དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • སྲིད་གཞུང་གི་ལས་དོན་སྙན་སྒྲོན།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        ཟླ་1ཚེས་10ཉིན་འཚོགས་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བྱམས་པ་ཕུན་ཚོགས་ཀྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ།

        འཐུས་མི་རྣམ་པ།

        ངས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་ཡོད་པ་མ་ཟད་སྲིད་གྲོས་ཨུ་ཡོན་རྣམ་པས་ཀྱང་དགོངས་འཆར་འདོན་རོགས་གནང་།

        2009ལོའི་ལས་དོན་ལ་ཕྱི་མིག་ལྟ་བ།

        2009ལོར་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་དུས་བབ་ཧ་ཅང་ཪྙོག་འཛིང་ཆེ་བ་དང་ཛ་དྲག་ཆེན་པོ་བྱུང་ཡོད། ལོ་གཅིག་རིང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་འོག་ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པས་མཛུབ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཐོག ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་། སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་ཚོགས་འདུ་ཐེངས་བཞི་པ་དང་དྲུག་པའི་བཀོད་སྒྲིག་ལྟར་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ “ཐོན་ལས་དང་པོ་ཆུ་ཚད་གོང་མཐོར་གཏོང་རྒྱུ་དང་། ཐོན་ལས་གཉིས་པ་གཙོ་གནད་དམ་འཛིན་བྱེད་རྒྱུ། ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ ”བཅས་ཀྱི་དཔལ་འབྱོར་གོང་འཕེལ་གྱི་འཐབ་ཇུས་ལག་བསྟར་ཤུགས་ཆེ་བྱས་ནས “བོད་ལྗོངས་གསར་པ་དང་། གོང་འཕེལ་གསར་པ། འགྱུར་ལྡོག་གསར་པ། འཚོ་བ་གསར་པ ”བཅས་ཀྱི་ཐོག་ནས་སྟོབས་ཤུགས་གཅིག་ཏུ་འགྲིལ་བ་དང་། བློ་སྟོབས་ལ་སྐུལ་ལྕག་ཐེབས་པ། སེམས་ཤུགས་བརྟན་དུ་སོང་བ་བཅས་བྱུང་ནས་སྤྱི་ཚོགས་ཀྱི་དུས་བབ་བརྟན་ལྷིང་ཡོང་རྒྱུར་སྲུང་སྐྱོང་ཤུགས་ཆེ་བྱས་པ་དང་། མི་དམངས་ཀྱི་འཚོ་བར་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུར་སྔར་བས་མཐོང་ཆེན་བྱས་ཏེ་དཔལ་འབྱོར་བཏང་འཛིན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། སྤྱི་ཚོགས་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ། སྤྱི་པའི་ཞབས་ཞུ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ། རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་དང་ལྷ་སའི “གསུམ་པའི་བཅུ་བཞིའི ”དོན་རྐྱེན་གྱི་རྗེས་འབྲེལ་ཤུགས་རྐྱེན་ཁྱད་བསད་ཧུར་ཐག་བྱས་པ། ཐན་སྐྱོན་དང་། དྲག་ཆར། ས་ཡོམ་སོགས་རང་བྱུང་གནོད་འཚེ་འདྲ་མིན་རིགས་ལ་ཁ་གཏད་ནུས་ལྡན་བཅག་པ་བཅས་བྱས་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་གཏན་འཁེལ་བྱས་པའི་ལས་འགན་ཁག་ལེགས་གྲུབ་བྱུང་བ་དང་། “འཕར་སྣོན་འགན་སྲུང་དང་། དམངས་འཚོ་འགན་སྲུང་། བརྟན་ལྷིང་འགན་སྲུང་”བཅས་བྱེད་རྒྱུའི་དམིགས་ཚད་མངོན་གྱུར་ལེགས་ཙམ་བྱུང་ཡོད།

        གཅིག བྱ་ཐབས་སྣ་མང་སྤྱད་ནས་འཕར་སྣོན་འགན་སྲུང་བྱས་པ་དང་། དཔལ་འབྱོར་བརྟན་ལ་ཅུང་མགྱོགས་པོའི་ངང་འདུ་འགོད་ཐུབ་པ་བྱུང་ནས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་བའི་དངོས་པོའི་རྨང་གཞི་སྔར་བས་སྲ་བརྟན་དུ་བཏང་བ།

        ང་ཚོས་སེམས་ཐག་གཙང་བཅད་ཀྱི་སྒོ་ནས་ཀྲུང་དབྱང་གིས་བཏོན་པའི་ནང་མཁོ་རྒྱ་ཆེར་གཏོང་རྒྱུ་དང་དཔལ་འབྱོར་འཕར་སྣོན་ཡོང་བར་ངར་སྐུལ་གཏོང་རྒྱུའི་མཛད་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བྱས་ཏེ་འཕར་སྣོན་འགན་སྲུང་དང་མཆོང་སྐྱོད་ལ་སྐུལ་འདེད་གཏོང་རྒྱུ་དེ་སྲིད་གཞུང་གིས་བཏང་འཛིན་བྱེད་རྒྱུའི་གལ་ཆེའི་དམིགས་ཚད་ལ་བརྩིས་ཐོག་བྱ་ཐབས་ནུས་ལྡན་སྤྱད་ནས་འགྲན་རྩོད་ལ་གདོང་ལེན་ཧུར་ཐག་བྱས་ཏེ་འབད་བརྩོན་ཆེན་པོས་མ་འཇོག་རྒྱ་ཆེར་གཏོང་བ་དང་འཛད་སྤྱོད་ལ་ངར་སྐུལ་གཏོང་བ། ཐོན་ལས་འཛུགས་སྐྱོང་བྱེད་རྒྱུ་མགྱོགས་སུ་གཏོང་བ། ལམ་སྲོལ་དང་བྱེད་ཐབས་ཚགས་ཚུད་དུ་གཏོང་བ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་བརྟན་ལ་ཅུང་མགྱོགས་པོའི་སྒོ་ནས་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད།

        སྲིད་གཞུང་གིས་བཏང་འཛིན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་འཕེལ་ཚད་12%ཡན་ལ་སླེབས་པ་བྱེད་རྒྱུ་མངོན་འགྱུར་བྱུང་བ། ང་ཚོས་འཕར་སྣོན་ཡོང་བར་ངར་སྐུལ་དང་གོང་འཕེལ་སླར་གསོ་བྱེད་རྒྱུའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་དོན་འཁྱོལ་ནན་ཏན་བྱས་ནས་དཔལ་འབྱོར་ལ་ལྟ་ཞིབ་ཚད་ལེན་བྱེད་རྒྱུ་དང་ཉེན་ཟོན་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མ་འཇོག་དང་། ནོར་སྲིད། དངུལ་རྩ་བཅས་བཏང་འཛིན་བྱེད་ནུས་འདོན་སྤེལ་བྱས་པར་བརྟེན་ལྗོངས་ཡོངས་ཀྱི་དཔལ་འབྱོར་འདུ་འགོད་སྔོན་དཔག་ལས་ཡག་པ་བྱུང་ཡོད། ལོ་ཧྲིལ་པོར་ཀྲུང་དབྱང་གི་མ་རྩ་སྒོར་དུང་ཕྱུར་210དོན་འཁྱོལ་བྱུང་ཡོད་པ་དེ་དུས་མཚུངས་དང་བསྡུར་ན་31.3%འཕར་ཡོད། དེ་ནི་ཀྲུང་དབྱང་གི་མ་འཇོག་གནས་འཁྱོལ་ཡག་ཤོས་བྱུང་བའི་ལོ་ཞིག་ཡིན་པ་དང་། ནང་མཁོ་རྒྱ་ཆེར་གཏོང་རྒྱུ་དང་དཔལ་འབྱོར་འཕར་སྣོན་ཡོང་རྒྱུར་སྐུལ་སྤེལ་གཏོང་ཆེད་ང་ཚོས་སྤྱི་འབོར་སྒོར་དུང་ཕྱུར་185ཟིན་པའི་ལོ་གཉིས་རིང་གི་ངར་སྐུལ་འཆར་གཞི་དུས་ཐོག་ཏུ་བཏོན་ནས “ཞིང་གསུམ ”དང་། རྨང་གཞིའི་སྒྲིག་བཀོད། ཐོན་ལས་གོང་འཕེལ། སྤྱི་ཚོགས་བྱ་གཞག དམངས་ཀྱི་འཚོ་བ་ལེགས་བཅོས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་སོགས་ཐད་ལ་གཏོང་ཆ་མང་དུ་བཏང་ཞིང་། ད་ཆ་སྒོར་དུང་ཕྱུར་110ལྷག་ཙམ་གྱི་ལས་གཞི་ལེགས་གྲུབ་བྱུང་ཡོད་པ་དེས་འཆར་གཞིའི་60%ཡན་ཟིན་ཡོད།

        དེ་བཞིན་དངུལ་བུན་འདྲ་མིན་རིགས་ཀྱི་ལྷག་འཕྲོ་སྒོར་དུང་ཕྱུར་245.85ཟིན་པ་དེ་ལོ་འགོ་དང་བསྡུར་ན་13.24%འཕར་ཡོད་པས་རང་ལྗོངས་ཀྱི་དཔལ་འབྱོར་མགྱོགས་མྱུར་སླར་གསོ་དང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། སྔོན་དཔག་བྱས་ན་ལྗོངས་ཡོངས་ཀྱི་GDPསྒོར་དུང་ཕྱུར་437ཡོང་བཟོ་ཡོད་པས་འཕར་ཚད་12.1%ཟིན་རྒྱུ་ཡིན་ཞིང་། དེའི་ནང་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་སོ་སོའི་འཕར་ཚད་3.0% དང་18.3% 11.7%བཅས་ཟིན་རྒྱུ་ཡིན་པ་དང་། ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་30 བརྒལ་བ་དེ་ལོ་གོང་མ་དང་བསྡུར་ན་དངོས་སུ་འཕར་ཚད་20%ཡན་ཟིན་པ། སྔོན་དཔག་བྱས་ན་ཁྲལ་འབབ་འདྲ་མིན་རིགས་སྒོར་དུང་ཕྱུར་34ཟིན་བཟོ་ཡོད་པ་དེ་དུས་མཚུངས་དང་བསྡུར་ན་15.2%འཕར་རྒྱུ་རེད། གཞན་ཡང་ཞིང་འབྲོག་ལས་གོམ་པ་བརྟན་པོའི་ངང་གོང་འཕེལ་བྱུང་བ་དང་“ཞིང་གསུམ ”ལས་དོན་ལ་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་པར་བརྟེན་ལྗོངས་ཡོངས་ཀྱི་དཔལ་འབྱོར་མགྱོགས་མྱུར་སླར་གསོ་དང་གོང་འཕེལ་འགྲོ་རྒྱུར་རྨང་གཞི་བཟང་པོ་བཏིང་བ་དང་། ཐོན་ལས་གཉིས་པ་གསུམ་པ་གོང་འཕེལ་མགྱོགས་ཙམ་བྱུང་ནས་རང་ལྗོངས་ཀྱི་རྒྱལ་དམངས་དཔལ་འབྱོར་ལ་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་ཐོན་ཡོད། སྤྱིའི་ཆ་ནས་བལྟས་ན་ལྗོངས་ཡོངས་ཀྱི་དཔལ་འབྱོར་དེ་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུའི་ལམ་བུའི་ཐོག་སྔར་ལས་བརྟན་ཞིང་ལེགས་པའི་གོམ་པ་སྤོ་ཐུབ་པ་བྱུང་བ་དེ་ཐོག་ནས་ང་ཚོས་ཀྲུང་དབྱང་མཛད་ཇུས་བཀོད་སྒྲིག་ལག་བསྟར་བྱེད་རྒྱུ་བློ་ཐག་ཆོད་པོ་དང་ནུས་ལྡན་བྱུང་བ་དང་། རང་སྐྱོང་ལྗོངས་ཀྱི་བཏང་འཛིན་བྱ་ཐབས་ཁག་ཚགས་ཚུད་པོ་དང་ཕན་ནུས་ལྡན་པ་ཞིག་བྱུང་བ་མཚོན་ཡོད།

        ཕན་ལྡན་གྱི་དགོས་མཁོ་རྒྱ་ཆེར་བཏང་ནས་མ་འཇོག་དང་འཛད་སྤྱོད་གཉིས་ཀ་འཕར་ཚད་20%ཡན་མངོན་འགྱུར་བྱུང་བ། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་མ་འཇོག་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་བ་དང་། གྲོང་ཁྱེར་གྲོང་གསེབ་ཀྱི་འཛད་སྤྱོད་བྱེད་རྒྱུར་ངར་སྐུལ་ཤུགས་ཆེ་བཏང་བར་བརྟེན་མ་འཇོག་དང་འཛད་སྤྱོད་མཉམ་སྒྲིག་གི་ཐོག་ནས་དཔལ་འབྱོར་གོང་འཕེལ་ཡོང་བར་སྐུལ་ཁྲིད་བྱེད་པའི་རྣམ་པ་སྲ་བརྟན་གོང་འཕེལ་བྱུང་ཡོད། ཕྱོགས་མཐའ་ཀུན་དང་ཐབས་ལམ་མང་པོའི་ཐོག་ནས་མ་འཇོག་བྱེད་ཚད་རྒྱ་ཆེར་བཏང་ཡོད་པས་སྔོན་དཔག་ལྟར་ན་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་ཀྱི་མ་འཇོག་སྒོར་དུང་ཕྱུར་370ལས་བརྒལ་བཟོ་ཡོད་པས་འཕར་ཚད་20%ཡན་ཟིན་རྒྱུ་རེད། “རྣམ་གྲངས་180”ཡོད་ཁོངས་ནས་རྣམ་གྲངས་125ལ་མ་དངུལ་ཡོངས་རྫོགས་གནས་ལ་འབྱོར་ཐུབ་པ་བྱུང་ཡོད། བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་20དོན་འཁྱོལ་བྱུང་ཡོད་པས་འཕར་ཚད་21.4%ཟིན་ཡོད། དམངས་ཁྲོད་ཀྱི་མ་འཇོག་བྱེད་རྒྱུའི་སེམས་ཤུགས་རིམ་གྱིས་སླར་གསོ་བྱུང་བར་བརྟེན་སྔོན་དཔག་ལྟར་ན་སྒོར་དུང་ཕྱུར་105ཙམ་ཟིན་བཟོ་ཡོད་པས་འཕར་ཚད་23%ཟིན་རྒྱུརེད། གྲོང་ཁྱེར་གྲོང་གསེབ་ཀྱི་འཛད་སྤྱོད་བྱེད་སྒོ་རྒྱུན་མཐུད་ནས་འཁྲུག་པོ་བྱུང་ཡོད་པས་སྔོན་དཔག་ལྟར་ན་སྤྱི་ཚོགས་ཀྱི་འཛད་སྤྱོད་ཐོན་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་155ཟིན་བཟོ་ཡོད་པས་འཕར་ཚད་20.1%ཟིན་རྒྱུ་རེད། གྲོང་ཁྱེར་དང་ཞིང་འབྲོག་ཁུལ་གྱི་འཛད་སྤྱོད་ཁྲོམ་ར་དཔུང་པ་མཉམ་གཤིབ་ཀྱིས་གོང་འཕེལ་འགྲོ་བའི་རྣམ་པ་བཟང་པོ་ཞིག་ཐོན་བཞིན་ཡོད། “ཁྱིམ་སྤྱོད་གློག་ཆས་དང་། ནང་ཆས། ཞིང་འཕྲུལ། མོ་ཊ། སྦག་སྦག་བཅས་གཤམ་གཏོང་”བྱེད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བའི་ལས་དོན་སྤེལ་རྒྱ་ཆེ་རུ་བཏང་བ་དང་། ཁ་གསབ་སྤྲོད་ཚད་མང་དུ་བཏང་ཞིང་། ལོ་ཧྲིལ་པོར་ཁ་གསབ་རོགས་དངུལ་བསྡོམས་སྒོར་ཁྲི་4077བཀོད་སྒྲིག་བྱས་ཡོད་པས་འཛད་སྤྱོད་བྱེད་ཚད་མགྱོགས་པོ་འཕར་རྒྱུར་ངར་སྐུལ་ནུས་ལྡན་ཐུབ་ཡོད། འཚོ་བའི་ཉེར་སྤྱོད་མཁོ་ཆས་འཕྲལ་འདོན་དང་གསོག་འཇོག་ལམ་ལུགས་བཟོས་ཤིང་། “གྲོང་ཁྲི་ཤང་སྟོང་གི་ཁྲོམ་རའི་ལས་གཞི ”དང་“བརྒྱ་གཉིས་ཁྲོམ་རའི་ལས་གཞི ”ཚགས་ཚུད་པོ་སྤེལ་ནས་ཞིང་དུད་ཚོང་ཁང་400 འཛུགས་སྐྲུན་དང་སྒྱུར་བཀོད་བྱེད་རྒྱུའི་ལས་གཞི་ལེགས་སྒྲུབ་བྱས་ཡོད། ཏེན་ཚྭ་ཚོང་གཉེར་གྱི་དྲ་རྒྱའི་མ་ལག་འཛུགས་རྒྱུའི་ལས་འགོ་བདེ་བླག་ངང་བཙུགས་པ་དང་། ལྷ་སའི་དངོས་ཟོག་འགྲེམས་སྐྱེལ་ལྟེ་གནས་འཛུགས་སྐྲུན་ཟིན་ནས་བེད་སྤྱོད་གཏོང་འགོ་ཚུགས་ཡོད། སྡོད་ཁང་འཛད་སྤྱོད་རིམ་བཞིན་སླར་གསོ་ཐུབ་པ་བྱུང་བའི་ཐོག་ཡུལ་སྐོར་དང་མོ་ཊ་ཉོ་སྒྲུབ་ཐད་ཀྱི་འཛད་སྤྱོད་དར་ཞིང་རྒྱས་པ་བྱུང་ཡོད།

        དུས་ཐོག་ཏུ་གཅིག་སྡུད་ལས་འགོ་བཙུགས་ནས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་རྒྱུ་བདེ་བླག་བྱུང་བ། ང་ཚོས་སྔོན་གྲབས་ཀྱི་ལས་ཀ་ནན་ཏན་བྱས་ནས་ལས་འགོ་འཛུགས་རྒྱུར་ཆ་རྐྱེན་ཧུར་ཐག་བསྐྲུན་ཞིང་། དུས་ཐོག་ཏུ་ཕོད་མདོ་ཆུ་བེད་ལྟེ་གནས་དང་། རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་ཨ་མའི་རིགས་བཟོ་བཅོས་རྒྱག་རྒྱུ་སོགས་ཀྱིས་མཚོན་པའི་གཙོ་གནད་རྣམ་གྲངས་ཁག་གཅིག་ལས་འགོ་བཙུགས་པ་དང་། ལྷ་གཞིས་ལྕགས་ལམ་བཟོ་རྒྱུ་རྒྱལ་ཁབ་ལ་སྙན་སེང་ཞུས་ནས་ཆོག་མཆན་སྒུག་རྒྱུ་དང་། བོད་དཀྱིལ་རྒྱུད་ཀྱི་ཆུ་འཐེན་ནུས་གསོག་གློག་ཁང་བསྒྱུར་བཅོས་བྱེད་རྒྱུ་ཕུད་དེ་མིན “རྣམ་གྲངས་180”ཡོངས་རྫོགས་ལས་འགོ་འཛུགས་རྒྱུའི་དམིགས་ཡུལ་འགྲུབ་པའི་ཐོག ད་ཆ་རྣམ་གྲངས་100ཙམ་ལས་མཇུག་སྒྲིལ་ཟིན་པ་རེད། མཚོ་བོད་དང་། ཁྲོན་བོད། ཤིན་བོད། ཡུན་བོད། ཀྲུང་ནེ་གཞུང་ལམ་མེ་ཏོག་གཞུང་ལམ་སོགས་དང་རྫོང་མཐུད་སྣུམ་ནག་གཞུང་ལམ་བཅས་འཛུགས་སྐྲུན་བྱེད་རྒྱུ་ལམ་ལྷོངས་བྱུང་ཞིང་། རྫོང་49ཙམ་ལ་རྫོང་མཐུད་སྣུམ་ནག་གཞུང་ལམ་བཏིང་ཡོད། མངའ་རིས་དགུན་ས་གནམ་ཐང་གི་ཚོད་ལྟའི་འཕུར་སྐྱོད་ལེགས་གྲུབ་བྱུང་བ་དང་། ཆབ་མདོའི་སྤང་མདའ་གནམ་ཐང་རྒྱས་སྐྲུན་ལས་གྲྭ་ལེགས་གྲུབ་ཟིན་པ་རེད། དེ་བཞིན་དངོས་ཨ་འཕྲང་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་བྱེད་རྒྱུ་ལམ་ལྷོངས་བྱུང་བ་དང་། བྲག་ཆུའི་ཞོལ་ཁ་གློག་ཁང་གློག་གཏོང་འགོ་ཚུགས་ཤིང་། ཉིང་ཁྲིའི་གློག་དྲ་དང་བོད་དཀྱིལ་རྒྱུད་ཀྱི་གློག་དྲ་མཐུད་ཐུབ་པ་བྱུང་ཡོད། གཞན་ཡང་བོད་དཀྱིལ་རྒྱུད་ཀྱི་གློག་དྲའི་བར་བརྒལ་གློག་རྒྱུན་སྦྲེལ་མཐུད་བྱེད་རྒྱུའི་ལས་ཀ་སྔོན་ཚུད་ནས་བཀོད་སྒྲིག་དང་། སྒྲིག་འཛུགས་ཚགས་ཚུད་ཀྱིས་སྒྲུབ་བཞིན་ཡོད་པས་བོད་ཀྱི་ལོ་གསར་གོང་གློག་གཏོང་འཕྲུལ་འཁོར་ཡོངས་རྫོགས་ནས་གློག་གཏོང་ཐུབ་རྒྱུ་རེད། མངའ་རིས་ཀྱི་འོད་ཤུགས་དྲ་འབྲེལ་གློག་ཁང་འཛུགས་སྐྲུན་བྱེད་འགོ་བཙུགས་པ་དང་སེང་གེ་ཁ་འབབ་ཀྱི་འཕྲལ་མཁོའི་གློག་རྒྱུན་འཛུགས་སྐྲུན་ཟིན་ནས་བེད་སྤྱོད་བྱེད་བཞིན་ཡོད། མ་ནག་དང་མལ་སྟག་གི་ཆུ་འདྲེན་ཁུལ་ཆེན་པོ་གཉིས་ཀྱི་གཙོ་རྐང་ལས་གྲྭ་ལེགས་གྲུབ་ཟིན་ཡོད། རྒྱལ་ཡོངས་དང་གོམ་པ་མཉམ་བགྲོད་ཐོག་3Gལས་གཉེར་བྱེད་འགོ་བཙུགས་ཡོད། གཙོ་གནད་རིག་དངོས་ཆེ་གྲས་གསུམ་གྱི་ཉམས་གསོའི་ལས་གྲྭ་ལེགས་གྲུབ་ཟིན་པ་དང་། མཚོ་བོད་ལྕགས་ལམ་གྱི་ནག་ཆུའི་ཟོག་འགྲེམས་ལྟེ་གནས་ལས་གཉེར་བྱེད་འགོ་བཙུགས་པ། གཙོ་གནད་རྣམ་གྲངས་རིགས་ལ་རྩིས་བཤེར་དང་། ལྟ་ཞིབ། དཔྱད་བཤེར་བཅས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཟམ་མི་ཆད་པར་རྣམ་གྲངས་དོ་དམ་བྱེད་ནུས་ཆེ་རུ་བཏང་བ་དང་ཆུ་ཚད་མཐོ་རུ་བཏང་ཡོད།

        གཙོ་གནད་ཁྱབ་ཁོངས་འབུར་དུ་ཐོན་པ་བྱས་ནས་བཟོ་ལས་དཔལ་འབྱོར་དང་ཡུལ་སྐོར་བྱ་གཞག་གོང་འཕེལ་གཏོང་རྒྱུར་གྲུབ་འབྲས་གསར་པ་ཐོབ་པ། ང་ཚོས་སྲིད་ཇུས་ཀྱིས་ཁྲིད་སྟོན་བྱེད་རྒྱུར་མཐོང་ཆེན་བྱས་ཏེ་མ་དངུལ་གྱི་གཞོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་ཁེ་ལས་དྲག་གྲས་མཉམ་འབྲེལ་བྱེད་རྒྱུར་སྐུལ་སྤེལ་བཏང་བ། དཔལ་འབྱོར་གོང་འཕེལ་གཏོང་ཐབས་འགྱུར་ལྡོག་མགྱོགས་པོ་བཏང་བ་བཅས་ལ་བརྟེན་སྤུས་ཚད་དང་ཕན་འབྲས་གཉིས་ཀ་མངོན་གསལ་དོད་པོས་གོང་མཐོར་སོང་ཡོད། དེ་ཡང་ཐོན་ལས་དང་པོ་གོམ་པ་བརྟན་པོའི་ངང་གོང་འཕེལ་བྱུང་ནས་སྔོན་དཔག་ལྟར་ན་འཕར་ཐང་སྒོར་དུང་ཕྱུར་64ཙམ་ཡོང་བཟོ་ཡོད། དེ་བཞིན་རང་བྱུང་གི་གནོད་འཚེ་འདྲ་མིན་རིགས་ལ་ཁ་གཏད་ཧུར་ཐག་བཅག་ནས་ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་ཟམ་མི་ཆད་པར་ཇེ་ཆེར་སོང་སྟེ་འབྲུ་རིགས་སྤྱིའི་ཐོན་འབོར་ཀྲོན་ཁྲི་92ཡས་མས་སུ་སླེབས་རྒྱུ་ཡིན་པ་དང་། ཕྱུགས་ལས་གོམ་པ་བརྟན་པོའི་ངང་གོང་འཕེལ་འགྲོ་བ། ཤང་གྲོང་ཁེ་ལས་དང་སྣ་མང་གཉེར་སྐྱོང་བྱེད་སྒོའི་རིགས་འཕེལ་ངོ་བཟང་པོ་ཡོད། གཞི་ཁྱོན་ཆེན་པོ་དང་སྟོབས་ཆེན་པོ་བཟོ་རྒྱུ་རྒྱུན་འཁྱོངས་ཐོག་སྲིད་ཇུས་ཀྱི་ཁོར་ཡུག་བཟང་དུ་ཧུར་ཐག་བཏང་བར་བརྟེན་བཟོ་ལས་ཀྱི་ཐོན་ཚོང་གཉིས་ཀ་དར་རྒྱས་ཆེན་པོ་བྱུང་བ་དང་། བཟོ་ལས་དཔལ་འབྱོར་འཕར་སྣོན་ཡོང་ཚད་མངོན་གསལ་དོད་པོས་མགྱོགས་སུ་སོང་ཞིང་། ཐོན་ལས་གཉིས་པའི་འཕར་ཐང་གིས་GDPནང་ཟིན་པའི་བསྡུར་ཚད་དེ་30%བརྒལ་ཐུབ་པ་བྱུང་བ་དེ་ནི་ཐེངས་དང་པོ་ཡིན། རང་སྐྱོང་ལྗོངས་ཀྱིས་ཐོན་ལས་གོང་འཕེལ་གཏོང་རྒྱུ་དང་གཞུང་ཁོངས་ཁེ་ལས་གོང་འཕེལ་གཏོང་རྒྱུར་མ་དངུལ་སྒོར་དུང་ཕྱུར་5བཀོད་སྒྲིག་བྱས་ཏེ་ཁེ་ལས་ཀྱི་ཐོན་སྐྱེད་དང་གཉེར་སྐྱོང་སླར་གསོ་བྱེད་རྒྱུར་རོགས་རམ་ཧུར་ཐག་བྱས་ནས་འབད་བརྩོན་ཆེན་པོས་དཀའ་ཚེགས་ཆེ་སྒང་ལས་སྒྲོལ་ཐུབ་པ་བྱས་པས་དཔལ་འབྱོར་གྱི་ཕན་འབྲས་གོང་མཐོར་སོང་བ་དང་བཟོ་ལས་དཔལ་འབྱོར་ཅུང་མགྱོགས་པོའི་ངང་གོང་འཕེལ་འགྲོ་ཐུབ་པ་བྱུང་ཡོད། ན་ནིང་བཀོད་སྒྲིག་བྱས་པའི་སྒོར་དུང་ཕྱུར་200ལྷག་ཙམ་ཡོད་པ་མུ་མཐུད་དོན་འཁྱོལ་བྱས་ཏེ་ནས་ཀྱི་སྦི་རག་དང་། རྒྱ་མའི་ཟངས་གཏེར། དཔེ་གསར་སྐམ་བསྲེག་སྦེ་ལཱ་ས་སོགས་གཙོ་གནད་བཟོ་ལས་རྣམ་གྲངས་འཛུགས་སྐྲུན་དང་སྔོན་གྲབས་ལས་དོན་སྤེལ་ཡོད། འཛུགས་སྐྲུན་ཚོགས་ཚོ་དང་། ཨར་ལས་རྒྱུ་ཆ་ཚོགས་ཚོ། གཏེར་ལས་ཚོགས་ཚོ་བཅས་སྒོ་བྱང་བཀལ་ནས་དངོས་སུ་བཙུགས་པ། ས་གཤིས་གཏེར་འཚོལ་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་ཅིང་། གཏེར་རྫས་ཐོན་ཁུངས་སྒྲིལ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་བ་དང་། འཚོལ་ཞིབ་བྱེད་རྒྱུ་དང་ཐོན་སྒོ་འབྱེད་རྒྱུར་དོ་དམ་བྱེད་རྒྱུ་སྔར་ལས་ཚད་ལྡན་དུ་བཏང་ཡོད། གཞན་ཡང་ཡུལ་སྐོར་ལས་རིགས་ཀྱིས་གཙོ་བོ་བྱས་པའི་ཐོན་ལས་གསུམ་པ་སླར་གསོ་དང་གོང་འཕེལ་མགྱོགས་པོ་བྱུང་ནས་འཕར་ཐང་སྒོར་དུང་ཕྱུར་241བྱུང་ཡོད་པས་འཕར་ཚད་11.7%ཟིན་ཡོད། ལོ་ཧྲིལ་པོར་རྒྱལ་ཁབ་ཕྱི་ནང་ཀུན་ནས་ཡུལ་སྐོར་དུ་ཡོང་མཁན་ལ་སྣེ་ལེན་ཞུས་པ་མི་ཐེངས་ཁྲི་500བརྒལ་ཏེ་བསྡོམས་མི་ཐེངས་ཁྲི་556ཟིན་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་52.4ཟིན་པ་དེ་ཁག་སོ་སོར་ལྡབ་1.47དང་ལྡབ་1.32འཕར་ཡོད་པས་ལོ་རྒྱུས་ཐོག་གི་ཚད་གཞི་གསར་པར་སླེབས་ཡོད། གྲོང་གསེབ་ཀྱི་ཡུལ་སྐོར་གོང་འཕེལ་མགྱོགས་པོ་བྱུང་ནས་ལྗོངས་ཡོངས་སུ་ཡུལ་སྐོར་སྣེ་ལེན་ཞབས་ཞུའི་ལས་རིགས་གཉེར་མཁན་ཞིང་འབྲོག་མི་གྲངས་ཁྲི་4.2ཙམ་བྱུང་ཡོད་པ་དང་། ཡུལ་སྐོར་ལས་རིགས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་2.6བྱུང་ནས་ཞིང་འབྲོག་དུད་ཚང་ཆིག་ཁྲི་ལྷག་ཙམ་ལ་ཁེ་ཕན་ཐོབ་ཡོད། ཡུལ་སྐོར་བྱ་གཞག་གོང་འཕེལ་མགྱོགས་པོ་བྱུང་བ་དེས་འབྲེལ་ཡོད་ལས་རིགས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བྱུང་ནས་འཕར་སྣོན་འགན་སྲུང་བྱེད་རྒྱུར་ལེགས་སྐྱེས་བཟང་པོ་ཕུལ་ཡོད།

        བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་བཏང་ནས་གོང་འཕེལ་གྱི་འགུལ་ཤུགས་དང་གསོན་ཤུགས་ཟམ་མི་ཆད་པར་ཇེ་ཆེར་སོང་བ། ང་ཚོས་ལམ་སྲོལ་དང་བྱེད་ཐབས་བཟང་དུ་གཏོང་རྒྱུ་དང་ཚགས་ཚུད་དུ་གཏོང་རྒྱུར་དོ་སྣང་བྱས་ཏེ་བློ་རྩ་བརྟན་པོས་བསྒྱུར་བཅོས་ཀྱི་བྱེད་སྒོ་ཁག་སྤེལ་བ་དང་སྒོ་དབྱེའི་སྐུལ་ཁྲིད་ཀྱི་ཐབས་ཇུས་ལག་བསྟར་ཤུགས་ཆེ་བྱས་པར་བརྟེན་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་གསོན་ཤུགས་སྔར་ལས་ཆེ་བ་འཕེལ་བ་དང་། ཕན་འབྲས་སྔར་ལས་ཆེ་བ་ཐོན་ཐུབ་པ་བྱུང་ཡོད། གྲོང་གསེབ་ཀྱི་ཕྱོགས་བསྡུས་བསྒྱུར་བཅོས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས་གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་སྔར་བས་ཚགས་ཚུད་དུ་བཏང་བ་དང་། གྲོང་གསེབ་ཀྱི་ཆུ་གློག་ལམ་སྲོལ་བསྒྱུར་བཅོས་དང་མཉམ་སྡེབ་ནགས་དབང་ལམ་ལུགས་བསྒྱུར་བཅོས་ཀྱི་ཚོད་ལྟ་ལམ་ལྷོངས་བྱུང་ཡོད། གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་བྱེད་རྒྱུ་གོམ་པ་བརྟན་པོའི་ངང་སྤེལ་ཐོག་རང་སྐྱོང་ལྗོངས་ནས་ཁེ་ལས་གོང་འཕེལ་གཏོང་རྒྱུར་ངར་སྐུལ་གཏོང་བའི་བྱ་ཐབས་དང་ཁེ་ལས་ཀྱི་མཐོ་རིམ་དོ་དམ་མི་སྣར་ངར་སྐུལ་གཏོང་བའི་བྱ་ཐབས་བཏོན་ཡོད། གློག་རིན་བསྒྱུར་བཅོས་ཀྱི་ལས་གཞིར་སྐུལ་སྤེལ་བཏང་ཡོད། མ་རྩའི་ཁྲོམ་རར་འཕེལ་རྒྱས་གསར་པ་བྱུང་ནས་ཆེས་བྲིན་བོད་སྨན་ཁྲོམ་འགྲེམས་ལེགས་གྲུབ་བྱུང་བ་དང་། ཡར་ཀླུང་ཁྲོམ་འགྲེམས་ཀུང་སི་བསྐྱར་སྒྲིག་བྱེད་རྒྱུ་ལམ་ལྷོངས་བྱུང་ཡོད། ལྗོངས་ཡོངས་ཀྱི་སྨན་རིགས་སྨན་བཅོས་འཕྲོད་བསྟེན་ལམ་སྲོལ་བསྒྱུར་བཅོས་བྱེད་རྒྱུ་ཕྱོགས་ཡོངས་ནས་འགོ་བཙུགས་པ། ཚྭ་ལས་ལམ་སྲོལ་བསྒྱུར་བཅོས་བྱས་པར་དངོས་ཕན་གྱི་གྲུབ་འབྲས་ཐོབ་ཡོད། ཕྱི་ཕྱོགས་དང་དཔལ་འབྱོར་གྱི་འབྲེལ་ལམ་བཙུགས་པ་དང་མཉམ་ལས་ཧུར་ཐག་བྱས་ནས་ཧྭ་ནུས་དང་། ཧྭ་གློག རྒྱལ་གློག་སོགས་གློག་ཤུགས་ཚོགས་ཚོ་ཆེན་པོ་གསུམ་དང་། ཀྲུང་གོ་གློག་འཕྲིན་དང་། འགུལ་འཁྱེར། ལན་ཐུང་སོགས་འཕྲིན་གཏོང་ལས་གཉེར་ཚོང་དུད་ཆེན་པོ་གསུམ་དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་ཡོད། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་མགྱོགས་པོ་བྱུང་ནས་ལས་ཞུགས་བྱེད་གནས་ཁྲི་32.1བཟོ་ཐུབ་པ་བྱུང་བ་དང་། གོང་འབུལ་ཁྲལ་འབབ་སྒོར་དུང་ཕྱུར་25བྱུང་ཡོད་པ་དེས་ལྗོངས་ཡོངས་ཀྱི་ཁྲལ་འབབ་བསྡོམས་འབོར་གྱི་73%ཟིན་ཞིང་། ལས་ཞུགས་ཐག་གཅོད་བྱེད་རྒྱུ་དང་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད། ཚོང་དང་མ་རྩ་འདྲེན་འགུགས་བྱེད་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་ཡོད་པས་ལོ་ཧྲིལ་པོར་མ་རྩ་སྒོར་དུང་ཕྱུར་59ཙམ་གནས་ལ་འཁྱོལ་ཐུབ་པ་བྱུང་བས་འཕར་ཚད་23%ཟིན་ཡོད། ལྷ་སའི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་འཛུགས་རྒྱུ་དང་དེར་ཁེ་ལས་བཅའ་སྡོད་བྱེད་རྒྱུའི་ལས་ཀ་སྤེལ་མགྱོགས་སུ་བཏང་ཡོད། མཐའ་མཚམས་ཉོ་ཚོང་བརྟན་པོའི་ངང་གོང་འཕེལ་བྱུང་ཞིང་། སྔོན་དཔག་ལྟར་ན་ལོ་ཧྲིལ་པོར་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་4ཙམ་ཟིན་བཟོ་ཡོད། ཕྱི་ཕྱོགས་ལ་དཔལ་འབྱོར་འབྲེལ་ལམ་འཛུགས་རྒྱུ་དང་མཉམ་ལས་བྱེད་རྒྱུ་ཧུར་ཐག་སྤེལ་ཞིང་། སྐབས་བཅུ་གཉིས་པའི་ཀྲུང་གོའི་བོད་ལྗོངས་དང་ནེ་པ་ལའི་དཔལ་འབྱོར་ཚོང་དོན་བགྲོ་གླེང་ཚོགས་འདུ་ལམ་ལྷོངས་ངང་གཉེར་པ་དང་། རང་ལྗོངས་ཀྱིས་ཧྲང་ཧའེ་འཛམ་གླིང་དངོས་རིགས་འགྲེམས་ཚོགས་ལ་ཞུགས་རྒྱུའི་གྲ་སྒྲིག་གི་ལས་སྒོ་ཁག་ལམ་ལྷོངས་ངང་སྤེལ་བཞིན་ཡོད།

        གཉིས། ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་དམངས་ཀྱི་འཚོ་བ་འགན་སྲུང་དང་མི་དམངས་ཀྱིས་གོང་འཕེལ་གྱི་འབྲས་བུ་མཉམ་སྤྱོད་ཐུབ་པ་བྱས་ཏེ་མཆོང་སྐྱོད་གོང་འཕེལ་གྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་རྒྱུའི་མང་ཚོགས་ཀྱི་རྨང་གཞི་དེ་བས་སྲ་བརྟན་དུ་བཏང་ཡོད།

        ང་ཚོས་མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་ཐོག་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་རྒྱུ་དེ་བསྒྱུར་འཕེལ་བརྟན་གསུམ་གྱི་གལ་ཆེའི་འབྲེལ་མཚམས་ཤིག་ཏུ་བརྩིས་ཐོག་མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། ཐད་ཀར་འབྲེལ་བ་ཡོད་པ། འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་བྱེད་རྒྱུར་ཤུགས་བརྒྱབ་སྟེ་དམངས་ཀྱི་འཚོ་བའི་ཐད་གཏོང་ཆ་ཤུགས་ཆེར་བཏང་བ་དང་། འགན་སྲུང་ཆུ་ཚད་གོང་མཐོར་ཧུར་ཐག་བཏང་བ། སྤྱི་པའི་ཞབས་ཞུ་སྒྲུབ་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་བ་བཅས་ཀྱིས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་དེ་བས་མང་བ་ཐོབ་ཡོད།

        ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཏན་ཏིག་བཏང་ནས “ལོ་ལྔ་ཚན་བཅུ་གཅིག་པའི ”བདེ་འཁོད་ལས་གཞིའི་འཆར་འགོད་དམིགས་ཚད་ལོ་གཅིག་སྔ་སྣུར་དུ་ལེགས་སྒྲུབ་བྱུང་བ། ང་ཚོས་སྔ་ཕྱི་བར་གསུམ་དུ་ཞིང་འབྲོག་མང་ཚོགས་ཀྱི་བདེ་འཁོད་ལས་གཞི་སྐྲུན་རྒྱུ་དེ་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུའི་ཤུགས་རྒྱག་ས་གཙོ་བོར་བརྩིས་ནས “གཞི་རྩའི་ཆར་ཐག་གཅོད་བྱེད་རྒྱུ་བརྒྱད ”ལ་སྐུལ་སྤེལ་ཇེ་མགྱོགས་སུ་བཏང་བས་མིག་སྔ་བར་ཞིང་འབྲོག་མང་ཚོགས་ཀྱི་དུད་ཚང་ཁྲི་23དང་མི་ཁྲི་120ལ་བདེ་འཁོད་ལས་གཞི་སྐྲུན་ཟིན་པའི་ཐོག ན་ནིང་སླར་ཡང་སྒོར་དུང་ཕྱུར་2.9བཏང་ནས་ཞིང་པའི་སྡོད་ཁང་གི་ཡོམ་ཟོན་བརྟན་བཅོས་ལས་གཞི་བརྩམས་པ་སྡེབ་རྩིས་བྱས་ན་མི་ཁྲི་122.2ཡི་གནོད་མེད་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་ཏེ “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ཀྱི་ལས་འགན་ལོ་གཅིག་སྔ་སྣུར་དུ་ལེགས་སྒྲུབ་བྱས་པ། ཤང་དང་གྲོང་རྡལ་ཁག་668དང་སྲིད་འཛིན་གྲོང་ཚོ་4222ལ་གཞུང་ལམ་ཤར་གཏོང་ཐུབ་སྟེ་སྲིད་འཛིན་གྲོང་ཚོ་80%ལ་གཞུང་ལམ་ཤར་གཏོང་གི་དམིགས་ཚད་ལོ་གཅིག་སྔ་སྣུར་དུ་མངོན་འགྱུར་བྱུང་བ། གློག་གསར་སྤྱོད་དང་གློག་སྤྱོད་ཆ་རྐྱེན་ལེགས་སུ་བཏང་བ་མི་གྲངས་ཁྲི་11ཟིན་ཞིང་ད་ཆ་ཞིང་འབྲོག་མང་ཚོགས་ཁྲི་150ལྷག་ཙམ་ལ་གློག་སྤྱོད་ཐུབ་པ། སྲིད་འཛིན་གྲོང་ཚོར་ཁ་པར་གཏོང་ཐུབ་ཚད་85%ཟིན་པ་དང་ཤང་གྲོང་ལ་སྦྲག་བསྐུར་གཏོང་ཐུབ་ཚད་80%ཟིན་པ། ཞིང་འབྲོག་ཁུལ་ལ་ཏེན་ཚྭ་ཁེབས་ཚད་80%ཡན་ཟིན་པ། རྫོང་ཚང་མའི་ཤང་དང་གྲོང་ཚོའི་སྨན་བཅོས་ལས་ཁུངས་ལ་ཚད་ལྡན་སྨན་བཅོས་སྒྲིག་ཆས་སྒྲིག་སྦྱོར་བྱས་པ། སྐྱ་གྲིབ་སྨིན་པའི་ནད་པ་འཕྲལ་དུ་སྨན་བཅོས་ཐུབ་པ། གཞན་ཡང་འབུད་ཤིང་རྒྱུ་ཚབ་ལས་གཞི་མྱུར་དུ་སྤེལ་ནས་སྡེབ་རྩིས་བྱས་ན་དུད་ཚང་ཁྲི་11.4ལ་རྫབ་རྫིང་བཟོས་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་དུད་ཚང་ཁྲི་39.5ལ་ཉི་ཐབ་སྤྲད་ཡོད། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་སོང་བ་དང་སྦྲགས་བདེ་འཁོད་ལས་བརྩོན་ཐུབ་པ་འཚང་ཁར་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་སྐྲུན་རྒྱུ་སྐས་རིམ་གསར་པ་ཞིག་ཏུ་འཛེགས་ཡོད།

        སྲིད་ཇུས་ལ་བརྟེན་ནས་འབབ་འཕར་ཡོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་འབབ་སྨར་13%འཕར་སྣོན་བྱུང་བ། ང་ཚོས “རྨང་གཞི་གཅིག་བརྟན་པོ་འདིང་བ་དང་། ལས་རིམ་གཉིས་ཡག་པོ་སྒྲུབ་པ། ལས་ས་གཅིག་ཡག་པོ་བཟོ་བ ”བཅས་ཀྱི་ལས་ཀའི་བླང་བྱ་ལྟར་ཞིང་འབྲོག་ལས་ཐོན་འཕར་འབབ་འཕར་ཡོང་བ་དང་། ཁྱད་ལྡན་ཐོན་ལས་གསར་སྤེལ་བྱེད་པ། ངལ་རྩོལ་ནུས་ཤུགས་ཁ་སྒྱུར་བྱེད་པ། ཚན་རྩལ་ཁྱབ་གདལ་གཏོང་བ། ཡིད་རྟོན་དངུལ་བུན་གཏོང་སྒོ་ཆེ་རུ་གཏོང་བ། ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་གོང་འཕེལ་ཇེ་མགྱོགས་སུ་གཏོང་བ་སོགས་ཀྱི་བྱ་ཐབས་སྣ་མང་སྤྱད་དེ་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཐུབ་པའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་སྔར་བས་སྲ་བརྟན་འཐུས་ལེགས་སུ་བཏང་ཡོད། སྔོན་དཔག་ལྟར་ན་ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་འབབ་སྨར་སྒོར་3589ཟིན་བཟོ་ཡོད་པས་13%འཕར་རྒྱུ་ཡིན་པ་དང་། ལོ་བདུན་བསྟུད་མར་གྲངས་གནས་གཉིས་འཕར་ཐུབ་པ་བྱུང་ཡོད། ཞིང་ལས་སྟོབས་ཆེར་གཏོང་བ་དང་ཞིང་པར་ཕན་སྦྱར་བྱེད་པའི་ཁ་གསབ་རོགས་དངུལ་སྤྲོད་ཤུགས་ཆེ་རུ་བཏང་ནས་ལོ་ཧྲིལ་པོར་སྡེབ་རྩིས་བྱས་ན་འབྲུ་རིགས་ཀྱི་ཐད་ཀའི་ཁ་གསབ་རོགས་དངུལ་དང་། ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ་རོགས་དངུལ། རྫས་ལུད་ཀྱི་ཁ་གསབ་རོགས་དངུལ། ཕྱུགས་ཟོག་བཤས་གཏོང་བའི་ཁ་གསབ་རོགས་དངུལ་སོགས་ཁ་གསབ་རོགས་དངུལ་ཁག་སྒོར་དུང་ཕྱུར་2.13དོན་འཁྱོལ་བྱས་པ་དེ་ལོ་གོང་མ་དང་བསྡུར་ན་37%འཕར་ཡོད། ལོ་ཧྲིལ་པོར་ཞིང་འབྲེལ་ཡིད་རྟོན་དངུལ་བུན་ལྷག་འཕྲོ་སྒོར་དུང་ཕྱུར་51ཟིན་ཡོད། ཚོང་ལས་འགན་བཅོལ་བྱེད་རྒྱ་ཆེ་རུ་ཟམ་མི་ཆད་པ་བཏང་ཞིང་། རྫོང་ཁག་30ལ་ཞིང་འབྲོག་ལས་ཀྱི་ཚོང་ལས་འགན་བཅོལ་བྱས་ཏེ་མང་ཚོགས་ཀྱི་གནོད་འཚེའི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་8.3སྒྲིལ་སྤྱོད་ཀྱིས་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་གསར་སྤེལ་རྣམ་གྲངས་65གཉེར་ནས་རྣམ་གྲངས་ཁུལ་གྱི་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད། ཚན་རིག་དང་། ཤེས་དཔལ། ཡར་ཐོན་བཅས་ལ་ཁ་ཕྱོགས་ནས་ཚན་རིག་ཤེས་བྱ་དང་ངལ་རྩོལ་རྩལ་ནུས་ཀྱི་སྦྱོང་བརྡར་ཤུགས་ཆེ་སྤྲས་ཤིང་། སྦྱོང་བརྡར་མ་དངུལ་སྒོར་ཁྲི་5000བཀོད་སྒྲིག་བྱས་ནས་ཞིང་འབྲོག་མང་ཚོགས་མི་ཐེངས་ཁྲི་28ལ་སྦྱོང་བརྡར་སྤྲས་པས་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ནུས་པ་སྔར་བས་ཆེ་རུ་སོང་ཡོད།

        སྤྱི་ཚོགས་བྱ་གཞག་གི་གཏོང་སྒོ་22%འཕར་བ་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་སོང་བ། ང་ཚོས་ཐོག་མཐའ་བར་གསུམ་དུ་གཅིག་གྱུར་འཆར་འགོད་དང་མོས་སྙོམས་ལྟ་རྟོགས་བྱེད་རྒྱུ་མཐའ་འཁྱོངས་ཐོག་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་གོང་འཕེལ་གཏོང་རྒྱུ་དེ་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་བའི་གལ་ཆེའི་འཐབ་ཇུས་ཀྱི་ལས་འགན་ལ་བརྩིས་ནས་གཏོང་ཆ་ཤུགས་ཆེར་བཏང་ནས་སྤྱི་ཚོགས་ཀྱི་བྱ་གཞག་ཁག་གང་མགྱོགས་གོང་འཕེལ་འགྲོ་ཐུབ་པ་བྱས་ཡོད།

        སློབ་གསོའི་ཆུ་ཚད་གོང་མཐོར་སྔར་ལས་ལྷག་པ་སོང་བ། “གཞི་རྩའི་ཆ་གཉིས ”འབྲས་བུ་ཟམ་མི་ཆད་པར་སྲ་བརྟན་དུ་བཏང་བ་དང་། “ལོ་དགུའི་ཁྱབ་གདལ ”དང་“ཡིག་རྨོངས་སེལ་བའི ”ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱུང་ཡོད། དེ་བཞིན “འགན་ལེན་གསུམ ”གྱི་འགྲོ་གྲོན་ཚད་གཞི་སླར་ཡང་མཐོ་རུ་བཏང་ཞིང་། ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར་1800ཟིན་པ་དང་ཕན་སླེབས་ཐོབ་པའི་སློབ་མ་ཁྲི་27ཟིན་ཡོད། ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་ལ་འབྲིང་རིམ་ལས་རིགས་སློབ་གསོའི་སློབ་ཡོན་དང་ཞག་སྡོད་རིན་དངུལ་རྩ་ཆག་བཏང་བས་ཕན་སླེབས་ཐོབ་པའི་སློབ་མ་ཁྲི་2.9ཟིན་ཡོད། མཐོ་རིམ་སློབ་གྲྭའི་དགེ་འོས་དང་ས་གཏེར། ཞིང་འབྲེལ་ཆེད་ལས་ཚན་ཁག་བཅས་ཀྱི་སློབ་མར་སློབ་ཡོན་རྩ་ཆག་བཏང་ཡོད། མཐོ་རིམ་སློབ་འབྲིང་གི་སློབ་གསོ་དང་ལས་རིགས་སློབ་གསོ་གོང་འཕེལ་ཇེ་མགྱོགས་སུ་སོང་བ་དང་། མཐོ་རིམ་སློབ་གསོའི་སྤུས་ཚད་ལེགས་སུ་སོང་ཡོད། ནང་སར་སློབ་གྲྭ་གཉེར་བའི་གཞི་ཁྱོན་རིམ་བཞིན་རྒྱ་ཆེར་སོང་བ་དང་། གྲུབ་ཆ་ལེགས་སུ་སོང་བ། ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་སོང་ཡོད། གྲུམ་བུ་ཚིགས་ཆེན་ནད་ཐོན་ཁུལ་གྱི་སློབ་མ་རྣམས་ནད་ཐོན་ཁུལ་ལས་བྲལ་ཏེ་སློབ་གྲྭར་ཞུགས་རྒྱུའི་ལས་འགན་ལེགས་སྒྲུབ་བྱུང་བ་དང་། མཐོ་རིམ་སློབ་གྲྭའི་སྤུས་ཚད་ལེགས་སྒྱུར་ལས་གཞི་དང་། སློབ་འབྲིང་བསྒྱུར་བཅོས། སློབ་ཆུང་ཚད་ལྡན་བཟོ་རྒྱུ། བྱིས་གསོ་ཁང་འཛུགས་སྐྲུན་བཅས་བྱེད་པའི་ལས་ཀ་བདེ་བླགས་ངང་སྤེལ་བ་དང་། ཞིང་འབྲོག་ཁུལ་གྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་འཛུགས་སྐྲུན་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་གསོ་དང་། སློབ་གྲྭ་འབྲིང་ཆུང་གི་བསམ་བློ་ཀུན་སྤྱོད་སློབ་གསོ། སློབ་ཆུང་གི “སྐད་གཉིས ”སློབ་གསོ། སློབ་ལོ་མ་ལོན་གོང་གི་སློབ་གསོ་བཅས་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད།

        སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་སྔར་བས་འཐུས་ལེགས་སུ་སོང་བ། རྫོང་ཁག་31གི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་དང་། ཤང་གྲོང་ཁག་53གྱི་འཕྲོད་བསྟེན་ཁང་། སྡེ་ཁུལ་4ཡི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་བཅས་ཚད་ལྡན་དུ་བཟོ་བའི་ལས་འགོ་བཙུགས་པ་དང་། རྫོང་ཁག་4ཡི་རིམས་ནད་འགོག་བཅོས་ལྟེ་གནས་གསར་རྒྱག་བྱས་པ། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་དང་སྨན་རྩིས་ཁང་རྒྱག་རྒྱུའི་ལས་འགོ་བཙུགས་ཡོད། གྲོང་ཚོའི་སྨན་པར་ཁ་གསབ་རོགས་དངུལ་དང་བྱ་དགའ་སྤྲོད་ཤུགས་ཆེ་རུ་བཏང་ནས་མི་རེར་ཆ་སྙོམས་ལོ་རེར་སྒོར་3200ཡན་ཟིན་ཡོད། ཞིང་འབྲོག་མང་ཚོགས་ཀྱི་བདེ་ཐང་འཕྲོད་སྦྱོར་བྱ་སྤྱོད་སྤེལ་འགོ་བཙུགས་ཡོད། ཞིང་འབྲོག་ཁུལ་གྱི་སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་བསུ་བྱེད་པར་སྨན་རིན་སྤྲོད་མི་དགོས་པ་དང་། ཕྱོགས་མཚུངས་གྲོང་ཁྱེར་གྲོང་རྡལ་གྱི་སྦྲུམ་མར་རོགས་དངུལ་སྤྲོད་པའི་སྲིད་ཇུས་ལག་བསྟར་བྱས་པ། འགོས་ནད་དང་ཡུལ་ནད་འགོག་བཅོས་ལས་དོན་སྤེལ་ཤུགས་ཆེ་རུ་སོང་བ། མཉམ་འགོག་མཉམ་འཛིན་བྱེད་རྒྱུར་མཐོང་ཆེན་བྱས་ཤིང་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་H1N1ཆམ་རིམས་ཀ་པའི་ནད་རིམས་ཁྱབ་མཆེད་མི་འགྲོ་བའི་ཚོད་འཛིན་ནན་པོ་བྱས་པ་དང་། དེས་མི་དམངས་ཀྱི་བདེ་ཐང་ལ་གནོད་འཚེ་བཟོ་ཤུགས་ཆུང་དུ་གཏོང་གང་ཐུབ་བྱས་ཡོད། མི་འབོར་དང་སྐྱེ་གསོ་གཉིས་ལེགས་ཀྱི་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། བཟའ་བཅའ་དང་སྨན་རིགས་ཀྱི་ལྟ་སྡོམ་ལས་དོན་སྤེལ་ཤུགས་ཆེ་རུ་སོང་ཡོད།

        ཚན་རྩལ་ཐོག་ནས་ཐོན་ལས་གོང་འཕེལ་གཏོང་རྒྱུར་འདེགས་སྐྱོར་བྱེད་རྒྱུ་དང་“ཞིང་གསུམ ”ལ་ཞབས་ཞུ་བྱེད་པའི་ནུས་པ་སྔར་བས་ཆེ་རུ་སོང་བ། “གསེར་གཡག་དང་གསེར་ཉིའི་ཚན་རྩལ་ལས་གཞི ”སོགས་གལ་ཆེའི་ཚན་རྩལ་རྣམ་གྲངས་ལག་བསྟར་གཏིང་ཟབ་བྱས་པ་དང་། ཚན་རྩལ་ཆེད་མངགས་པ་དང་ཚན་རྩལ་ཁྱབ་གདལ་ལས་ཀར་ཤུགས་སྣོན་བརྒྱབ་སྟེ་ཚན་རྩལ་ཆེད་མངགས་པ་མི་2112བར་མང་དུ་སོང་ཞིང་། དེའི་ནང་ཞིང་འབྲོག་མང་ཚོགས་ཀྱི་ཚན་རྩལ་ཆེད་མངགས་པ་1163ཡོད།

        རིག་གནས་བྱ་གཞག་གོང་འཕེལ་སྔར་ལས་ལྷག་པ་སོང་བ། ཞིང་འབྲོག་ཁུལ་གྱི་གཞི་རིམ་རིག་གནས་ལས་དོན་བརྟན་པོའི་ངང་ཁྱབ་སྤེལ་བཏང་ཞིང་། རྫོང་ཁག་13ལ་ཕྱོགས་བསྡུས་རིག་གནས་བྱེད་སྒོ་ལྟེ་གནས་དང་། རྫོང་ཁག་41ལ་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ལས་གཞི། ཤང་གྲོང་81ལ་ཕྱོགས་བསྡུས་རིག་གནས་ས་ཚུགས་དང་ཞིང་དུད་དཔེ་དེབ་ཁང་680འཛུགས་སྐྲུན་བྱས་ཡོད། བོད་ཤིན་ལས་གཞི་དང་། རླུང་འཕྲིན་བཪྙན་འཕྲིན་དུད་ཚང་ཀུན་ཁྱབ་ལས་གཞི། གྲོང་གསེབ་ཀྱི་གློག་བཪྙན་སྐྱེལ་སྟོན་ལས་གཞི། སྐུད་ཡོད་གྲངས་འཛིན་བཪྙན་འཕྲིན་ལས་གཞི་བཅས་སྒྲུབ་གཉེར་ཤུགས་ཆེ་བྱས་ཤིང་། རླུང་འཕྲིན་དང་བཪྙན་འཕྲིན་ཕྱོགས་བསྡུས་མི་མགོར་ཁེབས་ཚད་ཁག་སོ་སོར་89.2%དང་90.4%ཟིན་ཡོད། དེ་བཞིན་པེ་ཅིང་དུ་རིག་གནས་ཐོན་ལས་རྣམ་གྲངས་ཀྱི་ངོས་སྦྱོར་ཚོགས་འདུ་ཐུགས་གྲ་ལེགས་འགྲིག་ངང་ཚོགས་པ། 《བཀྲ་ཤིས་སྒང་》སོགས་ཕུལ་བྱུང་འཁྲབ་ཚན་ཁག་གཅིག་གསར་རྩོམ་འཁྲབ་སྟོན་བྱས་པ། བོད་ཀྱི་ལྷ་མོ་དང་“གེ་སར་སྒྲུང་”དེ་འཛམ་གླིང་གི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གསལ་དཀར་ཆག་ནང་ཚུད་པ། གཙོ་གནད་རིག་དངོས་སྲུང་སྐྱོབ་ཉམས་གསོའི་ལས་གྲྭ་བདེ་བླག་ངང་སྤེལ་བ། གཞན་ཡང་ལུས་རྩལ་བྱ་གཞག་ལ་གྲུབ་འབྲས་གསར་པ་ཐོབ་ཅིང་། གྲོང་ཚོ་རིམ་པའི་ལུས་རྩལ་ལུས་སྦྱོང་བྱེད་ས་ཁག་290གསར་རྒྱག་བྱས་པ་དང་། རང་ལྗོངས་ཀྱི་ལུས་རྩལ་པར་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐོག་གཟེངས་རྟགས་ཐོབ་ནས་གཟེངས་རྟགས་ཐོབ་མྱོང་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།

        སྣོད་བཅུད་ཤེས་དཔལ་ལྡན་པར་འཛུགས་སྐྱོང་བྱེད་རྒྱུར་མཐོང་ཆེན་བྱས་པ། 《བོད་ཀྱི་སྣོད་བཅུད་སྲུང་བཅད་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་རྒྱུའི་འཆར་འགོད 》ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཆོག་མཆན་ཐོབ་སྟེ་མ་དངུལ་སྒོར་དུང་ཕྱུར་17.5དོན་འཁྱོལ་བྱུང་ཡོད། རྩྭ་ཐང་སྣོད་བཅུད་སྲུང་སྐྱོབ་ཀྱི་བྱ་དགའ་སྤྲོད་ལམ་དེ་སྔོན་ལ་རང་ལྗོངས་སུ་ཚོད་ལྟ་བྱས་པ་དང་། ནགས་ཚལ་སྣོད་བཅུད་ཀྱི་ཕན་འབྲས་གསབ་འཇལ་བྱེད་རྒྱུ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད།

        ལྗོངས་ཡོངས་ཀྱི་བཙོག་སྐྱོན་ཡོང་ཁུངས་ལ་ཡོངས་ཁྱབ་ཞིབ་བཤེར་ཐེངས་དང་པོ་བྱེད་རྒྱུ་དང་ལྗོངས་ཡོངས་ཀྱི་ས་རྒྱུར་བཙོག་སྐྱོན་ཐེབས་ཚད་རྟོག་ཞིབ་བྱེད་པའི་ལས་དོན་རྩ་བའི་ཆར་ལེགས་གྲུབ་ཟིན་ཡོད། ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་དང་། འཐུང་ཆུ་གནོད་མེད་འགན་སྲུང་། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་སོགས་བྱེད་རྒྱུའི་ལས་ཀར་སྐུལ་སྤེལ་ཏན་ཏིག་བཏང་ཡོད། ཞིང་འབྲོག་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་པ་དང་། ས་གཤིས་གནོད་འཚེའི་སྔོན་དཔྱད་སྔོན་བརྡ་གཏོང་བ་དང་འགོག་སེལ་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ཡོད།

        ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ལས་དོན་ལ་མཐོང་ཆེན་བྱས་ཏེ་ལྗོངས་ཡོངས་སུ་བསྐྱར་དུ་ལས་ཞུགས་ཐུབ་པ་མི་ཁྲི་2ཟིན་པ། ང་ཚོས་སྤྱི་ཚོགས་དྲང་སྙོམས་ཡོང་བར་དོ་སྣང་བྱས་ཏེ་ལས་ཞུགས་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་དང་། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་བཙུགས་ནས་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ལས་དོན་ལ་སྐུལ་སྤེལ་ཏན་ཏིག་བཏང་ཡོད། དེ་ཡང་ལས་ཞུགས་ཞབས་ཞུ་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཐབས་ལམ་མང་བ་དང་བྱེད་སྟངས་སྣ་ཚོགས་ཀྱི་ཐོག་ནས་ལས་ཞུགས་བྱེད་གནས་མང་དུ་བཏང་ཞིང་། སློབ་ཆེན་ཐོན་པའི་སློབ་མ་ལས་ཞུགས་ཐུབ་ཚད་80%ཡན་ཟིན་པ་དང་། དམག་ཐིམ་ལས་སྒྱུར་དམག་མི་བཀོད་སྒྲིག་ཡག་པོ་བྱས་པ། དབང་སྐྱོན་ལས་ཞུགས་བྱེད་རྒྱུར་མཐོང་ཆེན་བྱས་ཡོད། སྤྱི་ཕན་རང་བཞིན་གྱི་ལས་གནས་ཁག་13989གསར་བཟོ་བཀོད་སྒྲིག་བྱས་ཏེ “ལས་ཞུགས་མེད་པའི ”ཁྱིམ་ཚང་རིགས་བྱུང་མ་ཐག་འཕྲལ་མར་རོགས་སྐྱོར་བྱེད་པ་དང་ལས་ཞུགས་ཐུབ་པ་བྱས་ཡོད། ལས་རིགས་ཀྱི་སྦྱོང་བརྡར་སྤྲོས་ཤུགས་ཆེ་རུ་བཏང་བ་དང་ལས་རིགས་རྩལ་ནུས་དཔྱད་སྡོམ་བྱེད་རྒྱུ་སྔར་བས་ཚད་ལྡན་བཟོས་ཡོད། གྲོང་ཁྱེར་གྲོང་རྡལ་གྱི་ལས་ཤོར་ཐོ་འཁོད་བྱེད་ཚད་3.95%ཡིན། གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མིར་ཁེབས་པའི་སྤྱི་ཚོགས་འགན་སྲུང་མ་ལག་རིམ་བཞིན་འཐུས་ཚང་དུ་བཏང་ཞིང་། རྫོང་ཁག་7ལ་གྲོང་གསེབ་ཀྱི་རྒན་གསོ་འགན་བཅོལ་གསར་པའི་ཚོད་ལྟའི་ལས་དོན་སྤེལ་བ་དང་། གྲོང་ཁྱེར་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་བྱེད་རྒྱུའི་ཐད་རྒྱལ་ཡོངས་ཀྱི་སྔོན་ལ་ཞིང་ཆེན་རིམ་པའི་གཅིག་གྱུར་གྲབས་གསོག་ཐུབ་པ་བྱུང་བ་དང་། ལས་ཤོར་འགན་བཅོལ་དང་། ལས་རྨས་འགན་བཅོལ། བུ་བཙའི་འགན་བཅོལ་བཅས་ས་གནས་གྲོང་ཁྱེར་རིམ་པའི་གཅིག་གྱུར་གྲབས་གསོག་བྱེད་ཐུབ་པ་བྱུང་ཡོད། ཁ་གསབ་རོགས་དངུལ་ཚད་གཞི་མཐོ་རུ་གཏོང་བ་དང་གཏོང་སྤྲོད་བྱ་ཐབས་བསྒྱུར་བཅོས་བྱས་པ་བརྒྱུད་ནས་གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐོབ་ཐང་ཚད་གཞི་མཐོ་རུ་བཏང་བ་དང་། སྒོ་རྒྱག་བུན་སྟོངས་སོང་བའི་གཞུང་ཁོངས་ཁེ་ལས་ཀྱི་རྒན་ཡོལ་ཞུས་པའི་མི་སྣ་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་བཅུག་ཡོད། ཆེད་མངགས་སྲིད་ཇུས་བཟོས་ནས་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་པའི་ཁེ་ལས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་མི་སྣ་འདས་གྲོངས་སོང་རྗེས་ཐེངས་གཅིག་མའི་གོད་སོས་དོད་དངུལ་དུས་ཐོག་ཏུ་གྲངས་ཚང་སྤྲོད་ཐུབ་པ་བྱས་ཡོད། ལྗོངས་ཡོངས་སུ་སྤྱི་ཚོགས་འགན་བཅོལ་ནང་ཞུགས་པའི་མི་འབོར་ཁྱོན་བསྡོམས་ཁྲི་72.1ཟིན་པས་སྤྱི་ཚོགས་འགན་བཅོལ་ཁེབས་རྒྱ་སྔར་བས་ཆེ་རུ་སོང་ཡོད།

        གཞོགས་སྐྱོར་དང་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་མ་མཐའི་འཚོ་བ་འགན་སྲུང་བྱེད་པའི་ཚད་གཞི་སླར་ཡང་མཐོ་རུ་བཏང་བ། ང་ཚོས་ཐོག་མཐའ་བར་གསུམ་དུ་དབུལ་སྐྱོར་དཀའ་སེལ་བྱེད་རྒྱུ་དེ་སྲིད་གཞུང་ལས་དོན་གྱི་འགན་འཁྲི་ཆེན་པོ་ཞིག་ལ་བརྩིས་ནས་གུད་སྐྱོབ་རོགས་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བ་འགན་སྲུང་ཤུགས་ཆེ་བྱས་ཡོད། གྲོང་ཁྱེར་གྲོང་རྡལ་དང་ཞིང་འབྲོག་ཁུལ་གྱི་མ་མཐའི་འགན་སྲུང་ཚད་གཞི་སླར་ཡང་མཐོ་རུ་བཏང་ཞིང་། “འགན་ལེན་ལྔའི ”འཚོ་སྐྱོང་ཚད་གཞི་སྒོར་1800ལ་སྤར་ཡོད། ལྗོངས་ཡོངས་ཀྱི་གྲོང་ཁྱེར་གྲོང་གསེབ་ཀྱི་མ་མཐའི་འགན་སྲུང་བྱེད་རྒྱུའི་མི་སྣ་དང་། གཞུང་ཁོངས་ཁེ་ལས་ཀྱི་ལས་བྲལ་རྒན་ཡོལ་ཞུས་པའི་མི་སྣ། གཟིགས་སྐྱོང་བྱ་ཡུལ། “རྒན་གྲས་གསུམ ”གྱི་མི་སྣ་བཅས་ལ་དངོས་ཟོག་ཉོ་འཛིན (གཱ )ནམ་ཡང་ན་ཉོ་སྒྲུབ་དངུལ་སྨར་སྒོར་ཁྲི་9530.3སྤྲད་ཡོད་པས་མང་ཚོགས་ཀྱི་རྒྱ་ཁྱབ་ཏུ་གདེང་འཇོག་བཟང་པོ་ཐོབ་ཡོད། འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མ་དངུལ་སྒོར་དུང་ཕྱུར་4.35བཏང་ནས་སྡོད་ཁང་ཆ་ཚང་ཁག་4236བརྒྱབ་པ་དང་། གྲོང་ཁྱེར་གྲོང་རྡལ་གྱི་ཡོང་འབབ་དམའ་ལ་སྡོད་ཁང་གི་དཀའ་ངལ་ཡོད་པའི་མི་ཁྲི་1.5ལ་ཁང་གླའི་ཁ་གསབ་རོགས་དངུལ་སྤྲད་ཡོད། མ་དངུལ་སྒོར་དུང་ཕྱུར་7.79བཏང་ནས་རྫོང་དང་ཤང་གི་ལས་ཤག་ཁག་7045རྒྱག་རྒྱུ་བཀོད་སྒྲིག་བྱས་ཡོད། གནོད་འགོག་གེགས་སེལ་གྱི་མ་དངུལ་སྒོར་ཁྲི་8517.8བཏང་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཁྲི་24.86ལ་རོགས་སྐྱོར་བྱས་པ་དང་། འདམ་གཞུང་དང་འབྲོང་པའི་ས་ཡོམ་བྱུང་བའི་མང་ཚོགས་ཀྱི་སྡོད་ཁང་ཞིག་གསོ་བསྐྱར་སྐྲུན་ལས་དོན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་ཡོད། ཕན་བདེའི་རྒྱན་ཤོག་གི་སྤྱི་ཕན་མ་དངུལ་སྒོར་ཁྲི་5900བཏང་ནས་ཕན་བདེ་ཁང་དང་། རྒན་གསོ་ཁང་། ཡུལ་འཁྱམས་བྱིས་པའི་རོགས་སྐྱོར་སྲུང་སྐྱོབ་ལྟེ་གནས་བཅས་ཁག་52གསར་རྒྱག་བྱས་ཡོད། དེ་བཞིན་ཞིང་པ་ལས་མིའི་གླ་ཕོགས་ཆད་འགྱངས་བྱས་པ་དང་ས་ཞིང་བསྡུ་ལེན་དང་ཁང་པ་བཤིག་སྤོའི་ནང་ལྷག་པའི་གནད་དོན་ཐག་གཅོད་འཚམ་པོ་བྱས་ནས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱས་ཡོད། དབུལ་སྐྱོར་ལས་དོན་ལ་མཐོང་ཆེན་བྱས་ཏེ་ལས་དོན་སྤེལ་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བས་དབུལ་ཕོངས་མི་འབོར་དང་གཙོ་གནད་རོགས་སྐྱོར་བྱེད་རྒྱུའི་མི་འབོར་ཉུང་དུ་ཤུགས་ཆེ་ཙམ་སོང་བ་དང་དབུལ་སྐྱོར་ཐོན་འབྱེད་བྱེད་རྒྱུར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

        ལྗོངས་ཡོངས་ཀྱི་དཔལ་འབྱོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་གཉིས་པར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། རྒྱལ་ཡོངས་ཀྱི་མི་འབོར་ཞིབ་བཤེར་ཐེངས་དྲུག་པའི་སྔོན་གྲབས་ལས་དོན་ཁག་དངོས་སུ་སྤེལ་འགོ་བཙུགས་ཤིང་། བསྡོམས་རྩིས་ཞབས་ཞུའི་ཇུས་འདོན་ནུས་པ་དང་ཆུ་ཚད་མངོན་གསལ་དོད་པོས་གོང་མཐོར་སོང་ཡོད། ལྗོངས་ཡོངས་ཀྱི་ས་ཆ་བརྟག་དཔྱད་ཐེངས་གཉིས་པའི་ལས་དོན་བདེ་བླག་ངང་སྤེལ་བ། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་དང་། གསར་འགྱུར་དཔེ་སྐྲུན། བུད་མེད་དང་བྱིས་པ། རྩོམ་རིག་སྒྱུ་རྩལ་སོགས་ཀྱི་བྱ་གཞག་ཕྱོགས་ཡོངས་ནས་གོང་འཕེལ་སོང་བ་དང་། རྒན་རྒོན་དང་། དབང་སྐྱོན། གནམ་དཔྱད། ས་ཡོམ། མི་དམངས་མཁའ་ཟོན་སོགས་ཀྱི་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་བྱེད་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་བྱས་པ་དང་གཉིས་བཀུར་ལས་དོན་ལ་ཤུགས་སྣོན་སྔར་ལས་ལྷག་པ་བརྒྱབ་ཡོད།

        “བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར ”རྟེན་འབྲེལ་གཟབ་རྒྱས་ཞུ་ཆེད་ཀྲུང་དབྱང་གིས་ཆེད་དངུལ་སྒོར་དུང་ཕྱུར་5.3ལྷག་ཙམ་གཤམ་སྤྲོད་ཀྱིས་གྲོང་ཁྱེར་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་བྱེད་རྒྱུའི་མི་སྣ་དང་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ལས་ཀར་ཞུགས་པའི་བློ་མཐུན་རྒན་གྲས་ལ་འཚམས་འདྲིའི་དངུལ་གནང་བ་དང་། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་འཕྲལ་སྤྱོད་གློག་བཞུ་དང་བཪྙན་འཕྲིན་བསྡུ་ལེན་ཡོ་ཆས་སྤྲད་པ། སྲིད་འཛིན་གྲོང་ཚོ་རེར་ཞིང་སྤྱོད་མོ་ཊ་རེ་སྤྲད་ཡོད་པ་བཅས་དེ་དག་གི་ཐོག་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ཐུགས་འཁུར་ཟབ་བཞེས་གནང་བ་མཚོན་ཡོད།

        ལོ་གཅིག་རིང་ང་ཚོས་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་གྱིས་དམངས་ཀྱི་འཚོ་བར་དོ་ཁུར་དང་ལེགས་བཅོས་ཏན་ཏིག་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱིས་བསྒྱུར་བཅོས་དང་གོང་འཕེལ་གྱི་འབྲས་བུ་མཉམ་སྤྱོད་ཐུབ་པ་བྱས་པ་དང་། ང་ཚོས་ཚ་ཚ་འུར་འུར་གྱིས་དྲིལ་བསྒྲགས་ཤུགས་ཆེ་བྱས་ཏེ་དམངས་ཕན་སྲིད་ཇུས་གསལ་ཡིག་གྲོང་ཚོ་དང་དུད་ཚང་ཚང་མར་སྤྲོད་འགྲེམས་བྱས་ནས་རྒྱ་ཆེའི་མང་ཚོགས་ཀྱིས་ཕན་ཐོགས་གང་དུ་ཡོད་པ་དང་ཕན་ཐོགས་གང་ནས་ཡོང་བ་དངོས་འབྲེལ་ཤེས་རྟོགས་ཐུབ་པ་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཚོས་ཏང་ལ་བློ་ཁ་ཕྱོགས་ཤུགས་དང་། རྒྱལ་ཁབ་ལ་བློ་ཁ་ཕྱོགས་ཤུགས། སྤྱི་ཚོགས་རིང་ལུགས་ལ་བློ་ཁ་ཕྱོགས་ཤུགས་བཅས་སྔར་ལས་ཆེ་རུ་སོང་བ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུ་དང་སྤྱི་ཚོགས་གཞི་མཐུན་ཡོང་བར་སྐུལ་འདེད་གཏོང་རྒྱུའི་མང་ཚོགས་ཀྱི་རྨང་གཞི་དེ་བས་སྲ་བརྟན་དུ་སོང་ཡོད།

        གསུམ། ནུས་ཤུགས་ཡོད་རྒུས་བརྟན་ལྷིང་འགན་སྲུང་བྱས་པ་དང་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་ཡར་ཐོན་བྱུང་ནས་བརྟན་ལྷིང་གཞི་མཐུན་གྱི་སྤྱི་ཚོགས་རྨང་གཞི་སྲ་བརྟན་དུ་སོང་ཡོད།

        ང་ཚོས་ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་འགན་འཁྲི་ཨང་དང་པོར་བརྩི་བ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་གཙོ་གནད་དུ་བཟུང་སྟེ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་སྲུང་སྐྱོང་། མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བཅས་བྱེད་རྒྱུའི་དར་ཆ་མཐོན་པོར་བསྒྲེངས་ཐོག “ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་སྲ་བརྟན་གཏོང་བའི་བྱ་ཐབས་སྤྱོད་རྒྱུའི ”བླང་བྱ་གཞིར་བཟུང་ལས་ཀ་བྱེད་སྟངས་འཐུས་ཚང་བཟོ་བ་དང་སྤྱི་ཚོགས་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བས་སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་ཐུབ་པ་བྱུང་ཡོད།

        དོགས་ཟོན་ཆེར་བསྐྱེད་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་དགྲ་ཡའི་ཕྱོགས་གཏོགས་ཀྱི་ཁ་ཕྲལ་གཏོར་བཤིག་གི་བྱེད་སྒོ་འདྲ་མིན་རིགས་ལ་འགོག་ཟོན་དམ་ནན་དང་རྡུང་རྡེག་ཚ་ནན་བཏང་བ། ང་ཚོས་ཏཱ་ལའི་རུ་ཚོགས་ལ་འཐབ་རྩོད་བྱེད་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་གཞི་རྩའི་མཛད་ཕྱོགས་སྒོ་ཀུན་ནས་ལག་བསྟར་བྱས་ཏེ་དར་ཆ་གསལ་སྟོན་གྱིས་ཏཱ་ལར་ཐེར་འདོན་དགག་རྒྱག་བྱས་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ཡོད། དེ་ཡང་དཔྱིད་གསར་དུས་ཆེན་དང་། བོད་ཀྱི་ལོ་གསར། “གསུམ་པའི་བཅུ ”དང་“གསུམ་པའི་བཅུ་བཞི ” “བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ ” ཀྲུང་གོ་གསར་པ་དབུ་བཪྙེས་ནས་ལོ་60འཁོར་བའི་རྟེན་འབྲེལ་སོགས་འཚུབ་ཆ་ཆེ་བའི་དུས་མཚམས་དང་དུས་སྟོན་གྱི་རིང་ལ་ང་ཚོས་དོགས་ཟོན་ཆེར་བསྐྱེད་ཀྱིས་འགོག་ཟོན་དམ་ནན་བྱས་ཏེ་དམག་ཉེན་དམངས་གསུམ་མཉམ་འབྲེལ་ཐོག་འགོག་སྲུང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། གནས་ཚུལ་གསང་འཕྲིན་འཚོལ་བསྡུ་དབྱེ་གཅོད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཁ་ཕྲལ་རིང་ལུགས་པ་དང་དགྲ་ཡའི་ཕྱོགས་གཏོགས་ཀྱི་འགུལ་ཕྱོགས་ཤེས་རྟོགས་གཏིང་ཟབ་བྱས་ནས་ཁ་ཕྲལ་གཏོར་བཤིག་གི་བྱེད་སྒོ་འདྲ་མིན་རིགས་མཐའ་གཅིག་ཏུ་རྩ་མེད་བཟོས་ཡོད། དེ་བཞིན་མཐའ་མཚམས་ཀྱི་ལྟ་སྡོམ་ལས་ཀར་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་འགལ་གྱིས་རྒྱལ་ཁོངས་ནས་འཛུལ་ཐོན་བྱེད་རིགས་དང་མཐའ་མཚམས་ཀྱི་སིམ་འཛུལ་བྱེད་སྒོར་རྡུང་རྡེག་ནུས་ལྡན་བཏང་ཡོད། གཞན་ཡང་ཀྲུང་དབྱང་གི་བོད་དང་འབྲེལ་བ་ཡོད་པའི་ཕྱི་འབྲེལ་ལས་ཀའི་ཁྱོན་ཡོངས་ལ་དམ་པོར་དམིགས་ཏེ་ཕྱི་དོན་དང་ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱེད་པའི་ལས་ཀ་ཧུར་ཐག་སྤེལ་བ་དང་། ཕྱི་འབྲེལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཏཱ་ལའི་རུ་ཚོགས་ཀྱི་རྒྱལ་སྤྱིའི་ཐོག་བྱེད་སྒོ་སྤེལ་ཡུལ་ནུས་ལྡན་ངང་མཐའ་ལ་གཅུར་ཐུབ་པ་བྱུང་ཡོད།

        ལམ་སྲོལ་བཟོ་བ་དང་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཚོགས་དོ་དམ་བྱེད་རྒྱུར་གྲུབ་འབྲས་གསར་པ་ཐོབ་པ། ང་ཚོས་སྤྱི་ཚོགས་འགོག་ཟོན་མ་ལག་སྔར་བས་འཐུས་ཚང་བཟོས་པ་དང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁྲིམས་འགལ་ཉེས་གསོག་གི་བྱེད་སྒོ་འདྲ་མིན་རིགས་ལ་འགོག་ཟོན་ནན་པོ་དང་ཁྲིམས་ལུགས་ལྟར་རྡུང་རྡེག་བཏང་ཡོད། ཡིག་འབུལ་ཞུ་བཅར་ལས་དོན་ལ་སྔར་བས་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གླེང་ཆ་ཆེ་བ་དང་དཀའ་གནད་ཆེ་བའི་གནད་དོན་ཁག་གཅིག་ཐག་གཅོད་བྱས་པ་དང་། མི་དཔུང་ཁྱུ་སྒྲིག་གི་དོན་རྐྱེན་ཐོན་རྒྱུ་སྔོན་འགོག་དང་ཐག་གཅོད་འཚམ་པོ་བྱས་ཡོད། གཡེམ་འཆལ་གཙང་སེལ་དང་ཁྲིམས་འགལ་པར་སྐྲུན་དངོས་རིགས་བཟོ་བར་རྡུང་རྡེག་གཏོང་བའི་ལས་ཀ་སྤེལ་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ཀྱི་རིག་གནས་ཁོར་ཡུག་རྒྱུན་ཆད་མེད་པར་དྭངས་གཙང་དུ་གྱུར་ཡོད། ཕྱོགས་འགྲུལ་མི་འབོར་ལ་ཞབས་ཞུ་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ཡོད། གྲོང་ཁྱེར་སྡེ་ཁུལ་གྱི་དོ་དམ་ལམ་ལུགས་རིམ་བཞིན་འཐུས་ཚང་དུ་བཏང་བ་དང་། གྲོང་གསེབ་ཀྱི་སྡེ་ཁུལ་སྐྲུན་རྒྱུའི་ཚོད་ལྟའི་ལས་དོན་བདེ་བླག་ངང་སྤེལ་ཡོད། གཞི་རིམ་སྲིད་དབང་དང་སྲིད་ཁྲིམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་སོང་བ་དང་གཞི་རིམ་གྱི་རྨང་གཞི་སྔར་བས་སྲ་བརྟན་དུ་སོང་ཡོད། བདེ་འཇགས་ངང་ཐོན་སྐྱེད་བྱེད་རྒྱུ་དམ་འཛིན་གྱིས་འགྲོ་ལམ་འགྲིམ་འགྲུལ་དང་། བཟའ་བཅའ་དང་སྨན་རིགས། མེ་ཟོན་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་འགོག་ཟོན་ལས་ཀར་མཐོང་ཆེན་བྱས་པ་དང་། ཆེད་དམིགས་བཅོས་སྐྱོང་གཏིང་ཟབ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཡོང་བའི་འགན་སྲུང་བྱས་ཡོད།

        མི་རིགས་དང་ཆོས་ལུགས་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་དད་རང་མོས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ། ང་ཚོས་ཐོག་མཐའ་བར་གསུམ་དུ “ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི ”བརྗོད་བྱ་གཙོ་བོ་མཐའ་འཁྱོངས་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་སྤེལ་ཧུར་ཐག་བཏང་ཡོད། དེ་ཡང་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་དང་གཟེངས་བསྟོད་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བས “ཁ་བྲལ་ཐབས་མེད་པ་གསུམ ”དང་“མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པའི ”བསམ་བློ་མི་སེམས་སུ་གཏིང་ཟབ་ཟུག་ཐུབ་པ་བྱུང་ཡོད། བོད་སྐད་ཡིག་ལས་དོན་ལ་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་པ་དང་བོད་ཡིག་ཆ་འཕྲིན་ཅན་དུ་སྒྱུར་རྒྱུའི་ལས་དོན་ཏན་ཏིག་ངང་སྤེལ་ཡོད། མཐའ་དར་དམངས་ཕྱུག་གི་བྱ་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། མི་འབོར་ཅུང་ཉུང་བའི་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཇེ་མགྱོགས་སུ་སོང་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོས་ལུགས་ལས་དོན་སྲོལ་ཡིག་ལག་བསྟར་ནན་ཏན་བྱས་ཏེ་ཆོས་ལུགས་བྱ་བར་ཁྲིམས་ལུགས་གཞིར་བཟུང་དོ་དམ་བྱས་པ་དང་། དགོན་པར་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ། ཆོས་ལུགས་བྱེད་སྒོ་ཆེ་གྲས་དང་ས་ཁོངས་བརྒལ་བའི་ཆོས་ལུགས་བྱེད་སྒོར་དོ་དམ་ཚད་ལྡན་བཟོས་པ་བཅས་ཀྱིས་དགོན་པར་དོ་དམ་བྱེད་པའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་སྔར་བས་འཐུས་ཚང་དུ་བཏང་ཡོད།

        ལོ་གཅིག་རིང་ང་ཚོས་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་སློབ་སྦྱོང་ལག་བསྟར་དང་། འགོ་ཁྲིད་ལས་བྱེད་པའི་སྤྱོད་ཚུལ་ལེགས་སྐྱོང་གི་ལོ། ལས་བྱེད་པ་སྟོང་གྲོང་ཚོ་བརྒྱར་བསྐྱོད་ནས “རོགས་རམ་གཉིས ”ཀྱི་བྱེད་སྒོ་བཅས་ཀྱི་ནང་ཧུར་ཐག་ཞུགས་ཏེ་ཏང་དང་མང་ཚོགས་དང་། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་བཏང་བ་དང་། གཞི་རིམ་གྱི་རྨང་གཞི་སྔར་བས་སྲ་བརྟན་དུ་བཏང་སྟེ་སྲིད་ལས་སྤྱོད་ཚུལ་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཡོད། 《སྲིད་འཛིན་བཀའ་འཁྲོལ་བཅའ་ཁྲིམས 》དང་ཁྲིམས་ལུགས་ལྟར་སྲིད་འཛིན་བྱེད་པའི་ལག་བསྟར་རྩ་གནད་ལག་བསྟར་ནན་ཏན་བྱས་ཏེ་སྤྱི་པའི་ཞབས་ཞུ་སྒྲུབ་ནུས་དང་ཁྲིམས་ལུགས་ལྟར་སྲིད་འཛིན་བྱེད་པའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་སོང་ཡོད། ལོ་ཧྲིལ་པོར་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་གཞི་དང་གྲོས་འཆར། སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་བཅས་ཁག་637གཉེར་སྒྲུབ་བྱས་ཤིང་གཉེར་སྒྲུབ་ལན་འདེབས་བྱེད་ཚད་100%ཟིན་ཡོད། ཁྲིམས་སྒྱུར་ལྟ་ཞིབ་དང་། ནུས་འབྲས་ལ་ལྟ་ཞིབ། སྤྱོད་གཙང་ལ་ལྟ་ཞིབ་བཅས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གཙོ་གནད་ཆེད་དམིགས་བཅོས་སྐྱོང་ལས་དོན་ནན་ཏན་སྤེལ་ཡོད། རྩིས་བཤེར་ལྟ་སྐུལ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་སྲིད་གཞུང་གི་སྤྱོད་གཙང་ལེགས་སྐྱོང་བྱེད་རྒྱུར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། གློ་བུར་དུ་ཐོན་པའི་སྤྱི་པའི་དོན་རྐྱེན་ལ་འཕྲལ་བསྟུན་དོ་དམ་བྱེད་པའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ཡོད། སྲིད་གཞུང་གི་སྒྲིག་གཞི་བསྒྱུར་བཅོས་བྱེད་རྒྱུར་སྐུལ་སྤེལ་ཧུར་ཐག་བཏང་ནས་ལམ་སྲོལ་འཐུས་ལེགས་སུ་སོང་བ་དང་འགན་ནུས་ཁ་གསལ་བྱུང་ཡོད། སྤྱི་ཡོངས་ཀྱིས་ཐེ་ཞུགས་བྱེད་པ་དང་། ཆེད་ལས་མཁས་པས་རིགས་སྒྲུབ་ཁུངས་སྐྱེལ་བྱེད་པ། སྲིད་གཞུང་གིས་ཇུས་ཐག་གཅོད་པ་བཅས་ཟུང་འབྲེལ་གྱི་ཇུས་ཐག་གཅོད་སྲོལ་ཟམ་མི་ཆད་པར་ལེགས་སུ་བཏང་ཞིང་། བོད་རང་སྐྱོང་ལྗོངས་གོང་འཕེལ་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་དང་། ཚན་རིག་དང་མཐུན་ཞིང་དམངས་གཙོའི་ཇུས་ཐག་གཅོད་རྒྱུ་དེ་སྲིད་གཞུང་ལས་ཀའི་ཚད་འཛིན་དུ་གྱུར་ཡོད།

        འཐུས་མི་རྣམ་པ། འདས་མ་ཐག་པའི་ལོ་གཅིག་ནང་ང་ཚོས་ཀྲུང་གོ་གསར་པ་དབུ་བཪྙེས་ནས་ལོ་60འཁོར་བར་བསུ་བ་ཞུས་ཡོད། ལོ་60རིང་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་འོད་སྟོང་འཕྲོ་བའི་ལེའུ་གསར་པ་བརྩམས་ཡོད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རླབས་ཆེན་མེས་རྒྱལ་དར་རྒྱས་མངའ་ཐང་ལྡན་པ་བྱུང་བར་སྤོབས་སེམས་དང་དགའ་སྤྲོ་ཚད་མེད་བྱེད་ཀྱི་ཡོད།

        འདས་མ་ཐག་པའི་ལོ་གཅིག་ནང་ང་ཚོས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་50འཁོར་བར་བསུ་བ་ཞུས་ཡོད། ལོ་50རིང་ཀྲུང་དབྱང་གི་ཡང་དག་པའི་དབུ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བདག་པོའི་ངང་ཚུལ་དང་སྔ་ན་མེད་པའི་སེམས་ཤུགས་བཅངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་པའི་རླབས་ཆེན་ལག་ལེན་ནང་ཧུར་ཐག་ཞུགས་ཏེ་གོང་འཕེལ་གྱི་ངོ་མཚར་གཅིག་རྗེས་གཉིས་མཐུད་ངང་བཏོད་ནས་ལོ་50རིང་ལ་མི་ལོ་སྟོང་ཟིན་པའི་མཆོང་སྐྱོད་བྱས་ཡོད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་ནི་རླབས་ཆེན་མཁས་མཛངས་ལྡན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་ཡོངས་སུ་ཡང་དག་པ་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང་ཡོད།

        འདས་མ་ཐག་པའི་ལོ་གཅིག་ནང་ང་ཚོས་“བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ ”ཐེངས་དང་པོའི་རྟེན་འབྲེལ་བྱེད་སྒོར་བསུ་བ་ཞུས་ཤིང་། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་སྤྲོ་བ་དཔག་མེད་བྱེད་པ་དང་། “བོད་ལྗོངས་གསར་པ་དང་། གོང་འཕེལ་གསར་པ་། འགྱུར་ལྡོག་གསར་པ། འཚོ་བ་གསར་པ ”བཅས་ཀྱི་དྲིལ་བསྒྲགས་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་གུང་ཁྲན་ཏང་ཡག་པ་དང་། སྤྱི་ཚོགས་རིང་ལུགས་ཡག་པ། བསྒྱུར་བཅོས་སྒོ་དབྱེ་ཡག་པ། མི་དམངས་དམག་དཔུང་ཡག་པ། མི་རིགས་ཁག་གི་མང་ཚོགས་ཡག་པ། རླབས་ཆེན་མེས་རྒྱལ་ཡག་པ་བཅས་ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་བཀུར་བ་དང་། ཏང་དང་སྲིད་གཞུང་གི་མི་སེམས་འགུགས་ཤུགས་དང་། མེས་རྒྱལ་ལ་སེམས་པ་ཕྱོགས་ཤུགས། ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་བཅས་ཆེ་རུ་སོང་ཡོད།

        འདས་མ་ཐག་པའི་ལོ་གཅིག་ནང་ཀྲུང་དབྱང་གིས་བོད་ཀྱི་དམངས་གཙོའི་བཅོས་བསྒྱུར་བྱས་ཚུན་དུ་སྐུལ་སློང་བྱེད་ཤུགས་ཆེ་ཤོས་དང་། ཐེ་ཞུགས་ཚན་པ་མང་ཤོས། ཁོངས་གཏོགས་ཁྱབ་ཁོངས་ཆ་ཚང་ཤོས། ལས་བགོས་ཞིབ་ཚགས་ཤོས། གོང་འཕེལ་ཇུས་འཆར་ཚགས་ཚུད་ཤོས་བཅས་ཀྱི་ཐོག་ནས་རྟོག་ཞིབ་གཏིང་ཟབ་བྱས་ཏེ་ང་ཚོའི་གོང་འཕེལ་གྱི་བསམ་གཞི་སྔར་བས་གསལ་པོ་བཟོས་པ་དང་། རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པར ”གོང་འཕེལ་སྔར་ལས་ཡག་པ་དང་། མགྱོགས་པ། ཆེ་བ་བཅས་ཡོང་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། དེ་ཐོག་ནས་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་གཟིགས་མཐོང་ཆེན་པོ་གནང་བ་གང་ལེགས་མཚོན་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་དཔག་མེད་སླར་ཡང་ཚོར་ཐུབ་པ་བྱུང་ཡོད། ལོ་དེ་དག་ནང་ང་ཚོས་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་འཛུགས་པ་དང་དོན་འཁྱོལ་བྱེད་པ་དང་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བའི་རླབས་ཆེན་ལག་ལེན་དངོས་ཀྱི་ནང་ཕན་ལྡན་གྱི་འཚོལ་ཞིབ་ཁ་ཤས་བྱས་པ་དང་རྩ་ཆེའི་ངོས་འཛིན་ཁ་ཤས་ཐོབ་ཐུབ་པ་བྱུང་ཡོད།

        ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་བོད་འདི་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་བའི་ལམ་བུའི་ཐོག་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་བ་དང་སྤྱི་ཚོགས་གཞི་མཐུན་ཡོང་བའི་བརྒྱུད་རིམ་ནང་ཡུན་རིང་བདེ་འཁོད་ཡོང་བ་བྱེད་དགོས་ན། ངེས་པར་དུ་དུས་སྐབས་གསར་པའི་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་གཡོ་འགུལ་མེད་པར་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུར་སྐྱོད་དགོས་ཤིང་། དེ་ནི་ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་པའི་བསམ་བློའི་མཚོན་ཆ་སྟོབས་དང་ལྡན་པ་ཞིག་ཡིན་པ་དང་། ངེས་པར་དུ་དམངས་ཀྱི་འཚོ་བ་འགན་སྲུང་བྱེད་རྒྱུ་དེ་སྔར་ལས་ལྷག་པའི་སྒོ་ནས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་རྒྱུ་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་མི་རིགས་ཁག་གི་མི་དམངས་རྣམས་གོང་འཕེལ་གྱི་འབྲས་བུ་མཉམ་སྤྱོད་ཐུབ་པ་བྱེད་དགོས་ཤིང་། དེ་ནི་ང་ཚོའི་ལས་དོན་མཐའ་དག་གི་ཐོག་མའི་དམིགས་ས་དང་དོན་ལ་བབས་ས་ཡིན་པ། ངེས་པར་དུ་དཔལ་འབྱོར་གོང་འཕེལ་གཏོང་སྟངས་གང་མགྱོགས་ཁ་སྒྱུར་བྱེད་རྒྱུ་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་དཔལ་འབྱོར་འཕར་སྤུས་ལེགས་སུ་གཏོང་རྒྱུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་ཤུགས་རྒྱག་དགོས་ཤིང་། དེ་ནི་ང་ཚོས་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་བྱ་ཐབས་གཙོ་ཆེ་ཤོས་དང་དམིགས་ཚད་གལ་ཆེ་ཤོས་ཡིན་པ། ངེས་པར་དུ་ཁྱད་ལྡན་ལེགས་ཆ་བའི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་རང་ངོས་གོང་འཕེལ་གཏོང་ནུས་དང་སྙུགས་ཤེད་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཤིང་། དེ་ནི་ང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུའི་འཐབ་ཇུས་ཀྱི་འདེགས་སྐྱོར་ཡིན་པ། ངེས་པར་དུ་གཅིག་གྱུར་འཆར་འགོད་དང་མོས་སྙོམས་ལྟ་རྟོགས་བྱེད་རྒྱུ་དང་ཐོན་ཁུངས་སྒྲིལ་བཅོས་བྱེད་རྒྱུ་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་སྟོབས་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་སྒྲུབ་དགོས་ཤིང་། དེ་ནི་ང་ཚོས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་བའི་རྩ་བའི་བྱ་ཐབས་ཡིན་པ། ངེས་པར་དུ་བརྟན་ལྷིང་ནི་མཐའ་དག་ལས་ལྷག་པ་བྱེད་རྒྱུའི་བསམ་བློ་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་ཤིང་། དེ་ནི་ང་ཚོས་གཞི་མཐུན་སྤྱི་ཚོགས་སྐྲུན་རྒྱུའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་ཡིན།

