ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པ་དང་། ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་དགེ་རྒན་དང་ལས་བཟོ། ནང་སའི་བོད་ལྗོངས་འཛིན་གྲྭའི (སློབ་གྲྭ )དགེ་རྒན་བཅས་ལ།
དགེ་རྒན་དུས་ཆེན་25 པ་འཆར་ཉེར་ཡོད་པའི་སྐབས་དེར་རང་སྐྱོང་ལྗོངས་སློབ་གསོ་ལས་དོན་ཨུ་ལྷན་དང་སློབ་གསོ་ཐིང་གིས་ལྗོངས་དེ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པ་དང་། ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་དགེ་རྒན་དང་ལས་བཟོ། ནང་སའི་བོད་ལྗོངས་འཛིན་གྲྭའི (སློབ་གྲྭ )དགེ་རྒན་བཅས་ལ་དུས་ཆེན་གྱི་སྨོན་འདུན་དང་བྱམས་བརྩེའི་འཚམས་འདྲི་ཞུ་རྒྱུ་དང་ཡུན་རིང་སློབ་གསོའི་ལས་དོན་ལ་ཐུགས་འཁུར་དང་རྒྱབ་སྐྱོར་གནང་མཁན་རིམ་ཁག་འགོ་ཁྲིད་དང་སྤྱི་ཚོགས་ལས་རིགས་ཁག་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
“སློབ་གསོ་ནི་མི་རིགས་དར་རྒྱས་ཡོང་བའི་རྟེན་གཞི་ཡིན ”པར་བརྟེན་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཀྱི་སློབ་གསོ་འཕེལ་རྒྱས་གཏོང་བར་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད་པ་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སློབ་གསོ་དེ་ཐོག་མཐའ་བར་གསུམ་དུ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་བབ་གལ་ཆེན་ཐོག་བཞག་པ་དེ་ལས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་སྐུལ་ལྕག་ཟབ་མོ་ཐེབས་ནས་དཔའ་ངར་ཆེར་བསྐྱེད་ཀྱི་ཉམས་འགྱུར་དང་དགེ་མཚན་ལྡན་པའི་བྱ་སྤྱོད་ཀྱི་ཐོག་ནས་དཀའ་ངལ་ཐམས་ཅད་ཁྱད་བསད་ཀྱིས་སློབ་གསོ་སྒྱུར་བཅོས་དང་སློབ་ཁྲིད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་ལས་དོན་དང་། ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འཐབ་རྩོད། བོད་ཀྱི་དེང་རབས་སློབ་གསོའི་བྱ་གཞག་གི་རླབས་རྒྱུན་ཆེན་པོ་བཅས་ནང་ཞུགས་ཏེ་གཞན་ལ་སློབ་ཁྲིད་བྱེད་པར་སུན་སྣང་མེད་པའི་ངང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་དང་། དཀའ་ཚེགས་ཆེ་བའི་ངང་ལས་འགན་ལེགས་སྒྲུབ་བྱེད་པ། དཀའ་ངལ་ལ་མི་འཛེམས་པར་ཡར་རྒྱས་བརྩོན་ལེན་བྱེད་པ་བཅས་ཀྱི་ཐོག་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་མཁོ་བའི་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱེད་པ་དང་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། ལྷག་དོན་དུ་ན་ནིང་ལྷ་སའི “ 3 ·14 ” དོན་རྐྱེན་ཐོན་རྗེས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁུར་བསམ་པ་དང་ལོ་རྒྱུས་ཀྱི་འགན་འཁྲིའི་བསམ་པའི་ཐོག་ནས་རིམ་ཁག་དང་རིགས་ཁག་གི་སློབ་གྲྭའི་སློབ་མ་སྣེ་འཁྲིད་དེ་ཏཱ་ལའི་རུ་ཚོགས་དང་དཔའ་ངར་ཞུམ་མེད་ངང་འཐབ་རྩོད་བྱས་པས་སློབ་གསོའི་ཁོངས་གཏོགས་ཀྱི་བདེ་འཇགས་དང་བརྟན་ལྷིང་འགན་ལེན་བྱེད་པ་དང་ལྗོངས་ཡོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་ཕྱིར་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད།
