སྲིད་གཞུང་ལས་དོན་སྐོར་གྱི་སྙན་སྒྲོན།
འཐུས་མི་རྣམ་པ་ཚོ།
ད་ལྟ་ངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་སྲིད་གཞུང་ལས་དོན་སྐོར་གྱི་སྙན་ཞུ་འབུལ་རྒྱུ་ཡིན་པས། གྲོས་ཞིབ་གནང་རོགས་ཞུ་རྒྱུ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་ཀྱང་དགོངས་འཆར་གནང་རོགས་ཞུ་རྒྱུ་ཡིན།
གཅིག 2008ལོར་བསྒྲུབས་པའི་ལས་དོན་ལ་ཕྱིར་མིག་བལྟས་པ།
2008ལོ་ནི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་ཡིན་ཞིང་། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ཐད་ལོ་རྒྱུས་ཐོག་ཐུག་མྱོང་ཧ་ཅང་དཀོན་པའི་འགྲན་སློང་དང་ཚོད་བགམ་ཐེག་པ་རེད། ཀྲུང་གོའི་གུང་ཁྲན་ཏང་གི་དབུ་ཁྲིད་འོག་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་དཀའ་བར་མ་འཛེམས་པར་མདུན་དུ་བསྐྱོད་པ་དང་དཔའ་ངར་ཞུམ་མེད་ཀྱིས་འབད་འཐབ་བྱས་ཏེ་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ལས་རྣམ་པར་རྒྱལ་ནས་བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་གྲུབ་འབྲས་གལ་ཆེན་གསར་པ་ཐོབ་པ་རེད།
རྒྱལ་དམངས་དཔལ་འབྱོར་བརྟན་པོའི་ངང་འཕར་སྣོན་མགྱོགས་ཙམ་འགྲོ་བ་མུ་མཐུད་ནས་རྒྱུན་འཁྱོངས་བྱས་ཡོད། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་30ལས་བརྒལ་ཞིང་། ལོ་གོང་མ་ལས་བརྒྱ་ཆ་9འཕར་བ་དང་། ཟོག་གོང་གི་སྤྱིའི་ཆུ་ཚད་འཕར་ཚད་ཚོད་འཛིན་བྱེད་ཐུབ་པ། ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར་ཁྲི་6.13ཟིན་ཞིང་བརྒྱ་ཆ་19.5འཕར་བ། འབྲུ་རིགས་ལོ་ལྔ་བསྟུད་མར་ཐོན་འཕར་བྱུང་ཞིང་ཐོན་ཚད་བསྡོམས་འབོར་ཏུན་ཁྲི་52850ཟིན་ཞིང་། ལོ་རྒྱུས་ཐོག་གི་ཆུ་ཚད་མཐོ་ཤོས་གསར་དུ་བསྐྲུན་པ་རེད།
བསྒྱུར་བཅོས་སྒོ་འབྱེད་ལ་སྐུལ་སྤེལ་གཏིང་ཟབ་པོ་བཏང་ཡོད། ནོར་ཁྲལ་དང་། དངུལ་རྩ། རིན་གོང་། སྲིད་འཛིན་དོ་དམ་ལ་སོགས་པའི་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་བསྒྱུར་བཅོས་ཐད་འགག་གནད་གསར་པ་བསྒྲོལ་བའི་གྲུབ་འབྲས་ཐོབ་པ་རེད། ཕྱིར་གཏོང་ནང་འདྲེན་གྱི་ཉོ་འཚོང་བྱས་གྲངས་བསྡོམས་འབོར་ཨ་སྒོར་དུང་ཕྱུར་ཁྲི་2.56ཟིན་ཞིང་བརྒྱ་ཆ་17.8འཕར་བ་དང་། དོན་དངོས་ཐོག་ཕྱི་རྒྱལ་གྱི་ཚོང་པས་ཐད་ཀར་བཞག་པའི་མ་དངུལ་ཨ་སྒོར་དུང་ཕྱུར་924བེད་སྤྱོད་བྱས་པ་རེད།
སྤྱི་ཚོགས་ཀྱི་བྱ་གཞག་གོང་འཕེལ་གང་མགྱོགས་བཏང་བ་དང་། མི་དམངས་ཀྱི་འཚོ་བ་ལེགས་སུ་སྔར་ལས་ལྷག་པ་ཕྱིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི་1113འཕར་སྣོན་གསར་པ་བྱུང་ཞིང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་ཀྱི་ལག་ཐོག་ཡོང་འབབ་སྒོར་15781ཟིན་པ་དང་། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་ཁེར་གཙང་སྒོར་4761ཟིན་ཞིང་། དོན་དངོས་ཐོག་སོ་སོར་བརྒྱ་ཆ་8.4དང་བརྒྱ་ཆ་8འཕར་བ་རེད།
དམིགས་བསལ་ཆེ་བའི་རང་བྱུང་གནོད་འཚེར་འགོག་རྒོལ་བྱེད་པར་ཕྱོགས་ཡོངས་ནས་རྒྱལ་ཁ་གལ་ཆེན་ཐོབ་པ་དང་། པེ་ཅིན་ཨོ་རྩལ་འགྲན་ཚོགས་དང་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ལེགས་འགྲུབ་ངང་འཛུགས་གཉེར་བྱས་ཤིང་། མི་བཞུགས་ལྷ་གྲུ་ཨང་བདུན་པ་འཇིག་རྟེན་ལ་འཕུར་སྐྱོད་ལེཌ་སྒྲུབ་བྱས་པ་རེད།
གོང་གསལ་གྲུབ་འབྲས་དེ་དག་ལས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག་ང་ཚོ་གོམ་སྟབས་གསར་པ་ཞིག་བརྟན་པོར་སྤོས་པ་གསལ་པོར་མཚོན་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་དཀའ་ངལ་ལས་རྣམ་པར་རྒྱལ་བའི་བློ་སྟོབས་དང་སྟོབས་ཤུགས་ཧ་ཅང་ཆེན་པོ་བསྐྱེད་པས། ལོ་རྒྱུས་ཀྱི་རྒྱང་སྐྱོད་བགྲོད་ལམ་གསར་པའི་ཐོག་ང་ཚོ་མུ་མཐུད་ནས་དཔའ་ངར་ཆེན་པོས་གོང་དུ་སྐྱོད་པར་སྐུལ་མ་ཐེབས་ངེས་རེད།
ལོ་གཅིག་གི་རིང་ལ་ང་ཚོས་བསྒྲུབས་པའི་ལས་དོན་གཙོ་བོ་གཤམ་གསལ།
(གཅིག ) སྤྱི་ཁོག་གི་དཔལ་འབྱོར་སྲིད་ཇུས་དུས་ཐོག་ཏུ་ཐག་ཆོད་པའི་ངང་ལེགས་སྒྲིག་བྱས་ནས་དཔལ་འབྱོར་འཕེལ་རྒྱས་བརྟན་ཞིང་མགྱོགས་ཙམ་ཡོང་བ་རྒྱུན་འཁྱོངས་གང་ཡོད་བྱས་ཡོད།
ང་ཚོས་སྤྱི་ཁོག་སྙོམས་སྒྲིག་བྱེད་པའི་ཁ་ཕྱོགས་དང་། གཙོ་གནད། བྱེད་ཤུགས། དལ་ལྷོད་འཚམ་པོ་ཡོང་བ་བཅས་ཡང་དག་འཛིན་པ་དང་། དཔལ་འབྱོར་འཕེལ་རྒྱས་བརྟན་ཞིང་མགྱོགས་ཙམ་ཡོང་བར་སྐུལ་སྤེལ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་ལག་ལེན་དུ་བསྟར་ནས། ཪྙོག་འཛིང་ཆེ་ཞིང་འགྱུར་བ་མང་བའི་གནས་བབ་འོག་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་གྱི་གནོད་རྐྱེན་ཚབས་ཆེན་ལ་ཁ་གཏད་ཧུར་ཐག་འཇལ་བ་དང་། སྙོམས་སྒྲིག་བྱ་རྒྱུའི་སྔོན་དཔག་གི་རང་བཞིན་དང་། དམིགས་སའི་རང་བཞིན། ནུས་ལྡན་རང་བཞིན་བཅས་ཆེ་རུ་ཧུར་ཐག་བཏང་ཡོད། ལོ་དཀྱིལ་དུ་རྒྱལ་སྤྱིའི་ནུས་ཁུངས་དང་འབྲུ་རིགས་ཀྱི་རིན་གོང་ཆེ་བར་གནས་པ་དང་། འཛམ་གླིང་གི་དཔལ་འབྱོར་འཕར་ཚད་དལ་དུ་སོང་བའི་གནས་ཚུལ་འོག