        འཐུས་མི་རྣམ་པ། འདས་མ་ཐག་པའི་ལོ་གཅིག་ནང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཛ་དྲག་ཆེ་བའི་དུས་བབ་མདུན་དུ་ང་ཚོས་སྤྱི་ཚོགས་དུས་བབ་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་ཐོག་སེམས་ནུས་དེ་བས་མང་བ་མི་འདོན་ཀ་མེད་བྱུང་བ་དང་། རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་དང་རང་བྱུང་གནོད་འཚེའི་ཤུགས་རྐྱེན་ཚབས་ཆེན་ཐེབས་པའི་འོག་ང་ཚོས་དཔལ་འབྱོར་བརྟན་ཞིང་མྱུར་པོའི་ངང་གོང་འཕེལ་འགྲོ་རྒྱུར་དམིགས་བསལ་གྱི་བྱ་ཐབས་དེ་བས་མང་བ་མི་སྤྱོད་ཀ་མེད་བྱུང་ཡོད། དམིགས་བསལ་དཀའ་ཚེགས་ཆེ་ཞིང་གེགས་བར་མང་བའི་དུས་བབ་དེ་ལྟ་བུའི་འོག་རང་ལྗོངས་ཀྱི་བསྒྱུར་འཕེལ་བརྟན་གསུམ་ལ་གྲུབ་འབྲས་འདི་ལྟ་བུ་ཐོབ་པ་ནི་ལས་སླ་པོར་བྱུང་བ་ཞིག་རྩ་བ་ནས་མིན་ལ་ཧང་སངས་དགོས་པ་ཞིག་ཀྱང་ཡིན། དེ་ནི་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཡང་དག་པའི་དབུ་ཁྲིད་གནང་བ་དང་རྒྱལ་ཡོངས་མི་དམངས་ཀྱིས་ཤུགས་ཆེའི་རྒྱབ་སྐྱོར་གནང་བའི་འབྲས་བུ་ཡིན་པ་དང་། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱས་པ་དང་བློ་བརྟན་འགྱུར་མེད་ཀྱིས་གོང་འཕེལ་དམ་འཛིན་བྱས་པའི་འབྲས་བུ་ཡིན་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་དཀའ་སྤྱད་འབད་བརྩོན་བྱས་པ་དང་གཏན་ནས་ཁ་བྲལ་ཐབས་མེད་པ་ཞིག་རེད། འདིར་ངས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ཏེ་དཀའ་སྤྱད་འབད་བརྩོན་གནང་མཁན་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་། རྒྱལ་ཡོངས་མི་དམངས་དང་ལྷག་པར་དུ་ག་སྦྱར་རོགས་སྐྱོར་གནང་མཁན་ཞིང་ཆེན་གྲོང་ཁྱེར་དང་། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས། གལ་ཆེའི་གཞུང་ཁོངས་རྐང་འཛིན་ཁེ་ལས་བཅས་ལ་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སྲིད་གཞུང་གི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན། ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་བཅས་དང་། དེ་བཞིན་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག་དཔོན་དམག སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་དང་། རང་ལྗོངས་ཀྱི་བསྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་རྒྱལ་ཕྱི་རྒྱལ་ནང་གི་ལས་རིགས་ཁག་གི་མི་སྣར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

        ཕྱོགས་མཚུངས་ང་ཚོས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་བ་དང་ཡུན་རིང་བདེ་འཁོད་ཡོང་བ་བྱེད་པའི་བརྒྱུད་རིམ་ནང་ད་དུང་དཀའ་ངལ་དང་གནད་དོན་མི་ཉུང་བ་ལྷག་ཡོད་པ་རིག་པ་དྭངས་གསལ་གྱི་སྒོ་ནས་མཐོང་ཐུབ་པ་བྱེད་དགོས། ང་ཚོས་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བ་བྱེད་རྒྱུའི་ཐད་འབད་བརྩོན་ཆེན་པོ་བྱས་ཡོད་ལ་ཕན་འབྲས་ཀྱང་མངོན་གསལ་དོད་པོ་ཐོབ་ཡོད་མོད། འོན་ཀྱང་ཞིང་འབྲོག་ལས་ཀྱི་རྨང་གཞི་ཞན་པའི་རྐྱེན་གྱིས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བརྟན་པོ་ཐུབ་པའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་སྔར་བས་འཐུས་ལེགས་སུ་གཏོང་དགོས་པ་དང་འབབ་འཕར་ཕྱུག་སྒྱུར་བྱེད་པའི་ནུས་པ་སྔར་བས་གོང་མཐོར་གཏོང་དགོས་ཀྱི་ཡོད། ང་ཚོས་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་སྐྱོང་སྤེལ་བྱེད་རྒྱུའི་ཐད་ལས་ཀ་འབོར་ཆེན་བྱས་ཡོད་མོད། འོན་ཀྱང་ནུས་ཁུངས་འཛུགས་སྐྱོང་བྱེད་རྒྱུ་རྗེས་སུ་ལུས་པ་དང་། མི་རྒྱུན་ཐོན་ཁུངས་དཀོན་པ། ཁྲོམ་ར་གསར་འབྱེད་བྱེད་རྒྱུ་མི་ལྡེང་བའི་ཐོག ཐོན་ལས་གོང་འཕེལ་གཏོང་བའི་ཁྱད་ཆོས་མངོན་གསལ་དོད་པོ་མེད་པ་དང་། གཞི་ཁྱོན་ཆུང་བ། ཕན་འབྲས་ཆེན་པོ་མེད་པ་བཅས་ཀྱི་གནས་ཚུལ་སྔར་བཞིན་ལྷག་ཡོད་པ་དང་། རང་ངོས་གོང་འཕེལ་གཏོང་ནུས་མུ་མཐུད་གསོ་སྐྱོང་བྱས་ནས་ཆེ་རུ་གཏོང་དགོས་ཀྱི་ཡོད། རང་ལྗོངས་ལ་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་ཡོད་མོད། འོན་ཀྱང་བསམ་བློ་བཅིངས་འགྲོལ་གཏོང་རྒྱུ་མི་ལྡེང་བ་དང་། སྲིད་ཇུས་དང་བྱ་ཐབས་ཁག་དོན་འཁྱོལ་བྱེད་རྒྱུ་གནད་སྨིན་མ་བྱུང་བའི་ཐོག དམིགས་བསལ་གནས་ཚུལ་གྱི་འགོག་རྐྱེན་ཕོག་པར་བརྟེན་གོང་འཕེལ་གྱི་མངོན་མེད་ཁོར་ཡུག་སྔར་ལས་ལྷག་པའི་སྒོ་ནས་བཅོས་སྐྱོང་དང་ལེགས་སྒྱུར་བྱེད་དགོས་ཀྱི་ཡོད། ང་ཚོས་ནུས་ལྡན་གྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་སྤྱི་ཚོགས་ཀྱི་ལས་ཞུགས་བྱེད་རྒྱུར་སྐུལ་འདེད་བཏང་ཡོད་མོད། འོན་ཀྱང་ལས་ཞུགས་ཀྱི་ཐབས་ལམ་རྒྱ་ཆུང་བ་དང་། ལས་ཞུགས་ཀྱི་ལྟ་བ་རྗེས་ལུས་ཡིན་པ། ལས་ཞུགས་སྤྱི་འབོར་གྱི་འགལ་བ་དང་གྲུབ་ཆའི་འགལ་བ་མཉམ་དུ་གནས་ཡོད་པ་བཅས་ཀྱི་ལས་ཞུགས་དཀའ་ངལ་ཇེ་ཆེར་འགྲོ་རྒྱུ་རེད། ང་ཚོས་སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་ཐུབ་པ་བྱས་ཡོད་མོད། འོན་ཀྱང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྔར་བས་ཛ་དྲག་པོ་ཡོད་ཅིང་། དེ་ནི་སྔ་ཕྱི་བར་གསུམ་དུ་བོད་ལྗོངས་གོང་འཕེལ་དང་བརྟན་ལྷིང་ལ་ཤུགས་རྐྱེན་བཟོ་བའི་རྐྱེན་རྩ་གཙོ་བོ་རེད། ང་ཚོས་སྤྱོད་ཚུལ་ལེགས་སྐྱོང་ལོའི་བྱེད་སྒོ་ཤུགས་ཆེ་སྤེལ་ནས་རིམ་ཁག་ལས་བྱེད་པའི་ལས་ཀའི་སྤྱོད་ཚུལ་ལེགས་བཅོས་ཆེན་པོ་བྱུང་ཡོད་མོད། འོན་ཀྱང་ལས་ཀའི་འཁུར་སེམས་དང་ཞབས་ཞུའི་འདུ་ཤེས་ཆེ་རུ་གཏོང་རྒྱུ་དང་། ལས་ཀ་དོན་འཁྱོལ་བྱེད་རྒྱུར་ད་དུང་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་དགོས་ཀྱི་ཡོད། དཀའ་ངལ་དང་གནད་དོན་དེ་དག་ང་ཚོས་ངེས་པར་དུ་ཞིབ་འཇུག་ཐག་གཅོད་ནན་ཏན་བྱས་ཏེ་བོད་ཀྱི་བསྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་བྱེད་རྒྱུའི་བྱ་གཞག་རྒྱུན་ཆད་མེད་པར་མདུན་དུ་སྤེལ་དགོས།

        2010ལོའི་ལས་འགན་གཙོ་བོ།

        ད་ལོ་ནི “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ཀྱི་དམིགས་ཚད་དང་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱེད་རྒྱུའི་ཐག་གཅོད་རང་བཞིན་གྱི་ལོ་ཞིག་རེད་ལ། སྔར་མཐུད་རྗེས་སྐྱོང་གི་འགག་རྩའི་ལོ་ཞིག་ཀྱང་ཡིན་པས་སྲིད་གཞུང་གི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུའི་འགན་འཁྲི་ལྕི་པོ་ཡིན་ལ་དོན་སྙིང་ཡང་ཧ་ཅང་ཆེན་པོ་ལྡན་ཡོད།

        སྲིད་གཞུང་ལས་དོན་གྱི་སྤྱིའི་བླང་བྱ་ནི། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པས་མཛུབ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་ནན་ཏན་བྱེད་རྒྱུ་དང་། དུས་སྐབས་གསར་པའི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་ཁྲིད་བསམ་བློ་གཡོ་འགུལ་མི་གཏོང་བར་རྒྱུན་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་དེ་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་དང་ལྗོངས་ཏང་ཨུད་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་མཛད་ཇུས་བཀོད་སྒྲིག་གཞིར་བཟུང “ཐོན་ལས་དང་པོ་ཆུ་ཚད་གོང་མཐོར་གཏོང་བ་དང་། ཐོན་ལས་གཉིས་པ་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེ་གཏོང་བ ”བཅས་ཀྱི་དཔལ་འབྱོར་གོང་འཕེལ་གྱི་འཐབ་ཇུས་ལག་བསྟར་ཤུགས་ཆེ་བྱས་ནས་ཕུགས་འཕེར་གྱི་འཐབ་ཇུས་འདིང་བ་དང་རྩ་བ་བརྟན་དུ་གཏོང་རྒྱུའི་བྱ་ཐབས་སྤྱད་དེ་ཐོག་མཐའ་བར་གསུམ་དུ་གོང་འཕེལ་དང་བརྟན་ལྷིང་དབར་གྱི་འབྲེལ་བ་དང་། ཉེ་དུས་ཀྱི་གོང་འཕེལ་དང་ཡུན་རིང་གི་གོང་འཕེལ་དབར་གྱི་འབྲེལ་བ། དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་དང་སྤུས་ཚད་ཕན་འབྲས་དབར་གྱི་འབྲེལ་བ་བཅས་ཐག་གཅོད་ཡག་པོ་བྱེད་དགོས་པ་དང་། དམངས་ཀྱི་འཚོ་བ་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུ་དེ་མངོན་ཆེའི་གནས་བབ་ཏུ་བཞག་ཐོག “ལོ་ལྔ་ཚན་བཅུ་གཅིག་པའི ”ལས་འགན་ལེགས་གྲུབ་བྱེད་རྒྱུར་རྐང་པ་འཛུགས་པ་དང་། “ལོ་ལྔ་ཚན་བཅུ་གཉིས་པའི ”གོང་འཕེལ་གཏོང་ཕྱོགས་ཀྱི་བསམ་ཇུས་འདོན་རྒྱུར་དམིགས་ཏེ “ལས་འགན་ཨང་དང་པོ ”གཙོ་གནད་དུ་བཟུང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་ཤུགས་ཆེ་གཏོང་བ་དང་། མ་འཇོག་དང་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་སྟེ་དཔལ་འབྱོར་གོང་འཕེལ་ཡོང་བར་སྐུལ་འདེད་ཤུགས་ཆེ་གཏོང་བ། དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་རྒྱུ་གཙོ་གནད་དུ་བཟུང་སྟེ་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཤུགས་ཆེ་གཏོང་བ། ལམ་སྲོལ་དང་བྱེད་སྟངས་འཐུས་ཚང་དུ་གཏོང་རྒྱུ་གཙོ་གནད་དུ་བཟུང་སྟེ་བསྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་ཤུགས་ཆེ་གཏོང་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་རྒྱུ་གཙོ་གནད་དུ་བཟུང་སྟེ་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་ཤུགས་ཆེ་གཏོང་བ་བཅས་བྱས་ནས་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། གཞི་མཐུན་བོད་ལྗོངས། སྣོད་བཅུད་བཟང་བའི་བོད་ལྗོངས་བཅས་ཧུར་ཐག་སྐྲུན་དགོས་པ་དེ་ཡིན།

        སྔོན་དཔག་གི་དམིགས་ཚད་གཙོ་བོ་ནི། ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་12%ཡན་འཕར་བ་བྱེད་རྒྱུ་དང་། ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་འབབ་སྨར་13%ཡན་འཕར་བ་བྱེད་རྒྱུ། ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་20%ཡན་འཕར་བ་བྱེད་རྒྱུ། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་ལ་མ་རྩ་འཇོག་ཚད་18%ཡན་འཕར་བ་བྱེད་རྒྱུ། སྤྱི་ཚོགས་ཀྱི་འཛད་སྤྱོད་ཐོན་རྫས་སིལ་ཚོང་སྤྱི་འབོར་18%ཡན་འཕར་བ་བྱེད་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་སྤྱིའི་ཆུ་ཚད་འཕར་ཚད་3.5%ནང་ཚུན་དུ་ཚོད་འཛིན་ཐུབ་པ་བྱེད་རྒྱུ། གྲོང་ཁྱེར་གྲོང་བརྡལ་གྱི་ཐོ་འཁོད་ལས་ཤོར་བྱེད་ཚད་4.3% གྱི་ནང་ཚུད་དུ་ཚོད་འཛིན་ཐུབ་པ་བྱེད་རྒྱུ་བཅས་ཡིན།

        གོང་གསལ་གྱི་དམིགས་ཚད་དེ་དག་འགྲུབ་པར་ང་ཚོས་གཤམ་གསལ་གྱི་ལས་དོན་གཙོ་གནད་དུ་དམ་འཛིན་བྱེད་དགོས་ཀྱི་ཡོད།

        གཅིག ལས་འགན་ཨང་དང་པོ་དམ་འཛིན་བྱེད་པ་དང་བདེ་འཁོད་ལས་བརྩོན་ཡོང་བ་མངོན་ཆེར་བཟུང་ནས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་རྒྱུ་ཏན་ཏིག་ངང་སྤེལ་དགོས།

        “ཞིང་འབྲོག་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་དང་། ཁྱད་ལྡན་ཞིང་འབྲོག་ལས་དང་ངལ་ནུས་ཕྱིར་གཏོང་བྱེད་རྒྱུ་ཕྱོགས་གཉིས་དམ་འཛིན་ཡག་པོ་བྱེད་རྒྱུ། ཞིང་འབྲོག་ཁུལ་གྱི་ཕྱོགས་བསྡུས་ཞབས་ཞུའི་མ་ལག་སྐྲུན་རྒྱུ ”བཅས་ཀྱི “ཞིང་གསུམ ”ལས་དོན་གྱི་གཞི་རྩའི་བསམ་ཕྱོགས་དང་སྤྱིའི་བླང་བྱ་ལྟར། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བ་བྱེད་རྒྱུ་ལྟེ་བར་བྱས་ཏེ་སེམས་ནུས་འདོན་རྒྱུ་དང་། མ་དངུལ་གཏོང་འཇོག་བྱེད་རྒྱུ། རྣམ་གྲངས་བཀོད་སྒྲིག་བྱེད་རྒྱུ་བཅས་ཕྱོགས་ཡོངས་ནས “ཞིང་གསུམ ”ཐོག་འཕར་གཟིགས་བྱེད་དགོས་པ་དང་སྲིད་ཇུས་ཀྱི་ཐོག་ནས་རྒྱབ་སྐྱོར་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ་ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་ཕན་འབྲས་གོང་མཐོར་གཏོང་དགོས་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་ཐབས་བྱེད་པའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་བཏང་སྟེ་ནུས་ཤུགས་ཡོད་རྒུས་བདེ་འཁོད་ལས་བརྩོན་འཚང་ཁར་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་གཏོང་དགོས།

        ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་འབབ་སྨར་སྒོར་4000ལས་སྒྲོལ་ཐུབ་པའི་འགན་ལེན་བྱེད་དགོས་པ། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་ཐབས་བྱེད་པའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་སྲ་བརྟན་དང་འཐུས་སྒོ་ཚང་དུ་གཏོང་བ་དང་སྒྲིག་འཛུགས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་རྩ་འཛུགས་དང་བར་བརྒྱུད་པའི་དཔུང་ཁག་འཛུགས་སྐྱོང་ཧུར་ཐག་བྱས་ཏེ་ཞིང་འབྲོག་མང་ཚོགས་སྒྲིག་འཛུགས་ཅན་དུ་སྒྱུར་ཚད་དང་། ཉེན་ཟོན་བྱེད་ནུས། ཁྲོམ་རའི་འགྲན་རྩོད་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ། མུ་མཐུད་སྲིད་ཇུས་ཀྱི་ཐོག་ནས་ཡོང་འབབ་འཕར་ཐབས་བྱེད་རྒྱུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཤིང་། ཞིང་འབྲོག་ལས་ནང་ཁུལ་ནས་ཡོང་འབབ་འཕར་ཐབས་བྱེད་པའི་རྩ་བ་དེ་དམ་འཛིན་བྱས་ཐོག་ཁྱད་ལྡན་ཞིང་འབྲོག་ལས་དང་དེའི་བཟོ་སྣོན་ལས་རིགས་གོང་འཕེལ་ཤུགས་ཆེ་བཏང་ནས་ཞིང་འབྲོག་ལས་ཀྱི་ཕན་འབྲས་ཆེ་རུ་འགྲོ་བ་དང་ཡོང་འབབ་འཕར་སྣོན་ཡོང་བ་བྱེད་དགོས་པ། ཞིང་འབྲོག་ལས་དང་ཞིང་འབྲོག་ལས་མིན་པ་ཟུང་འབྲེལ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ལས་རིགས་སྣ་མང་མཉམ་འཛིན་བྱས་ཐོག་ཏེ་ཞིང་ལས་མིན་པའི་ཐོན་ལས་གོང་འཕེལ་ཤུགས་ཆེ་བཏང་ནས་ངལ་ནུས་དཔལ་འབྱོར་སྐྱོང་སྤེལ་བྱེད་དགོས་པ་དང་། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་སྤོ་སྒྱུར་དང་ལས་ཞུགས་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་ཡོང་འབབ་འཕར་ཐབས་ཀྱི་ལམ་བུ་རྒྱ་ཆེར་གཏོད་དགོས།

        ཞིང་ལས་སྟོབས་ཆེར་གཏོང་རྒྱུ་དང་ཞིང་པར་ཕན་སྦྱར་བྱེད་པའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས་པ། “ཞིང་གསུམ ”ཐད་གཏོང་ཆ་མང་དུ་གཏོང་དགོས་ཤིང་། རང་སྐྱོང་ལྗོངས་ནས་ཞིང་འབྲོག་ཁུལ་གོང་འཕེལ་གཏོང་རྒྱུར་མ་དངུལ་སྒོར་དུང་ཕྱུར་34.9བཀོད་སྒྲིག་བྱེད་རྒྱུ། ནོར་སྲིད་ཀྱི་གཏོང་ཆ་བརྟན་པོའི་ངང་འཕར་ཐུབ་པ་བྱེད་རྒྱུའི་ལམ་སྲོལ་སྔར་བས་འཐུས་ཚང་དུ་བཏང་ནས་ཞིང་འབྲོག་ཁུལ་གྱི་སྤྱི་པའི་ཞབས་ཞུའི་ཐད་ཀྱི་ནོར་སྲིད་གཏོང་སྒོའི་ཁེབས་རྒྱ་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་སྲིད་གཞུང་གི་གཏོང་ཆར་བརྟེན་ནས་སྐུལ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་བྱེད་དགོས་པ། ཁ་གསབ་རོགས་དངུལ་སྤྲོད་ཐབས་སྔར་བས་འཐུས་ཚང་དུ་བཏང་སྟེ་ཁ་གསབ་སྤྲོད་ཤུགས་ཆེ་རུ་གཏོང་དགོས་ཤིང་། སྒོར་ཁྲི་29240བཀོད་སྒྲིག་བྱས་ནས་རྫས་ལུད་ཀྱི་ཁ་གསབ་རོགས་དངུལ་དང་། སོན་བཟང་གི་ཁ་གསབ་རོགས་དངུལ། ཞིང་འཕྲུལ་ཡོ་ཆས་ཀྱི་ཁ་གསབ་རོགས་དངུལ། དེ་བཞིན་ཞིང་ལས་རྒྱུ་ཆའི་ཕྱོགས་བསྡུས་ཐད་ཀར་ཁ་གསབ་སོགས་ཞིང་ལས་སྟོབས་ཆེར་གཏོང་རྒྱུ་དང་ཞིང་པར་ཕན་སྦྱར་བྱེད་རྒྱུའི་ཁ་གསབ་རོགས་དངུལ་སྤྲོད་དགོས།

        ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་སྲུང་སྐྱོབ་དང་གོང་མཐོར་གཏོང་རྒྱུར་ཤུགས་རྒྱག་དགོས་པ། རྨོ་ཞིང་དང་རྩྭ་ཐང་སྲུང་སྐྱོབ་དང་། ས་ཆ་གྲོན་ཆུང་བེད་སྤྱོད་དང་ཞིབ་ལས་བྱེད་པའི་ལམ་ལུགས་ནན་པོ་མུ་མཐུད་ལག་བསྟར་བྱས་ཐོག ཞིང་ཁ་དང་རྩྭ་རའི་ཆུ་བེད་ཀྱི་གཞི་རྩའི་འཛུགས་སྐྲུན་བྱེད་རྒྱུ་མགྱོགས་སུ་གཏོང་དགོས་པ་དང་། ཞིང་ལས་ཕྱོགས་བསྡུས་གསར་སྤེལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། འདེབས་འཛུགས་ལས་རིགས་ཀྱི་གྲུབ་ཆ་ལེགས་སྒྲིག་བཟང་སྒྱུར་བྱས་ཏེ་ནས་འདེབས་ཁྱོན་ཆེ་རུ་བཏང་སྟེ་ནས་ཀྱི་ཐོན་སྐྱེད་རྟེན་གཞི་འཛུགས་སྐྱོང་མུ་མཐུད་ཡག་པོ་བྱེད་དགོས་པ་དང་། ནས་ཉོ་སྒྲུབ་ཀྱི་གོང་ཚད་དམའ་ཤོས་དེ་མཐོ་རུ་བཏང་ཐོག་འདེབས་ལས་འགན་ལེན་བྱེད་དགོས་པ། རྩྭ་གསོ་འབྲོག་སྐྱོང་དང་རྩྭ་ལས་སྔོན་འགྲོར་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་སྐྱས་སྤོས་རྩྭ་གསོའི་ལས་གཞི་ལག་བསྟར་བྱས་ཏེ་ཆག་འབྲུ་གཟན་རྩྭ་འདེབས་ཁྱོན་ཆེ་རུ་བཏང་ནས་ཞིང་ཁུལ་གྱི་ཕྱུགས་ལས་གོང་འཕེལ་ཤུགས་ཆེར་གཏོང་བར་བརྟེན་ནས་ལྗོངས་ཡོངས་འབྲོག་ལས་ཀྱི་ཆུ་ཚད་གོང་མཐོར་འགྲོ་རྒྱུར་སྐུལ་ཁྲིད་བྱེད་དགོས་པ། ཕྱུགས་ཁྱུའི་གྲུབ་ཆ་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཕྱུགས་རིགས་བཤས་གཏོང་ཚད་མང་དུ་ཏན་ཏིག་བཏང་ཐོག་ས་མཐོའི་རྩྭ་གསོའི་འབྲོག་ལས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ་དང་འབྲི་གཡག་གི་ཐོན་ལས་སྤུས་དག་གསོ་སྤེལ་བྱེད་རྒྱུ་མགྱོགས་སུ་བཏང་ནས་ས་མཐོའི་ཁྱད་ཆོས་ལྡན་པ་དང་འབྱུང་འཕྲོད་ཀྱི་ཁྱད་ཆོས་ལྡན་པ་རྒྱུན་འཁྱོངས་ཡག་པོ་བྱེད་དགོས་པ། རྟགས་ལེགས་དྲིལ་བསྒྲགས་དང་ཁྲོམ་རར་ཚོང་གཉེར་བྱེད་ཤུགས་ཆེ་རུ་བཏང་ནས་འབྲི་གཡག་གི་ཐོན་རྫས་དེ་གདང་རིམ་མཐོ་བའི་འཛད་སྤྱོད་ཁྲོམ་རའི་ནང་སྐྱོད་ཐུབ་པ་བྱེད་དགོས་པ། ཞིང་འབྲོག་ལས་ཚད་ལྡན་ཅན་དུ་སྒྱུར་རྒྱུར་སྐུལ་སྤེལ་ཧུར་ཐག་གཏོང་དགོས་པ། སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་མ་ལག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེའི་རིགས་གཙོ་གནད་དུ་བཟུང་ནས་སྔོན་འགོག་ཚོད་འཛིན་བྱེད་དགོས་པ། ཞིང་འབྲོག་ཁུལ་གྱི་གེགས་འགོག་གེགས་སེལ་བྱེད་རྒྱུའི་དངོས་རྫས་གྲབས་གསོག་གི་སྒྲིག་བཀོད་འཛུགས་སྐྱོང་བྱེད་མགྱོགས་སུ་བཏང་སྟེ་གེགས་འགོག་གེགས་སེལ་བྱེད་ནུས་སྔར་ལས་ལྷག་པའི་སྒོ་ནས་ཆེ་རུ་གཏོང་དགོས་པ། ཞིང་འབྲོག་ལས་ཀྱི་ཚོང་ལས་འགན་བཅོལ་བྱེད་ཤུགས་ཆེ་རུ་བཏང་ནས་ཚང་མར་འགན་བཅོལ་ཁེབས་ཐུབ་པའི་བརྩོན་ལེན་བྱེད་དགོས་པ། ཤེས་ལྡན་མི་སྣ་དང་། མ་དངུལ། རྣམ་གྲངས། ལམ་ལུགས་འཛུགས་སྐྱོང་སོགས་ཀྱི་ཐད་ནས་ལས་འགོ་བརྩམས་ཏེ་སྤྱི་པའི་ཞབས་ཞུར་རྒྱབ་རྟེན་བཅོལ་བ་དང་། མཉམ་ལས་དཔལ་འབྱོར་སྒྲིག་འཛུགས་ཀྱིས་རྨང་གཞི་བྱེད་པ། ཚན་རྩལ་ཞབས་ཞུས་འདེགས་སྐྱོར་བྱེད་པ་བཅས་ཀྱི་ཞིང་འབྲོག་ལས་ལ་སྤྱི་ཚོགས་ཅན་གྱི་ཞབས་ཞུ་སྒྲུབ་པའི་མ་ལག་གསར་པ་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས།

        “རྩ་བའི་ཆར་ཐག་གཅོད་བྱེད་རྒྱུ་བརྒྱད ”ལེགས་སྒྲུབ་ཐུབ་པ་བྱེད་དགོས་པ། ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་རྒྱུ་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་ཐབས་བྱེད་རྒྱུའི་ལས་འགན་ཨང་དང་པོ་དེར་དམིགས་ནས་མ་དངུལ་སྒྲིལ་སྤྱོད་ཀྱིས་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ “རྩ་བའི་ཆར་ཐག་གཅོད་བྱེད་རྒྱུ་བརྒྱད ”ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་དགོས། ཡང་བསྐྱར་ལོ་གཅིག་འབད་བརྩོན་བྱས་ནས་བདེ་འཁོད་ལས་གྲྭའི་འཆར་གཞིའི་ལས་འགན་ལྷག་འཕྲོ་20%དེ་སྔ་སྣུར་དུ་ལག་བསྟར་བྱེད་རྒྱུ་དང་འབྲེལ་ལེགས་གྲུབ་ཡོང་བ་བྱེད་དགོས་པ། ཡང་བསྐྱར་མ་དངུལ་སྒོར་དུང་ཕྱུར་3བཏང་སྟེ་བདེ་འཁོད་ལས་གཞིའི་གསར་རྒྱག་བྱས་པའི་ཁང་པའི་ཡོམ་འགོག་ནུས་པ་སྲ་བརྟན་དུ་གཏོང་རྒྱུ་དང་། སྐྲུན་ཟིན་པའི་བདེ་འཁོད་ལས་གཞིའི་ཁང་པའི་ཁྲོད་ནས་ལྷ་ས་དང་ནག་ཆུར་ཁང་པའི་ཡོམ་ཟོན་བརྟན་བཅོས་ཀྱི་ཚོད་ལྟའི་ལས་དོན་སྤེལ་དགོས་པ། “བྱ་དགའ་སྤྲོད་པར་བརྟེན་ནས་བཅོས་སྐྱོང་བྱེད་རྒྱུར་སྐུལ་ལྕག ”གཏོང་བར་མ་དངུལ་སྒོར་དུང་ཕྱུར་2.6བཀོད་སྒྲིག་བྱས་ཏེ་སྲིད་འཛིན་གྲོང་ཚོ་500 ཡི་རྣམ་པ་བཀོད་གཙང་བཟོ་བའི་ཕྱོགས་བསྡུས་བཅོས་སྒྲིག་ཚོད་ལྟའི་ལས་དོན་ཧུར་ཐག་སྤེལ་ནས་བཀོད་པ་གཙང་བ་དང་། འཕྲོད་བསྟེན་ལྡན་པ། ཤེས་དཔལ་ལྡན་པ་བཅས་ཀྱི་གྲོང་གསེབ་གསར་པའི་མིའི་སྡོད་གནས་ཁོར་ཡུག་སྐྲུན་དགོས། གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་བྱེད་རྒྱུ་མགྱོགས་སུ་བཏང་སྟེ་ཤང་གྲོང་ཚང་མར་གཞུང་ལམ་ཡོད་པ་བྱེད་དགོས་པ་དང་། ཞིང་འབྲོག་ཁུལ་གྱི་སྦྲག་ལས་དང་འཕྲིན་གཏོང་འཛུགས་སྐྱོང་བྱེད་རྒྱུ་མགྱོགས་སུ་བཏང་ནས་85%ཡན་གྱི་ཤང་གྲོང་ལ་སྦྲག་བསྐུར་ཤར་གཏོང་དང་88%ཡན་གྱི་སྒྲིག་ཚུད་གྲོང་ཚོར་ཁ་པར་ཁྲིད་ཐུབ་པའི་བརྩོན་ལེན་བྱེད་དགོས། ཏེན་ཚྭ་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་སྟེ་ཞིང་འབྲོག་ཁུལ་དུ་ཏེན་ཚྭ་ཁེབས་ཚད་90%ཡན་ཟིན་པ་བྱེད་དགོས། གྲོང་གསེབ་ཀྱི་གློག་ཤུགས་དང་འཐུང་ཆུ་གནོད་མེད་ལས་གཞི་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སླར་ཡང་མི་ཁྲི་15 ལ་གློག་སྤྱོད་ཐུབ་པ་དང་མི་ཁྲི་25 ལ་ཁེབས་པའི་གྲོང་གསེབ་ཀྱི་འཐུང་ཆུ་གནོད་མེད་ལས་གཞི་སྐྲུན་ཐུབ་པ་བྱེད་དགོས།

