བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་ 7 ཚེས་ 2 ཉིན་གནས་ཚུལ་འབྱོར་གསལ། དབྱར་རྩྭ་དགུན་འབུ་ཉོ་འཚོང་གི་བྱེད་སྒོ་ཚད་ལྡན་དུ་བཏང་སྟེ་ཉོ་འཚོང་བྱེད་མཁན་ཕྱོགས་གཉིས་པོའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ་དང་དབྱར་རྩྭ་དགུན་འབུ་ཉོ་འཚོང་བྱེད་རྒྱུ་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ཉེ་ཆར་རང་ལྗོངས་ཀྱིས 《བོད་རང་སྐྱོང་ལྗོངས་ཀྱི་དབྱར་རྩྭ་དགུན་འབུ་ཉོ་འཚོང་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས 》བཏོན་ནས་དབྱར་རྩྭ་དགུན་འབུ་ཉོ་འཚོང་བྱེད་སྒོ་དང་ལྟ་སྐུལ་དོ་དམ་གྱི་ལས་དོན་ཐད་གཏན་འབེབས་བྱས་པ་རེད།
《བྱ་ཐབས 》ནང་རང་ལྗོངས་ཀྱི་དབྱར་རྩྭ་དགུན་འབུ་ཉོ་སྒྲུབ་བྱེད་པའི་ཐད་ཆོག་འཐུས་ལམ་ལུགས་ལག་བསྟར་བྱེད་རྒྱུ་ཡིན་ཞིང་། དབྱར་རྩྭ་དགུན་འབུ་ཉོ་སྒྲུབ་བྱེད་མཁན་ལ་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་ཞིབ་དཔྱད་བྱས་པ་བརྒྱུད་སྤྲད་པའི་དབྱར་རྩྭ་དགུན་འབུའི་རྣམ་གྲངས་གཉེར་སྐྱོང་བྱེད་ཆོག་པའི་གཉེར་སྐྱོང་ལག་ཁྱེར་དང་ཐོབ་ཐང་ངོ་སྤྲོད་ཡི་གེ་ནུས་ལྡན་དགོས་པ་དང་ཉོ་སྒྲུབ་བྱེད་མཁན་གྱིས་རྫོང (གྲོང་ཁྱེར་དང་ཆུས )དང་ཤང (གྲོང་རྡལ )མི་དམངས་སྲིད་གཞུང་གིས་དམིགས་འཛུགས་བྱས་པའི་ཉོ་འཚོང་ས་ཚིགས་སུ་དབྱར་རྩྭ་དགུན་འབུ་ཉོ་སྒྲུབ་བྱེད་པར་སྐྱོད་དགོས་པ་མ་ཟད་ས་གནས་སྲིད་གཞུང་གི་དོ་དམ་དང་ལེན་ཞུས་ཏེ་དབྱར་རྩྭ་དགུན་འབུ་ཉོ་འཚོང་བྱེད་དངུལ་དུས་ཐོག་ཏུ་གཙང་སྤྲོད་བྱེད་པ་ལས་ཉོ་སྒྲུབ་བྱེད་དངུལ་དུས་འགྱངས་བྱེད་མི་རུང་། ཞིང་འབྲོག་པས་དབྱར་རྩྭ་དགུན་འབུ་ཉོ་འཚོང་བྱེད་པར་གཉེར་སྐྱོང་ལག་ཁྱེར་དང་དབྱར་རྩྭ་དགུན་འབུ་ཉོ་སྒྲུབ་ཀྱི་ཆོག་འཐུས་ལག་ཁྱེར་གཉེར་དགོས། དབྱར་རྩྭ་དགུན་འབུ་འཚོང་མཁན་ལ་གཏན་འཇགས་ཀྱི་གཉེར་སྐྱོང་བྱེད་ཡུལ་དགོས་པ་མ་ཟད་ས་གནས་དེ་གའི་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་ཞིབ་དཔྱད་བྱས་པ་བརྒྱུད་སྤྲད་པའི་གཉེར་སྐྱོང་ལག་ཁྱེར་བླངས་ཏེ་ཉོ་འཚོང་རྩིས་ཐོ་དང་། ཟོག་འཐེན་ཞིབ་བཤེར་རྩིས་ལེན། སྤུས་ཚད་ཁས་ལེན་བཅས་ཀྱི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། ཞིང་འབྲོག་པས 《དབྱར་རྩྭ་དགུན་འབུ་འཐུ་བསྡུའི་ལག་འཁྱེར 》ལ་གཞིགས་ནས་མི་སྒེར་གྱིས་བཏུས་པའི་དབྱར་རྩྭ་དགུན་འབུ་ཚོང་ཆོག་པ་བཅས་ཀྱི་གཏན་འབེབས་བྱས་ཡོད། 《བྱ་ཐབས 