མཚོ་རྒྱུད་ས་ཁུལ་དུ་ཕྱིར་གཏོང་བྱས་གྲངས་ཉུང་དུ་སོང་བ་དང་། དཔལ་འབྱོར་འཕར་ཚད་དམའ་རུ་སོང་བའི་གནས་ཚུལ་འབྱུང་འགོ་ཚུགས་པར་དམིགས་ནས། སྤྱི་ཁོག་སྙོམས་སྒྲིག་བྱ་རྒྱུའི་ལས་འགན་ཨང་དང་པོ་དེ། དུས་ཐོག་ཏུ་“དཔལ་འབྱོར་འཕེལ་རྒྱས་བརྟན་ཞིང་མགྱོགས་ཙམ་འགྲོ་བ་རྒྱུན་འཁྱོངས་བྱ་རྒྱུ་དང་། ཟོག་གོང་འཕར་ཚད་མགྱོགས་དྲགས་པར་ཚོད་འཛིན་བྱ་རྒྱུར ”ལེགས་སྒྲིག་བྱས་པ་མ་ཟད། དམིགས་སའི་རང་བཞིན་ལྡན་པའི་ནོར་ཁྲལ་དང་དངུལ་རྩའི་བྱེད་ཐབས་ཁ་ཤས་ཀྱང་ལག་ལེན་དུ་བསྟར་ཡོད། ཟླ་9པའི་རྗེས་སུ་རྒྱལ་སྤྱིའི་དཔལ་འབྱོར་གནས་བབ་གློ་བུར་དུ་འཕེལ་ཕྱོགས་གྱུར་ནས་འཕེལ་བས། རང་རྒྱལ་ལ་གནོད་རྐྱེན་མངོན་གསལ་ཆེ་རུ་སོང་བར་ང་ཚོས་ཐག་ཆོད་པའི་བྱེད་ཐབས་སྤྱད་ནས་སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་ཕྱོགས་དེ་དཔལ་འབྱོར་ཆག་ཚད་མགྱོགས་དྲགས་པར་སྔོན་འགོག་བྱེད་པར་བསྒྱུར་ནས། དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་དང་ལྷུག་པོ་འོས་འཚམས་ལྡན་པའི་དངུལ་ལོར་སྲིད་ཇུས་ལག་ལེན་དུ་བསྟར་ནས། ཕྱིར་གཏོང་ཁྲལ་དངུལ་བསློགས་ཚད་ཐེངས་གསུམ་སྤར་བ་དང་། དངུལ་རྩའི་ལས་ཁུངས་ཀྱི་དངུལ་བཅོལ་དངུལ་བུན་གཏོང་ལེན་གྱི་གཞི་འཛིན་སའི་སྐྱེད་ཀའི་ཚད་དམའ་རུ་ཐེངས་ལྔ་བཏང་བ། བཅོལ་དངུལ་གྲབས་གསོག་བྱེད་ཚད་དམའ་རུ་ཐེངས་བཞི་བཏང་བ། གསོག་འཇོག་དངུལ་བཅོལ་སྐྱེད་ཀའི་མི་སྒེར་གྱི་ཐོབ་ཁྲལ་གནས་སྐབས་རྩ་ཆག་བཏང་བ། དངུལ་འཛིན་ཉོ་ཚོང་གི་སྦྱར་ཁྲལ་དམའ་རུ་བཏང་བ། སྡོད་ཁང་ཉོ་ཚོང་གི་ཁྲལ་གྲོན་དམའ་རུ་བཏང་བ། ཁེ་ལས་འབྲིང་ཆུང་ལ་ཡིད་རྟོན་དངུལ་བུན་བཏང་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་བཅས་རེད། ལག་ལེན་མགྱོགས་པོ་བསྟར་བ་དང་། ལག་བསྟར་ཤུགས་ཆེན་བྱེད་པ། བྱེད་ཐབས་གནད་ལ་འཕིགས་པ། ལས་དོན་དངོས་སུ་སྒྲུབ་པ་བཅས་ཀྱི་བླང་བྱ་ལྟར་ནང་མཁོ་སྔར་ལས་ཆེ་རུ་གཏོང་བ་དང་། དཔལ་འབྱོར་འཕར་སྣོན་འགྲོ་བར་སྐུལ་སྤེལ་གཏོང་བའི་བྱེད་ཐབས་བཅུ་མགྱོགས་མྱུར་སྤེལ་ཏེ། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ནས་དོན་ཐོག་ཏུ་འཁྱོལ་ཐབས་བྱས་པ་དང་། གཅིག་རྗེས་གཉིས་མཐུད་ཀྱིས་དངུལ་རྩས་དཔལ་འབྱོར་གོང་དུ་སྤེལ་བར་རྒྱབ་སྐྱོར་བྱེད་པ་དང་། ཡང་འཁེལ་བཟོ་ལས་སྐྱོན་བྲལ་ངང་གོང་འཕེལ་འགྲོ་བར་སྐུལ་སྤེལ་གཏོང་བ། ས་ཁང་བདག་ཁོངས་ཚོང་ར་སྐྱོན་བྲལ་ངང་གོང་འཕེལ་འགྲོ་བར་སྐུལ་སྤེལ་གཏོང་བ། འཁོར་རྒྱུག་འཁྲུག་ཏུ་གཏོང་བ་དང་འཛད་སྤྱོད་རྒྱ་བསྐྱེད་བཏང་ནས་ཕྱི་ཕྱོགས་ཉོ་ཚོང་བརྟན་པོའི་ངང་འཕར་སྣོན་གཏོང་བ། ལས་ཞུགས་བྱས་གྲངས་བརྟན་པོར་འཕར་བ་ལ་སོགས་པའི་སྲིད་ཇུས་དང་བྱེད་ཐབས་དངོས་སུ་བཏོན་པ་དང་། གཙོ་གནད་ཐོན་ལས་ལེགས་སྒྲིག་དང་དར་སྤེལ་གཏོང་རྒྱུའི་འཆར་འགོད་བཟོ་འགོད་གང་མགྱོགས་བྱས་ཡོད། དཔལ་འབྱོར་འཁོར་སྐྱོད་བྱེད་པའི་ཁྲོད་དུ་གནས་པའི་འགལ་བ་འབུར་ཐོན་ཞི་ལྷོད་དུ་འགྲོ་བ་དང་། ཡིད་ཆེས་ཆེ་རུ་འགྲོ་བ། སྔོན་དཔག་བརྟན་པོ་ཡོང་བ། དཔལ་འབྱོར་འཕེལ་རྒྱས་བརྟན་ཅིང་མགྱོགས་ཙམ་ཡོང་བ་རྒྱུན་འཁྱོངས་བྱེད་པ་བཅས་ཀྱི་བྱེད་ཐབས་དེ་དག་གིས་གལ་འགངས་ཧ་ཅང་ཆེ་བའི་ནུས་པ་འདོན་སྤེལ་བྱས་ཡོད།
“ཞིང་གསུམ་”གྱི་ལས་ཀར་ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཤུགས་སྣོན་བརྒྱབ་ཡོད། ལོ་ཧྲིལ་པོར་ཀྲུང་དབྱང་ནོར་སྲིད་ནས་“ཞིང་གསུམ་”ལ་སྤྱོད་པའི་མ་དངུལ་སྒོར་དུང་ཕྱུར་5955བཏང་བ་དང་། ལོ་གོང་མ་ལས་སྒོར་དུང་ཕྱུར་1637འཕར་སྣོན་བྱུང་ཞིང་། བརྒྱ་ཆ་37.9འཕར་ཡོད། དེའི་ནང་འབྲུ་རིགས་འདེབས་མཁན་ལ་ཐད་ཀར་ཁ་གསབ་དང་། ཞིང་སྤྱོད་དངོས་རྫས་ལ་ཕྱོགས་བསྡུས་ཁ་གསབ། སོན་བཟང་འདེབས་གསོ་བྱེད་པར་ཁ་གསབ། ཞིང་ལས་འཕྲུལ་ཆས་དང་ཡོ་བྱད་ཉོ་སྒྲུབ་བྱེད་པར་ཁ་གསབ་བཅས་སྤྲོད་བྱེད་དུ་བཏང་བའི་མ་དངུལ་སྒོར་དུང་ཕྱུར་1030ཟིན་ཞིང་། ལོ་གོང་མ་ལས་ལྡབ་གཅིག་འཕར་བ་རེད། འབྲུ་རིགས་ཀྱི་མ་མཐའི་ཉོ་སྒྲུབ་རིན་གོང་མཐོ་རུ་ཆེ་ཙམ་ཐེངས་གསུམ་བཏང་ཞིང་། རིན་གོང་སྤར་ཚད་བརྒྱ་ཆ་20ལས་བརྒལ་བ་རེད། ཞིང་ལས་ཐོན་རྫས་གཙོ་བོ་གནས་སྐབས་གསོག་ཉར་སྲིད་ཇུས་ལག་ལེན་བསྟར་བ་དང་། རྨོ་ཞིང་སྲུང་སྐྱོང་དང་ཞིང་ཁའི་ཆུ་བེད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་ཆེ་རུ་བཏང་བ་རེད། ཕག་པ་དང་། སྣུམ་རྒྱུ། དཀར་ཆུ་བཅས་འཕེལ་རྒྱས་གཏོང་བར་རོགས་སྐྱོར་བྱས་ཡོད། ཞིང་པའི་ཧུར་བརྩོན་བྱེད་སེམས་སྲུང་སྐྱོང་དང་སྐུལ་སློང་བྱེད་པ་དང་། ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་བྱེད་པར་འགན་སྲུང་བྱེད་པ། ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་བ་བྱེད་པ་སོགས་ཀྱི་ཐད་སྲིད་ཇུས་དང་བྱེད་ཐབས་དེ་དག་གིས་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ཁྱོན་ཡོངས་བརྟན་པོ་ཡོང་བར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱས་ཡོད།