མི་རིགས་དར་སྤེལ་ཡོང་བའི་རེ་བ་དེ་སློབ་གསོར་གནས་པ་དང་སློབ་གསོ་དར་སྤེལ་ཡོང་བའི་རེ་བ་དེ་དགེ་རྒན་ལ་གནས་ཡོད། དགེ་རྒན་ནི་སློབ་གསོའི་བྱ་གཞག་གི་རྐང་འཛིན་པ་དང་སློབ་གསོའི་སློབ་ཁྲིད་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་བའི་འགག་རྩ་རེད། ཆུ་ཚད་མཐོ་བའི་དགེ་རྒན་དཔུང་ཁག་ཅིག་མེད་ཚེ་སྤུས་ཚད་མཐོ་བའི་སློབ་གསོའང་མེད་སྟབས་རེ་བར་རིམ་ཁག་སློབ་གསོའི་སྲིད་འཛིན་སྡེ་ཚན་དང་རིམ་ཁག་དང་རིགས་ཁག་གི་སློབ་གྲྭས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་འོག་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་ཐོག་ནས་སློབ་གསོའི་ལས་དོན་གྱི་ཁྱོན་ཡོངས་ལ་གཅིག་གྱུར་བཀོད་འདོམས་བྱས་ཏེ་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་དེ་སྔར་བས་མངོན་གསལ་དོད་པའི་འཐབ་ཇུས་ཀྱི་གནས་བབ་ཏུ་བཞག་ནས་སྤུས་ཚད་ལེགས་ཤིང་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས་པ་དང་། ཆབ་སྲིད་དང་། བསམ་བློ། འཚོ་བ་བཅས་ཀྱི་ཐོག་ནས་དགེ་རྒན་ལ་སེམས་འཁུར་བྱེད་པ་དང་དགེ་རྒན་གྱི་ཁྲིམས་དང་མཐུན་པའི་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས་ཐོག་དགེ་རྒན་ལ་བྱ་བཟང་སྒྲུབ་པ་དང་དོན་དངོས་གཉེར་ནས་ནུས་ལྡན་གྱི་བྱ་ཐབས་སྤྱད་དེ་འཚོ་བ་དང་། ལས་ཀ། སློབ་སྦྱོང་གསོ་སྦྱོང་བཅས་ནང་གི་དགེ་རྒན་གྱི་དཀའ་ངལ་དངོས་ཐག་གཅོད་ཧུར་ཐག་བྱེད་པ། དགེ་རྒན་གྱི་ཚེ་གང་སློབ་སྦྱོང་དང་ཡུན་རིང་འཕེལ་རྒྱས་ཆེད་རོགས་རམ་དང་རྒྱབ་སྐྱོར་བྱས་ནས་དགེ་རྒན་རྣམས་བློ་བདེ་པོ་དང་སྤྲོ་སྣང་ཆེན་པོའི་ངང་སློབ་གསོའི་ལས་དོན་ནང་ཞུགས་ཐུབ་པ་བྱེད་པ། སྤྱི་ཚོགས་ཧྲིལ་པོར་དགེ་རྒན་ལ་བརྩི་འཇོག་དང་སློབ་གསོར་སྣང་ཆེན་བྱེད་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་སྟེ་དགེ་རྒན་གྱི་དཔུང་ཁག་འཕེལ་རྒྱས་འགྲོ་རྒྱུར་ཕན་ཐོགས་ཡོད་པའི་ལམ་སྲོལ་དང་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་སྐྲུན་པ་བཅས་བྱེད་དགོས། རེ་བར་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་བཏོན་གནང་བའི “ ལས་གཅེས་ལས་བཀུར་གྱིས་སློབ་མར་གཅེས་སྤྲས་བྱེད་པ་དང་། སྙིང་རུས་ཆེན་པོས་བརྩོན་ཞིབ་ཀྱིས་གཟབ་ནན་དང་སློབ་སྦྱོང་ལ་བརྩོན་པ། གསར་གཏོད་བྱེད་ཕོད་པ་དང་འབད་འབུངས་ཡར་བརྩོན་བྱེད་པ། ཁེ་གྲགས་སྤང་བ་དང་ཕུགས་བསམ་ཆེན་པོ་ཡོད་པ ”བཅས་ཀྱི་རེ་བ་བཞི་དེ་ལག་ལེན་ཧུར་ཐག་བསྟར་ནས་མི་རིགས་དར་རྒྱས་གཏོང་བའི་རླབས་ཆེན་འགན་འཁྲི་ཕྲག་ཐོག་ཏུ་ཁུར་བ་དང་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དད་སེམས་སྔར་བས་བརྟན་དུ་བཏང་ཐོག་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་དེ་ཐོག་མཐའ་བར་གསུམ་དུ་ལྷབ་ལྷུབ་ཏུ་གཡོ་བའི་འོད་སྟོང་འཕྲོ་བའི་དར་ཆ་དང་། སློབ་ཁྲིད་ལ་བརྟེན་ནས་མི་གསོ་སྐྱོང་བྱ་རྒྱུ་དེ་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བའི་འགན་འཁྲི གཞན་ལ་མིག་དཔེ་སྟོན་རྒྱུ་དེ་འབད་བརྩོན་ལྷོད་མེད་བྱེད་པའི་གཤིས་རྒྱུད་བཟང་པོ། ཚེ་གང་སློབ་སྦྱོང་བྱ་རྒྱུ་དེ་མི་ཚེ་ཡར་ཐོན་ཡོང་བའི་སྐས་རིམ་གལ་ཆེན་བཅས་སུ་བརྩིས་ཏེ་བླ་ན་མེད་པའི་དགེ་རྒན་ལས་རིགས་ཀྱི་ཕུགས་བསམ་འཛུགས་པ་དང་། དགེ་རྒན་ཀུན་སྤྱོད་ཀྱི་བྱང་ཚད་དང་སློབ་གསོ་རྒྱག་པ་དང་སློབ་ཁྲིད་བྱེད་པའི་ནུས་པ་ཕྱོགས་ཡོངས་ནས་གོང་མཐོར་གཏོང་བ། མེས་རྒྱལ་ལ་དགའ་ཞེན་དང་། མི་དམངས་ལ་དགའ་ཞེན། སློབ་གསོར་དགའ་ཞེན། སློབ་མར་དགའ་ཞེན་བཅས་བྱེད་པའི་བླ་ན་མེད་པའི་བརྩེ་དུང་ཟབ་ཏུ་གཏོང་བ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པ་བཅས་བྱེད་དགོས། ལྷག་དོན་དུ་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོའི་ནང་དོན་དེ་སློབ་གསོ་དང་སློབ་ཁྲིད་ཀྱི་ཕྱོགས་གང་ཅིའི་ཐད་དུ་དམ་ཟབ་ངང་འདྲེས་པ་བྱ་རྒྱུར་སྣང་ཆེན་བྱས་ནས་མི་རིགས་མཐུན་སྒྲིལ་མཐའ་འཁྱོངས་དང་། མི་རིགས་ཁ་ཕྲལ་ལ་ངོ་རྒོལ། མི་རིགས་མཐུན་སྦྱོར་ལྡན་པར་སྐུལ་གཏོང་བཅས་སྣེ་ཁྲིད་ངང་བྱེད་པ་དང་རྒྱ་ཆེའི་སློབ་མ་སྣེ་འཁྲིད་དེ་མི་རིགས་མཐུན་སྒྲིལ་གྱི་ལག་ལེན་པ་དང་སྐུལ་གཏོང་པ་བྱས་ནས་སློབ་གྲྭའི་མི་རིགས་མཐུན་སྒྲིལ་གྱི་བསམ་བློའི་རྨང་གཞི་བརྟན་པོ་ཞིག་བཏིང་སྟེ་བོད་ཀྱི་སློབ་གསོའི་བྱ་གཞག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཡོང་ཕྱིར་དང་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག མཐུན་སྦྱོར་ལྡན་པ་བཅས་ཀྱི་བོད་གསར་འཛུགས་སྐྲུན་བྱ་ཕྱིར “ བློས་འཁེལ་ཐུབ་པ་དང་། བེད་སྤྱོད་ཐུབ་པ། སྡོད་ཐུབ་པ ”བཅས་ཀྱི་ཚད་ལོན་པའི་འཛུགས་སྐྲུན་པ་དང་བློས་འཁེལ་བའི་རྒྱུད་འཛིན་པ་སྔར་བས་མང་བ་གསོ་སྐྱོང་བྱེད་དགོས།
ལྗོངས་དེ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པ་དང་། ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་དགེ་རྒན་དང་ལས་བཟོ། ནང་སའི་བོད་ལྗོངས་འཛིན་གྲྭའི (སློབ་གྲྭ )དགེ་རྒན་བཅས་ལ་དུས་ཆེན་སྤྲོ་པོ་ཡོང་བ་དང་། སྐུ་གཟུགས་བདེ་ཐང་། ལས་ཀ་བདེ་བླག ཁྱིམ་ཚང་བདེ་སྐྱིད་བཅས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།
ཀྲུང་གུང་བོད་རང་སྐྱོང་ལྗོངས་སློབ་གསོ་ལས་དོན་ཨུ་ལྷན།
བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས།
2009 ལོའི་ཟླ་ 9 ཚེས་ 8 ཉིན།