        སྤྱི་ཚོགས་རིང་ལུགས་ཀྱི་ཞིང་འབྲོག་མི་གསར་གསོ་སྐྱོང་ཤུགས་ཆེ་བྱེད་དགོས་པ། གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ཞིང་འབྲོག་མང་ཚོགས་ལ་སྦྱོང་བརྡར་སྤྲོས་རྒྱུ་དང་ཞིང་འབྲོག་ཁུལ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱེད་རྒྱུ་ཟུང་འབྲེལ་བྱས་ཏེ་ཚན་རིག་ལ་དད་ཞེན་དང་དཔལ་ཡོན་དོན་གཉེར་བྱེད་རྒྱུ་ཁ་ཕྱོགས་སུ་འཛིན་པ་དང་། ཏང་གི་མཛད་ཕྱོགས་སྲིད་ཇུས་དང་། བསམ་བློ་ཀུན་སྤྱོད། ཁྲིམས་ལུགས་རྒྱུན་ཤེས། གོ་ཆོད་ལག་རྩལ། ངལ་རྩོལ་རྩལ་ནུས་སོགས་གཙོ་གནད་དུ་བཟུང་ནས་སྦྱོང་བརྡར་གྱི་ནང་དོན་རྒྱ་ཆེར་གཏོང་བ་དང་། སྦྱོང་བརྡར་སྤྲོས་ཐབས་གསར་གཏོད་བྱེད་པ། སྦྱོང་བརྡར་གྱི་ཕན་འབྲས་གོང་མཐོར་གཏོང་བ་བཅས་བྱས་ཏེ “གོ་རྟོགས་ཡོད་པ་དང་། རིག་གནས་ཡོད་པ། ལག་རྩལ་ཤེས་པ། གཉེར་སྐྱོང་བྱེད་མཁས་པ ”བཅས་ཀྱི་བྱང་ཚད་མཐོ་བའི་ཞིང་འབྲོག་མི་གསར་གསོ་སྐྱོང་སྐྱེད་བསྲིངས་བྱེད་དགོས་པ་དང་། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཚོང་ཟོག་འདུ་ཤེས་དང་འགྲན་རྩོད་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་ནང་ཞིང་འབྲོག་མང་ཚོགས་ཀྱི་གཙོ་རྐང་ནུས་པ་ཤུགས་ཆེར་གཏོང་བ་དང་སྲ་བརྟན་དུ་གཏོང་དགོས།

        གཉིས། མ་འཇོག་དང་འཛད་སྤྱོད་དམ་འཛིན་གྱིས་ཤུགས་སྒྲིལ་མཉམ་སྐུལ་བྱེད་རྒྱུ་མངོན་ཆེར་བཟུང་ནས་དཔལ་འབྱོར་གོང་འཕེལ་སྔར་ལས་ཡག་པ་དང་། སྔར་ལས་མགྱོགས་པ། སྔར་ལས་ཆེ་བ་བཅས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

        གོ་སྐབས་བཟང་པོ་དམ་འཛིན་གྱིས་མ་འཇོག་བྱེད་རྒྱ་ཆེ་རུ་ཧུར་ཐག་གཏོང་བ་དང་། འཛད་སྤྱོད་དགོས་མཁོར་ངར་སྐུལ་བྱས་ཐོག་དཔལ་འབྱོར་གྱི་སྤྱི་འབོར་སྟོབས་ཆེར་བཏང་ནས་དཔལ་འབྱོར་གོང་འཕེལ་གཏོང་བའི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་གོང་མཐོར་བཏང་སྟེ་མ་འཇོག་དང་འཛད་སྤྱོད་ཀྱི་མཉམ་ཤུགས་ཐོག་ནས་དཔལ་འབྱོར་འཕར་སྣོན་ཡོང་རྒྱུར་སྐུལ་ཁྲིད་བྱེད་པའི་རྣམ་པ་བཟང་པོ་སྔར་ལས་ལྷག་པའི་སྒོ་ནས་སྲ་བརྟན་དུ་གཏོང་དགོས།

        “ལོ་ལྔ་ཚན་བཅུ་གཅིག་པའི ”མ་འཇོག་འཆར་གཞི་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱེད་དགོས་པ། མ་འཇོག་གྲུབ་ཆ་ལེགས་སྒྲིག་བཟང་སྒྱུར་བྱེད་པ་དང་། མ་དངུལ་གཏོང་ཕྱོགས་བཀོད་སྒྲིག་ལུགས་མཐུན་བྱས་ནས་མ་འཇོག་གི་ཕན་འབྲས་ཆེ་རུ་ཧུར་ཐག་གཏོང་དགོས། མ་རྩ་འཇོག་མཁན་གཙོ་རྐང་སྣ་མང་ཅན་དུ་སྒྱུར་རྒྱུར་སྐུལ་འདེད་མགྱོགས་སུ་བཏང་སྟེ་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་ཀྱི་མ་འཇོག་སྒོར་དུང་ཕྱུར་440ལས་བརྒལ་ཐུབ་པ་བྱེད་དགོས། རྣམ་གྲངས་ཀྱི་སྔོན་གྲབས་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་ཀྲུང་དབྱང་ནས་མ་འཇོག་སྒོར་དུང་ཕྱུར་220ཟིན་ཐུབ་པ་བྱེད་དགོས། དེ་བཞིན་བོད་སྐྱོར་ཞིང་ཆེན་གྲོང་ཁྱེར་དང་ཀྲུང་དབྱང་ནས་དོ་དམ་བྱེད་པའི་ཁེ་ལས་བཅས་དང་མཐུན་སྦྱོར་བྱེད་རྒྱུར་ཤུགས་སྣོན་སྔར་ལས་ལྷག་པ་བརྒྱབ་ནས་དུས་ཐེངས་དྲུག་པའི་བོད་སྐྱོར་རྣམ་གྲངས་གདམ་གསེས་དང་། སྦྲེལ་མཐུད། མ་འཇོག་བརྩོན་ལེན་བཅས་བྱེད་རྒྱུའི་ལས་དོན་ཡག་པོ་སྒྲུབ་དགོས། གཞན་ཡང་སྲིད་གཞུང་གིས་མ་འཇོག་ལ་མཛུབ་སྟོན་སྐུལ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱས་ནས་དམངས་ཁྲོད་ཀྱི་མ་འཇོག་སྒོར་དུང་ཕྱུར་120ཡན་ཟིན་ཐུབ་པ་བྱེད་དགོས།

        རྨང་གཞིའི་སྒྲིག་བཀོད་དང་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་པ། ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ “རྣམ་གྲངས་180”ཡི “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་གི་འཛུགས་སྐྲུན་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་ཐུབ་པ་བྱེད་དགོས། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཛུགས་སྐྱོང་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཐོག་རྒྱལ་སྲུང་གཞུང་ལམ་དང་། འགག་སྒོའི་གཞུང་ལམ། རྫོང་མཐུད་སྣུམ་ནག་གཞུང་ལམ་བཅས་འཛུགས་སྐྲུན་བྱེད་རྒྱུ་མགྱོགས་སུ་གཏོང་དགོས། མཚོ་བོད་ལྕགས་ལམ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་ཐད་ཐོན་པའི་ཕན་འབྲས་འདོན་སྤེལ་གང་ལེགས་བྱས་ཐོག་མཚོ་བོད་ལྕགས་ལམ་གྱི་སྣར་མཐུད་ལམ་ཐིག་ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་བཟོ་རྒྱུའི་ལས་འགོ་འཛུགས་ཐུབ་པ་བྱེད་དགོས། ནག་ཆུའི་གནམ་ཐང་གི་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་གདམ་རྒྱུའི་ལས་ཀ་དམ་འཛིན་བྱེད་དགོས་པ་དང་མངའ་རིས་དགུན་སའི་གནམ་ཐང་འཛུགས་སྐྲུན་དང་གཞིས་རྩེའི་གཞི་བདེ་གནམ་ཐང་བསྒྱུར་བཀོད་བྱེད་པའི་ལས་འགན་ལེགས་སྒྲུབ་བྱེད་དགོས་པ། ལྷ་སའི་གོང་དཀར་གནམ་ཐང་གི་གནམ་གྲུ་འཕུར་སྐྱོད་ཁུལ་བསྒྱུར་བཅོས་དང་དེའི་ལེ་ལག་ཚང་སྒྲིག་གི་ལས་གཞི་འགོ་འཛུགས་ཐུབ་པ་བྱེད་དགོས། ཕུད་མདོའི་ཆུ་བེད་ལྟེ་གནད་ལས་གྲྭ་འཛུགས་སྐྲུན་བྱེད་རྒྱུ་མགྱོགས་སུ་གཏོང་དགོས་པ་དང་། ཡར་ཀླུང་གཙང་པོའི་བྱང་རྒྱུད་ཀྱི་ཆུ་འདྲེན་ཁུལ་གྱི་འཛུགས་སྐྲུན་མྱུར་ཚད་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ་མ་ནག་དང་། མལ་སྟག ཡར་ལུང་བཅས་ཆུ་འདྲེན་ཁུལ་ཆེ་གྲས་གསུམ་གྱི་ལས་གྲྭ་མཇུག་བསྡུ་བ་དང་ཞིབ་བཤེར་རྩིས་ལེན་བྱེད་པའི་ལས་ཀ་ལེགས་གྲུབ་ཐུབ་པ་བྱེད་དགོས། མཚོ་བོད་ལྕགས་ལམ་གྱི་ཐད་སྦྲེལ་གློག་དྲའི་ལས་གཞི་འགོ་འཛུགས་ཐུབ་པའི་བརྩོན་ལེན་བྱེད་དགོས་པ་དང་། དངོས་ཨ་འཕྲང་གློག་ཁང་དང་མགོ་རྡོག་གློག་ཁང་སོགས་ཀྱི་མཇུག་སྐྱོང་འཛུགས་སྐྲུན་རྣམ་གྲངས་མུ་མཐུད་འཛུགས་སྐྲུན་ཡག་པོ་བྱས་ནས་དངོས་ཨ་འཕྲང་གློག་ཁང་གི་ཐོག་མའི་འཕྲུལ་ཤུགས་ནས་གློག་གཏོང་ཐུབ་པ་བྱེད་དགོས་པ། ཆན་ཝ་ཁྲི་5ཟིན་པའི་འོད་ཤུགས་དྲ་འབྲེལ་གློག་ཁང་འཛུགས་རྒྱུའི་ལས་འགོ་བརྩམས་ཏེ་ཆན་ཝ་ཁྲི་2ཟིན་པའི་འཛུགས་སྐྲུན་ལས་འགན་ལེགས་གྲུབ་ཐུབ་པ་བྱེད་དགོས་པ། གྲོང་གསེབ་ཀྱི་གློག་དྲ་འཛུགས་སྐྲུན་དང་བསྒྱུར་བཅོས་ལས་གཞི་དང་། བོད་དཀྱིལ་རྒྱུད་ཀྱི་གློག་དྲའི་གློག་འདྲེན་ལས་གཞི། ས་གནས་གྲོང་ཁྱེར་བདུན་གྱི་གྲོང་ཁྱེར་གློག་དྲ་བསྒྱུར་བཅོས་ལས་གཞི་བཅས་ལག་བསྟར་བྱེད་རྒྱུ་མགྱོགས་སུ་གཏོང་དགོས་པ། ཡར་ཀླུང་གཙང་པོ་དང་བོད་ཤར་ལྷོའི “ཆུ་གསུམ ”རྒྱུག་ཁུལ་གྱི་ཆུ་གློག་ཐོན་ཁུངས་གསར་སྤེལ་འཆར་འགོད་དང་སྔོན་གྲབས་ལས་ཀ་གང་མགྱོགས་བྱས་ཏེ “ནུབ་གློག་ཤར་ཁྲིད ”ཀྱི་འབྲེལ་མཐུད་ནུས་ཁུངས་རྟེན་གཞི་འཛུགས་སྐྲུན་ཧུར་ཐག་བྱེད་དགོས། ཆ་འཕྲིན་ཅན་དུ་སྒྱུར་རྒྱུར་སྐུལ་སྤེལ་ཧུར་ཐག་བཏང་ནས་རང་སྐྱོང་ལྗོངས་དང་། ས་གནས། རྫོང་བཅས་རིམ་གསུམ་གྱི་གློག་རྡུལ་སྲིད་ལས་དྲ་རྒྱ་འཛུགས་རྒྱུ་མགྱོགས་སུ་གཏོང་དགོས། རྣམ་གྲངས་ཀྱི་སྔོན་གྲབས་ལས་དོན་ཡག་པོ་བསྒྲུབས་ཏེ་རྣམ་གྲངས་དེ་བས་མང་བ་ཞིག་ལས་འགོ་འཛུགས་རྒྱུའི་ཆ་རྐྱེན་འཛོམས་པ་བྱེད་དགོས་པ་དང་། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་མ་འཇོག་ཕྱོགས་སྟོན་དང་འཚམ་པའི་གལ་ཆེའི་རྣམ་གྲངས་ཁག་གཅིག་གྲབས་གསོག་བྱེད་དགོས་པ། གཙོ་གནད་རྣམ་གྲངས་ལ་རྩིས་བཤེར་དང་། ལྟ་ཞིབ། དཔྱད་བཤེར་བཅས་བྱེད་རྒྱུའི་ལས་དོན་སྤེལ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་དོ་དམ་གྱི་ཆུ་ཚད་དང་སྤུས་ཚད་ཕྱོགས་ཡོངས་ནས་གོང་མཐོར་གཏོང་དགོས་པ། དེ་བཞིན་རྣམ་གྲངས་མཇུག་འགྲིལ་ཞིབ་བཤེར་རྩིས་ལེན་བྱེད་རྒྱུ་དམ་འཛིན་གྱིས་སྐྲུན་ཟིན་པའི་རྣམ་གྲངས་ལ་དོ་དམ་བྱེད་རྒྱུར་མཐོང་ཆེན་བྱས་ནས་ཕན་འབྲས་གང་ལེགས་ཐོན་ཐུབ་པ་བྱེད་དགོས།

        འཛད་སྤྱོད་ཀྱི་དགོས་མཁོ་རྒྱ་ཆེར་ཧུར་ཐག་གཏོང་དགོས་པ། ཡོང་འབབ་དམའ་འབྲིང་གི་མི་ཚོགས་གཙོ་བོར་བཟུང་སྟེ་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་ཐུབ་པ་བྱེད་དགོས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་མང་ཚོགས་ཀྱི་འཛད་སྤྱོད་ནུས་པ་གོང་མཐོར་ཧུར་ཐག་གཏོང་དགོས། “ཁྱིམ་སྤྱོད་གློག་ཆས་དང་། ནང་ཆས། ཞིང་འཕྲུལ། མོ་ཊ། སྦག་སྦག་བཅས་གཤམ་གཏོང ”དང་ཚན་རྩལ་རིག་གནས་འཕྲོད་བསྟེན “གསུམ་གཤམ་སྤེལ ”སོགས་ཀྱི་བྱེད་སྒོ་མུ་མཐུད་ཡག་པོ་སྤེལ་ཏེ་ཁྱིམ་སྤྱོད་འཛད་སྤྱོད་ཐོན་རྫས་དང་ལྷག་པར་དུ་འཛད་སྤྱོད་ཐོན་རྫས་སྤྱོད་ཤེད་ཆེ་རིགས་གཤམ་སྐྱེལ་བྱས་ནས་ཞིང་འབྲོག་ཁུལ་གྱི་འཛད་སྤྱོད་ཁྲོམ་ར་རྒྱ་ཆེར་ཧུར་ཐག་གཏོང་དགོས། དེ་བཞིན་ཚོང་ཟོག་ཉོ་ཚོང་དང་། བཟའ་བཏུང་། རིག་གནས་ལུས་སྦྱོང་། སྡེ་ཁུལ་གྱི་ཚོང་ལས། སྡེ་ལས། ཁྱིམ་ལས་སོགས་ཞབས་ཞུའི་རང་བཞིན་ལྡན་པའི་འཛད་སྤྱོད་ལས་སྒོ་གཙོ་གནད་དུ་བཟུང་ནས་གོང་འཕེལ་གཏོང་དགོས་པ་དང་། དངུལ་རྩའི་ཞབས་ཞུ་ལེགས་སྒྱུར་བྱས་ཏེ་སྒེར་ལ་ཡིད་རྟོན་དངུལ་བུན་ཐོག་ནས་འཛད་སྤྱོད་བྱེད་རྒྱུར་སྐུལ་ལྕག་བཏང་ཐོག་ཡུལ་སྐོར་དང་། སྡོད་ཁང་། མོ་ཊ་སོགས་དར་བཟོ་ཆེ་བའི་འཛད་སྤྱོད་བྱེད་རྒྱ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ། འཛད་སྤྱོད་ཀྱི་ཁོར་ཡུག་ལེགས་སྒྱུར་ཤུགས་ཆེ་བྱས་ནས་འཛད་སྤྱོད་ཁྲོམ་ར་བཅོས་སྒྲིག་དང་ཚད་ལྡན་བཟོ་དགོས་པ། བརྡ་ཁྱབ་རྫུན་མ་དང་། དངོས་ཟོག་རྫུན་བཟོ་རྫུན་འཚོང་། ཚོང་ལས་ཀྱི་མགོ་སྐོར་གཡོ་འཕྲུལ་རྩེ་བ། བཙན་ཤེད་ཀྱིས་ཉོ་འཚོང་བྱེད་དུ་འཇུག་པ་སོགས་ཀྱི་བྱ་སྤྱོད་ལ་ཁྲིམས་ལུགས་ལྟར་ཉེས་ཆད་བཅད་དེ་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱེད་དགོས། རིན་གོང་ལ་ལྟ་ཞིབ་ཚད་ལེན་བྱས་ཏེ་ཉེན་བརྡ་གཏོང་བ་དང་ལྟ་སྡོམ་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་དགོས་པ་དང་། ཚོང་ཟོག་དང་འཚོ་བའི་ཉེར་མཁོའི་དངོས་རྫས་གྲབས་གསོག་དང་མཁོ་འདོན་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ཚོང་ཟོག་རྒྱུན་མི་ཆད་པ་བྱེད་དགོས་པ་དང་ཟོག་གོང་འཕར་ཚད་མགྱོགས་པོ་མི་ཡོང་བ་བྱེད་དགོས། ཁྲོམ་ར་འཛུགས་སྐྱོང་བྱེད་རྒྱུ་མགྱོགས་སུ་བཏང་སྟེ “གྲོང་ཁྲི་ཤང་སྟོང་གི་ཁྲོམ་རའི་ལས་གཞི ”ལག་བསྟར་སྒྲིག་འཛུགས་སྔར་ལས་ལྷག་པ་བྱས་ནས་ས་གནས་གྲོང་ཁྱེར་4ཡི་ཞིང་ལས་ཐོན་རྫས་སྡེབ་འཚོང་ཁྲོམ་ར་དང་། མཐའ་མཚམས་ཀྱི་ཉོ་ཚོང་ཁྲོམ་ར་ཁག་6དེ་བཞིན་ཞིང་དུད་ཚོང་ཁང་ཁག་400 བཅས་འཛུགས་སྐྲུན་བཟོ་བཅོས་ལེགས་གྲུབ་ཟིན་པ་བྱས་ནས་སྤྱི་ཚོགས་ཀྱི་འཛད་སྤྱོད་ཐོན་རྫས་སིལ་འཚོང་སྤྱི་འབོར་སྒོར་དུང་ཕྱུར་180 ཡན་ཟིན་ཐུབ་པ་བྱེད་དགོས།

        ནོར་ཁྲལ་དང་དངུལ་རྩའི་ལས་དོན་ཡག་པོ་སྒྲུབ་དགོས་པ། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ནང་མཁོ་རྒྱ་ཆེར་གཏོང་རྒྱུ་དང་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱ་ཐབས་ཁག་དོན་འཁྱོལ་བྱེད་རྒྱུ་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ་ནོར་སྲིད་ཀྱི་གཏོང་སྒོའི་གྲུབ་ཆ་ལེགས་སྒྲིག་དང་བཟང་སྒྱུར་སྔར་ལས་ལྷག་པ་བྱས་ཐོག “ཞིང་གསུམ ”ལ་གཏོང་ཆ་ཤུགས་ཆེར་གཏོང་དགོས་པ་དང་། དམངས་ཀྱི་འཚོ་བ་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུའི་ཐད་ལ་གཏོང་ཆ་ཤུགས་ཆེར་གཏོང་དགོས་པ། སློབ་གསོ་དང་འཕྲོད་བསྟེན་སོགས་སྤྱི་ཚོགས་ཀྱི་བྱ་གཞག་ཐད་ལ་གཏོང་ཆ་ཤུགས་ཆེར་གཏོང་དགོས་པ། བརྟན་ལྷིང་སྲུང་སྐྱོང་དང་གཞི་རིམ་སྲིད་དབང་འཛུགས་སྐྱོང་བྱེད་རྒྱུའི་ཐད་ལ་གཏོང་ཆ་ཤུགས་ཆེར་གཏོང་དགོས་པ། ཐོན་ལས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱེད་དགོས་པ། སྲིད་གཞུང་གིས་མཁོ་སྒྲུབ་བྱེད་རྒྱུ་ཚད་ལྡན་བཟོ་བ་དང་རྒྱལ་མཛོད་ནས་གཅིག་སྡུད་གཏོང་སྤྲོད་དོ་དམ་བྱེད་སྟངས་སུ་བསྒྱུར་བཅོས་བྱེད་རྒྱུ་གཏིང་ཟབ་ཏུ་གཏོང་དགོས་པ། ནོར་སྲིད་དོ་དམ་ཚན་རིག་དང་མཐུན་པ་དང་ཚགས་ཚུད་ཞིབ་ཕྲ་བཟོ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་སྔོན་རྩིས་དོ་དམ་ནན་པོ་བྱེད་དགོས་པ་དང་། སྤྱིར་བཏང་གི་གཏོང་སྒོ་ཚོད་འཛིན་ནན་པོ་བྱས་ནས་རྒྱས་སྤྲོས་ཆུད་ཟོས་གཏོང་རིགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས། ཁྲལ་འབབ་བསྡུ་སྡོམ་བྱེད་རྒྱུར་ཁྲིམས་ལུགས་ལྟར་ཤུགས་སྣོན་བརྒྱབ་ནས་ཁྲལ་མིན་ཡོང་འབབ་ལ་དོ་དམ་བྱེད་རྒྱུ་ཚད་ལྡན་བཟོ་དགོས། དངུལ་རྩའི་བྱ་བར་མཛུབ་ཁྲིད་དང་། རྒྱབ་སྐྱོར། ཞབས་ཞུ་བཅས་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་ཏན་ཏིག་བྱས་ཏེ་དངུལ་རྩའི་འཁོར་རྒྱ་ལེགས་སྐྱོང་བྱེད་རྒྱུར་མཐོང་ཆེན་བྱེད་དགོས་པ། ཀྲུང་དབྱང་གིས་བོད་ལ་གནང་བའི་དངུལ་རྩའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ཐོག་བོད་ཀྱི་དོན་དངོས་དང་འཚམ་པའི་ཡིད་རྟོན་དངུལ་བུན་དོ་དམ་བྱེད་ཐབས་གང་མགྱོགས་བཟོས་ཏེ་དངུལ་བུན་གཏོང་བར་མཆན་བཀོད་བྱེད་པའི་ཆ་རྐྱེན་ལྷུག་ཏུ་གཏོང་དགོས་པ་དང་། དངུལ་བུན་གཏོང་བའི་ལས་རིམ་ལེགས་སྒྱུར་བྱེད་པ། ཡིད་རྟོན་དངུལ་བུན་གྱི་གྲུབ་ཆ་ལེགས་སྒྲིག་བྱེད་པ་བཅས་བྱས་ཏེ “ཞིང་གསུམ ”དང་། ཁེ་ལས་འབྲིང་ཆུང་། དེ་བཞིན་ཐོན་ལས་གོང་འཕེལ་གཏོང་རྒྱུ་བཅས་ཀྱི་ཐད་ཕན་ནུས་ལྡན་པའི་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་དགོས། མུ་མཐུད་ཚོང་ལས་འགན་བཅོལ་གྱི་ཁེབས་རྒྱ་ཆེ་རུ་གཏོང་དགོས།

        གསུམ། ཐོན་ལས་སྐྱོང་སྤེལ་བྱེད་རྒྱུ་དམ་འཛིན་བྱས་ཏེ་གཞི་ཁྱོན་ལྡན་པ་དང་ཁྱད་ཡོན་མངོན་ཆེར་བཟུང་ནས་རང་ངོས་གོང་འཕེལ་གཏོང་བའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

        “ཁྱད་ཆོས་དང་གཞི་ཁྱོན་ལ་དོ་སྣང་བྱེད་པ་དང་། སྣེ་ཁྲིད་དང་རོགས་སྐྱོར་བྱེད་རྒྱུར་དོ་སྣང་བྱེད་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུར་དོ་སྣང་བྱེད་པ། ཞིང་འབྲོག་མང་ཚོགས་སྣེ་ཁྲིད་བྱེད་རྒྱུར་དོ་སྣང་བྱེད་པ ”བཅས་ཀྱི་ཐོན་ལས་གོང་འཕེལ་གཏོང་བའི་མཛུབ་ཁྲིད་རྩ་དོན་མཐའ་འཁྱོངས་ཐོག་གོང་འཕེལ་གྱི་བསམ་གཞི་དང་གོང་འཕེལ་གཏོང་ཕྱོགས་གསར་གཏོད་ཧུར་ཐག་བྱས་ཏེ་ཚན་རིག་དང་མཐུན་པའི་འཆར་འགོད་དང་ཐོན་ཁུངས་སྒྲིལ་སྤྱོད་བྱས་ནས་ཁྱབ་ཁོངས་ཆེ་མོ་འཆར་འགོད་དང་། ཐོན་ལས་ཆེན་པོ་འཛུགས་སྐྱོང་། ཚོགས་ཚོ་ཆེ་མོས་ཁྲིད་སྟོན། རྣམ་གྲངས་ཆེ་མོས་འདེགས་སྐྱོར་བཅས་བྱས་ཏེ་ཁྲོམ་ར་གཉེར་མཁན་གཙོ་རྐང་རྒྱ་སྟོབས་ཆེ་རུ་གཏོང་དགོས་པ་དང་། འཐབ་ཇུས་ཀྱི་འདེགས་སྐྱོར་བྱེད་པའི་ཐོན་ལས་སྐྱོང་སྤེལ་གང་མགྱོགས་བྱས་ཏེ་ཐོན་ལས་ཅན་ལ་བརྟེན་ནས་གྲོང་ཁྱེར་གྲོང་བརྡལ་ཅན་དུ་སྐུལ་སྤེལ་བཏང་སྟེ་རང་ངོས་གོང་འཕེལ་གཏོང་བའི་ནུས་པ་ཆེ་རུ་གཏོང་ཐུབ་པ་བྱེད་དགོས།

        སྒྲིག་འཛུགས་ཞིབ་ཚགས་བྱས་ནས་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་གོང་འཕེལ་གཏོང་རྒྱུའི་ཆེད་དམིགས་འཆར་འགོད་ཚན་རིག་དང་མཐུན་པའི་ངང་བཟོ་སྒྲིག་བྱེད་དགོས་པ། གཙོ་གནད་ཐོན་ལས་ལེགས་སྒྲིག་དར་རྒྱས་གཏོང་རྒྱུའི་རྒྱལ་ཁབ་ཀྱི་འཆར་འགོད་དང་ཟུང་འབྲེལ་བྱས་ནས་སྔོན་གྲབས་ཀྱི་ཞིབ་འཇུག་ལས་དོན་གཏིང་ཟབ་ཡག་པོ་བྱས་ཏེ་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་གོང་འཕེལ་གཏོང་རྒྱུའི་ཆེད་དམིགས་འཆར་འགོད་དང་ལེ་ལག་ཚང་སྒྲིག་གི་ཐོན་ལས་སྲིད་ཇུས་གང་མགྱོགས་བཟོ་འདོན་བྱེད་དགོས། འཆར་འགོད་བཟོ་སྒྲིག་བྱེད་སྐབས་ནུས་རྒྱུ་དང་འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལ་གཞི་བཅོལ་དགོས་པ་དང་། ཐོན་ལས་དང་ཁྲོམ་རའི་གནས་བབ་གནད་ལ་འཁེལ་པོ་ཤེས་རྟོགས་བྱས་ཐོག སྣོད་བཅུད་སྲུང་སྐྱོབ་བྱེད་རྒྱུར་དོ་སྣང་བྱེད་དགོས་པ་དང་། དམངས་ཀྱི་འཚོ་བར་ཕན་ཐོགས་བསྐྲུན་རྒྱུ་གཙོར་བཟུང་བྱེད་དགོས་པ། ཁེ་ལས་གཉེར་སྐྱོང་བྱེད་མཁན་ལ་རྒྱབ་རྟེན་བཅོལ་བ་བཅས་ཀྱིས་ཐོན་ལས་སྐུལ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་ཁོངས་ཀྱི་ཆ་རྐྱེན་དང་ཐོན་ཁུངས་ཀྱི་ཁྱད་ཡོན་ལ་བརྟེན་ནས་ཐོན་ལས་ཀྱི་ཁྱབ་ཚུལ་ལེགས་སྒྲིག་ལུགས་མཐུན་བྱེད་དགོས་པ་དང་། ཁྱད་ལྡན་ཐོན་ལས་དར་ཁུལ་འཆར་འགོད་འཛུགས་སྐྱོང་བྱས་ཏེ་ས་ཁོངས་མི་འདྲ་བར་སོ་སོའི་ཁྱད་ཆོས་ལྡན་པའི་ཐོན་ལས་ཁྱུ་ཚོགས་ཆགས་པ་བྱེད་དགོས། ངེས་པར་དུ་ཐོན་ལས་གཅིག་ལ་འཆར་འགོད་གཅིག་དང་ལག་བསྟར་བྱ་ཐབས་ཆ་ཚང་གཅིག་ཡོད་དགོས་ལ། འགོ་ཁྲིད་ཚན་པ་གཅིག་གིས་འགོ་ནས་མཇུག་བར་དམ་འཛིན་མཐའ་འཁྱོལ་ཐུབ་པ་བྱེད་དགོས། གཞན་ཡང་འཆར་འགོད་དང་ལེ་ལག་སྲིད་ཇུས་ལག་བསྟར་ནན་པོ་བྱས་ཏེ་ཆུ་ཚད་དམའ་བའི་མ་འཇོག་དང་བསྐྱར་ཟློས་འཛུགས་སྐྲུན་བྱེད་རིགས་མི་ཡོང་སྔོན་འགོག་བྱས་ནས་འཆར་འགོད་ཀྱི་དབང་གྲགས་འགན་སྲུང་ཐུབ་པ་བྱེད་དགོས།

        ཐོན་ཁུངས་སྒྲིལ་སྤྱོད་བྱས་ཏེ་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་དགོས་པ། མཚོ་བོད་ལྕགས་ལམ་གྱི་ནག་ཆུ་ཟོག་འགྲེམས་ལྟེ་གནས་ལས་གཉེར་བྱེད་འགོ་ཚུགས་པའི་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ་མཚོ་བོད་ལྕགས་ལམ་གྱི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་ཆེན་པོ་འདོན་སྤེལ་བྱས་ནས་ཐོན་ཁུངས་ཀྱི་ཆ་རྐྱེན་དང་ཐོན་ལས་ཀྱི་རྨང་གཞི་སོགས་དོན་དངོས་ཀྱི་གནས་ཚུལ་ལ་བསྟུན་ཏེ་ལེགས་སྐྱོར་ཆེ་སྐྱོར་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་། ཐོན་ལས་གོང་འཕེལ་གཏོང་བའི་མ་དངུལ་གྱི་ཕྱོགས་སྟོན་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ལེགས་ཆ་ཆེ་བའི་ཐོན་ལས་དང་ཁེ་ལས་ལ་འཁྱོགས་ནས་ཁེ་ལས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས་པ་དང་ཐོན་ལས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་དགོས། ཁྲོམ་ར་གཉེར་མཁན་གཙོ་རྐང་གསོ་སྐྱོང་དང་དེར་གཞོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ནས་ས་མཐོའི་ཁྱད་ལྡན་གྲགས་རྟགས་བཟོ་རྒྱུ་དང་སྲུང་སྐྱོང་བྱེད་རྒྱུར་མཐོང་ཆེན་བྱས་ཏེ་རང་བཟོས་གྲགས་རྟགས་ཡོད་པ་དང་། ལྟེ་བའི་འགྲན་རྩོད་ཀྱི་ནུས་པ་ཡོད་པ། སྐུལ་ཁྲིད་ཀྱི་ནུས་པ་མངོན་གསལ་དོད་པ་བཅས་ཀྱི་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་གཉེར་མཁན་སྣེ་འདྲེན་ཁེ་ལས་ཁག་གཅིག་གོང་འཕེལ་གཏོང་རྒྱུར་ཤུགས་རྒྱག་དགོས། ལེགས་ཆ་གསབ་རེས་དང་དྲག་གྲས་མཉམ་འབྲེལ་བྱེད་རྒྱུ་མཐའ་འཁྱོངས་ཐོག་བདག་དབང་གིས་འབྲེལ་ཐག་བྱེད་པ་དང་ཁྲོམ་རས་ཕྱོགས་སྟོན་བྱས་ནས་ཁེ་ལས་ཚོགས་ཚོ་གང་མགྱོགས་འཛུགས་སྐྱོང་བྱས་ཏེ་ཁེ་ལས་ཀྱི་ལེགས་བསྡུས་ཞིབ་གཉེར་ཅན་དང་གཞི་ཁྱོན་ཅན་དུ་བསྒྱུར་རྒྱུར་གོང་འཕེལ་གཏོང་དགོས། དེ་བཞིན་ཟླ་སྒྲིལ་དང་། བསྐྱར་སྒྲིག མཉམ་འབྲེལ་སོགས་བྱེད་པའི་བྱ་ཐབས་ལ་བརྟེན་ནས་བོད་སྨན་དང་ཡུལ་སྐོར་ཚོགས་ཚོ་ཆེ་མོ་གཉིས་འཛུགས་སྐྱོང་བྱེད་རྒྱུར་སྐུལ་སྤེལ་ཧུར་ཐག་གཏོང་དགོས།

        གཙོ་གནད་མངོན་ཆེར་བཟུང་ནས་འཐབ་ཇུས་འདེགས་སྐྱོར་གྱི་ཐོན་ལས་སྐྱོང་སྤེལ་གང་མགྱོགས་བྱེད་དགོས་པ། རང་ལྗོངས་ཀྱི་ཐོན་ཁུངས་ཁྱད་ཆོས་དང་ཁེ་ལས་ཀྱི་རང་ངོས་ཁྱད་ཆོས་ལ་བརྟེན་ནས་ཡུལ་སྐོར་ལས་རིགས་དང་། བོད་ལུགས་གསོ་རིག་སྨན་ལས། ལེགས་ཆ་ཆེ་བའི་གཏེར་ལས། ས་མཐོའི་ཁྱད་ལྡན་སྐྱེ་དངོས་ཐོན་ལས་དང་འབྱུང་འཕྲོད་བཟའ་བཅའི (བཏུང་བཅའ )ལས་རིགས། ཁྱད་ལྡན་ཞིང་འབྲོག་ལས་དང་དེའི་བཟོ་སྣོན་ལས་རིགས། ཨར་སྐྲུན་དང་ཨར་པོའི་རྒྱུ་ཆས་ལས་རིགས། མི་རིགས་ལག་ཤེས་བཟོ་ལས། དེ་བཞིན་ཆུ་གློག་གིས་གཙོ་བོ་བྱས་པའི་ནུས་རྒྱུའི་བཟོ་ལས་བཅས་གཙོ་གནད་དུ་བཟུང་ནས་གོང་འཕེལ་གཏོང་དགོས་པ་དང་། ཐོན་ལས་འཛུགས་སྐྱོང་བྱེད་རྒྱུ་དང་ཆ་འཕྲིན་ཅན་དུ་བསྒྱུར་རྒྱུ་མཉམ་སྤེལ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་ཆ་འཕྲིན་ཅན་ལ་བརྟེན་ནས་ཐོན་ལས་འཛུགས་སྐྱོང་བྱེད་རྒྱུར་སྐུལ་སྤེལ་བཏང་སྟེ་རང་ལྗོངས་ཀྱི་འཐབ་ཇུས་འདེགས་སྐྱོར་བྱེད་པའི་ཐོན་ལས་ཤིག་གང་མགྱོགས་ཆགས་པ་བྱེད་དགོས། ཡུལ་སྐོར་ལས་རིགས་གོང་འཕེལ་ཤུགས་ཆེ་གཏོང་དགོས་ཤིང་། ཡུལ་སྐོར་གྱི་ལེ་ལག་སྒྲིག་བཀོད་གང་མགྱོགས་འཛུགས་སྐྱོང་བྱེད་པ་དང་། སྣེ་ལེན་ཞབས་ཞུ་བྱེད་རྒྱུ་ལེགས་སུ་གཏོང་བ། ཡུལ་སྐོར་ཁྲོམ་ར་ཚད་ལྡན་བཟོ་བ་བཅས་ཀྱིས་ཡུལ་སྐོར་གྱི་མཚན་སྙན་བཟང་དུ་གཏོང་དགོས་པ་དང་། རང་འབྱུང་དང་རིག་སྐྲུན་ཐོན་ཁུངས་ལ་དམིགས་ནས་ཡིད་དབང་འཕྲོག་ནུས་ཆེ་བའི་ཡུལ་སྐོར་གནས་ལྗོངས་ཁུལ་གསར་སྤེལ་གཏིང་ཟབ་བྱེད་དགོས་པ། ས་ཁོངས་དང་རིག་གནས་ཀྱི་ཁྱད་ཡོན་མངོན་ཆེར་བཟུང་ནས་ཡུལ་སྐོར་གྱི་དྲན་རྟེན་ཐོན་རྫས་གསར་གཏོད་དང་དེའི་ཁྲོམ་ར་གསར་སྤེལ་བྱེད་རྒྱུ་མགྱོགས་སུ་གཏོང་དགོས་པ། ཡུལ་སྐོར་ལས་རིགས་གོང་འཕེལ་གཏོང་བའི་ནང་ཞིང་འབྲོག་མང་ཚོགས་ཧུར་ཐག་ཞུགས་རྒྱུར་སྐུལ་ལྕག་དང་རོགས་སྐྱོར་བྱེད་དགོས། དེ་བཞིན་བོད་ལུགས་གསོ་རིག་སྨན་ལས་གོང་འཕེལ་ཤུགས་ཆེ་གཏོང་དགོས་ཤིང་། སྲོལ་རྒྱུན་གྱི་སྨན་བཅོས་དང་སྨན་སྦྱོར་བྱེད་ཐབས་སྲུང་སྐྱོབ་དང་སྔོག་འདོན་བྱས་ནས་བོད་སྨན་སྣ་རིགས་གསར་པ་ཧུར་ཐག་བཟོ་དགོས་པ་དང་བོད་ལུགས་གསོ་རིག་སྨན་ལས་ཀྱི་ཚན་རྩལ་མི་སྣ་གསོ་སྐྱོང་བྱེད་རྒྱུ་དང་ཚན་རྩལ་གསར་གཏོད་བྱེད་རྒྱུའི་ལས་དོན་ལ་མཐོང་ཆེན་བྱེད་དགོས་པ། བོད་སྨན་གྱི་ཚད་གཞིའི་མ་ལག་དང་ཞིབ་དཔྱད་ཚད་ལེན་མ་ལག་འཛུགས་རྒྱུ་མགྱོགས་སུ་བཏང་སྟེ་བོད་ལུགས་གསོ་རིག་སྨན་ལས་ཐོན་ལས་ཅན་དང་། ཚད་ལྡན་ཅན། གཞི་ཁྱོན་ལྡན་པ། རྒྱུན་མཐུད་པ་བཅས་ཀྱི་ཕྱོགས་སུ་གོང་འཕེལ་གཏོང་དགོས། གཞན་ཡང་ལེགས་ཆ་ཆེ་བའི་གཏེར་ཁའི་ཐོན་ལས་གོང་འཕེལ་ཤུགས་ཆེ་གཏོང་དགོས་ཤིང་། མུ་མཐུད་ཆེ་རིགས་དམ་འཛིན་དང་ཆུང་རིགས་ཚད་བཀག་བཟོ་བའི་བླང་བྱ་གཞིར་བཟུང་ཐོན་ཁུངས་སྒྲིལ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས་ལེགས་ཆ་ཆེ་བའི་གཏེར་ལས་རྒྱ་སྟོབས་ཆེ་རུ་གཏོང་དགོས་པ་དང་། ལེགས་ཆ་ཆེ་བའི་གཏེར་ལས་ཐོན་ཁུངས་རྩད་ཞིབ་བྱེད་རྒྱུ་མགྱོགས་སུ་བཏང་ནས་མཚོ་བོད་ཆེད་དམིགས་རྣམ་གྲངས་གཙོ་གནད་དུ་བྱས་པའི་ས་གཤིས་རྩད་ཞིབ་ཀྱི་རྣམ་གྲངས་ཁག་ལག་བསྟར་ཡག་པོ་བྱེད་དགོས། རྒྱ་མའི་ལྕགས་རིགས་མང་བའི་གཏེར་ཁ་དང་། ཆུ་ལུང་ཟངས་གཏེར། གཡུ་ལུང་ཟངས་གཏེར་གྱི་དུས་ཐེངས་གཉིས་པ་བཅས་ཀྱི་གསར་སྤེལ་ཐོན་འབྱེད་དང་། ཚྭ་མཚེའུ་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་དང་གསར་སྤེལ་བྱེད་དགོས་པ། གཏེར་ལས་ཐོན་ཁུངས་གསར་སྤེལ་བྱེད་རྒྱུའི་སྒྲིག་ལམ་མུ་མཐུད་བཅོས་སྒྲིག་དང་ཚད་ལྡན་བཟོས་ཐོག་ཁེ་ལས་དང་སྲིད་གཞུང་དབར་དང་། ཁེ་ལས་དང་མང་ཚོགས་དབར་མཐུན་སྦྱོར་ནུས་ལྡན་ཐུབ་པ་དང་ཁེ་ཕན་ཐོབ་སྟངས་ཀྱི་ལམ་སྲོལ་བཙུགས་ནས་གཏེར་ལས་གོང་འཕེལ་གཏོང་རྒྱུར་ཁོར་ཡུག་བཟང་པོ་ཞིག་སྐྲུན་དགོས། ཁྱད་ལྡན་ཞིང་འབྲོག་ལས་དང་དེའི་བཟོ་སྣོན་ལས་རིགས་གོང་འཕེལ་ཤུགས་ཆེ་གཏོང་དགོས་ཤིང་། ནས་དང་འབྲི་གཡག་སོགས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དང་ལེགས་ཆ་ཆེ་བའི་ཐོན་ལས་དར་ཁུལ་གསར་སྤེལ་འཛུགས་སྐྱོང་བྱེད་རྒྱུ་དམ་འཛིན་བྱས་ནས་ཐོན་ལས་ཀྱི་འཁོར་འབྲེལ་རིང་དུ་གཏོང་བ་དང་ཟུར་ཐང་མཐོ་རུ་གཏོང་དགོས་པ། ཞིང་འབྲོག་དུད་ཚང་དང་སྣེ་འདྲེན་ཁེ་ལས་དབར་ཁེ་ཕན་འབྲེལ་མཐུད་བྱེད་ལམ་འཛུགས་རྒྱུ་འཚོལ་ཞིབ་བྱེད་དགོས།

        བཞི། སྤྱི་ཚོགས་ལེགས་སྐྱོང་བྱེད་རྒྱུ་དམ་འཛིན་དང་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་རྒྱུ་མངོན་ཆེར་བཟུང་ནས་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།

        དམངས་ཀྱི་འཚོ་བ་ནི་དམངས་ཀྱི་བསམ་པ་དང་སྦྲེལ་ཞིང་། དམངས་ཀྱི་བསམ་པ་ནི་གཞི་མཐུན་དང་འབྲེལ་བ་ཡོད། དེར་བརྟེན་དམངས་ཀྱི་འཚོ་བ་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་བྱ་གཞག་ཁག་མགྱོགས་མྱུར་གོང་འཕེལ་གཏོང་དགོས་པ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་དྲང་སྙོམས་ཅན་དུ་འགྱུར་བ་བྱེད་དགོས།

        སློབ་གསོའི་བྱ་གཞག་སྔོན་ལ་གོང་འཕེལ་གཏོང་དགོས་པ། “གཞི་རྩའི་ཆ་གཉིས ”ཀྱི་འགག་སྒྲོལ་འབྲས་བུ་སྔར་བས་སྲ་བརྟན་དུ་བཏང་ནས་འགན་བབས་སློབ་གསོ་ཁྱབ་གདལ་གཏོང་རྒྱུའི་ཆུ་ཚད་མཐོ་རུ་གཏོང་དགོས། ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་ལ་འགན་བབས་སློབ་གསོའི་དུས་མཚམས་རིང་གི “འགན་ལེན་གསུམ ”གྱི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱེད་དགོས་པ་དང་མ་དངུལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། ཞག་སྡོད་ལམ་ལུགས་ཅན་གྱི་སློབ་གྲྭ་གང་མགྱོགས་བཙུགས་ཐོག་སློབ་ཆུང་ཚད་གཞི་བཟོ་རྒྱུ་དང་སློབ་འབྲིང་ཚད་ལྡན་བཟོ་རྒྱུར་སྐུལ་སྤེལ་བཏང་ནས་སློབ་གྲྭ་འབྲིང་ཆུང་གི་ཉལ་ཁང་ཉེན་སྐྱོན་མེད་པ་བཟོ་རྒྱུའི་ལས་གཞི་སྐྲུན་དགོས། ཞིང་འབྲོག་ཁུལ་གཙོ་གནད་དུ་བཟུང་སྟེ་བྱིས་གསོ་ཁང་གང་མགྱོགས་བཙུགས་ནས་སློབ་ན་མ་སོན་གོང་དུ་ལོ་གཉིས “སྐད་གཉིས ”སློབ་གསོའི་ལས་གཞི་སྤེལ་འགོ་འཛུགས་དགོས། མཐོ་རིམ་སློབ་འབྲིང་དུས་རིམ་གྱི་སློབ་གསོ་གོང་འཕེལ་ཧུར་ཐག་བཏང་ནས་སློབ་ཞུགས་བྱེད་ཚད་མཐོ་རུ་གཏོང་དགོས། མུ་མཐུད་དེ་ནང་སའི་བོད་ལྗོངས་འཛིན་གྲྭ་ཡག་པོ་གཉེར་ཏེ་སློབ་གཉེར་གྱི་གདང་རིམ་སྔར་བས་མཐོ་རུ་གཏོང་དགོས་པ་དང་། སློབ་བསྡུའི་གྲུབ་ཆ་ལེགས་སྒྱུར་བྱས་ཏེ་སློབ་གཉེར་གྱི་གཞི་ཁྱོན་རིམ་བཞིན་རྒྱ་ཆེར་གཏོང་དགོས། ལས་རིགས་ལག་རྩལ་སློབ་གསོ་གོང་འཕེལ་ཤུགས་ཆེ་གཏོང་དགོས་པ་དང་། ནང་སའི་འབྲིང་རིམ་ལས་རིགས་འཛིན་གྲྭར་སློབ་མ་བསྡུ་རྒྱུའི་ལས་དོན་ཡག་པོ་སྤེལ་དགོས། མཐོ་རིམ་སློབ་གསོའི་སྤུས་ཚད་ལེགས་སྐྱོང་ལས་གཞིར་སྐུལ་སྤེལ་གཏོང་དགོས་པ་དང་། ཁྱིམ་ཚང་གི་དཔལ་འབྱོར་དཀའ་ངལ་ཡོད་པའི་སློབ་མར་རོགས་སྐྱོར་བྱེད་པའི་སྲིད་ཇུས་ཚགས་ཚུད་དུ་གཏོང་དགོས། དམིགས་བསལ་སློབ་གསོར་ཐུགས་འཁུར་དང་རྒྱབ་སྐྱོར་བྱེད་དགོས། དེ་བཞིན་ཏང་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། མི་དམངས་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་ཀྱི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་སྤེལ་རྒྱུ་གཙོ་གནད་དུ་བཟུང་སྟེ་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་དང་ཀུན་སྤྱོད་སློབ་གསོ་སྤེལ་ཤུགས་ཆེ་རུ་གཏོང་དགོས་པ་དང་། དགེ་རྒན་གྱི་ཀུན་སྤྱོད་བཟང་དུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་ལ་བརྟེན་ནས་སློབ་གྲྭའི་འཐབ་ས་དམ་པོར་བཟུང་ཐུབ་པ་བྱེད་དགོས།

        འཕྲོད་བསྟེན་བྱ་གཞག་གོང་འཕེལ་ཇེ་མགྱོགས་སུ་གཏོང་དགོས་པ། ཞིང་འབྲོག་མང་ཚོགས་བདེ་ཐང་ཡོང་བར་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཤུགས་ཆེ་སྤེལ་དགོས། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང་། རྫོང་རིམ་པའི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་20ཙམ་དང་ཤང་གྲོང་འཕྲོད་བསྟེན་ཁང་50ཚད་ལྡན་དུ་བཟོ་རྒྱུའི་ལས་འགན་ལེགས་སྒྲུབ་བྱེད་དགོས། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་རྒྱུན་ཆད་མེད་པར་ཚགས་ཚུད་དུ་བཏང་སྟེ་ཞིང་འབྲོག་མང་ཚོགས་ཀྱི་རིན་མེད་སྨན་བཅོས་ཀྱི་ཁ་གསབ་རོགས་དངུལ་ཚད་གཞི་དེ་སྒོར་180ལ་སྤོར་རྒྱུ། ཤང་དང་གྲོང་ཚོའི་སྨན་པ་གསོ་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་སྲིད་འཛིན་གྲོང་ཚོ་རེར་སྨན་པ་གཉིས་བཀོད་སྒྲིག་ཐུབ་པ་བྱེད་དགོས། སློབ་གྲྭ་དང་སྡེ་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་སློབ་གྲྭའི་སྨན་དོན་ཁང་དང་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་འཛུགས་སྐྱོང་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། མུ་མཐུད་དེ་རང་སྐྱོང་ལྗོངས་སྨན་རྩིས་ཁང་བཟོ་བཅོས་རྒྱ་སྐྱེད་གཏོང་རྒྱུ་དང་། རང་སྐྱོང་ལྗོངས་ནད་ཡམས་འགོག་བཅོས་ལྟེ་གནས་བཟོ་བཅོས་བྱེད་རྒྱུ། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་གསར་སྐྲུན་བྱེད་རྒྱུ། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པ་བཟོ་བཅོས་རྒྱ་སྐྱེད་གཏོང་རྒྱུ་བཅས་ཀྱི་ལས་གཞི་ཡག་པོ་སྤེལ་དགོས། འགོས་ནད་ཚབས་ཆེའི་རིགས་དང་ཡུལ་ནད་འགོག་བཅོས་ལས་དོན་ལ་ཤུགས་སྣོན་བརྒྱབ་ཐོག་H1N1ཆམ་རིམས་ཀ་པ་འགོག་བཅོས་བྱེད་པའི་ལས་དོན་ནན་ཏན་སྤེལ་དགོས་པ་དང་། གློ་བུར་དུ་ཐོན་པའི་སྤྱི་པའི་འཕྲོད་བསྟེན་གྱི་དོན་རྐྱེན་རིགས་སྔོན་འགོག་ནུས་ལྡན་དང་དུས་ཐོག་ཏུ་ཚོད་འཛིན་ཐུབ་པ་བྱེད་དགོས། ཕྱོགས་མིར་འཆར་ལྡན་བུ་བཙའི་ཞབས་ཞུ་དང་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། མ་བུའི་འཕྲོད་སྦྱོར་དང་སྐྱེ་གསོ་གཉིས་ལེགས་ཀྱི་ལས་དོན་ཡག་པོ་སྤེལ་ནས་ཞིང་འབྲོག་མང་ཚོགས་ཀྱི་སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་བར་སྨན་རིན་གང་ཡང་སྤྲོད་མི་དགོས་པའི་ཐོག དེར་བྱ་དགའ་སྤྲོད་རྒྱུ་དང་འཚོ་བའི་སྐྱོབ་གསོ་སྤྲོད་རྒྱུའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས་ཕྲུ་གུ་དམར་འབྱར་ཤི་ཚད་དང་སྦྲུམ་མ་ཤི་ཚད་ཉུང་དུ་གཏོང་དགོས་པ་དང་གསར་སྐྱེས་ཕྲུ་གུའི་རིགས་མི་སྤུས་དག་ཏུ་གཏོང་དགོས།

        ཚན་རྩལ་ཞབས་ཞུ་བྱེད་ནུས་ཆེ་རུ་གཏོང་དགོས་པ། ཁྱད་ལྡན་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་དང་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་བྱེད་རྒྱུར་དམིགས་ནས་ཚན་རྩལ་ལས་སྒོ་འཛུགས་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། ཚན་རྩལ་ཁྱབ་གདལ་གཏོང་བའི་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ཐོག་ཚན་རྩལ་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་ནས་སྔོན་ཐོན་གོ་ཆོད་ལག་རྩལ་ནང་འདྲེན་དང་། ཉམས་ལེན། གསར་གཏོད། ཁྱབ་གདལ་བཅས་བཏང་སྟེ་ཞིང་འབྲོག་ལས་དང་། ནུས་རྒྱུ་གསར་པ། ས་མཐོའི་སྐྱེ་དངོས། བོད་ལུགས་གསོ་རིག་སྨན་ལས། སྣོད་བཅུད་ཁོར་ཡུག མི་རིགས་ལག་ཤེས་བཟོ་ལས་སོགས་ཀྱི་གཉེར་སྐྱོང་ཁྱབ་ཁོངས་ནང་བེད་སྤྱོད་གཏོང་རྒྱུ་འགག་སྒྲོལ་ཐུབ་པ་བྱེད་དགོས། ཚན་རྩལ་དུད་ཚང་དུ་སྐྱེལ་བའི་ལས་གཞི་གཏིང་ཟབ་སྤེལ་ནས་ཚན་རྩལ་མཛུབ་ཁྲིད་ཀྱི་ལས་དོན་ཐད་ཀར་ཁྱིམ་དུད་དུ་སྤེལ་ཐུབ་པ་དང་། སོན་བཟང་དང་ཐབས་བཟང་ཐད་ཀར་ཞིང་ནང་དུ་སྤྱོད་ཐུབ་པ། ལག་རྩལ་གྱི་གནད་འགག་ཐད་ཀར་མི་རྣམས་ཀྱིས་ཤེས་ཐུབ་པ་བཅས་ཀྱི་ཚན་རྩལ་ཁྱབ་གདལ་གཏོང་རྒྱུའི་ལམ་སྲོལ་གཏིང་ཟབ་ཏུ་གཏོང་དགོས། ད་ལོ་ཞིང་འབྲོག་མང་ཚོགས་500ཙམ་བསྐྱར་དུ་ཚན་རྩལ་མངགས་གཏོང་པར་གསོ་སྐྱོང་བྱེད་དགོས། དེའང་དམངས་ཀྱི་འཚོ་བར་ཕན་པའི་ཚན་རྩལ་ལས་གཞི་དར་སྤེལ་བཏང་སྟེ་བོད་ཀྱི་མང་ཚོགས་ཀྱིས་སྤྱོད་འཚམ་པའི་འོད་དྲོད་དང་འོད་ཤུགས་གློག་སོགས་ཐོན་རྫས་གསར་པ་དང་ལག་རྩལ་གསར་པ་ཁྱབ་གདལ་གཏོང་དགོས་པ་དང་། རྫབ་རླངས་དང་སྐྱེ་དངོས་ནུས་རྒྱུའི་ལག་རྩལ་དཔེ་མཚོན་ཁྱབ་གདལ་གཏོང་རྒྱུའི་ལས་དོན་མུ་མཐུད་སྤེལ་དགོས། ཚན་རྩལ་ལས་དོན་སྤེལ་རེས་སྔར་བས་གཏིང་ཟབ་ཏུ་བཏང་ནས་ས་ཁོངས་ལས་བརྒལ་བའི་ཚན་རྩལ་རྣམ་གྲངས་ཆེ་རིགས་མཉམ་ལས་ཧུར་ཐག་བྱེད་དགོས། ཚན་རྩལ་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་ཤུགས་ཆེ་སྤེལ་བ་དང་བོད་ཀྱི་རང་བྱུང་ཚན་རིག་འགྲེམས་སྟོན་ཁང་རྒྱག་རྒྱུའི་ལས་འགོ་འཛུགས་དགོས།

        རིག་གནས་བྱ་གཞག་གྲ་རྒྱས་ཕུན་སུམ་ཚོགས་སུ་གཏོང་དགོས་པ། རླུང་འཕྲིན་བཪྙན་འཕྲིན་དང་། གསར་འགྱུར་དཔེ་སྐྲུན། རིག་གནས། མཚན་ཉིད་དང་སྤྱི་ཚོགས་ཚན་རིག་སོགས་ཀྱི་ལས་དོན་ཤུགས་ཆེ་སྤེལ་ནས “མ་ལག་འཐུས་ཚང་དང་། བྱ་གཞག་གོང་འཕེལ། ཁྲོམ་ར་འཁྲུག་པོ། ཐོན་ལས་དར་རྒྱས ”བཅས་ཡིན་པའི་རིག་གནས་གོང་འཕེལ་གཏོང་རྒྱུའི་རྣམ་པ་གསར་པ་ཞིག་ཆགས་པ་བྱེད་དགོས། གཞི་རིམ་གཙོ་གནད་དུ་བཟུང་ཐོག་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་རིག་གནས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུ་མགྱོགས་སུ་བཏང་སྟེ་སྤྱི་པའི་རིག་གནས་ཞབས་ཞུའི་དྲ་རྒྱ་འཐུས་ཚང་དུ་གཏོང་དགོས། “བོད་ཤིན་ལས་གཞི ”དང་རླུང་འཕྲིན་བཪྙན་འཕྲིན་དུད་ཚང་ཀུན་ལ་ཁྱབ་པ་བྱེད་རྒྱུ། རླུང་འཕྲིན་དང་། བཪྙན་འཕྲིན། གློག་བཪྙན་བཅས་གྲངས་འཛིན་ཅན་དུ་བསྒྱུར་རྒྱུ། དེ་བཞིན་གྲོང་གསེབ་ཏུ་གློག་བཪྙན་སྟོན་རྒྱུ་སོགས་རིག་གནས་འཛུགས་སྐྱོང་ལས་གཞི་ཏན་ཏིག་ངང་སྤེལ་དགོས་པ་དང་། རྫོང་ཁག་10ལ་ཕྱོགས་བསྡུས་རིག་གནས་བྱེད་སྒོ་ལྟེ་གནས་དང་། རྫོང་ཁག་29ལ་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ལས་གཞི། ཤང་གྲོང་ཁག་46ལ་ཕྱོགས་བསྡུས་རིག་གནས་ས་ཚུགས་བཅས་བསྐྲུན་རྒྱུའི་ལས་འགན་ལེགས་སྒྲུབ་བྱེད་རྒྱུ་དང་། ཞིང་པའི་དཔེ་དེབ་ཁང་1320བཙུགས་ཏེ་གཞི་རིམ་གྱི་རིག་གནས་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་གཏོང་དགོས། རིག་གནས་སྒྱུ་རྩལ་གསར་རྩོམ་བྱེད་རྒྱུ་སྔར་བས་ཕུན་སུམ་ཚོགས་སུ་གཏོང་དགོས། དངོས་པོ་དང་མངོན་མིན་གྱི་རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། དཔེ་ཪྙིང་ཡོངས་ཁྱབ་ཞིབ་བཤེར་བྱེད་རྒྱུའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་འཛུགས་དགོས། “ལོ་ལྔ་ཚན་བཅུ་གཅིག་པའི་”རིང་གི་གཙོ་གནད་རིག་དངོས་སྲུང་སྐྱོབ་ལས་གཞི་མགྱོགས་མྱུར་སྤེལ་དགོས། བསྒྱུར་བཅོས་གསར་གཏོད་གཏིང་ཟབ་བྱས་ནས་རིག་གནས་ཐོན་ལས་གོང་འཕེལ་ཤུགས་ཆེ་གཏོང་དགོས། རྩལ་འགྲན་ལུས་རྩལ་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། དམངས་ཡོངས་ཀྱི་ལུས་སྦྱོང་སྲོལ་ཡིག་ལག་བསྟར་ནན་ཏན་བྱས་ཏེ་མང་ཚོགས་ཀྱི་ལུས་རྩལ་དང་ལུས་སྦྱོང་ཁང་གང་མགྱོགས་བསྐྲུན་ནས་མི་དམངས་མང་ཚོགས་ཀྱི་བདེ་ཐང་བྱང་ཚད་མཐོ་རུ་གཏོང་དགོས།

        སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་དར་སྤེལ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་གང་ཆེ་བརྒྱབ་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་རྒྱུ་དང་མི་དམངས་ལ་སློབ་གསོ་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གཟི་ཁྲེལ་ལྟ་བའི་སློབ་གསོ་ཟམ་མི་ཆད་པར་གཏིང་ཟབ་སྤེལ་ནས་སྤྱི་དམངས་ཀྱི་ཀུན་སྤྱོད་དང་ན་ཚོད་མ་ལོན་པའི་མིའི་བསམ་བློ་ཀུན་སྤྱོད་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་སྤེལ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་ནས་རྒྱ་ཆེའི་ལས་བྱེད་མང་ཚོགས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་ལ་མར་ཁེ་སི་རིང་ལུགས་ཀྱི་མེས་རྒྱལ་ལྟ་བ་དང་། མི་རིགས་ལྟ་བ། ཆོས་ལུགས་ལྟ་བ། རིག་གནས་ལྟ་བ་བཅས་བརྟན་པོ་འཛུགས་དགོས་པ་དང་ཀྲུང་ཧྭ་མི་རིགས་སྣ་མང་གཅིག་སྒྲིལ་ཡིན་པའི་ངོས་འཛིན་གཏིང་ཟབ་བྱེད་དགོས་པ། སྤྱི་དམངས་ཀྱི་འདུ་ཤེས་སྔར་བས་ཆེ་རུ་བཏང་སྟེ་རང་གི་མིག་འབྲས་ལ་གཅེས་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་འཛིན་དང་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ཁྱིམ་ཚང་ཆེ་མོ་སྲུང་སྐྱོང་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་ཏང་གི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེ་བྱས་ནས་“གསར་པ་བཞིའི་”དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་མུ་མཐུད་སྤེལ་དགོས་པ་དང་“ཡག་པ་དྲུག ”གི་བརྗོད་བྱ་གཙོ་བོ་མཆོག་ཏུ་བཀུར་ནས་དྲིལ་བསྒྲགས་བྱེད་དགོས། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གཏོད་པའི་བྱེད་སྒོ་སྤེལ་དགོས་པ་དང་། གཡེམ་འཆལ་གཙང་སེལ་དང་ཁྲིམས་འགལ་པར་སྐྲུན་དངོས་རིགས་བཟོ་མཁན་ལ་རྡུང་རྡེག་གཏོང་བའི་བྱེད་སྒོ་གཏིང་ཟབ་སྤེལ་དགོས། དེ་བཞིན་གཉིས་བཀུར་ལས་དོན་མུ་མཐུད་ཡག་པོ་སྤེལ་དགོས་པ་དང་། རྒྱལ་སྲུང་སློབ་གསོ་དང་། རྒྱལ་སྲུང་སྐུལ་སློང་། མི་དམངས་མཁའ་ཟོན་བཅས་ཀྱི་ལས་དོན་སྤེལ་རྒྱུར་ཤུགས་སྣོན་རྒྱག་དགོས།

        ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་གི་ཞབས་ཞུའི་ཆུ་ཚད་གོང་མཐོར་གཏོང་དགོས་པ། ཧུར་བརྩོན་ཆེ་བའི་ལས་ཞུགས་སྲིད་ཇུས་མུ་མཐུད་ལག་བསྟར་ཧུར་ཐག་བྱས་ནས་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་དང་དམག་ཐིམ་དང་ལས་སྒྱུར་བྱས་པའི་དམག་མི་བཀོད་སྒྲིག་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་དགོས་པ་དང་། སློབ་ཆེན་ཐོན་པའི་སློབ་མར་གཞི་རིམ་དང་ཁེ་ལས་ནང་ལས་ཞུགས་བྱེད་རྒྱུར་སྐུལ་ལྕག་གཏོང་དགོས་པ། སློབ་ཆེན་ཐོན་པའི་སློབ་མར་རང་ལས་རང་འཚོལ་དང་རང་བརྟེན་བྱ་གཞག་གཏོད་རྒྱུར་རོགས་སྐྱོར་བཅས་བྱས་ཏེ་གྲོང་ཁྱེར་གྲོང་བརྡལ་གྱི་མི་ཁྲི་2ཙམ་བསྐྱར་དུ་ལས་ཞུགས་ཐུབ་པའི་འགན་ལེན་བྱས་ནས་གྲོང་ཁྱེར་དང་གྲོང་བརྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་4.3%ནང་ཚུན་དུ་ཚོད་འཛིན་ཐུབ་པ་བྱེད་དགོས། ས་གནས་དང་གྲོང་ཁྱེར་རིམ་པའི་གྲོང་ཁྱེར་གྲོང་གསེབ་ཀྱི་མི་རྒྱུན་ཐོན་ཁུངས་ཁྲོམ་ར་འཛུགས་སྐྱོང་བྱེད་རྒྱུ་མགྱོགས་སུ་གཏོང་དགོས་ཤིང་། སྤྱི་ཕན་རང་བཞིན་གྱི་ལས་གནས་བཟོ་རྒྱུ་དང་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་དབང་པོ་སྐྱོན་ཅན་ལས་ཞུགས་བྱེད་རྒྱུར་མཐོང་ཆེན་དང་“ལས་ཞུགས་མེད་པའི ”ཁྱིམ་ཚང་དང་དཀའ་ངལ་ཡོད་པའི་རིགས་གྲས་ལས་ཞུགས་བྱེད་རྒྱུར་རོགས་སྐྱོར་བྱེད་དགོས། ཞིང་འབྲོག་མང་ཚོགས་དང་། གྲོང་ཁྱེར་གྲོང་བརྡལ་གྱི་ལས་ཤོར་དང་ལས་སྒྱུར་སོགས་ཀྱི་མི་སྣར་རྩལ་ནུས་སྦྱོང་བརྡར་སྤྲོས་ཤུགས་ཆེ་རུ་བཏང་ནས་ལས་ཞུགས་དང་བྱ་གཞག་གསར་གཏོད་བྱེད་ནུས་སྔར་བས་ཆེ་རུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་པ་དང་ཚགས་ཚུད་དུ་གཏོང་དགོས་ཤིང་། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པའི་ཚོད་ལྟའི་ལས་འགན་20%ལེགས་སྒྲུབ་བྱེད་དགོས་པ་དང་2012ལོར་སླེབས་སྐབས་རྩ་བའི་ཆར་ཁྱོན་ཡོངས་སུ་ཁྱབ་སྤེལ་གཏོང་ཐུབ་པ་བྱེད་དགོས་པ། ཁེ་ལས་ཀྱི་ལས་འཁྱུར་རྒན་ཡོལ་ཞུས་པའི་མི་སྣའི་གཞི་རྩའི་རྒན་གསོའི་མ་དངུལ་གྱི་ཚད་གཞི་བསྐྱར་དུ་མཐོ་རུ་གཏོང་དགོས་པ། དེ་བཞིན་སྤྱི་ཚོགས་ཀྱི་འགན་བཅོལ་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་མགྱོགས་སུ་བཏང་ནས་གྲོང་ཁྱེར་གྲོང་བརྡལ་གྱི་སྤྱི་དབང་མིན་པའི་དཔལ་འབྱོར་རྩ་འཛུགས་ཚན་པ་དང་། དེའི་ལས་ཀ་བྱེད་མཁན་དང་སྐབས་བསྟུན་ལས་ཀ་བྱེད་མཁན་བཅས་ཚང་མ་གྲོང་ཁྱེར་གྲོང་བརྡལ་གྱི་གཞི་རྩའི་རྒན་གསོ་དང་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཁྱབ་ཁོངས་ནང་འཇུག་རྒྱུ། གྲོང་ཁྱེར་གྲོང་བརྡལ་གྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་འཐུས་སྒོ་ཚང་དུ་གཏོང་བའི་རྨང་གཞིའི་ཐོག་ཚོང་ལས་ཀྱི་ཁ་གསབ་འགན་བཅོལ་དང་སྨན་བཅོས་རོགས་སྐྱོབ་ལས་དོན་གོང་འཕེལ་ཇེ་མགྱོགས་སུ་བཏང་ནས་གྲོང་ཁྱེར་གྲོང་བརྡལ་གྱི་གྲོང་མིའི་སྨན་བཅོས་འགན་སྲུང་ཆུ་ཚད་མཐོ་རུ་ཤུགས་ཆེ་གཏོང་དགོས། ལས་ཤོར་འགན་བཅོལ་བྱེད་རྒྱུ་དེ་རང་སྐྱོང་ལྗོངས་རིམ་པ་ནས་གཅིག་གྱུར་གྲབས་གསོག་ཐུབ་པ་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་མ་མཐའི་འཚོ་བ་འགན་སྲུང་ལམ་ལུགས་ཚགས་ཚུད་དུ་བཏང་སྟེ་གྲོང་ཁྱེར་གྲོང་བརྡལ་གྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་དེ་མི་རེར་ཟླ་རེར་ཆ་སྙོམས་སྒོར་310ནས་སྒོར་330ལ་སྤར་རྒྱུ་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་དེ་མི་རེར་ལོ་རེར་ཆ་སྙོམས་སྒོར་1100ནས་སྒོར་1300ལ་སྤར་རྒྱུ་མ་ཟད་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་བྱེད་དགོས།

        གྲོང་ཁྱེར་གྲོང་རྡལ་གྱི་ཡོང་འབབ་དམའ་ལ་སྡོད་ཁང་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་སྡོད་ཁང་འགན་སྲུང་བྱེད་ཚད་ཆེ་རུ་བཏང་ནས་ཁང་གླ་ཁེ་བའི་སྡོད་ཁང་མདོ་སྦུག་ཆ་ཚང་ཁག་2000དང་གོང་ཁེ་གོ་ཆོད་ཀྱི་སྡོད་ཁང་མདོ་སྦུག་ཆ་ཚང་ཁག་300རྒྱག་རྒྱུ་དང་། གྲོང་ཁྱེར་གྲོང་བརྡལ་གྱི་སྡོད་ཁང་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་ཁང་གླའི་ཁ་གསབ་སྤྲོད་རྒྱུ། ལས་བྱེད་ལས་བཟོའི་ལས་ཤག་སྡོད་ཁང་རྒྱག་རྒྱུ་ཤུགས་ཆེར་བཏང་ནས་ལས་ཤག་སྡོད་ཁང་5500རྒྱག་རྒྱུ། དབུལ་སྐྱོར་ཐོན་འབྱེད་བྱེད་ཤུགས་ཆེ་རུ་བཏང་ནས་ཤང་གྲོང་31ལ་ཤང་ཧྲིལ་པོར་དབུལ་སྐྱོར་སྐུལ་སྤེལ་ལས་དོན་ལེགས་སྒྲུབ་ཐུབ་པ་བྱེད་རྒྱུ། དེ་བཞིན་མ་དངུལ་སྒོར་དུང་ཕྱུར་2.3བཏང་སྟེ་འབྲེང་རྣམས་ཟམ་པ་བཟོ་རྒྱུའི་རྣམ་གྲངས་ལག་བསྟར་ཡག་པོ་བྱེད་དགོས། ས་གནས་དང་རྫོང་ཁག་53གྱི་གེགས་སེལ་དངོས་ཟོག་མཛོད་ཁང་གང་མགྱོགས་རྒྱག་དགོས་པ་དང་། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་ཡག་པོ་བྱེད་རྒྱུ། གཞན་ཡང་བུད་མེད་དང་། བྱིས་པ། རྒན་རྒོན། དབང་པོ་སྐྱོན་ཅན། དེ་བཞིན་དགེ་སྒྲུབ་སོགས་ཀྱི་བྱ་གཞག་གོང་འཕེལ་ཧུར་ཐག་གཏོང་དགོས།

        སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ། 《བོད་ཀྱི་སྣོད་བཅུད་སྲུང་བཅད་སྲུང་སྐྱོབ་དང་འཛུགས་སྐྱོང་བྱེད་རྒྱུའི་འཆར་འགོད 》ལག་བསྟར་གང་མགྱོགས་བྱས་ཏེ་སྣོད་བཅུད་ཉེན་མེད་འགན་སྲུང་བྱེད་ནུས་ཆེ་རུ་བཏང་ནས་སྣོད་བཅུད་བཟང་བའི་བོད་ལྗོངས་སྐྲུན་རྒྱུར་སྐུལ་སྤེལ་གཏོང་དགོས། རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོབ་བྱེད་རྒྱུར་བྱ་དགའ་སྤྲོད་རྒྱུའི་ཚོད་ལྟའི་ལས་ཀ་མུ་མཐུད་དམ་འཛིན་བྱེད་དགོས། ཡུལ་གྱི་ཐོན་སྒོ་འབྱེད་རིགས་སོགས་སྣོད་བཅུད་གསོ་བའི་གུན་གསབ་བྱེད་རྒྱུའི་ཚོད་ལྟའི་ལས་ཀ་འཚོལ་ཞིབ་བྱེད་དགོས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ལས་དོན་སྤེལ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གནོད་འགོག་གེགས་སེལ་བྱེད་ནུས་ཆེ་རུ་གཏོང་དགོས། ས་མཐོའི་སྐྱེ་དངོས་ཀྱི་སྣེ་མང་རང་བཞིན་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་སྐྱོང་གང་ལེགས་བྱེད་དགོས། ཤིང་འཛུགས་ནགས་གསོ་ཧུར་ཐག་བྱས་ཏེ་ས་ཆུ་མི་ཤོར་བ་དང་སྲུང་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས། འཐུང་ཆུའི་ཆུ་རྩའི་ཁུལ་སྲུང་སྐྱོབ་བྱེད་པའི་ལས་གཞི་ལག་བསྟར་བྱས་ཏེ་འཐུང་ཆུའི་ཆུ་རྩ་གནོད་མེད་ཉེན་བརྡ་གཏོང་ལམ་བཟོ་བ་དང་ཚགས་ཚུད་དུ་གཏོང་དགོས། གྲོང་ཁྱེར་གྲོང་བརྡལ་གྱི་འཚོ་བའི་བཙོག་ཆུ་དང་གད་སྙིགས་གཙང་སེལ་བཟོ་བའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུ་ཇེ་མགྱོགས་སུ་གཏོང་དགོས། ཐེན་རྒྱུ་ཉུང་གཏོང་གི་ཁྱད་ཆོས་ལྡན་པའི་འཛད་སྤྱོད་བྱེད་སྟངས་དར་སྤེལ་བཏང་ནས་ཐེན་ཉུང་དཔལ་འབྱོར་གོང་འཕེལ་གཏོང་དགོས། ནུས་རྒྱུ་བསྲི་ཚགས་ཀྱི་ལས་དོན་ལ་མཐོང་ཆེན་པོ་བྱས་ཐོག་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་དང་ལྟ་སྡོམ་ནན་པོ་བྱས་ནས་རྣམ་གྲངས་འཆར་འགོད་དང་འཛུགས་སྐྲུན་བྱེད་རིགས་ཀྱིས་ཁོར་ཡུག་ལ་གནོད་གཞི་ཇི་ཡོད་དཔྱད་དཔོག་ལམ་ལུགས་ལག་བསྟར་ནན་ཏན་བྱེད་དགོས་པ་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དམིགས་བྱ་སྤྱོད་གཏིང་ཟབ་སྤེལ་དགོས། གྲོང་ཁྱེར་གྲོང་བརྡལ་གྱི་འཚོ་བའི་བཙོག་ཆུ་དང་གད་སྙིགས་གཙང་གསིང་བཟོ་བའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ་དང་ཞིང་འབྲོག་ཁུལ་གྱི་འབུད་ཤིང་རྒྱུ་ཚབ་ལས་གཞི་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལས་གཞིར་སྐུལ་སྤེལ་གཏོང་དགོས།

        ལྔ། བསྒྱུར་བཅོས་སྒོ་དབྱེ་དམ་འཛིན་ཡག་པོ་བྱེད་དགོས་པ་དང་ཁྲོམ་ར་གཉེར་མཁན་ལ་གཞོགས་སྐྱོར་བྱེད་རྒྱུ་མངོན་ཆེར་བཟུང་ནས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་བའི་སྒུལ་ཤུགས་དང་གསོན་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

        བསྒྱུར་བཅོས་སྒོ་དབྱེ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ནང་གི་འགལ་ཟླ་དང་གནད་དོན་མངོན་གསལ་དོད་རིགས་སེལ་རྒྱུར་ཤུགས་བརྒྱབ་ཐོག་དམིགས་བསལ་གྱི་གཞོགས་སྐྱོར་སྲིད་ཇུས་སྤྱད་དེ་ཁེ་ལས་འབྲིང་ཆུང་དང་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་སྟོབས་ཆེར་བཏང་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུར་གསོན་ཤུགས་གསར་པ་དང་འགུལ་ཤུགས་སྤྲོད་དགོས།

        བསྒྱུར་བཅོས་ཁག་ལ་གོམ་པ་བརྟན་པོའི་ངང་སྐུལ་སྤེལ་གཏོང་དགོས་པ། ས་ཞིང་དང་རྩྭ་ར་འགན་གཙང་གཉེར་སྐྱོང་འགན་འཁྲིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱས་ཏེ་ས་ཆ་བརྒྱུད་བཤུག་དང་མཉམ་སྡེབ་ཀྱི་ནགས་དབང་ལམ་ལུགས་བསྒྱུར་བཅོས་དང་གྲོང་གསེབ་ཀྱི་ཕྱོགས་བསྡུས་བསྒྱུར་བཅོས་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། གཅིག་གྱུར་ཚད་ལྡན་གྱི་ས་ཆ་དང་གཏེར་ལས་གཉེར་དབང་གི་རྒྱུ་གཙོའི་ཁྲོམ་ར་དང་ལྟ་སྡོམ་ལས་ཡུལ་གང་མགྱོགས་འཛུགས་པ་དང་ཚགས་ཚུད་དུ་གཏོང་དགོས། གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་མུ་མཐུད་གཏིང་ཟབ་བྱས་ཏེ་ཁྲིམས་ཚན་གྱིས་བཅོས་སྒྲིག་བྱེད་པའི་གྲུབ་ཆ་ཚགས་ཚུད་དུ་གཏོང་རྒྱུར་ཤུགས་རྒྱག་དགོས་པ་དང་དེང་རབས་ཁེ་ལས་ཀྱི་ལམ་ལུགས་འཛུགས་པ་དང་ཚགས་ཚུད་དུ་གཏོང་དགོས། གཞུང་ཁོངས་ཁེ་ལས་ལ་ལྟ་སྡོམ་བྱེད་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་བྱས་ཏེ་ལས་རིགས་སྡེ་ཚན་གྱིས་དོ་དམ་བྱེད་པའི་གཞུང་ཁོངས་ཁེ་ལས་ཁག་ཅིག་གཞུང་ཁོངས་རྒྱུ་ནོར་ཨུ་ལྷན་གྱི་ལྟ་སྡོམ་བྱེད་ཁོངས་སུ་སྒྱུར་དགོས། གཞུང་ཁོངས་རྒྱུ་ནོར་གྱི་ལྟ་སྡོམ་ལམ་སྲོལ་དང་ལམ་ལུགས་ཁྲིམས་ལུགས་ལྟར་ཚགས་ཚུད་དུ་བཏང་ནས་གཞུང་ཁོངས་རྒྱུ་ནོར་གྱི་རིན་ཐང་སྲུང་འཕར་ཐུབ་པ་བྱེད་དགོས། རང་སྐྱོང་ལྗོངས་ཀྱི་སྨན་བཅོས་དང་སྨན་རིགས་འཕྲོད་བསྟེན་ལམ་ལུགས་བསྒྱུར་བཅོས་ཀྱི་བསམ་འཆར་ལག་བསྟར་ནན་ཏན་བྱས་ཏེ་ལས་དོན་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས། སློབ་གསོ་དང་། ཚན་རྩལ། རིག་གནས་སོགས་སྤྱི་ཚོགས་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་ཁག་ལ་མུ་མཐུད་སྐུལ་སྤེལ་གཏོང་དགོས། སྲིད་གཞུང་གི་སྒྲིག་གཞི་བསྒྱུར་བཅོས་ཁྱོན་ཡོངས་ནས་ལེགས་བསྒྲུབ་བྱེད་དགོས་པ་དང་ཧུར་ཞིང་བརྟན་པའི་ངང་བྱ་གཞག་ཚན་པའི་བསྒྱུར་བཅོས་ལ་སྐུལ་སྤེལ་གཏོང་དགོས།

        ཕྱོགས་ཁག་ཚང་མ་ནས་སྒོ་མོ་དབྱེ་རྒྱ་ཆེ་རུ་གཏོང་དགོས་པ། མེས་རྒྱལ་ནང་ས་དེ་རང་ལྗོངས་ཀྱི་སྒོ་དབྱེ་བྱ་ཡུལ་གཙོ་གནད་ལ་བརྩིས་ཐོག་མཚོ་བོད་ལྕགས་ལམ་དང་དགེ་སྟོབས་ལྡན་པའི་ཐོན་ཁུངས་ལ་བརྟེན་ནས་བོད་དང་ནང་སའི་དབར་དཔལ་འབྱོར་དང་རིག་གནས་མཉམ་འདྲེས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་དཔལ་འབྱོར་གཉེར་མཁན་སྟོབས་ཆེར་གཏོང་རྒྱུ་དང་གོང་འཕེལ་གཏོང་བའི་གསོན་ཤུགས་སྔར་བས་ཆེ་རུ་གཏོང་དགོས། ཧྲང་ཧའེ་འཛམ་གླིང་དངོས་རིགས་འགྲེམས་ཚོགས་ནང་ཧུར་ཐག་ཞུགས་ནས་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་བོད་ཀྱི་འགྲེམས་སྟོན་ཁང་བརྒྱབ་ནས་བོད་ལྗོངས་གསར་པ་དང་གཟུགས་བཪྙན་གསར་པ་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱེད་དགོས། ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་ཁ་ཕྱོགས་སུ་བྱེད་པ་དང་མཚོ་བོད་ལྕགས་ལམ་ནག་ཆུའི་ཟོག་འགྲེམས་ལྟེ་གནས་དང་། ལྷ་སའི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་། ཐོན་ལས་དར་ཁུལ་སོགས་གཞི་རྟེན་གཙོ་བོར་བྱས་ཏེ་ཕྱོགས་ཡོངས་ནས་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་བྱས་ཏེ་མ་དངུལ་དེ་བས་མང་བ་བོད་དུ་གཏོང་རྒྱུའི་འདྲེན་འགུགས་དང་། ཁེ་ལས་དེ་བས་མང་བ་བོད་དུ་གཏན་འཇགས་ཐུབ་པ། ཤེས་ལྡན་མི་སྣ་དེ་བས་མང་བ་བོད་དུ་སྐོང་ཐུབ་པ་བཅས་བྱེད་དགོས། ནང་ས་དང་ལྷག་པར་དུ་ག་སྦྱར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ནས་དོ་དམ་བྱེད་པའི་ཁེ་ལས་བཅས་དབར་དང་མཉམ་ལས་སྤེལ་རེས་བྱེད་རྒྱུར་ཤུགས་སྣོན་སྔར་ལས་ལྷག་པ་བརྒྱབ་སྟེ་བཟང་ཆ་གསབ་རེས་དང་། མཉམ་ལས་འབྲེལ་མཐུད། ཕན་ཚུན་གཉིས་ཕན་བཅས་བྱེད་པའི་ནུས་ལྡན་ཐབས་ལམ་འཚོལ་ཞིབ་བྱེད་དགོས། རང་ལྗོངས་ཀྱི་ཁེ་ལས་ཕྱིར་བསྐྱོད་རྒྱུར་སྐུལ་འདེད་དང་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་ར་གཏོད་རྒྱུར་འབད་བརྩོན་བྱེད་དགོས། ཚོང་དང་མ་རྩ་འདྲེན་འགུགས་བྱེད་ཤུགས་ཆེ་རུ་བཏང་ནས་སྒོར་དུང་ཕྱུར་70ཡན་ཟིན་ཐུབ་པ་བྱེད་དགོས། སྐྱིད་རོང་འགག་སྒོ་གཙོ་གནད་དུ་བཟུང་ནས་འཛུགས་སྐྲུན་བྱེད་རྒྱུ་དང་། འགྲམ་འགག་སྒོ་བརྟན་པོའི་ངང་གོང་འཕེལ་གཏོང་རྒྱུ། ཨེ་ཤེ་ཡ་ལྷོ་མའི་སྐམ་སའི་ཚོང་དོན་བགྲོད་ལམ་ཆེན་པོ་གང་མགྱོགས་བཟོ་རྒྱུ། མཐའ་མཚམས་ཉོ་ཚོང་མུ་མཐུད་སྲ་བརྟན་དུ་བཏང་སྟེ་སྤྱིར་བཏང་ཉོ་ཚོང་བརྟན་པོ་ཡོང་བ་བྱེད་དགོས་པ་དང་། ཁྱད་ལྡན་ཕྱིར་གཏོང་ཐོན་རྫས་ཀྱི་རྟེན་གཞི་འཛུགས་སྐྲུན་གང་མགྱོགས་བྱས་ཏེ་རང་བཟོས་ཐོན་རྫས་ཕྱིར་གཏོང་བྱེད་ཤུགས་ཆེ་རུ་གཏོང་ཐུབ་པ་བྱས་ནས་ཕྱིར་གཏོང་ནང་འདྲེན་ཉོ་ཚོང་སྤྱི་འབོར་10%ཡན་འཕར་ཐུབ་པ་བྱེད་དགོས། རྒྱལ་ཁབ་ཀྱི་སྤྱི་ཡོངས་ཕྱི་འབྲེལ་ལས་དོན་ལ་གཞོགས་འདེགས་བྱས་ནས་བོད་འབྲེལ་གྱི་ཕྱི་དོན་དང་ཕྱི་ཕྱོགས་དྲིལ་བསྒྲགས་བྱེད་རྒྱུར་མུ་མཐུད་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས།

        ཁེ་ལས་འབྲིང་ཆུང་དང་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་དགོས་པ། ཁེ་ལས་འབྲིང་ཆུང་དང་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་སྲིད་ཇུས་བྱ་ཐབས་དོན་འཁྱོལ་ནན་ཏན་བྱས་ཐོག་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཁེ་ལས་འབྲིང་ཆུང་དང་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་དགོས་པ་དང་། ནོར་སྲིད་ཀྱི་མ་དངུལ་ཐོག་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་འབྲིང་ཆུང་ལ་ལག་རྩལ་གསར་གཏོད་དང་། གྲུབ་ཆ་ལེགས་སྒྲིགཁྲོམ་ར་གསར་གཏོད། ལས་ཞུགས་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་བཅས་ཀྱི་ཐད་གཙོ་གནད་རྒྱབ་སྐྱོར་བྱེད་དགོས། ཀྲུང་དབྱང་གི་སྲིད་ཇུས་གཏན་འབེབས་གཞིར་བཟུང་བོད་ཀྱི་དོན་དངོས་དང་བསྟུན་ནས་ཁེ་ལས་ཆུང་གྲས་ཀྱི་དངུལ་བུན་དཔྱད་ཞིབ་མ་ལག་ཚགས་ཚུད་པོ་བཟོས་ཏེ་ཁེ་ལས་ཆུང་གྲས་ཀྱི་དངུལ་བུན་བསྡུ་ཐབས་མེད་པའི་རིགས་གཙང་སེལ་བཟོ་ཚད་ཆེ་རུ་གཏོང་དགོས་པ་དང་། ཡིད་རྟོན་དངུལ་བུན་གཏོང་མཁན་མི་སྣས་འཁྲི་འགན་འབད་སྒྲུབ་བྱས་ན་འགན་འདེད་མི་གཏོང་བའི་ལམ་སྲོལ་འཛུགས་དགོས། ཁེ་ལས་ཆུང་གྲས་ལ་དངུལ་བུན་བཏང་བའི་ཉེན་ཟོན་ཁ་གསབ་བྱེད་ལམ་བཟོས་ཏེ་ཁེ་ལས་ཆུང་གྲས་ལ་དངུལ་བུན་བཏང་འབོར་ལ་གཞིགས་ཏེ་དངུལ་རྩའི་ལས་ཁུངས་ཁ་གསབ་འོས་འཚམ་སྤྲོད་རྒྱུ་དང་། ཁེ་ལས་ཆུང་གྲས་ཀྱི་བསྡུ་ཐབས་མེད་པའི་དངུལ་བུན་ལས་བྱུང་བའི་གྱོང་གུན་རིགས་ལ་འོས་འཚམ་ཉེན་ཟོན་གྱི་གུན་གསབ་སྤྲོད་དགོས། བང་རིམ་མང་བའི་དངུལ་བུན་ཁག་ཐེག་ཆེད་སྤྱོད་མ་དངུལ་དང་ཁག་ཐེག་གི་ལས་ཁུངས་བཙུགས་ཏེ་ཁེ་ལས་འབྲིང་ཆུང་དང་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་མ་དངུལ་བསྡུ་སྤྱོད་བྱེད་དཀའ་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། མ་རྩའི་ཁྲོམ་ར་གོང་འཕེལ་བཏང་སྟེ་ཁེ་ལས་ཀྱིས་ཐད་ཀར་མ་དངུལ་བསྡུ་སྤྱོད་བྱེད་ལམ་རྒྱ་ཆེར་གཏོང་དགོས། ཁྲོམ་འགྲེམས་བྱེད་ཉེར་ཡོད་པའི་ཀུང་སི་གསོ་སྐྱོང་གང་མགྱོགས་བྱས་ཏེ་ཁྲོམ་འགྲེམས་ཀུང་སིའི་སྤུས་ཚད་ཡག་ཏུ་གཏོང་དགོས། 《ཁེ་ལས་འབྲིང་ཆུང་གོང་འཕེལ་འགྲོ་བར་སྐུལ་འདེད་སྔར་ལས་ལྷག་པ་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར་འགའ་ཞིག 》ལག་བསྟར་བྱེད་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལག་བསྟར་བསམ་འཆར་དོན་འཁྱོལ་ནན་ཏན་བྱས་ནས་ཁེ་ལས་འབྲིང་ཆུང་དང་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལམ་ལུགས་ལེགས་ཤིང་མྱུར་བའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

        དྲུག བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ནུས་པ་འཛུགས་སྐྱོང་བྱེད་རྒྱུ་དམ་འཛིན་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དམིགས་བཀར་དུ་བཟུང་ནས་སྤེལ་ཏེ་སྤྱི་ཚོགས་རྒྱུན་མཐུད་ནས་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

        ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་ནི་མཐའ་དག་ལས་ལྷག་པའི་བསམ་བློར་གཡོ་འགུལ་མེད་པར་མཐའ་འཁྱོངས་བྱས་ཏེ་གཏིང་ཟབ་རྒྱུན་བསྲིངས་ཀྱི་སྒོ་ནས་ཏཱ་ལར་ཐེར་འདོན་དགག་རྒྱག་དང་དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་དགོས་པ་དང་། རྨང་རྩ་གཉིས་བརྟན་ལ་གཞི་ཚུགས་ཐོག་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་རྒྱག་པ་དང་རང་འགུལ་གྱིས་བཅོས་སྐྱོང་ཧུར་ཐག་བྱས་ཏེ་བརྟན་ལྷིང་གཞི་མཐུན་གྱི་སྤྱི་ཚོགས་རྣམ་པ་སྲུང་སྐྱོང་བྱེད་དགོས།

        ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་དགོས་པ། སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་ལ་སྲུང་སྐྱོང་བྱེད་རྒྱུ། མི་དམངས་མང་ཚོགས་ཀྱི་གཞི་རྩའི་ཁེ་ཕན་སྲུང་སྐྱོང་བྱེད་རྒྱུ་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཐོག་“མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་། ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པའི ”སློབ་གསོ་གཏིང་ཟབ་སྤེལ་དགོས་པ་དང་། ཏཱ་ལའི་རུ་ཚོགས་ལ་འཐབ་རྩོད་བྱེད་རྒྱུའི་ཀྲུང་དབྱང་གི་མཛད་ཕྱོགས་དང་སྲིད་ཇུས་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་ཏཱ་ལར་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱེད་དགོས་པ་དང་། མེས་རྒྱལ་ཁ་ཕྲལ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བའི་གཏམ་སྤྱོད་མཐའ་དག་ལ་དར་ཆ་གསལ་སྟོན་གྱི་སྒོ་ནས་ངོ་རྒོལ་བྱེད་པ་དང་རྡུང་རྡེག་གཏོང་དགོས། སིམ་འཛུལ་ལ་ངོ་རྒོལ་བྱེད་པའི་འགོག་སྡོམ་མ་ལག་འཛུགས་རྒྱུར་ཤུགས་བརྒྱབ་ཐོག་ཇོ་རིའི་ལས་གཞི་སྤེལ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ལོག་སྤྱོད་ཀྱི་པར་སྐྲུན་དངོས་རིགས་དང་དྲིལ་བསྒྲགས་དངོས་རིགས་འདྲ་མིན་གཙང་སེལ་རྩད་བཤེར་བྱས་ནས་ཁ་ཕྲལ་གྱི་བསམ་བློ་དང་ལབ་བརྗོད་ངན་པ་བརྒྱུད་སྤེལ་བྱེད་རིགས་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་ནན་ཏན་བྱས་ཏེ་ཁ་ཕྲལ་རིང་ལུགས་པ་དང་དགྲ་ཡའི་ཕྱོགས་གཏོགས་ཀྱི་འགུལ་ཕྱོགས་ཤེས་རྟོགས་ནན་པོ་བྱེད་རྒྱུ་དང་། གནད་ཆེའི་དུས་མཚམས་དང་གནད་ཆེའི་ས་ཡུལ་ལ་ལྟ་སྡོམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཁ་ཕྲལ་གཏོར་བཤིག་གི་བྱེད་སྒོའི་རིགས་ལ་རྡུང་རྡེག་ཚ་ནན་གཏོང་དགོས། མི་རིགས་དབར་གྱི་འབྲེལ་བར་རྐང་བཙུགས་ནས་དཀྲུག་ཤིང་རྒྱག་པ་དང་། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ། དོན་རྐྱེན་ངན་པ་ཚབས་ཆེ་བཟོ་བ་བཅས་ཀྱི་ཁྲིམས་འགལ་ཉེས་གསོག་པར་ཁྲིམས་ལུགས་གཞིར་བཟུང་ཉེས་ཆད་ནན་པོ་གཅོད་རྒྱུ། མཐའ་མཚམས་ལྟ་སྡོམ་བྱེད་རྒྱུར་དེ་བས་ཤུགས་སྣོན་བརྒྱབ་ནས་མཐའ་མཚམས་དུས་བདེ་ཞི་འཇགས་ཐུབ་པ་བྱེད་དགོས།

        ཡིག་འབུལ་ཞུ་བཅར་གྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཀྱི་འགལ་བ་འདུམ་སེལ་བྱེད་དགོས་པ། ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་འབོད་སྒྲ་དེ་བརྡ་འཕྲིན་ཨང་དང་པོར་འཇོག་པ་དང་། མང་ཚོགས་ཀྱི་དགོས་མཁོ་དེ་གདམ་ག་ཨང་དང་པོར་འཇོག་པ། མང་ཚོགས་ཀྱི་ཁེ་ཕན་དེ་གནས་བབ་ཨང་དང་པོར་འཇོག་པ། མང་ཚོགས་ཀྱི་བློ་མོས་ཡོང་ཚད་དེ་ཚད་གཞི་ཨང་དང་པོར་བརྩི་བ་བཅས་བྱས་ཏེ་མང་ཚོགས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་ལམ་འཐུས་ཚང་དུ་གཏོང་དགོས་པ་དང་། མང་ཚོགས་ནང་ཁུལ་གྱི་འགལ་ཟླ་ཐག་གཅོད་ཡང་དག་པ་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཡིག་འབུལ་ཞུ་བཅར་གྱིགཏོགས་ཁོངས་འགན་འཁྲི་དང་། ཚན་པའི་འགན་འཁྲི། འགོ་ཁྲིད་ཀྱི་འགན་འཁྲི་བཅས་དོན་འཁྱོལ་ནན་ཏན་བྱས་ནས་མང་ཚོགས་ཀྱིས་བཏོན་པའི་གནད་དོན་འདྲ་མིན་རིགས་དུས་ཐོག་ཏུ་ཐག་གཅོད་བྱས་ཐོག འགལ་ཟླ་གཞི་རིམ་དུ་སེལ་ཐུབ་པ་དང་ཆུང་ཐོག་ནས་ཐག་གཅོད་ཐུབ་པ་བྱས་ཏེ་མི་དཔུང་ཁྱུ་སྒྲིག་གི་དོན་རྐྱེན་རིགས་མི་ཐོན་པ་དང་འགལ་ཟླ་འདྲ་མིན་རིགས་ཕུང་གསོག་ཐེབས་ནས་ཤུགས་ཆེར་མི་འགྲོ་བ་བྱེད་དགོས།