རང་བརྟེན་གསར་གཏོད་དང་དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་ལ་བློ་བརྟན་འགྱུར་མེད་ཀྱིས་སྐུལ་སྤེལ་བཏང་ཡོད། རྒྱལ་ཁབ་ཀྱི་ཚན་རྩལ་ཆེད་གཉེར་རྣམ་གྲངས་16ལག་ལེན་བསྟར་བ་དང་། ཆ་འཕྲིན་དང་། སྐྱེ་དངོས། ཁོར་ཡུག་སྲུང་སྐྱོང་ལ་སོགས་པའི་ཁྱབ་ཁོངས་སུ་རྒྱལ་ཁབ་ཀྱི་ལས་གྲྭའི་ལྟེ་གནས་དང་། གཙོ་གནད་ཚོད་ལྟ་ཁང་། ཁེ་ལས་ལག་རྩལ་ལྟེ་གནས་བཅས་ཁག་ཅིག་གསར་སྐྲུན་བྱས་ཡོད། མཁའ་ལམ་ཡན་ལག་ཏུ་འཕུར་སྐྱོད་བྱེད་པའི་གནམ་གྲུ་དང་། ནུས་ཁུངས་གསར་པ་སྤྱོད་པའི་རླངས་འཁོར། མྱུར་བགྲོད་ལྕགས་ལམ་ལ་སོགས་པའི་འགག་རྩའི་ལག་རྩལ་དང་སྒྲིག་ཆས་གལ་ཆེན་ཁག་ཅིག་ལེགས་འགྲུབ་ངང་ཞིབ་འཇུག་གིས་གསར་གཏོད་བྱས་ཡོད། ཀྲུང་དབྱང་ནོར་སྲིད་ནས་ཚན་རྩལ་ཐད་མ་དངུལ་སྒོར་དུང་ཕྱུར་1163བཏང་བས་བརྒྱ་ཆ་16.4འཕར་ཡོད། གློག་འཕྲིན་དང་མཁའ་འགྲུལ་ལ་སོགས་པའི་ལས་རིགས་བསྐྱར་སྒྲིག་བྱེད་པའི་ཐད་གོམ་སྟབས་ཆེན་པོ་སྤོས་པ་དང་། རྗེས་ལུས་ཐེབས་པའི་ཐོན་སྐྱེད་ནུས་ཤུགས་མུ་མཐུད་ནས་དོར་ཞིང་། ལོ་ཧྲིལ་པོར་གློག་ཤུགས་སྟོང་ཝ་ཁྲི་1669ཟིན་པའི་མེ་ཤུགས་གློག་འདོན་ཁང་ཆུང་གྲས་སྒོ་བརྒྱབ་ནས་གློག་འདོན་མཚམས་བཞག་པ་དང་། རྡོ་སོལ་གཏེར་ཁ་ཆུང་གྲས་1054ཡི་སྒོ་བརྒྱབ་པ་རེད། རྨང་གཞིའི་སྒྲིག་བཀོད་དང་རྨང་གཞིའི་ཐོན་ལས་ལ་མ་དངུལ་འཇོག་ཤུགས་ཆེ་རུ་བཏང་ནས་ནུས་པའི་འབྱུང་ཁུངས་དང་། འགྲིམ་འགྲུལ། ཆུ་བེད་ལ་སོགས་པའི་ཐད་གནད་ཆེའི་རྣམ་གྲངས་ཁག་ཅིག་འཛུགས་སྐྲུན་བྱས་པ་དང་ལས་འགོ་ཚུགས་ཡོད། ས་ཁོངས་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་ཀྱི་འཐབ་ཇུས་ལ་སྐུལ་སྤེལ་ཏན་ཏིག་བཏང་ནས་ས་ཁོངས་དཔལ་འབྱོར་གོང་དུ་སྤེལ་བའི་མཐུན་སྦྱོར་གྱི་རང་བཞིན་སྔར་ལས་ཆེ་རུ་སོང་ཡོད།
ནུས་ཁུངས་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་སྤེལ་བཏང་ཡོད། ཀྲུང་དབྱང་ནོར་སྲིད་ནས་མ་དངུལ་སྒོར་དུང་ཕྱུར་423བཀོད་སྒྲིག་བྱས་ནས། གནད་ཆེའི་ནུས་ཁུངས་གྲོན་ཆུང་ལས་གྲྭ་དང་ཁོར་ཡུག་སྲུང་སྐྱོང་གི་བཀོད་སྒྲིག་ལ་སོགས་པའི་འཛུགས་སྐྲུན་རྣམ་གྲངས་ཆེན་པོ་བཅུར་རྒྱབ་སྐྱོར་བྱས་ཡོད། རྒྱལ་ཡོངས་སུ་གྲོང་ཁྱེར་གྱི་ཉིན་རེའི་བཙོག་ཆུ་གཙང་སྒྱུར་བྱེད་ནུས་ཏུན་ཁྲི་1149གསར་དུ་འཕར་བ་དང་། རྡོ་སོལ་གྱི་མུ་ཟི་སེལ་བའི་འཕྲུལ་འཁོར་སྒྲིག་སྦྱོར་མ་ལག་ཤོང་ཚད་སྟོང་ཝ་ཁྲི་9712གསར་དུ་འཕར་ཡོད། རྩིས་གཞི་རེའི་རྒྱལ་ནང་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་གྱི་ནུས་ཁུངས་ཟད་ཚད་བརྒྱ་ཆ་4.59ཆག་པ་དང་། རྫས་འགྱུར་ལ་དབྱང་རླུང་མཁོ་ཚད་དང་། དབྱང་གཉིས་མུ་ཟི་འགྱུར་རྫས་འབུད་ཚད་སོ་སོར་བརྒྱ་ཆ་4.42དང་བརྒྱ་ཆ་5.95ཉུང་དུ་སོང་ཡོད། ཉེ་བའི་ལོ་གསུམ་རིང་བསྡོམས་རྩིས་བྱས་པ་ལྟར་ན། རྩིས་གཞི་རེའི་རྒྱལ་ནང་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་གྱི་ནུས་ཁུངས་ཟད་ཚད་བརྒྱ་ཆ་10.08ཆག་པ་དང་། རྫས་འགྱུར་ལ་དབྱང་རླུང་མཁོ་ཚད་དང་། དབྱང་གཉིས་མུ་ཟི་འགྱུར་རྫས་འབུད་ཚད་སོ་སོར་བརྒྱ་ཆ་6.61དང་བརྒྱ་ཆ་8.95ཉུང་དུ་སོང་ཡོད། ཞིང་དོར་ནགས་གསོ་རྩྭ་འདེབས་བྱས་པའི་གྲུབ་འབྲས་སྲ་བརྟན་དུ་བཏང་བ་དང་། རང་བྱུང་ནགས་ཚལ་དང་། མཚོ་སྔོན་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སོགས་པའི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གྲྭར་སྐུལ་སྤེལ་བཏང་ཡོད། ཆུ་བོ་འབབ་རྒྱུད་གཙོ་བོ་དང་ས་ཁོངས་ཀྱི་ཆུའི་སྦགས་བཙོག་འགོག་བཅོས་འཆར་འགོད་ལག་ལེན་དུ་བསྟར་བ་དང་། 《གནམ་གཤིས་འགྱུར་བར་ཀྲུང་གོས་ཁ་གཏད་འཇལ་བའི་སྲིད་ཇུས་དང་བྱ་སྤྱོད་》ཞེས་པའི་རྒྱབ་ཤ་དཀར་པོའི་དཔེ་དེབ་འགྲེམས་སྤེལ་བྱས་ཡོད།
(གཉིས། ) དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་གཅིག་གྱུར་གྱིས་འཆར་འགོད་བྱས་ནས་དམངས་འཚོ་ལེགས་བཅོས་བྱ་རྒྱུ་གཙོ་གནད་དུ་བཟུང་བའི་སྤྱི་ཚོགས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཡོད།
ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ལས་དོན་ལ་ཤུགས་སྣོན་སྔར་ལས་ལྷག་པར་བརྒྱབ་ཡོད། ལས་ཞུགས་སྐུལ་སྤེལ་བཏང་ནས་ལས་ལམ་གསར་འབྱེད་ཀྱིས་ལས་ཞུགས་སྐུལ་ཁྲིད་བྱེད་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ཞིང་། མ་མཐའི་གླ་ཕོགས་ལམ་ལུགས་དོན་འཁྱོལ་བྱས་ཡོད། སྤྱི་ཚོགས་འགན་བཅོལ་སྣ་ཚོགས་ཀྱི་ཁེབས་ཚད་མུ་མཐུད་རྒྱ་བསྐྱེད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པ་རྣམས་གཞི་རྩའི་རྒན་གསོའི་འགན་བཅོལ་དང་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་མི་གྲངས་སོ་སོ་ཁྲི་1753དང་ཁྲི་2028འཕར་སྣོན་བྱུང་ཞིང་། ལས་ཤོར་དང་། ལས་རྨས། བུ་བཙའ་བཅས་ཀྱི་འགན་བཅོལ་ནང་ཞུགས་པའི་མི་གྲངས་མུ་མཐུད་མང་དུ་ཕྱིན་ཡོད། ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་མི་སྣའི་རྒན་གསོའི་འཚོ་དངུལ་ཟླ་རེར་མི་རེར་སྒོར་110འཕར་སྣོན་བཏང་ཡོད། བྱ་ལས་སྡེ་ཚན་གྱི་གཞི་རྩའི་རྒན་གསོའི་འགན་བཅོལ་ལམ་ལུགས་བསྒྱུར་བཅོས་བྱེད་པའི་ཚོད་ལྟ་བྱེད་འགོ་ཚུགས་པ་དང་། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པ་འཛུགས་རྒྱུ་འཚོལ་ཞིབ་ཧུར་ཐག་བྱས་ཤིང་། ཞིང་པ་ལས་མི་དང་ས་ཞིང་བསྡུ་ལེན་བྱས་པའི་ཞིང་པའི་སྤྱི་ཚོགས་འགན་སྲུང་ལས་དོན་བརྟན་པོའི་ངང་སྐུལ་སྤེལ་བྱས་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བ་འགན་སྲུང་ལམ་ལུགས་འཛུགས་སྤེལ་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ནས། རོགས་སྐྱོབ་ཐོབ་པའི་མི་གྲངས་ཁྲི་6619ཟིན་ཡོད། ཡོང་འབབ་དམའ་བའི་མི་ཚོགས་དང་སློབ་གྲྭ་ཆེན་མོའི་སློབ་མའི་འཚོ་བའི་ཁ་གསབ་རོགས་དངུལ་དུས་ཐོག་ཏུ་འཕར་སྣོན་བཏང་ཞིང་། གཟིགས་སྐྱོང་བྱ་ཡུལ་གཙོ་བོའི་གུན་གསབ་གཟིགས་སྐྱོང་གི་ཚད་གཞི་མཐོ་རུ་ཆེན་པོ་བཏང་ཡོད། འགན་སྲུང་གི་རང་བཞིན་ལྡན་པའི་སྡོད་ཁང་འཛུགས་སྐྲུན་དང་སྤྱིལ་ཁྱིམ་ཁུལ་བསྒྱུར་བཀོད་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཡོང་འབབ་དམའ་བའི་མང་ཚོགས་ཀྱི་སྡོད་ཁང་དཀའ་ངལ་ཆེ་བའི་གནད་དོན་ཞི་ལྷོད་དུ་ཚད་ངེས་ཅན་བཏང་ཞིང་། གྲོང་གསེབ་ཀྱི་མི་གྲངས་ཁྲི་4800ལྷག་གི་གནོད་མེད་འཐུང་ཆུའི་དཀའ་ངལ་བསལ་ཡོད།
