དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བྱ་ཐབས་ནུས་ལྡན་སྤྱད་དེ་ཕྱི་ཕྱོགས་ཉོ་འཚོང་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-09

        ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གཞུང་དོན་ཐིང་གིས 《ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཉོ་འཚོང་བརྟན་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གི་བསམ་འཆར 》གཤམ་སྤེལ་བྱས་ཏེ་ཕྱིར་གཏོང་ཁྲིད་སྟོན་རྣམ་པའི་ཐོན་ལས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱི་ཕྱོགས་ཉོ་འཚོང་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་ཞིག་འདིང་བ་དང་། ཕྱི་ཕྱོགས་ཉོ་འཚོང་ཁེ་ལས་ཀྱི་འབྲེལ་བའི་ལམ་ལུགས་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱིར་གཏོང་གི་གཞི་ཁྱོན་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ། འགག་སྒོ་འཛུགས་སྐྲུན་མགྱོགས་སུ་བཏང་སྟེ་མཐའ་མཚམས་ཉོ་འཚོང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ནོར་སྲིད་དང་དངུལ་རྩའི་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། མ་འཇོག་དང་ཉོ་འཚོང་མཉམ་འགུལ་དང་། མཐའ་འཁོར་གྱི་འཕེལ་རྒྱས་ཁོར་ཡུག་བཟང་པོ་གཏོད་རྒྱུར་སྐུལ་མ་གཏོང་བ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་བྱ་ཐབས་སྤྱད་དེ་བོད་ཀྱི་ཕྱི་ཕྱོགས་ཉོ་འཚོང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་དགོས་ཞེས་བཏོན་པ་རེད།

        མིག་སྔར་བོད་ཀྱི་འགག་སྒོའི་འཛུགས་སྐྲུན་རྗེས་ལུས་ཐེབས་པའི་སྣང་ཚུལ་ལ་དམིགས་ཏེ་སྲིད་གཞུང་གིས་འགག་སྒོ་འཛུགས་སྐྲུན་དང་གསར་སྤེལ་སྒོ་དབྱེ་བཅས་ལ་སྐུལ་འདེད་གཏོང་ཚད་མགྱོགས་སུ་གཏོང་རྒྱུ་དང་། “ཡར་གླིང་ཤར་ལྷོའི་སྐམ་སའི་ལམ་གྱི་ཉོ་འཚོང་ལམ་ཆེན་བསྐྲུན་རྒྱུ་སྤྱིའི་དམིགས་ཚད་དུ་བྱས་ཏེ་གཙོ་བོར་སྐྱིད་གྲོང་འགག་སྒོ་བསྐྲུན་རྒྱུ་དང་། འགྲམ་འགག་སྒོ་བརྟན་པོའི་ངང་རིམ་འཕར་ཡོང་བ་བྱ་རྒྱུ། གྲོ་མོའི་འགག་སྒོ་བསྐྱར་གསོ་ཧུར་ཐག་བྱ་རྒྱུ། སྤུ་ཧྲེང་དང་རི་བོ་འགག་སྒོ་རིམ་བཞིན་འཕེལ་རྒྱས་གཏོང་རྒྱུ ”བཅས་ཀྱི་འགག་སྒོ་འཕེལ་རྒྱས་དང་འཛུགས་སྐྲུན་གྱི་རྩ་དོན་ལྟར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁག་ལ་ཤུགས་སྣོན་བརྒྱབ་པ་དང་ཆབས་ཅིག་མཐའ་མཚམས་ཀྱི་ཉོ་འཚོང་སྔར་བས་འཕེལ་རྒྱས་གཏོང་བ་དང་། “མཐའ་མཚམས་དར་རྒྱས་དང་མང་ཚོགས་ཕྱུག་འགྱུར ”གྱི་འཐབ་ཇུས་ལག་ལེན་བསྟར་ནས་མཐའ་མཚམས་ཀྱི་ཉོ་འཚོང་ཁྲོམ་ར་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་སྟེ་མཐའ་མཚམས་ཡུལ་མིའི་དབར་གྱི་ཁྲོམ་རའི་ཉོ་འཚོང་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་དགོས།