》ནང་ད་དུང་དབྱར་རྩྭ་དགུན་འབུ་འཐུམ་སྒྲིལ་བྱེད་པར་གཏན་འབེབས་བྱས་ཏེ་འཐུམ་སྒྲིལ་རིགས་ཀྱི་དབྱར་རྩྭ་དགུན་འབུར་མཚོན་རྟགས་དགོས་པ་དང་དེ་བཞིན་དབྱར་རྩྭ་དགུན་འབུ་ངེས་པར་དུ་ངོ་མ་ཡིན་དགོས་པ་དང་འབྲེལ་བྲིན་འཚོང་ཚན་པ་དང་། གནས་ཡུལ། ཐོན་ཡུལ། ལྗིད་ཚད། འཐུ་བསྡུའི་ལོ་འཁོར། འཐུམ་སྒྲིལ་དུས་ཚོད། བདེ་འཇགས་བེད་སྤྱོད་ཀྱི་གསལ་བཤད་སོགས་རྒྱ་བོད་ཡིག་རིགས་གཉིས་ཀྱི་ཐོག་ནས་གསལ་པོ་འགོད་དགོས། ཁྲོམ་ར་གཉེར་མཁན་དང་། ཚོང་ཁང་ནང་འཚོང་མཁན། ཚོང་འདུས་གཉེར་མཁན་བཅས་ཀྱིས་ཁྲོམ་ར་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་དབྱར་རྩྭ་དགུན་འབུ་ཉོ་ཚོང་བྱེད་ཡུལ་གྱི་གཉེར་སྐྱོང་པར་དོ་དམ་དང་དབྱར་རྩྭ་དགུན་འབུའི་སྤུས་ཚད་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པའི་ཁར་གཉེར་སྐྱོང་པ་དང་སྤུས་ཚད་གྲོས་མཐུན་ཡི་གེ་བཞག་ནས་ཕྱོགས་གཉིས་པོའི་འགན་འཁྲི་གསལ་པོ་བཟོ་བ་དང་སྤུས་ཚད་ཁས་ལེན་བྱ་རྒྱུ་ཁྱབ་གདལ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
《བྱ་ཐབས 》ནང་རིམ་པ་ཁག་གི་མི་དམངས་སྲིད་གཞུང་ལ་ཞིང་འབྲོག་པར་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཞིང་འབྲོག་པའི་བཅའ་ཁྲིམས་ཀྱི་འདུ་ཤེས་དང་། ཁ་གདན་ཚིག་གནས་ཀྱི་འདུ་ཤེས། རང་གིས་རང་སྲུང་སྐྱོབ་བྱེད་པའི་འདུ་ཤེས་བཅས་ཆེ་རུ་གཏོང་དགོས་པ་དང་། བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་ལ་དབྱར་རྩྭ་དགུན་འབུ་ཉོ་ཚོང་བྱེད་རིང་ལག་ཁྱེར་མེད་པར་གཉེར་སྐྱོང་བྱེད་པ་དང་། དབང་ཚད་ལས་འགལ་ནས་གཉེར་སྐྱོང་བྱེད་པ། དེ་བཞིན་ཁྲོམ་རའི་སྒྲིག་ལམ་ལ་གཏོར་བཤིག་གཏོང་བ་དང་ཁྲིམས་འགལ་སྒྲིག་འགལ་བྱེད་པ་བཅས་ཀྱི་ཉོ་ཚོང་གི་བྱ་སྤྱོད་ལ་ཁྲིམས་ལུགས་ལྟར་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་པ། ཞིང་འབྲོག་སྲིད་འཛིན་གཙོ་གཉེར་སྡེ་ཚན་ལ་དབྱར་རྩྭ་དགུན་འབུ་ཉོ་སྒྲུབ་ཀྱི་བྱེད་སྒོ་དང་དེ་བཞིན་དབྱར་རྩྭ་དགུན་འབུ་ཉོ་སྒྲུབ་ཆོག་འཐུས་ཡི་གེ་སྤྲོད་ཚུལ་དང་བེད་སྤྱོད་བྱེད་ཚུལ་སོགས་ལ་ཁྲིམས་ལུགས་ལྟར་ལྟ་སྐུལ་ཞིབ་བཤེར་བྱས་ནས་ལག་འཁྱེར་མེད་པར་ཉོ་སྒྲུབ་བྱེད་པའི་བྱ་སྤྱོད་ལ་ཁྲིམས་ལུགས་ལྟར་ཞིབ་གཅོད་བྱེད་དགོས་པ། ཐོན་ཟོག་སྤུས་ཚད་དོ་དམ་སྡེ་ཚན་ལ་དབྱར་རྩྭ་དགུན་འབུ་ལས་སྣོན་བྱེད་པའི་བརྒྱུད་རིམ་ནང་རྫུས་མས་ངོ་མ་ཡིན་ཁུལ་བྱེད་པ་དང་། སྤུས་ཞན་གྱིས་སྤུས་དག་ཡིན་ཁུལ་བྱེད་པ། རྫུས་མ་དང་སྤུས་ཞན་མཉམ་དུ་བསྲེས་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལུགས་ལྟར་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།