སློབ་གསོ་དྲང་སྙོམས་ཡོང་བར་སྐུལ་སྤེལ་གཏོང་བའི་ཐད་འཕེལ་རྒྱས་གསར་པ་བྱུང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཏུ་ཕྱོགས་ཡོངས་ནས་སློབ་རིན་མི་དགོས་པའི་འོས་འགན་སློབ་གསོ་ལག་ལེན་དུ་བསྟར་བ་དང་། གྲོང་གསེབ་ཀུན་གྱི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མར་རིན་དོད་མི་དགོས་པའི་སློབ་དེབ་མཁོ་སྤྲོད་བྱས་ཡོད། དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་སློབ་གྲྭའི་ཁང་པ་ཉམས་གསོའི་ཚད་གཞི་མཐོ་རུ་བཏང་ཞིང་། རྒྱལ་ཁབ་ནོར་སྲིད་ནས་སྒོར་དུང་ཕྱུར་32.5བཀོད་སྒྲིག་བྱས་ནས་བྱང་ཕྱོགས་གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་དྲོད་ལེན་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཡོད། ལས་རིགས་སློབ་གསོ་འཕེལ་རྒྱས་མགྱོགས་སུ་བཏང་བ་དང་། རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་དངུལ་སྤྲོད་པའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་ཞིང་། ཀྲུང་དབྱང་ནོར་སྲིད་ནས་སྒོར་དུང་ཕྱུར་223བཏང་བ་དང་། ས་གནས་ནོར་སྲིད་ཀྱིས་ཀྱང་མ་དངུལ་གཏོང་གྲངས་མང་དུ་བཏང་བས། རོགས་སྐྱོར་ཐོབ་པའི་སློབ་མ་ཁྲི་2000ལས་བརྒལ་བ་རེད། འབྲིང་རིམ་ལས་རིགས་སློབ་གྲྭའི་གྲོང་ཁྱེར་གྱི་དཔལ་འབྱོར་ཐད་དཀའ་ངལ་ཆེ་བའི་ཁྱིམ་ཚང་དང་གྲོང་གསེབ་ཀྱི་སློབ་མར་སློབ་ཞུགས་རོགས་དངུལ་མཁོ་སྤྲོད་བྱས་ཤིང་། ལོ་རེར་མི་རེར་སྒོར་1500རེ་སྤྲད་པས། སློབ་སྡོད་སློབ་མ་བརྒྱ་ཆ་90ལ་ཕན་ཐོགས་བྱུང་ཡོད།
སྨན་བཅོས་འཕྲོད་བསྟེན་བསྒྱུར་བཅོས་དང་འཕེལ་རྒྱས་བརྟན་པོ་ཡོང་བར་སྐུལ་འདེད་བཏང་ཡོད། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པའི་ནང་ཞུགས་པའི་མི་གྲངས་དུང་ཕྱུར་8.14ཟིན་པས། དེའི་ནང་ཞུགས་ཚད་བརྒྱ་ཆ་91.5ཟིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཚོད་ལྟ་བྱེད་མཁན་གྲོང་ཁྱེར་དེ་ལོ་སྔོན་མར་88ཡིན་པས་317བར་འཕར་ཞིང་། འགན་བཅོལ་ནང་ཞུགས་པའི་མི་གྲངས་ཁྲི་7359འཕར་བ་དང་། ཁྱོན་བསྡོམས་མི་གྲངས་དུང་ཕྱུར་1.17ཟིན་ཡོད། གྲོང་ཁྱེར་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྲུན་ཐད་འཕེལ་རྒྱས་གལ་ཆེན་བྱུང་བ་དང་། གྲོང་གསེབ་ཀྱི་འཆར་ལྡན་བུ་བཙའི་ཁྱིམ་དུད་ལ་བྱ་དགའ་སྤྲོད་པ་དང་རོགས་སྐྱོར་བྱེད་པའི་ལམ་ལུགས་དང་ཕྲུ་གུ་ཉུང་བཙའ་མྱུར་ཕྱུག་ལས་དོན་ལག་བསྟར་བྱེད་པའི་ཁྱབ་ཁོངས་མུ་མཐུད་རྒྱ་བསྐྱེད་བཏང་ཡོད།
རིག་གནས་དང་ལུས་རྩལ་བྱ་གཞག་འཕེལ་རྒྱས་གང་མགྱོགས་བཏང་ཡོད། སྤྱི་པའི་རིག་གནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ་དང་། རིག་གནས་ཐོན་ལས་འཕེལ་རྒྱས་མགྱོགས་པོ་བཏང་ནས་རིག་གནས་སྒྲིག་སྲོལ་བསྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་དུ་སྤེལ་ཡོད། ཤུགས་གང་ཡོད་བཏོན་ནས་ཁྱད་ཆོས་ལྡན་ཞིང་ཆུ་ཚད་མཐོ་བའི་པེ་ཅིན་ཨོ་རྩལ་འགྲན་ཚོགས་དང་དབང་སྐྱོན་ཨོ་་རྩལ་འགྲན་ཚོགས་གཉེར་སྐྱོང་བྱས་ཤིང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་བརྒྱའི་རྨི་ལམ་མངོན་འགྱུར་བྱུང་བ་དང་། ཀྲུང་གོའི་ལུས་རྩལ་པ་རྣམས་ཀྱིས་སྙིང་རུས་ཆེན་པོས་བརྩོན་ལེན་བྱས་ནས་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་པས། རྒྱལ་ཡོངས་མི་དམངས་ཀྱི་རྒྱལ་གཅེས་ཀྱི་སྤྲོ་སེམས་སྐུལ་སློང་ཧ་ཅང་ཆེན་པོ་བྱུང་སྟེ་མི་རིགས་གོང་བུ་འགྲིལ་ཤུགས་ཆེ་རུ་ཕྱིན་ཡོད།
དམངས་གཙོ་དང་ཁྲིམས་ལུགས་འཛུགས་སྤེལ་བྱེད་ཤུགས་མུ་མཐུད་ནས་ཆེ་རུ་བཏང་ཡོད། གཞི་རིམ་གྱི་དམངས་གཙོའི་ལམ་ལུགས་སྔར་ལས་འཐུས་སྒོ་ཚང་དུ་བཏང་ཞིང་། ཁྲིམས་ལྟར་སྲིད་འཛིན་བྱེད་པར་སྐུལ་སྤེལ་གཏིང་ཟབ་པོ་བཏང་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་ཚོགས་འགན་བཅོལ་སྐོར་གྱི་བཅའ་ཁྲིམས་དང་། ཡོམ་འགོག་གནོད་སེལ་བྱ་རྒྱུའི་སྐོར་གྱི་བཅའ་ཁྲིམས་སོགས་བཅའ་ཁྲིམས་སྐོར་གྱི་གྲོས་གཞི་8རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་ལ་ཕུལ་ནས་གྲོས་ཞིབ་གནང་ཞིང་། སྲིད་འཛིན་ཁྲིམས་སྲོལ་30བཟོས་པའམ་ཡང་ན་བཟོ་བཅོས་བརྒྱབ་ཡོད། སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱ་རྒྱུའི་སྲོལ་ཡིག་སྒོ་ཀུན་ནས་ལག་ལེན་དུ་བསྟར་བ་དང་། སྤྱི་ཚོགས་བདེ་འཇགས་ཡོང་བའི་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་བརྒྱབ་ཅིང་། ཁ་ཕྲལ་ལ་ངོ་རྒོལ་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་ནས་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱས་ཡོད། མི་རིགས་དང་། ཆོས་ལུགས། ཕྱིར་སྡོད་རང་མི་བཅས་པའི་ལས་དོན་ལ་ཤུགས་སྣོན་སྔར་ལས་ལྷག་པར་བརྒྱབ་ཡོད།
