིས་མ་འཇོག་བྱས་པའི་ལས་གྲྭ་འཛུགས་སྐྲུན་བྱེད་རྒྱུའི་ཁྱབ་ཁོངས་ནང་གི་འོས་སྐུལ་འོས་དཔོད་ཀྱི་བྱེད་སྒོ་ཚད་ལྡན་བཟོ་རྒྱུ། ནོར་ཁྲལ་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་བྱས་ནས་སྤྱི་པའི་ནོར་སྲིད་ཀྱི་མ་ལག་ཚགས་ཚུད་དུ་གཏོང་རྒྱུ་དང་། མ་དངུལ་སྒྱུར་སྤྲོད་ལམ་སྲོལ་ཚད་ལྡན་བཟོ་རྒྱུ། རང་སྐྱོང་ལྗོངས་ཀྱིས་གཤམ་འོག་ནོར་སྲིད་ལ་དོ་དམ་བྱེད་ལམ་སྔར་བས་ཚགས་ཚུད་དུ་གཏོང་རྒྱུ། རྫོང་རིམ་གྱི་གཞི་རྩའི་ནོར་ཤུགས་འགན་སྲུང་བྱེད་ལམ་ཧུར་ཐག་འཛུགས་རྒྱུ། དཔྱ་ཁྲལ་བསྡུ་ལེན་དང་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། དངུལ་རྩའི་སྡེ་ཚན་སྐྱོང་འཕེལ་བྱས་ཏེ་དངུལ་རྩའི་མ་ལག་འཐུས་ཚང་དུ་བཏང་ནས་ཕན་ནུས་ལྡན་པའི་ཡིད་རྟོན་དངུལ་བུན་གྱི་གཏོང་ཆ་ཆེ་རུ་གཏོང་རྒྱུ། ཚོང་ལས་དངུལ་ཁང་གི་ཡིད་རྟོན་དངུལ་བུན་དོ་དམ་བྱེད་ལམ་ཚགས་ཚུད་དུ་གཏོང་རྒྱུ། ཞིང་འབྲོག་ཁུལ་གྱི་དངུལ་རྩའི་ཞབས་ཞུའི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུ། ཡིད་རྟོན་འགན་ལེན་མ་ལག་འཛུགས་སྐྱོང་བྱེད་རྒྱུ། སྲིད་འཛིན་དོ་དམ་ལམ་སྲོལ་མགྱོགས་མྱུར་བསྒྱུར་བཅོས་བྱེད་རྒྱུ། སྲིད་གཞུང་ཚན་པ་བསྒྱུར་བཅོས་བྱེད་རྒྱུ་དང་། སྲིད་གཞུང་རྩ་འཛུགས་ཀྱི་གྲུབ་ཆ་ལེགས་སྒྱུར་བྱེད་རྒྱུའི་ལས་འགན་ལེགས་སྒྲུབ་བྱས་ཏེ་འགན་འཁྲིའི་ཐད་ཀྱི་འབྲེལ་བའི་འབྲེལ་འཛིང་བསང་སྟེ་སྒྲིག་སྲོལ་དང་ལམ་སྲོལ་ཚགས་ཚུད་དུ་གཏོང་རྒྱུ།

        (དྲུག ) དཔལ་འབྱོར་སྙོམས་སྒྲིག་བྱེད་རྒྱུར་དམ་འཛིན་ནན་པོ་བྱས་ནས་དཔལ་འབྱོར་འདུ་འགོད་བརྟན་པོ་ཡོང་བའི་འགན་ལེན་བྱེད་རྒྱུ།