        བོད་རུམ་ཐོན་ལས་ཅན་དང་། བོད་རུམ་ཕྱིར་གཏོང་ལ་རོགས་སྐྱོར་བྱ་རྒྱུ་དེ་བོད་ཀྱིས་མཐའ་མཚམས་ཀྱི་ཉོ་འཚོང་བརྟན་པོའི་ངང་གོང་འཕེལ་འགྲོ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་སྐུལ་མ་གཏོང་བའི་གལ་ཆེའི་བྱ་ཐབས་ཤིག་ལ་འགྱུར་རྒྱུ་ཡིན་པ་དང་། དེ་དག 《བསམ་འཆར 》ནང་སྲིད་གཞུང་གིས་བོད་རུམ་ཐོན་ལས་འཕེལ་རྒྱས་ཀྱི་འཆར་གཞི་གང་མགྱོགས་བཀོད་དེ་བོད་རུམ་སོགས་མི་རིགས་ཀྱི་ལག་ཤེས་ལས་རིགས་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་གཟིགས་སྐྱོང་དང་རོགས་སྐྱོར་སྲིད་ཇུས་གང་མགྱོགས་བཟོས་ཏེ “བོད་རུམ་ཐོན་ལས་ཀྱི་ཚན་རྩལ་འདུ་འགོད ”ལག་ལེན་བསྟར་བ་དང་རང་སྐྱོང་ལྗོངས་ཀྱི་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་ཀྱི་རོགས་སྐྱོར་མ་དངུལ་དང་ཐོན་ལས་དང་ཁེ་ལས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་མ་དངུལ་བཀོད་སྒྲིག་བྱས་ཏེ་བོད་རུམ་ཐོན་ལས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པ་དང་མི་སྣ་གསོ་སྦྱོང་དང་ལག་རྩལ་ལེགས་བཅོས། སྒྲིག་ཆས་གསར་བརྗེས་བཅས་ལ་ཤུགས་སྣོན་བརྒྱབ་པ། བོད་རུམ་གྱི་སྣེ་འདྲེན་ཕྱིར་གཏོང་ཁེ་ལས་ལ་རོགས་སྐྱོར་བཅས་བྱས་ཏེ་ཁེ་ལས་ཀྱིས་ཕྱིར་གཏོང་རྒྱ་ཆེར་གཏོང་རྒྱུར་སྐུལ་མ་གཏོང་དགོས་ཞེས་བསྟན་ཡོད།

        བོད་རང་གིས་ཐོན་སྐྱེད་བྱས་པའི་ཐོན་ཟོག་ཕྱིར་གཏོང་བྱེད་རིང་མཚོན་ཚུལ་ལེགས་པར་དམིགས་ཏེ 《བསམ་འཆར 》ནང་ལེགས་ཆ་ཆེ་ཙམ་ལྡན་པའི་གཏེར་ཆུ་དང་། སྦི་རག ནས་ཆང་སོགས་རང་གིས་ཐོན་སྐྱེད་བྱས་པའི་ཐོན་ཟོག་ཕྱིར་གཏོང་བྱ་རྒྱུར་སྐུལ་ལྕག་གཏོང་བ་དང་། ཐོན་སྐྱེད་ཀྱི་གཞི་ཁྱོན་ཆེ་བ་དང་། ལག་རྩལ་གྱི་སྒྲིག་ཆས་སྔོན་ཐོན། ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་དང་བེད་སྤྱོད་གཏོང་ཚད་མཐོ་བ་བཅས་ཀྱི་སྣེ་འདྲེན་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཁག་ཅིག་ལ་གཙོ་གནད་དུ་རྒྱབ་སྐྱོར་བྱེད་པ་དང་ཆབས་ཅིག་ཁེ་ལས་ཀྱིས་རྒྱལ་སྤྱིའི་སྤུས་རྟགས་གཏོད་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ས་མཐོའི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་བོད་ཀྱི་ཁྱད་ལྡན་ཐོན་ཟོག་གི་གྲགས་རྟགས་གཏོད་རྒྱུའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་རང་བདག་སྤུས་རྟགས་ཐོན་ཟོག་ཕྱིར་གཏོང་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ཞེས་སྔར་བས་ཁ་གསལ་བཏོན་ཡོད། གཞན་ཡང་། ཞིང་ཞོར་ཐོན་ཟོག་ཕྱིར་གཏོང་གི་འགྲན་ནུས་ཆེ་རུ་གཏོང་ཆེད་སྲིད་གཞུང་གིས་མངའ་རིས་དང་། ནག་ཆུ། གཞིས་རྩེ་བཅས་གཙོ་བོར་བྱེད་པའི་ཕྱུགས་རིགས་ཀྱི་ཐོན་ཟོག་ཕྱིར་གཏོང་རྟེན་གཞི་དང་། ལྷོ་ཁ་དང་གཞིས་རྩེ་གཙོ་བོར་བྱེད་པའི་པད་ཁ་སོགས་ཐོན་འབོར་ཆེ་བའི་ཞིང་ཞོར་ཐོན་ཟོག་ཕྱིར་གཏོང་རྟེན་གཞི། ཆབ་མདོ་དང་ཉིང་ཁྲི་གཙོ་བོར་བྱེད་པའི་ནགས་ཁྲོད་ཐོན་ཟོག་ཕྱིར་གཏོང་རྟེན་གཞི། ལྷ་སའི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གཙོ་བོར་བྱེད་པའི་ཕྱོགས་བསྡུས་ལས་སྣོན་ཕྱིར་གཏོང་རྟེན་གཞི་བཅས་ལ་གཙོ་གནད་དུ་རྒྱབ་སྐྱོར་བྱ་རྒྱུ་རེད།

        བོད་ཀྱི་ཕྱི་ཕྱོགས་ཉོ་འཚོང་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ལ་སྐུལ་མ་གཏོང་ཕྱིར་ད་དུང་སྲིད་གཞུང་གིས་་ནོར་ཁྲལ་དངུལ་རྩའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་རྒྱལ་ཁབ་ཀྱིས་བཟོས་པའི་ཕྱིར་གཏོང་གི་ཁྲལ་འབབ་ཕྱིར་སྤྲོད་བྱ་རྒྱུའི་སྲིད་ཇུས་ཁག་དོན་འཁྱོལ་ནན་ཏན་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།