(གསུམ། ) བསྒྱུར་བཅོས་སྒོ་འབྱེད་སྐུལ་སྤེལ་ཧུར་ཐག་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་དང་སྒུལ་ཤུགས་གསར་པ་བསྣན་ཡོད།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བསྒྱུར་བཅོས་གཞི་རྩའི་ཐོག་ནས་བསྒྲུབས་པ་དང་། ས་གནས་ཀྱི་སྒྲིག་གཞི་བསྒྱུར་བཅོས་སྐུལ་སྤེལ་བརྟན་པོ་བཏང་ཡོད། གྲོང་གསེབ་ཀྱི་ཕྱོགས་བསྡུས་བསྒྱུར་བཅོས་མུ་མཐུད་ཟབ་ཏུ་སྤེལ་ནས་ཐུན་མོང་གི་ནགས་ཚལ་བདག་དབང་ལམ་ལུགས་བསྒྱུར་བཅོས་ཕྱོགས་ཡོངས་ནས་སྤེལ་ཞིང་། རྒྱལ་དབང་ཁེ་ལས་བསྒྱུར་བཅོས་རྒྱུན་ཆད་མེད་པར་ཟབ་སྤེལ་བྱས་ཡོད། ཀྲུང་གོའི་ཞིང་ལས་དངུལ་ཁང་དང་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་མ་རྐང་ལམ་ལུགས་བསྒྱུར་བཅོས་བདེ་བླག་ངང་སྤེལ་བ་དང་། ཁེ་ལས་ཀྱི་ཐོབ་ཁྲལ་སྐོར་གྱི་བཅའ་ཁྲིམས་གསར་པ་ལག་ལེན་དུ་བསྟར་ཞིང་། ཕྱི་རྒྱལ་དང་རང་རྒྱལ་གྱིས་མ་དངུལ་བཞག་པའི་ཁེ་ལས་དང་མི་སྒེར་གྱི་ས་ཁང་བདག་ཁོངས་ཀྱི་ཁྲལ་བསྡུའི་ལམ་ལུགས་གཅིག་གྱུར་བཟོས་ཡོད། ལོ་མང་རིང་ནང་མོལ་བྱས་པའི་སྣུམ་གྲུབ་མའི་རིན་གོང་དང་ཁྲལ་གྲོན་བསྡུ་ཐབས་བསྒྱུར་བཅོས་བདེ་བླག་ངང་སྤེལ་འགོ་ཚུགས་ཤིང་། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བསྒྱུར་བཅོས་ཇུས་གཞི་གཏན་འབེབས་བྱས་པ་མ་ཟད་ཡོངས་ཁྱབ་ཏུ་བསམ་འཆར་བསྡུ་ལེན་བྱས་ཡོད། སྒྲིག་སྲོལ་དང་ནང་རྐྱེན་གསར་གཏོད་བྱས་པ་དེས་ཡུན་རིང་འཕེལ་རྒྱས་གཏོང་བར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད།
ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་ཆུ་ཚད་མུ་མཐུད་ནས་མཐོ་རུ་བཏང་ཡོད། སྤུས་དག་ལ་བརྟེན་ནས་རྒྱལ་ཁ་ལེན་པ་དང་ཕྱིར་གཏོང་ཚོང་ར་སྣེ་མང་ཅན་དུ་སྒྱུར་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཡོད། ཚན་རྩལ་ལ་བརྟེན་ནས་ཉོ་ཚོང་དར་སྤེལ་དང་གསར་གཏོད་བྱེད་པའི་རྟེན་གཞི་གསར་པ་དང་ཞབས་ཞུ་ཕྱི་ཕྱོགས་ལ་འགན་གཙང་སྤྲོད་པའི་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས། རང་བདག་གི་ཚོང་རྟགས་གྲགས་ཅན་དང་རང་བདག་གི་ཤེས་ཡོན་ཐོན་དངོས་བདག་དབང་གི་ཐོན་རྫས་ཕྱིར་གཏོང་བྱེད་པར་རྒྱབ་སྐྱོར་བྱས་ཡོད། ལས་སྣོན་དང་ཉོ་ཚོང་སྲིད་ཇུས་མ་ལག་འཐུས་ཚང་དུ་བཏང་ཞིང་། ཞབས་ཞུའི་ལས་རིགས་ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱ་བརྟན་པོའི་ངང་ཆེ་རུ་བཏང་ནས་ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་ཕྱོགས་ལ་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ཡོད། ཕྱི་ཕྱོགས་དང་དཔལ་འབྱོར་ལག་རྩལ་མཉམ་ལས་གསར་པ་བྱེད་པའི་ཆེད་སྤྱོད་མ་དངུལ་སྡེབ་སྒྲིག་བྱས་ཤིང་། ཕྱི་ཕྱོགས་ལ་ལས་གྲྭ་སྒྲུབ་འགན་གཙང་སྤྲོད་བྱེད་པའི་དོ་དམ་སྲོལ་ཡིག་ཁྱབ་བསྒྲགས་དང་། ཕྱི་ཕྱོགས་དང་ངལ་ལས་མཉམ་ལས་བྱེད་པའི་དོ་དམ་སྒྲིག་སྲོལ་མཐུན་སྦྱོར་བྱས་ཡོད། མངའ་ཁོངས་ཕྱིའི་ནུས་ཁུངས་དང་ཐོན་ཁུངས་མཉམ་ལས་བྱེད་པར་སྐུལ་སྤེལ་ཧུར་ཐག་གཏོང་བ་དང་། ཁེ་ལས་ཀྱི་“ཕྱིར་སྐྱོད་པའི་”གོམ་སྟབས་མགྱོགས་སུ་བཏང་བས་ཕྱི་ཕྱོགས་ལ་རོགས་སྐྱོར་བྱེད་རྒྱ་སྔར་ལས་ཆེ་རུ་སོང་ཡོད། རང་མོས་ཉོ་ཚོང་ཁུལ་འཛུགས་སྐྲུན་བྱེད་པ་དང་། དཔལ་འབྱོར་ཉོ་ཚོང་རོགས་ཟླ་གཙོ་བོ་དང་དཔལ་འབྱོར་སྐོར་གྱི་གླེང་མོལ་བྱེད་པ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་གཉིས་ཕན་མཉམ་ལས་བྱེད་པ་བཅས་ཀྱི་ཐད་འཕེལ་རྒྱས་གསར་པ་བྱུང་ཡོད།
འཐུས་མི་རྣམ་པ་ཚོ།
ན་ནིང་ཟླ་5ཚེས་12ཉིན། རང་རྒྱལ་དུ་འཛམ་གླིང་ཧ་ལས་སུ་འཇུག་པའི་ཝུན་ཁྲོན་ས་ཡོམ་ཆེན་མོ་བྱུང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབུ་ཁྲིད་སྟོབས་ལྡན་གནང་བའི་འོག རྒྱལ་ཡོངས་ཀྱི་མི་རིགས་ཁག་མི་དམངས་སྤྱི་དང་ལྷག་པར་དུ་གནོད་འཚེ་ཕོག་ཁུལ་གྱི་མི་དམངས་ཀྱིས་གཟོང་ཁ་གཅིག་སྒྲིལ་དང་ཕྱར་བ་གྲུ་འདེགས་བྱས་པ་དང་། མི་དམངས་བུ་སྤུན་དམག་གིས་རང་སྲོག་བློས་གཏོང་བར་མི་འཛེམ་པར་མདུན་དུ་གདོང་མཆོང་བྱས་ཏེ། རང་རྒྱལ་གྱི་ལོ་རྒྱུས་ཐོག་རོགས་སྐྱོབ་བྱེད་མྱུར་མགྱོགས་ཤོས་དང་། སྐུལ་སློང་བྱེད་ཁྱོན་ཁྱབ་རྒྱ་ཆེ་ཤོས། སྟོབས་ཤུགས་བཏོན་པ་ཆེ་ཤོས་བཅས་ཡིན་པའི་ཡོམ་འགོག་གནོད་སེལ་གྱི་འཐབ་རྩོད་སྤེལ་བ་རེད། ང་ཚོས་མིའི་ཚེ་སྲོག་མྱུར་སྐྱོབ་བྱ་རྒྱུ་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ནས་ཁང་ཤུལ་གྱང་རོའི་ཁྲོད་ནས་མི་ཁྲི་8.4ཡི་སྲོག་བསྐྱབས་ཡོད། རྨང་གཞིའི་སྒྲིག་བཀོད་གང་མགྱོགས་ཀྱིས་ཉམས་གསོ་དང་། རི་བོ་ཐང་ཅ་ཧྲན་གྱི་ཁེགས་འཁྱིལ་མཚེའུ་འཕྲལ་ཐག་འཕྲལ་གཅོད་བྱས་པས་ཞོར་ཐོན་གནོད་འཚེ་ཚབས་ཆེན་མི་འབྱུང་བར་བྱས་ཡོད། སྟོབས་ཤུགས་གང་ཡོད་ཀྱིས་རིམས་འགོག་ལས་དོན་བསྒྲུབས་པས་གནོད་སྐྱོན་ཆེན་པོ་བྱུང་རྗེས་རིམས་ནད་ཆེན་པོ་མི་འབྱུང་བ་