        1. གཞི་ཆེའི་དཔལ་འབྱོར་གྱི་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ། དཔལ་འབྱོར་འདུ་འགོད་ཀྱི་མཐུན་སྦྱོར་ལམ་སྲོལ་སྔར་བས་ཚགས་ཚུད་དུ་གཏོང་རྒྱུ་དང་དཔལ་འབྱོར་འདུ་འགོད་ལ་དབྱེ་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་དཔལ་འབྱོར་འདུ་འགོད་བྱེད་པའི་ནང་ཐོན་པའི་ཞན་ཆ་དང་། བརྟན་པོ་མེད་པའི་རྒྱུ་རྐྱེན་ལ་དོ་འཁུར་ཤུགས་ཆེ་བྱེད་རྒྱུ་དང་། ལྷག་པར་དུ་དུས་ཚིགས་སོ་སོ་དང་ལོ་ཕྱེད་རིང་གི་དཔལ་འབྱོར་གནས་ཚུལ་དང་དཔལ་འབྱོར་གོང་འཕེལ་འགྲོ་བའི་བརྒྱུད་རིམ་ནང་གི་ཐོན་བཟོ་ཡོད་པའི་གནད་དོན་དབྱེ་ཞིབ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་འདུ་འགོད་ནང་གི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་དུས་ཐོག་ཏུ་མཚོན་ཐུབ་པ་བྱས་ཏེ་གནད་དོན་མཐོང་སྔ་བ་དང་། བྱ་སྤྱོད་སྤེལ་མགྱོགས་པ། དུས་ཐོག་ཏུ་ཚོར་ཤེས་ཐུབ་པ། འཕྲལ་དོན་འཕྲལ་གཅོད་ཐུབ་པ་བཅས་བྱས་ནས་དཔལ་འབྱོར་ལེགས་ཤིང་མྱུར་བའི་སྒོ་ནས་གོང་འཕེལ་ཡོང་རྒྱུའི་འགན་ལེན་བྱེད་རྒྱུ། དཔལ་འབྱོར་འདུ་འགོད་སྙོམས་སྒྲིག་བྱེད་རྒྱུར་ཤུགས་སྣོན་གང་ལེགས་རྒྱག་རྒྱུའི་ཐོག་རྡོ་སོལ་དང་། གློག སྣུམ་བཅས་འཁོར་རྒྱུགས་བྱེད་རྒྱུར་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་ལྷག་པར་དུ་གློག་ཤུགས་ལ་བཀོད་གཏོང་བྱེད་ཤུགས་ཆེ་རུ་བཏང་ནས་གཏིང་ཤུགས་སྔོག་འདོན་གང་ཆེ་ཐུབ་པ་བྱས་ཏེ་གློག་གཏོང་ཚད་ཆེ་རུ་གཏོང་རྒྱུ་དང་དགོས་མཁོ་དང་དོ་དམ་གཉིས་ཀར་ཤུགས་སྣོན་བརྒྱབ་ནས་གྲོང་མིའི་འཚོ་བ་དང་ཁེ་ལས་ཀྱི་སྤྱོད་གློག་འགན་སྲུང་ཐུབ་པ་བྱེད་རྒྱུ།

        2.རིན་གོང་སྟངས་འཛིན་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ཐོན་ཁུངས་རང་བཞིན་གྱི་ཐོན་རྫས་ཀྱི་རིན་གོང་བསྒྱུར་བཅོས་འཚམ་པོ་དང་བརྟན་པོ་བྱས་ནས་རྡོ་སྣུམ་གྱི་བཅོས་སྣུམ་རིན་གོང་ཆགས་སྟངས་ལམ་སྲོལ་ཚགས་ཚུད་དུ་གཏོང་རྒྱུ་དང་། བཅོས་སྣུམ་གྱི་དཔྱ་ཁྲལ་བསྒྱུར་བཅོས་བྱེད་རྒྱུའི་ཇུས་གཞི་དོན་འཁྱོལ་ནན་ཏན་བྱེད་རྒྱུ། གློག་རིན་བསྒྱུར་བཅོས་བྱེད་རྒྱུ་གཏིང་ཟབ་དུ་བཏང་ནས་གློག་སྐས་ཀྱི་རིན་གོང་དང་དྲ་ཞུགས་ཀྱི་རིན་གོང་ཚད་གཞི་ཞིབ་འཇུག་བྱེད་རྒྱུ། མུ་མཐུད་དེ་སྲིད་འཛིན་བྱ་གཞག་རང་བཞིན་གྱི་གླ་རིན་གཙང་སེལ་བྱེད་རྒྱུའི་ཐོག་ཞིང་འབྲོག་མང་ཚོགས་ཀྱི་ཁུར་པོ་དང་འབྲེལ་བ་ཡོད་པའི་སྲིད་འཛིན་བྱ་གཞག་རང་བཞིན་གྱི་གླ་རིན་བསྡུ་ལེན་རིགས་གཙོ་གནད་དུ་བཞག་ཏེ་གཙང་སེལ་བྱེད་རྒྱུ་དང་། ཞིང་(འབྲོག )དང་འབྲེལ་བ་ཡོད་པའི་རིན་གོང་དང་གླ་རིན་ཡོངས་བསྒྲགས་བྱས་འབྲས་སྔར་བས་སྲ་བརྟན་དུ་བཏང་སྟེ་ཞིང་འབྲོག་མང་ཚོགས་ཀྱི་ཁུར་པོ་ཡང་དུ་བཏང་ནས་འབབ་འཕར་ཡོང་བ་བྱེད་རྒྱུ། རིན་གོང་ཐད་ཀྱི་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་རྒྱུའི་ནུས་པ་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། རིན་གོང་ཐད་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་མུ་མཐུད་དེ་སློབ་གསོ་དང་། སྨན་བཅོས། ཞིང་པ་དང་འབྲེལ་བ་ཡོད་པ། ཁེ་ལས་དང་འབྲེལ་བ་ཡོད་པ་སོགས་ཀྱི་རིན་གོང་བསྡུ་སྟངས་ཐད་ལ་ཆེད་དོན་ཞིབ་བཤེར་བྱེད་རྒྱུ། དེ་བཞིན་རིན་གོང་ཐད་ཀྱི་ཡིད་རྟོན་བྱེད་སྒོ་གཏིང་ཟབ་སྤེལ་ནས་རིན་གོང་ཐད་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། གཞན་ཡང་གོང་ཚད་གསལ་པོ་འབྲི་རྒྱུའི་ལམ་སྲོལ་མུ་མཐུད་དར་སྤེལ་བཏང་ནས་གླ་དང་གོང་ཚད་ཤེས་རྟོགས་ཐུབ་པའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་རྒྱུ།