        སྤྱི་ཚོགས་ཀྱི་དོ་དམ་བྱེད་སྟངས་གསར་གཏོད་སྔར་ལས་ལྷག་པ་བྱེད་དགོས་པ། དུས་བདེའི་བོད་ལྗོངས་སྐྲུན་རྒྱུའི་བྱེད་སྒོ་གཏིང་ཟབ་སྤེལ་དགོས་པ་དང་། སྤྱི་ཚོགས་ཀྱི་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་བཅོས་བྱས་ནས་དོ་དམ་བྱེད་རྒྱུ་ཆད་ལུས་མི་ཤོར་བ་དང་དོ་དམ་ནང་མ་ཚུད་པའི་རིགས་མི་ཡོང་བ་བྱས་ཐོག ཉེས་དོན་ཉེས་གསོག་གི་བྱེད་སྒོའི་རིགས་ལ་ཁྲིམས་ལུགས་ལྟར་རྡུང་རྡེག་གཏོང་དགོས་པ་དང་། གནས་རྒྱུད་ཁྱོན་གསུམ་ཟུང་འབྲེལ་གྱི་སྤྱི་ཚོགས་བདེ་འཇགས་འགོག་སྲུང་མ་ལག་བཙུགས་ནས་མི་དམངས་མང་ཚོགས་བློ་བཟོད་བདེ་རུ་འགྲོ་བ་བྱེད་དགོས། ཕྱོགས་འགྲུལ་མི་ཚོགས་ལ་དོ་དམ་དང་ཞབས་འདེགས་ཞུ་རྒྱུར་ཤུགས་སྣོན་རྒྱག་དགོས། འཛུགས་སྐྱོང་དང་དོ་དམ་བྱེད་རྒྱུ་གལ་ཆེ་མཉམ་འཛིན་གྱིས་དྲ་རྒྱའི་རྟོག་བཟོའི་སྤྱི་ཚོགས་ལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། སྡེ་ཁུལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང་། སྡེ་ཁུལ་ཡོ་བསྲང་ལས་ཀ་ཧུར་ཐག་སྤེལ་དགོས་པ་དང་། ཞབས་ཞུའི་སྒྲིག་ཆས་ལེགས་བཅོས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གསར་པ་འཛུགས་སྐྱོང་བྱེད་དགོས།

        བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ནུས་པ་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ། བརྟན་ལྷིང་སྲུང་སྐྱོང་གི་ལས་ཀ་བྱེད་སྲོལ་མུ་མཐུད་ལེགས་སུ་བཏང་ནས་ཉེན་ཐོན་སྔོན་བརྡ་གཏོང་བ་དང་འཕྲལ་སྡོམ་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། སྲིད་ཁྲིམས་ཁོངས་གཏོགས་ལ་བརྟན་ལྷིང་སྲུང་སྐྱོང་དང་གློ་བུར་དོན་རྐྱེན་ཐག་གཅོད་བྱེད་རྒྱུ་དང་། བདེ་སྲུང་འགོག་ཟོན། ལག་རྩལ་སྤྱོད་ཐབས་ལེགས་བཅོས། སློབ་གསོ་སྦྱོང་བརྡར། གོ་མཚོན་སྒྲིག་བཀོད་སྒྲིག་སྦྱོར་སོགས་བྱེད་རྒྱུའི་ཐད་གཏོང་སྒོ་ཤུགས་ཆེར་བཏང་ནས་བརྟན་ལྷིང་སྲུང་སྐྱོང་དང་གློ་བུར་དོན་རྐྱེན་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་དགོས། སྤྱི་བདེའི་དམིགས་བསལ་ཉེན་རྟོག་ཚན་པའི་རྨང་གཞིའི་སྒྲིག་བཀོད་དང་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུ་མགྱོགས་སུ་གཏོང་དགོས། གཞི་རིམ་སྲིད་ཁྲིམས་ལས་ཁུངས་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ཤང་གྲོང་སྤྱི་བདེ་མངགས་གཏོང་ཁང་དང་ཁྲིམས་འཛིན་ཁང་མུ་མཐུད་ལེགས་སྐྱོང་བྱེད་དགོས། མཐའ་སྲུང་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། གཞི་རིམ་གྱི་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུར་ཤུགས་བརྒྱབ་ནས་གཞི་རིམ་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་དམག་འཐབ་ནུས་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

        བདེ་འཇགས་ཐོན་སྐྱེད་བྱེད་རྒྱུའི་ལས་ཀར་ཚད་མཐོའི་མཐོང་ཆེན་བྱེད་དགོས་པ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་དགོས་ཤིང་། འགྲིམ་འགྲུལ་སྐྱེལ་འདྲེན་དང་། བཟའ་བཅའ་དང་སྨན་རིགས། ཨར་སྐྲུན་གཏེར་ལས། ཉེན་ཆེའི་རྫས་འགྱུར་དངོས་པོ། འབར་རྫས། མེ་ཟོན་བཅས་ཐད་ཀྱི་བདེ་འཇགས་བཅོས་སྐྱོང་བྱེད་རྒྱུ་དང་ལྟ་སྡོམ་བྱེད་རྒྱུ་དམ་འཛིན་ཡག་པོ་བྱས་ཏེ་བདེ་འཇགས་ཐད་ཀྱི་ཚབས་ཆེའི་ལས་འཛོལ་མི་ཐོན་པ་བྱེད་དགོས་པ་དང་། ས་གཤིས་ཀྱི་གནོད་འཚེར་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་བཏང་ནས་འགོག་ཟོན་བྱེད་པའི་ལས་ཀར་ཤུགས་སྣོན་རྒྱག་དགོས་པ། ཁྲོམ་རར་ལྟ་སྡོམ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཐོན་རྫས་ཀྱི་སྤུས་ཚད་ལ་དོ་དམ་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་ཐུབ་པ་བྱེད་དགོས།

        བདུན། མི་རིགས་དང་ཆོས་ལུགས་ལས་དོན་དམ་འཛིན་ཡག་པོ་བྱས་ཐོག་མཐུན་སྒྲིལ་ཡར་ཐོན་མངོན་ཆེར་བཟུང་ནས་ནུས་ཤུགས་གཅིག་སྒྲིལ་གྱིས་གཞི་མཐུན་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས།

        རྒྱལ་གཅེས་དང་། མཐུན་སྒྲིལ། ཡར་ཐོན་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ་སློབ་གསོ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་གྱི་བསམ་བློའི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་བཏིང་སྟེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་རྣམ་པ་བཟང་པོ་སྲ་བརྟན་དུ་གཏོང་དགོས།

        མི་རིགས་ལས་དོན་ཡག་པོ་བསྒྲུབ་དགོས་པ། མི་རིགས་ལས་དོན་གྱི་བརྗོད་བྱ་གཙོ་བོ་དམ་འཛིན་ནན་པོ་བྱས་ཐོག་ཏང་གི་མི་རིགས་སྲིད་ཇུས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས་མི་རིགས་ཁག་གི་མི་དམངས་རྣམས་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། གཞི་མཐུན་གོང་འཕེལ་ཡོང་བ་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐོག་གོང་འཕེལ་གཏོང་དགོས། དུས་བབ་གསར་པའི་འོག་གི་མི་རིགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་བསམ་གཞི་དང་བྱ་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ཏེ “ཁ་འབྲལ་ཐབས་མེད་པ་གསུམ ”གྱི་བསམ་བློའི་དྲིལ་བསྒྲགས་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་གཏིང་ཟབ་སྤེལ་ནས་ཀྲུང་ཧྭ་མི་རིགས་ལ་གཏོགས་སེམས་དང་། ཀྲུང་ཧྭའི་རིག་གནས་ལ་མོས་སེམས། རླབས་ཆེན་མེས་རྒྱལ་ལ་སྤོབས་སེམས་སྐྱེ་ཤུགས་བཅས་ཟབ་ཏུ་གཏོང་དགོས། བོད་སྐད་ཡིག་བེད་སྤྱོད་བྱེད་རྒྱུ་དང་། ཚད་ལྡན་བཟོ་རྒྱུ། གོང་སྤེལ་གཏོང་རྒྱུ་བཅས་ཀྱི་ལས་ཀར་མུ་མཐུད་ཤུགས་སྣོན་རྒྱག་དགོས། དམིགས་བསལ་སྲིད་ཇུས་ཐོག་ནས་མི་འབོར་ཅུང་ཉུང་བའི་མི་རིགས་ས་ཁུལ་དང་མཐའ་མཚམས་ས་ཁུལ་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུར་རོགས་སྐྱོར་བྱེད་དགོས་པ་དང་། མཐའ་དར་དམངས་ཕྱུག་བྱ་སྤྱོད་སྤེལ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་བཅོས་བྱེད་དགོས་པ་དང་། མཐའ་མཚམས་ཡུལ་མིར་ཁ་གསབ་རོགས་དངུལ་སྤྲོད་ལམ་བཟོས་ནས་མཐའ་མཚམས་ཡུལ་མིའི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།

        ཆོས་ལུགས་བྱ་བར་ཁྲིམས་ལུགས་ལྟར་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་སྒོ་ཀུན་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། ཁྲིམས་ལུགས་ལྟར་ཆོས་ལུགས་བྱ་བར་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་བྱེད་དགོས། ཆོས་ལུགས་བེད་སྤྱད་དེ་ཁ་ཕྲལ་གཏོར་བཤིག་གི་བྱེད་སྒོ་སྤེལ་རིགས་ལ་རྡུང་རྡེག་མཐའ་གཅིག་ཏུ་བཏང་ནས་རྒྱུན་གཏན་གྱི་ཆོས་ལུགས་སྒྲིག་ལམ་འཛུགས་པ་དང་སྲུང་སྐྱོང་བྱེད་དགོས། དགོན་སྡེར་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ཏེ་གཞི་མཐུན་དགོན་སྡེ་གཏོད་རྒྱུའི་བྱེད་སྒོ་སྤེལ་ཤུགས་ཆེ་རུ་གཏོང་དགོས་པ་དང་། དགོན་སྡེའི་དོ་དམ་གྱི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་གཏོང་དགོས་པ། དགོན་སྡེའི་དོ་དམ་ཨུ་ལྷན་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། ལྗོངས་ཡོངས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཁག་ཐོ་འགོད་དང་། བླ་སྤྲུལ་དང་གྲྭ་བཙུན་གྱི་འོས་ཐོབ་ཐོ་འགོད་སྙན་ཞུའི་ལས་དོན་ལེགས་སྒྲུབ་བྱེད་དགོས། ཆོས་ལུགས་ཐད་ཀྱི་རྒྱལ་གཅེས་སྟོབས་ཤུགས་སྐྱོང་སྤེལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱ་ཆེའི་གྲྭ་བཙུན་དང་ཆོས་དད་མང་ཚོགས་གཅིག་སྒྲིལ་ཐོག་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བ་བྱེད་པར་ནུས་ཤུགས་མཉམ་འདོན་བྱེད་དགོས།

        བརྒྱད། སྲིད་གཞུང་ལེགས་སྐྱོང་བྱེད་རྒྱུར་དམ་འཛིན་དང་། ནུས་པ་གོང་མཐོར་གཏོང་རྒྱུ་མངོན་ཆེར་བཟུང་ནས་མི་དམངས་བློ་མོས་ཆེ་བའི་སྲིད་གཞུང་ཞིག་ཏུ་འཛུགས་སྐྱོང་བྱེད་རྒྱུར་འབད་བརྩོན་བྱེད་དགོས།

        ང་ཚོས་ལས་ཀར་འཛིན་པའི་རྣམ་འགྱུར་དང་ལས་ཀ་བྱེད་སྟངས་ཀྱི་ཐོག་ནས་མི་དམངས་མང་ཚོགས་ལ་བརྩེ་སེམས་གང་འདྲ་བཅངས་ཡོད་པ་མཚོན་གྱི་ཡོད། མཐའ་དག་མི་དམངས་ཀྱི་ཁེ་ཕན་ལ་དམིགས་རྒྱུ་མཐའ་འཁྱོངས་ཀྱིས་སྲིད་གཞུང་གི་འགན་ནུས་ནན་ཏན་བསྒྲུབས་ཏེ་སྲིད་གཞུང་གིས་དཔལ་འབྱོར་དང་སྤྱི་ཚོགས་བྱ་བར་དོ་དམ་བྱེད་པ་དང་། ཁྲོམ་ར་གཉེར་མཁན་ལ་ཞབས་ཞུ་བསྒྲུབ་པ། ཪྙོག་འཛིང་ཆེ་བའི་དུས་བབ་ལ་ཁ་ལོ་སྒྱུར་བ་བཅས་ཀྱི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་བཏང་ནས་མི་དམངས་མང་ཚོགས་དངོས་འབྲེལ་བློ་མོས་ཡོང་བ་བྱེད་དགོས།

        དུས་མཐུན་ཡར་རྒྱས་ཡོང་བ་བྱས་ནས་སློབ་སྦྱོང་བྱེད་པའི་ནུས་པ་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ། རྒྱ་ཆེའི་གཞུང་ལས་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་སློབ་སྦྱོང་དང་། ལག་ལེན། གསར་གཏོད་བཅས་ཟམ་མི་ཆད་པ་བྱེད་རྒྱུར་ཁྲིད་སྟོན་བྱས་ཏེ་རང་འགུལ་ངང་སློབ་སྦྱོང་བྱས་ནས་སྤྱོད་ལམ་བཟང་པོ་འཛུགས་པ་དང་། ཤེས་རིག་འཕེལ་རྒྱས། བྱ་གཞག་གསར་གཏོད་བཅས་བྱེད་ཐུབ་པ་དང་། སློབ་སྦྱོང་ཧུར་ཐག་དང་། སློབ་སྦྱོང་ཟམ་མི་ཆད་པ། སློབ་སྦྱོང་བྱེད་མཁས་པོ་བཅས་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་སྐྲུན་དགོས། དེ་ཡང་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་བྱེད་རྒྱུ་གཙོ་གནད་དུ་དམ་འཛིན་བྱས་ཐོག་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་འཐབ་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས། དེ་བཞིན་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུ་དང་ཡུན་རིང་བདེ་འཁོད་ཡོང་བར་དམིགས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་སློབ་སྦྱོང་ལག་བསྟར་གྱི་བྱེད་སྒོ་མུ་མཐུད་ཡག་པོ་སྤེལ་ཐོག་སློབ་སྦྱོང་བྱས་འབྲས་དེ་བྱ་གཞག་ཁག་གོང་འཕེལ་གཏོང་རྒྱུའི་བློ་གྲོས་དང་ནུས་པར་འགྱུར་ཐུབ་པ་བྱེད་དགོས། གཞན་ཡང་དཔལ་འབྱོར་དང་ཆབ་སྲིད། ཁྲིམས་ལུགས། རིག་གནས། ལོ་རྒྱུས། མི་རིགས་དང་ཆོས་ལུགས་སོགས་ཀྱི་ཤེས་བྱ་སློབ་སྦྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཕྱོགས་བསྡུས་བྱང་ཚད་གོང་མཐོར་བཏང་སྟེ་རིག་ཚན་མི་འདྲ་བའི་ཤེས་བྱ་བེད་སྤྱོད་བྱས་ནས་ཁྲོམ་རའི་དཔལ་འབྱོར་གྱི་ཁ་ལོ་སྒྱུར་ནུས་དང་ཪྙོག་འཛིང་ཆེ་བའི་དུས་བབ་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་དགོས།

        ཁྲིམས་ལུགས་གཞིར་བཟུང་སྲིད་འཛིན་བྱས་ནས་དོ་དམ་གྱི་ནུས་པ་ཟམ་མི་ཆད་པར་གོང་མཐོར་གཏོང་དགོས་པ། 《སྲིད་འཛིན་བཀའ་འཁྲོལ་བཅའ་ཁྲིམས 》དང་《ཁྲིམས་ལུགས་གཞིར་བཟུང་སྲིད་འཛིན་བྱེད་རྒྱུར་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་རྒྱུའི་ལག་བསྟར་རྩ་གནད 》ལག་བསྟར་གཏིང་ཟབ་བྱས་ཏེ་སྲིད་འཛིན་བྱེད་སྟངས་ཚད་ལྡན་བཟོ་དགོས། རང་རྟོགས་ངང་མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱི་ལྟ་སྐུལ་དང་ལེན་བྱེད་རྒྱུ་དང་། སྤྱི་ཚོགས་ལས་རིགས་ཁག་གི་བསམ་འཆར་དང་གྲོས་འགོ་རང་འགུལ་ངང་ཉན་པ། མི་དམངས་མང་ཚོགས་དང་གསར་འགྱུར་མཚམས་སྦྱོར་ཚན་པས་སྲིད་གཞུང་ལས་དོན་ལ་ལྟ་སྐུལ་བྱེད་རྒྱུར་དགའ་བསུ་ཞུ་རྒྱུ་དང་གཞོགས་འདེགས་བྱེད་རྒྱུ།

        དེ་བཞིན་དཔལ་འབྱོར་དང་བཅའ་ཁྲིམས་ཀྱི་བྱ་ཐབས་སྤྱོད་མཁས་པོ་བྱས་ནས་དཔལ་འབྱོར་གྱི་འབྲེལ་བ་དང་ཁེ་ཕན་གྱི་འབྲེལ་བ་སྣ་ཚོགས་ལེགས་སྒྲིག་བྱེད་དགོས་པ་དང་དཔལ་འབྱོར་བརྟན་ཞིང་མྱུར་པོའི་སྒོ་ནས་འདུ་འགོད་བྱེད་རྒྱུར་ཁྲིད་སྟོན་དང་བཏང་འཛིན་བྱེད་དགོས། སྲིད་འཛིན་ཕྱོགས་བསྡུས་ཁྲིམས་སྒྱུར་བྱེད་རྒྱུར་མུ་མཐུད་སྐུལ་སྤེལ་གཏོང་བ་དང་ཁྲོམ་རར་ལྟ་སྡོམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་དྲང་བཞག་འགྲན་རྩོད་བྱེད་པའི་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས། སྤྱི་ཚོགས་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་གློ་བུར་དོན་རྐྱེན་རིགས་འཕྲལ་སྡོམ་བྱེད་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་སྲིད་གཞུང་གིས་གློ་བུར་དོན་རྐྱེན་ལ་ཁ་གཏད་གཅོག་པ་དང་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། གལ་ཆེའི་ལྷུ་ཚིགས་དང་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་སྲིད་གཞུང་གི་ཁྲིམས་བཟོའི་ལས་དོན་ཏན་ཏིག་སྤེལ་དགོས། ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་རྒྱུ་དང་བཅའ་ཁྲིམས་ཀྱི་རོགས་སྐྱོར་ལས་ཀར་ཤུགས་སྣོན་བརྒྱབ་ནས་བཅའ་ཁྲིམས་ཀྱི་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་གཏོང་དགོས། ཁྲིམས་སྒྱུར་སྦྱོང་བརྡར་ཆེ་མོ་གཏིང་ཟབ་སྤེལ་ཏེ་ཀུན་གསལ་ཁྲིམས་སྒྱུར་བྱ་རྒྱུ་ཁྱབ་སྤེལ་ཤུགས་ཆེ་གཏོང་དགོས་པ་དང་། སྲིད་འཛིན་ཁྲིམས་སྒྱུར་ལ་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་དྲང་བདེན་སྤྱོད་གཙང་ཐོག་ཁྲིམས་སྒྱུར་བྱེད་པའི་ཆུ་ཚད་གོང་མཐོར་གཏོང་དགོས།

        འགན་ནུས་བརྗེ་སྒྱུར་བྱས་ནས་ཞབས་ཞུའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ། “ཁྲོམ་ར་གཉེར་མཁན་ལ་རྒྱབ་སྐྱོར་བྱེད་པ་ནི་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པ་ཞིག་ཡིན་པ་དང་། ཁྲོམ་ར་གཉེར་མཁན་ལ་ཞབས་འདེགས་ཞུ་བ་ནི་གོང་འཕེལ་ལ་ཞབས་འདེགས་ཞུ་བ་ཞིག་ཡིན། ཁྲོམ་ར་གཉེར་མཁན་ལ་སྲུང་སྐྱོབ་བྱེད་པ་ནི་གོང་འཕེལ་ལ་སྲུང་སྐྱོབ་བྱེད་པ་ཞིག་ཡིན ”པའི་ལྟ་བ་བརྟན་པོ་བཙུགས་ཏེ་ཁྲོམ་ར་གཉེར་མཁན་དང་མི་དམངས་མང་ཚོགས་མོས་པོ་ཡོང་བ་བྱེད་རྒྱུ་དེ་ཞབས་ཞུའི་ཚད་གཞི་མཐོ་ཤོས་སུ་བརྩི་བ་དང་། ཁྲོམ་ར་གཉེར་མཁན་དང་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་རྩ་བའི་འགན་འཁྲིར་བརྩི་བ། ཚོང་པ་བློ་བཟོད་བདེ་པོ་དང་། བརྟན་གནས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་བྱེད་རྒྱུ་དང་། མང་ཚོགས་རྣམས་ལ་སྟབས་བདེ་དང་ཁེ་ཕན་བསྐྲུན་རྒྱུ་དང་། གཟིགས་སྐྱོང་བྱེད་རྒྱུ་བཅས་ལས་ཀའི་བླང་བྱ་ཨང་དང་པོར་བརྩིས་ནས་ཁྲོམ་ར་གཉེར་མཁན་དང་མི་དམངས་མང་ཚོགས་ལ་བྱ་བ་དངོས་ཏན་ཏིག་བསྒྲུབས་ཐོག ཞབས་ཞུའི་ལས་ཕྱོད་ཆེ་བ་དང་ལས་ཀ་སྒྲུབ་མགྱོགས་པའི་ཐོག་བློ་གཅིག་སེམས་གཅིག་གིས་བྱ་བ་དངོས་སྒྲུབ་པ་དང་སེམས་ནུས་གང་ཡོད་ཀྱིས་དཀའ་གནད་སེལ་བ། རྒྱུན་བསྲིངས་ལྷོད་མེད་ཀྱིས་བྱ་བ་བཟང་པོ་སྒྲུབ་པ་བཅས་ཀྱི་དར་སྲོལ་བཟང་པོ་ཞིག་ཆགས་པ་བྱེད་དགོས། འགན་འཁྲིའི་འབྲེལ་བ་མུ་མཐུད་མཐུན་སྦྱོར་བྱེད་རྒྱུ་དང་། འགན་འཁྲི་གསལ་པོ་བཟོ་བ་དང་ཁུར་སེམས་ཆེ་རུ་བཏང་ནས་སྲིད་གཞུང་གི་སྲིད་འཛིན་ནུས་པ་ཟམ་མི་ཆད་པར་གོང་མཐོར་གཏོང་དགོས། ཞབས་ཞུ་བྱེད་སྟངས་གསར་གཏོད་བྱེད་པ་དང་། ཞབས་ཞུའི་གཞི་རྟེན་འཐུས་ཚང་དུ་བཏང་ནས་སྲིད་ལས་ལྟེ་གནས་དང་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་འཛུགས་སྐྱོང་བྱེད་རྒྱུ་མགྱོགས་སུ་བཏང་ནས་སྲིད་གཞུང་གིས་ཞབས་ཞུ་བསྒྲུབ་རྒྱུ་དེས་མང་ཚོགས་ལ་དེ་བས་སྟབས་བདེ་སྐྲུན་པ་དང་ཕན་ནུས་དེ་བས་ཆེ་བ་ཐོན་པ་བྱེད་དགོས། སྲིད་ལས་ཡོངས་བསྒྲགས་བྱེད་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ཤིང་། གསར་འགྱུར་འགྲེམས་བསྒྲགས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ་དང་། གློག་རྡུལ་སྲིད་ལས་གོང་འཕེལ་བཏང་ཐོག དུས་བཀག་བཟོས་ནས་གཉེར་སྒྲུབ་ཟིན་པ་བྱེད་རྒྱུའི་ལམ་ལུགས་དང་ཞབས་ཞུ་བསྒྲུབ་རྒྱུའི་ཁས་ལེན་ལམ་ལུགས་བཟོས་ཏེ་རང་འགུལ་ངང་གཞི་རིམ་དང་ཁེ་ལས། མང་ཚོགས་བཅས་ལ་གནད་དོན་དངོས་ཐག་གཅོད་ཧུར་ཐག་བྱེད་དགོས།

        དམ་པ་དོན་གཉེར་གྱིས་ལག་བསྟར་བྱེད་ནུས་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ། རིམ་ཁག་སྲིད་གཞུང་དང་འགོ་ཁྲིད་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་སྲི་ཞུ་སྤྱོད་གཙང་དང་གཞུང་དྲང་གི་ཐོག་ནས་ཏང་དང་མི་དམངས་ཀྱི་ལས་ཀར་ཚད་མཐོའི་འགན་འཁུར་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་འབད་འབུངས་ཡར་བརྩོན་དང་། བྱས་རྗེས་ཡར་རྒྱས་གོང་འཕེལ། རྩེ་གྲ་གཏོད་པ་བཅས་ཀྱི་ལས་ཀ་སྒྲུབ་སེམས་མཐའ་འཁྱོངས་བྱས་ཏེ་རྩ་དོན་མཐའ་འཁྱོངས་བྱེད་ཕོད་པ་དང་། དོ་དམ་ནན་པོ་བྱེད་ཕོད་པ། ནོར་འཁྲུལ་ཡོ་བསྲང་བྱེད་ཕོད་པ་བཅས་ཀྱིས་ལས་སྒྲུབ་བྱ་གཞག་གཏོད་རྒྱུའི་ཁོར་ཡུག་བཟང་པོ་ཞིག་ཆགས་པ་བྱེད་དགོས། ཀྲུང་དབྱང་གིས་གཏན་འཁེལ་གནང་བའི་མཛད་ཇུས་ཆེ་ཁག་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཇུས་བཀོད་ནན་སྐུལ་མྱུར་སྒྲུབ་དང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་བཀའ་སྲུང་ཅི་སྒྲུབ་དང་། བཀོད་པ་ལུང་དུ་འགྲོ་བ་བྱེད་དགོས། ལྟ་ཞིབ་སྒྲུབ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ལས་དོན་བཀོད་སྒྲིག་བྱས་པ་ཚང་མར་འདི་བྱས་འདི་མིན་ཡོད་དགོས་པ་དང་ཚང་མ་ཕན་འབྲས་ཐོན་པ་བྱེད་དགོས། དེ་བཞིན་གཞུང་ལས་པའི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གཞུང་ལས་པའི་བྱས་འབྲས་ལ་དཔྱད་ཞིབ་དང་ལྟ་སྐུལ་གཅུན་འདོམས་བྱེད་སྲོལ་འཐུས་ལེགས་སུ་གཏོང་དགོས། ཏང་སྲོལ་སྤྱོད་གཙང་ལེགས་སྐྱོང་བྱེད་པའི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་སྲིད་འཛིན་ལྟ་ཞིབ་དང་རྩིས་བཤེར་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཐོག་རྩ་བ་བཅོས་སྐྱོང་དང་འབྱུང་རྩ་ནས་བཀག་འགོག་བྱེད་རྒྱུ་དམ་འཛིན་གཏིང་ཟབ་བྱས་ཏེ་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞིར་སེམས་ཐག་གཙང་བཅད་ཀྱིས་ཞིབ་བཤེར་ཐག་གཅོད་བྱེད་དགོས་པ་དང་། སྡེ་ཚན་དང་ལས་རིགས་ཀྱི་ཚུལ་མིན་སྤྱོད་ཚུལ་སེམས་ཐག་གཙང་བཅད་ཀྱིས་ཡོ་བསྲང་དང་མང་ཚོགས་ཀྱི་ཁེ་ཕན་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་ངན་པའི་རིགས་སེམས་ཐག་གཙང་བཅད་ཀྱིས་བཀག་འདོམས་བྱེད་དགོས།

        འཐུས་མི་རྣམ་པ། ཚན་རིག་དང་མཐུན་པའི་སྒོ་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་བཟོ་རྒྱུ་ནི་ད་ལོའི་གལ་ཆེའི་ལས་འགན་ཞིག་རེད། ང་ཚོས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་ཁྲིད་སྟོན་འོག་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུའི་བླང་བྱ་གཞིར་བཟུང་དང་། བོད་ཀྱི་དོན་དངོས་ལ་བསྟུན་ཐོག་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་རྒྱུའི་གཙོ་དོན་ལ་དམ་པོར་ཕྱོགས་ཏེ་བསྒྱུར་བཅོས་ཀྱི་སྙིང་སྟོབས་དང་། བསྒྱུར་བཅོས་ཀྱི་བསམ་གཞི། བསྒྱུར་བཅོས་ཀྱི་བྱ་ཐབས་བཅས་ཀྱི་ཐོག་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། ཐོན་ལས་འཛུགས་སྐྱོང་བྱེད་རྒྱུ། སྤྱི་ཚོགས་ལེགས་སྐྱོང་བྱེད་རྒྱུ། བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ནུས་པ་འཛུགས་སྐྱོང་བྱེད་རྒྱུ་བཅས་ལ་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་འཐབ་ཇུས་རང་བཞིན་དང་ཕུགས་ཡུན་རང་བཞིན་གྱི་གལ་ཆེའི་གནད་དོན་ལ་ཞིབ་འཇུག་ནན་ཏན་བྱས་ཏེ “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་བཟོ་རྒྱུ་དམ་འཛིན་བྱེད་དགོས། དེ་བཞིན་ཁྱོན་ཡོངས་ཀྱི་འཆར་འགོད་བྱེད་པའི་ནང་དོན་གསར་གཏོད་བྱས་ནས་འཐབ་ཇུས་ཁྲིད་སྟོན་གྱི་ནུས་པ་ཆེ་རུ་གཏོང་རྒྱུ་དང་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་མངོན་ཆེར་བཟུང་དགོས། གཞན་ཡང་ཁག་དབྱེ་མཛུབ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཆེད་དོན་འཆར་འགོད་གཏིང་ཟབ་ཞིབ་ཚགས་བཟོས་ནས་ས་ཁོངས་འཆར་འགོད་བྱེད་རྒྱུ་དེ་གཙོ་གནད་དུ་བཞག་ཐོག་ཁྱོན་ཡོངས་ཀྱི་འཆར་འགོད་དང་། ཆེད་དོན་འཆར་འགོད། ས་གནས་དང་གྲོང་ཁྱེར་གྱི་འཆར་འགོད། རྒྱལ་ཁབ་ཀྱི་འཆར་འགོད། དེ་བཞིན་གཙོ་གནད་བྱེད་ནུས་ཁུལ་གྱི་འཆར་འགོད་བཅས་དབར་འབྲེལ་མཐུད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་དུས་མཉམ་དུ་སྒྲིག་འཛུགས་དང་མཐུན་སྦྱོར་གཅིག་གྱུར་བྱས་ཏེ་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས།

        འཐུས་མི་རྣམ་པ། ད་ལོ་ནི “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ཀྱི་དམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱེད་པའི་ལོ་མཐའ་མ་ཡིན་པས་འགན་འཁྲི་ཧ་ཅང་ལྕི་པོ་ཡིན། ང་ཚོས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཐོག་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པས་མཛུབ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་གཏིང་ཟབ་བྱས་ནས་གོ་སྐབས་དམ་འཛིན་དང་། མཐུན་སྒྲིལ་འབད་འཐབ། ལས་དོན་ཏན་ཏིག་བསྒྲུབ་པ་བཅས་ཀྱིས “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ཀྱི་དམིགས་ཚད་ལས་འགན་ཡོངས་སུ་ལེགས་སྒྲུབ་བྱས་ཏེ་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་རྒྱུར་འབད་འཐབ་ལྷོད་མེད་བྱེད་དགོས།

        (རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གསུམ་པའི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།