བྱེད་ཐུབ་ཡོད། ཀྲུང་དབྱང་ནོར་སྲིད་ཀྱིས་གནོད་འགོག་གྲོན་དངུལ་སྒོར་དུང་ཕྱུར་384དང་སླར་གསོ་བསྐྱར་སྐྲུན་གྲོན་དངུལ་སྒོར་དུང་ཕྱུར་740བཀོད་སྒྲིག་བྱས་ནས་གནོད་འཚེ་ཕོག་ཁུལ་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་གང་མགྱོགས་བཏོན་པ་དང་། རིགས་མཐུན་རོགས་སྐྱོར་ཧུར་ཐག་བྱས་ཡོད། སྤྱི་ཚོགས་ཀྱི་ལས་རིགས་ཁག་གིས་གཅིག་མཇུག་གཉིས་མཐུད་ཀྱི་དངུལ་དང་དངོས་ཟོག་ཕུལ་ནས་རོགས་རམ་བྱས་པ་དང་། རྒྱ་ཆེའི་སྤུན་ཟླ་ཞང་ཀང་བ་དང་། སྤུན་ཟླ་ཨའོ་མོན་པ། སྤུན་ཟླ་ཐའེ་ཝན་པ། དེ་བཞིན་ཕྱིར་སྡོད་ཀྲུང་གོ་བ་བཅས་ཀྱིས་བརྩེ་སེམས་ཕུལ་ཞིང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རོགས་སྐྱོར་བྱས་པས། ཕྱར་བ་གྲུ་འདེགས་ཀྱིས་གནོད་འཚེ་འགོག་སེལ་བྱེད་པའི་སྟོབས་ཤུགས་བརྗིད་རྔམ་ཆེ་བ་ཞིག་ཆགས་པ་རེད། དཀའ་སྤྱད་ཚད་མེད་བྱས་པའི་ཡོམ་འགོག་གནོད་སེལ་འཐབ་རྩོད་ཐེངས་འདིའི་ཁྲོད་དུ་མི་སེམས་འགུལ་ཞིང་དགའ་སྐྱོ་གཉིས་ལྡན་གྱི་དཔའ་བོའི་མཛད་རྗེས་བགྲང་གིས་མི་ལང་བ་བྱུང་སྟེ། ཀྲུང་གོའི་མི་དམངས་ཀྱི་དཔའ་ངར་ཞུམ་མེད་དང་ཡར་ཐོན་ལྷུར་ལེན་བྱེད་པའི་མི་རིགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་གསལ་པོར་མཚོན་པ་དང་། སྤོབས་པས་རི་ཀླུང་སྒུལ་བའི་བྱས་རྗེས་མཚོན་བྱེད་ལེ་ཚན་བརྗིད་ཉམས་ལྡན་པ་ཞིག་བྲིས་པ་རེད།
འདས་ཟིན་པའི་ལོ་གཅིག་རིང་གི་གྲུབ་འབྲས་ནི་འཐོབ་དཀའ་བ་ཞིག་རེད། དེ་ནི་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་གཅིག་འདོམས་དང་འགོ་ཁྲིད་ཡང་དག་གནང་བའི་གྲུབ་འབྲས་དང་། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བློ་གཅིག་སེམས་གཅིག་དང་མཐུན་སྒྲིལ་འབད་འཐབ་བྱས་པའི་གྲུབ་འབྲས་རེད། འདིར་ངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། དམངས་གཙོའི་ཏང་ཤོག་ཁག མི་དམངས་ཀྱི་ཚོགས་པ་ཁག ལས་རིགས་ཁག་གི་མི་དྲག་བཅས་ལ་ལྷག་བསམ་རྣམ་དག་གིས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། སྤུན་ཟླ་ཐའེ་ཝན་པ། ཕྱིར་སྡོད་སྤུན་ཟླ་བཅས་ལ་ལྷག་བསམ་རྣམ་དག་གིས་ཐུགས་རྗེ་ཆེ་ཞུ་རྒྱུ། ཀྲུང་གོའི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། རྒྱལ་སྤྱིའི་རྩ་འཛུགས། རྒྱལ་ཁབ་ཁག་གི་གྲོགས་པོ་བཅས་ལ་ལྷག་བསམ་རྣམ་དག་གིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གྲུབ་འབྲས་ཁས་བླངས་པ་དང་དུས་མཚུངས་སུ། ང་ཚོའི་མདུན་དུ་སྔོན་ཆད་བྱུང་མྱོང་མེད་པའི་དཀའ་ངལ་དང་འགྲན་སློང་ལྷག་ཡོད་པའང་གསལ་པོར་རྟོགས་དགོས། གཅིག་ནི་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་ད་དུང་རྒྱ་ཆེ་རུ་འགྲོ་བཞིན་ཡོད་ལ་དེའི་གཏིང་མཐའ་ད་དུང་དཔོག་དཀའ། རྒྱལ་སྤྱིའི་ཚོང་རའི་དགོས་མཁོ་མུ་མཐུད་ནས་ཆུང་དུ་འགྲོ་བཞིན་ཡོད་པ་དང་འཛམ་གླིང་ཡོངས་སུ་དངུལ་ལོར་ཉུང་འཕྲིའི་འཕེལ་ཕྱོགས་མངོན་གསལ་དུ་འགྲོ་བཞིན་ཡོད་ཅིང་། ཉོ་ཚོང་སྲུང་སྐྱོང་རིང་ལུགས་སླར་གསོ་བྱེད་ཀྱིན་ཡོད་པས། ཕྱི་རོལ་གྱི་དཔལ་འབྱོར་ཁོར་ཡུག་སྔར་ལས་ཛ་དྲག་ཏུ་གྱུར་པ་དང་། ངེས་གཏན་མེད་པའི་རྒྱུ་རྐྱེན་མངོན་གསལ་ཇེ་མང་དུ་སོང་བ་བཅས་རེད། གཉིས་ནི་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་གྱི་ཤུགས་རྐྱེན་ཐེབས་པའི་རྐྱེན་གྱིས་དཔལ་འབྱོར་གོང་དུ་འཕེལ་ཚད་བསྟུད་མར་ཆག་པ་དེ་ཁྱོན་ཡོངས་ལ་གནོད་པའི་འགལ་བ་གཙོ་བོར་གྱུར་ཡོད། ལས་རིགས་ཁག་ཅིག་གི་ཐོན་སྐྱེད་ནུས་ཤུགས་དགོས་མཁོ་ལས་མང་བར་གྱུར་པ་དང་། ཁེ་ལས་ཁག་ཅིག་གཉེར་སྐྱོང་བྱེད་དཀའ་བ། ལས་ཞུགས་ཀྱི་གནས་བབ་ཧ་ཅང་ཛ་དྲག་ཏུ་གྱུར་པ། ནོར་སྲིད་ཐད་ཡོང་ཉུང་གཏོང་མང་གི་རྒྱུ་རྐྱེན་མང་དུ་སོང་བ། ཞིང་ལས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བ་དང་ཞིང་པའི་ཡོང་འབབ་འཕར་སྣོན་བསྟུད་མར་ཡོང་བའི་དཀའ་ངལ་ཆེ་རུ་ཕྱིན་པ་བཅས་རེད། གསུམ་ནི་རང་རྒྱལ་གྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་ཚོད་འཛིན་ཡུན་རིང་བྱེད་པའི་སྒྲིག་སྲོལ་གྱི་རང་བཞིན་དང་གྲུབ་ཚུལ་གྱི་རང་བཞིན་ལྡན་པའི་འགལ་བ་སྔར་བཞིན་གནས་ཡོད་ཅིང་། ལ་ལ་ད་དུང་ཧ་ཅང་འབུར་ཐོན་རེད། འཛད་སྤྱོད་ཀྱི་དགོས་མཁོ་མི་འདང་བ་དང་། ཐོན་ལས་གསུམ་པའི་འཕེལ་རྒྱས་རྗེས་སུ་ལུས་པ། རང་བརྟེན་གསར་གཏོད་ནུས་པ་ཞན་པ། ནུས་ཁུངས་དང་ཐོན་ཁུངས་ཟད་གྲོན་མང་བ། ཁོར་ཡུག་སྦགས་བཙོག་ཐེབས་ཚུལ་ཚབས་ཆེ་བ། གྲོང་ཁྱེར་དང་གྲོང་གསེབ་བར་དང་ས་ཁོངས་བར་གྱི་འཕེལ་རྒྱས་ཀྱི་ཧེ་བག་སྔར་བཞིན་ཆེ་རུ་འགྲོ་བཞིན་ཡོད་པ་བཅས་རེད། བཞི་ནི་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་གནད་དོན་ཁག་ཅིག་རྩ་བའི་ཐོག་ནས་ཞི་ལྷོད་དུ་གཏོང་ཐུབ་མེད་པ་དང་། སྤྱི་ཚོགས་འགན་སྲུང་དང་། སློབ་གསོ། སྨན་བཅོས། ཡོང་འབབ་བགོ་བཤའ། སྤྱི་ཚོགས་བདེ་སྐྱོང་ལ་སོགས་པའི་ཐད་འཕྲལ་ཐག་གཅོད་དགོས་པའི་གནད་དོན་མི་ཉུང་བ་གནས་ཡོད། ལྔ་ནི་ཚོང་རའི་སྒྲིག་ལམ་ཚད་ལྡན་མིན་པ་དང་། ཚོང་རའི་ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་བྱེད་ཚུལ་ཚད་ལྡན་མིན་པ། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཐུས་སྒོ་མི་ཚང་བ། ཟས་རིགས་ལ་གནོད་ལྡན་དོན་རྐྱེན་དང་ཉེན་མེད་ཐོན་སྐྱེད་ཐད་ཀྱི་དོན་རྐྱེན་ཚབས་ཆེན་དང་དོན་རྐྱེན་ཧ་ཅང་ཚབས་ཆེན་བསྟུད་མར་བྱུང་བས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོས་ཤིང་དེའི་བསླབ་བྱ་ཧ་ཅང་གཏིང་ཟབ་པ་བཅས་རེད།