        3. “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་བཟོ་སྒྲིག་ལས་དོན་ནན་ཏན་ངང་སྤེལ་རྒྱུ། 2010ལོ་ནི་“ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ཀྱི་ལོ་མཐའ་མ་དེ་ཡིན་པས་“ལོ་ལྔ་ཚན་བཅུ་གཅིག་པ ”དང “ལོ་ལྔ་ཚན་བཅུ་གཉིས་པ ”བརྟན་པོའི་ངང་བར་བརྒལ་ཐུབ་པ་བྱེད་རྒྱུ་དང་འབྲེལ་མཐུད་ཐུབ་པ་བྱེད་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་པས་རྒྱལ་ཁབ་ཀྱི་“ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་བཟོ་སྒྲིག་བྱེད་རྒྱུའི་སྤྱི་ཡོངས་ཀྱི་བླང་བྱ་གཞིར་བཟུང་“ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་རྩ་གནད་བཟོ་སྒྲིག་ལས་དོན་ཕྱོགས་ཡོངས་ནས་ལས་འགོ་བཙུགས་ཏེ་2010ལོའི་ལོ་མཇུག་གོང་ལ་འཆར་འགོད་རྩ་གནད་འཆར་ཟིན་བཟོས་ཚར་བ་བྱེད་རྒྱུ་དེ་དང་གོམ་པ་མཉམ་བགྲོད་ཐོག་ནས་རང་སྐྱོང་ལྗོངས་ཀྱི་འཆར་འགོད་རྩ་གནད་དང་ཆེད་དོན་འཆར་འགོད། ས་གནས (གྲོང་ཁྱེར )ཁག་གི་འཆར་འགོད་བཟོ་རྒྱུ་དང་རྒྱལ་ཁབ་ཀྱི་འཆར་འགོད་ཕན་ཚུན་འབྲེལ་མཐུད་ཐུབ་པ་བྱེད་རྒྱུ། རང་ལྗོངས་ཀྱི་བྱེད་ནུས་ཐོན་ཁུལ་གཙོ་བོ་འཆར་འགོད་བཟོ་སྒྲིག་ལས་དོན་ཧུར་ཐག་སྤེལ་རྒྱུ།

        འཐུས་མི་རྣམ་པ། 2010ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ལས་དོན་ཡག་པོ་སྤེལ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན། ང་ཚོས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པས་མཛུབ་ཁྲིད་བྱེད་པ་དང་ཕྱོགས་ཡོངས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་དོན་འཁྱོལ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་ནས་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། གཞི་མཐུན་བོད་ལྗོངས། སྣོད་བཅུད་བཟང་བའི་བོད་ལྗོངས་བཅས་བསྐྲུན་ཏེ་རང་འགུལ་ངང་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་ཞིབ་བཤེར་དང་ལེན་བྱེད་རྒྱུ་དང་མི་དམངས་སྲིད་གྲོས་ཀྱི་བསམ་འཆར་དང་གྲོས་འཆར། ཉན་འཇོག་བཅས་ནན་ཏན་བྱས་ནས་གོ་སྐབས་དམ་འཛིན་དང་། བབ་བསྟུན་འཕྲལ་སྒྲུབ། ལས་དོན་ཏན་ཏིག་བཅས་བྱེད་རྒྱུ་ཡིན། དེའང་ཀྲུང་དབྱང་གི་ཐུགས་འཁུར་དང་། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར། དེ་བཞིན་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་འབད་བརྩོན་བྱས་པ་བརྒྱུད་ང་ཚོས་“ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་དམིགས་ཚད་རྒྱལ་ཁའི་ངང་ལེགས་འགྲུབ་ཡོང་རྒྱུ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་སྔར་ལས་ཡག་པ་དང་། སྔར་ལས་མགྱོགས་པ། སྔར་ལས་ཆེ་བ་བཅས་འགྲོ་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།

        (རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གསུམ་པའི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པར་གཞིར་བཟུང )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།