ང་ཚོས་ངེས་པར་དུ་རྒྱལ་སྤྱི་དང་རྒྱལ་ནང་གི་དཔལ་འབྱོར་གནས་བབ་ཀྱི་ཛ་དྲག་ཆེ་བའི་རང་བཞིན་དང་ཪྙོག་འཛིང་ཆེ་བའི་རང་བཞིན་ཤེས་རྟོགས་གཏིང་ཟབ་དང་། ཉེན་ཁ་འགོག་སེལ་བྱ་རྒྱུའི་འདུ་ཤེས་དང་དཀའ་ཉེན་རྟག་དྲན་གྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་བཏང་ནས་ཕན་ལྡན་ཆ་རྐྱེན་བེད་སྤྱོད་གང་ལེགས་བྱས་ནས་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ཧུར་ཐག་འཇལ་བ་དང་། ལས་དོན་ཁག་འབད་བརྩོན་ཆེན་པོས་ལེགས་འགྲུབ་བཅས་བྱས་ནས་མི་དམངས་ཀྱི་རེ་འདུན་དང་མངགས་བཅོལ་གལ་ཆེན་སྟོང་ཟད་དུ་གཏན་ནས་གཏོང་མི་རུང་།
གཉིས། 2009ལོའི་ལས་དོན་གྱི་སྤྱིའི་བཀོད་སྒྲིག
ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་གཅིག་པ་ལག་ལེན་བསྟར་བའི་འགག་རྩར་ཐུག་པའི་ལོ་ཞིག་ཡིན་ལ། དུས་རབས་གསར་པར་བསྐྱོད་པའི་ཚུན་ལ་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་དཀའ་ངལ་ཆེ་ཤོས་ཀྱི་ལོ་ཞིག་ཀྱང་ཡིན་པས། བསྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་ཀྱི་ལས་འགན་ཧ་ཅང་ལྕི་པོ་རེད།
རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་ཧྲིལ་པོར་བལྟས་ཚེ། རང་རྒྱལ་ད་དུང་འཐབ་ཇུས་ཀྱི་གོ་སྐབས་བཟང་བའི་དུས་ཡུན་གལ་ཆེན་ཞིག་ཏུ་གནས་ཡོད། འགྲན་སློང་དང་གོ་སྐབས་མཉམ་དུ་གནས་པ་དང་དཀའ་ངལ་དང་རེ་བ་མཉམ་དུ་གནས་ཡོད། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་གཞི་རྩའི་རྣམ་པ་དང་དུས་ཡུན་རིང་པོར་ལེགས་ཕྱོགས་སུ་འཕེལ་སྟངས་འགྱུར་ལྡོག་བྱུང་མེད་པས། ང་ཚོར་དཀའ་ངལ་ཁྱད་གསོད་དང་འགྲན་སློང་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་དང་། མཐུན་རྐྱེན། ནུས་པ་བཅས་ཡོངས་སུ་འཛོམས་ཡོད། ང་ཚོའི་ཡིད་ཆེས་དང་སྟོབས་ཤུགས་ནི་ཀྲུང་དབྱང་གིས་གནས་བབ་ཚོད་དཔག་ཚན་རིག་དང་མཐུན་པར་བྱས་པ་དང་ཁོང་ཆུད་གནད་ལ་འཁེལ་བར་བྱས་པ་ལས་བྱུང་བ་དང་། འགྲན་སློང་ལ་ཁ་གཏད་འཇལ་བ་དང་རྒྱང་རིང་ལ་དམིགས་པའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་གཏན་འབེབས་བྱས་ནས་ལག་ལེན་བསྟར་བཞིན་པ་ལས་བྱུང་བ། བཟོ་ལས་ཅན་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བར་མགྱོགས་མྱུར་སྐུལ་སྤེལ་གཏོང་བའི་ཁྲོད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཐོན་ལས་ཀྱི་གྲུབ་ཚུལ་དང་འཛད་སྤྱོད་གྲུབ་ཚུལ་རིམ་སྤར། ཁོར་ཡུག་སྲུང་སྐྱོང་། སྐྱེ་ཁམས་འཛུགས་སྐྱོང་། སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་སོགས་བྱེད་པའི་ཐད་ཀྱི་དགོས་མཁོ་ཆེན་པོ་ལས་བྱུང་བ། མ་དངུལ་འདང་ངེས་དང་ངལ་རྩོལ་ནུས་ཤུགས་ཕུན་སུམ་ཚོགས་པའི་ཐོན་ཁུངས་སོགས་རྒྱུ་རྐྱེན་གཙོ་བོའི་འདེགས་སྐྱོར་ལས་བྱུང་བ། བརྟན་ཞིང་སྐྱོན་དང་བྲལ་བའི་འཁོར་སྐྱོད་བྱེད་པའི་དངུལ་རྩའི་མ་ལག་དང་། གསོན་ཤུགས་ཆེ་རུ་སོང་བའི་ཁེ་ལས་རིགས་ཁག་སྣ་ཚོགས་དང་། སྟབས་བསྟུན་རང་བཞིན་ཆེ་བའི་སྤྱི་ཁོག་སྙོམས་སྒྲིག་གི་སྲིད་ཇུས་ལས་བྱུང་བ། བསྒྱུར་བཅོས་སྒོ་འབྱེད་ལོ་30བྱས་པའི་རིང་བཙུགས་པའི་དངོས་པོ་དང་ཚན་རྩལ་གྱི་རྨང་གཞི་དང་སྒྲིག་སྲོལ་གྱི་ཆ་རྐྱེན་ལས་བྱུང་བ། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་དོན་ཆེན་སྒྲུབ་པའི་ཆབ་སྲིད་དང་ལམ་ལུགས་ཀྱི་སྟོབས་ཤུགས་ཆེན་པོ་དང་། འཆམ་མཐུན་བདེ་གནས་ཀྱི་སྤྱི་ཚོགས་ཁོར་ཡུག དེ་བཞིན་རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཧུར་བརྩོན་བྱེད་སེམས་དང་གསར་གཏོད་བྱེད་སེམས་ལས་བྱུང་བ། ཀྲུང་ཧྭ་མི་རིགས་ཀྱི་བློ་བརྟན་འགྱུར་མེད་དང་ཤུགས་སྐྱེད་སྟོབས་སྤེལ་གྱི་བསམ་བློའི་སྟོབས་ཤུགས་རླབས་པོ་ཆེ་ལས་བྱུང་བ་བཅས་རེད། ང་ཚོས་ཏང་གི་འགོ་ཁྲིད་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་རྒྱབ་རྟེན་དམ་པོར་བཅོལ་ཚེ། ཁྱད་དུ་གསོད་མི་ཐུབ་པའི་དཀའ་ངལ་མེད་པ་དང་། རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་གྱི་གནོད་རྐྱེན་ཚད་དམའ་ཤོས་སུ་གཏོང་ཐུབ་ངེས་ཡིན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ལེགས་ཤིང་མགྱོགས་པའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཐུབ་ངེས་ཡིན།
ད་ལོའི་སྲིད་གཞུང་གི་ལས་དོན་ལེགས་པར་སྒྲུབ་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་སྟོན་དུ་བཟུང་ཐོག ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་དོན་ཐོག་ཏུ་མཐར་ཕྱིན་ལ་གཏིང་ཟབ་པོ་འཁྱོལ་བ་བྱས་ནས། དཔལ་འབྱོར་འཕེལ་རྒྱས་བརྟན་ཅིང་མགྱོགས་ཙམ་ཡོང་བ་རྒྱུན་སྲུང་བྱ་རྒྱུ་དེ་དཔལ་འབྱོར་ལས་དོན་གྱི་ལས་འགན་ཨང་དང་པོར་བཞག་སྟེ། སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལེགས་བཅོས་བྱེད་ཅིང་། རྒྱལ་ནང་གི་དགོས་མཁོ་དང་ལྷག་པར་དུ་འཛད་སྤྱོད་ཀྱི་དགོས་མཁོ་ཆེ་རུ་ཤུགས་ཆེན་གཏོང་བ་དང་། འཕེལ་རྒྱས་གཏོང་སྟངས་ལེགས་སྒྱུར་ཤུགས་ཆེན་བྱེད་པ་དང་དཔལ་འབྱོར་གྲུབ་ཚུལ་འཐབ་ཇུས་རང་བཞིན་ལྡན་པའི་ལེགས་སྒྲིག་གང་མགྱོགས་བྱེད་པ། བསྒྱུར་བཅོས་ཟབ་སྤེལ་དང་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་བ། དམངས་འཚོ་ལེགས་བཅོས་ཤུགས་ཆེན་བཏང་ནས་སྤྱི་ཚོགས་འཆམ་མཐུན་ཡོང་བར་སྐུལ་སྤེལ་གཏོང་བ་བཅས་པའི་སྒོ་ནས་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྤེལ། རིག་གནས་འཛུགས་སྤེལ། སྤྱི་ཚོགས་འཛུགས་སྐྱོང་། དེ་བཞིན་སྐྱེ་ཁམས་དཔལ་ཡོན་འཛུགས་སྤེལ་བཅས་ལ་ཁྱོན་ཡོངས་ནས་སྐུལ་སྤེལ་གཏོང་དགོས།
ད་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུའི་སྔོན་དཔག་གི་དམིགས་ཚད་གཙོ་བོ་ནི། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བརྒྱ་ཆ་8ཡས་མས་འཕར་བ་དང་དཔལ་འབྱོར་གྲུབ་ཚུལ་སྔར་ལས་ལེགས་སུ་འགྲོ་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི་900ཡན་གསར་དུ་འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་རུ་བཀོད་པའི་ལས་ཀ་ཤོར་ཚད་བརྒྱ་ཆ་4.6ནང་ཚུན་དུ་གནས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་སྣོན་བརྟན་པོ་ཡོང་བ། གྲོང་མིའི་འཛད་སྤྱོད་རིན་གོང་གི་སྤྱིའི་ཆུ་ཚད་འཕར་ཚད་བརྒྱ་ཆ་4ཡས་མས་སུ་གནས་པ། རྒྱལ་སྤྱིའི་གཏོང་ཡོང་གི་གནས་ཚུལ་མུ་མཐུད་ལེགས་སུ་འགྲོ་བ་བཅས་བྱ་རྒྱུ་ཡིན། འདིར་དམིགས་སུ་བཀར་ནས་གསལ་བཤད་བྱ་དགོས་པ་ཞིག་ནི། འཕེལ་རྒྱས་ཀྱི་དགོས་མཁོ་དང་འགྲུབ་ཐུབ་མིན་ལ་ཕྱོགས་བསྡུས་ཀྱིས་བསམ་གཞིགས་བྱས་རྗེས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་འཕར་སྣོན་དམིགས་ཚད་བརྒྱ་ཆ་8ཡས་མས་འདི་བཏོན་པ་ཡིན། མི་འབོར་དུང་ཕྱུར་13ཡོད་པའི་ང་ཚོ་ལྟ་བུའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཏུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་ཀར་ཞུགས་རྒྱ་ཆེར་གཏོང་དང་། གྲོང་མིའི་ཡོང་འབབ་འཕར་སྣོན། སྤྱི་ཚོགས་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བཅས་བྱ་དགོས་ན། དཔལ་འབྱོར་འཕར་སྣོན་ཡོང་བའི་མྱུར་ཚད་ངེས་ཅན་ཞིག་ངེས་པར་དུ་རྒྱུན་འཁྱོངས་བྱ་དགོས། སྲིད་ཇུས་ཡང་དག་པ་དང་། བྱེད་ཐབས་འོས་འཚམ། དོན་འཁྱོལ་ཤུགས་དང་ལྡན་པ་བཅས་ཡིན་ཚེ་དམིགས་འབེན་དེ་མངོན་འགྱུར་བྱེད་ཐུབ་སྲིད།
ད་ལོའི་སྲིད་གཞུང་གི་ལས་དོན་ལེགས་པར་སྒྲུབ་པར་ངེས་པར་དུ་གཤམ་གསལ་གྱི་རྩ་དོན་ལེགས་པར་འཛིན་དགོས་པ་སྟེ། གཅིག་ནི་ནང་མཁོ་རྒྱ་སྐྱེད་དང་འཕར་སྣོན་ཡོང་བ་རྒྱུན་འཁྱོངས་བྱ་རྒྱུ་དེ་ཡིན། དཔལ་འབྱོར་འཕར་ཚད་དལ་དུ་སོང་བའི་འཕེལ་ཕྱོགས་བསྒྱུར་རྒྱུ་དེ་སྤྱི་ཁོག་སྙོམས་སྒྲིག་བྱེད་པའི་དམིགས་འབེན་གལ་ཆེན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱ་དགོས་པ་དང་། རྒྱལ་ནང་གི་དགོས་མཁོ་རྒྱ་སྐྱེད་གཏོང་རྒྱུ་དེ་དཔལ་འབྱོར་འཕར་སྣོན་གཏོང་བའི་ཡུན་རིང་གི་འཐབ་ཇུས་བྱེད་ཕྱོགས་དང་རྩ་བའི་ཤུགས་རྒྱག་སར་བཟུང་ནས། ཕན་ནུས་ལྡན་པའི་དགོས་མཁོ་འཕར་སྣོན་གཏོང་བ་དང་། ལྷུ་ཚིགས་ཞན་སར་ཤུགས་སྣོན་རྒྱག་པ། ནང་མཁོ་དང་ཁྱད་པར་དུ་འཛད་སྤྱོད་དགོས་མཁོས་དཔལ་འབྱོར་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱེད་པའི་གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། གཉིས་ནི་གྲུབ་ཚུལ་ལེགས་སྒྲིག་དང་ཆུ་ཚད་མཐོ་རུ་འདེགས་རྒྱུ་དེ་ཡིན། དཔལ་འབྱོར་གྱི་གྲུབ་ཚུལ་ལེགས་སྒྲིག་དང་རང་བརྟེན་གསར་གཏོད་སྐུལ་སྤེལ་གཏོང་རྒྱུ་དེ་འཕེལ་རྒྱས་གཏོང་སྟངས་སྒྱུར་བའི་དམིགས་ཕྱོགས་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གནོན་ཤུགས་སྒུལ་ཤུགས་སུ་བསྒྱུར་ཏེ་སྔོན་ཐོན་ཐོན་སྐྱེད་ནུས་ཤུགས་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་དང་གོང་འཕེལ་གཏོང་བ། རྗེས་ལུས་ཐེབས་པའི་ཐོན་སྐྱེད་ནུས་ཤུགས་འདོར་བ། ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་སྡེབ་སྒྲིག འཕེལ་རྒྱས་གཏོང་རྒྱ་ཆེར་གཏོང་བཅས་བྱས་ནས་འཕར་སྣོན་ཡོང་བ་འགན་སྲུང་བྱ་རྒྱུ་དང་། གྲུབ་ཚུལ་ལེགས་སྒྲིག་བྱ་རྒྱུ། ཕན་ནུས་ཆེ་རུ་གཏོང་རྒྱུ་བཅས་གཅིག་གྱུར་ཡོང་བ་བྱས་ནས། རྒྱལ་དམངས་དཔལ་འབྱོར་གྱི་སྤྱིའི་སྤུས་ཀ་ལེགས་སུ་གཏོང་བ་དང་འཕེལ་རྒྱས་ཀྱི་རྗེས་ཤུགས་ཆེ་རུ་གཏོང་དགོས། གསུམ་ནི་བསྒྱུར་བཅོས་དམ་འཛིན་དང་གསོན་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཡིན། བསྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ་བྱ་རྒྱུ་དེ་ཚན་རིག་དང་མཐུན་པར་འཕེལ་རྒྱས་གཏོང་བར་སྐུལ་སྤེལ་གཏོང་བའི་རྩ་བའི་སྒུལ་ཤུགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། བསམ་བློ་བཅིངས་འགྲོལ་སྔར་ལས་ལྷག་པར་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་བསྒྱུར་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས། སྒྲིག་སྲོལ་དང་ནང་རྐྱེན་གྱི་འགལ་རྐྱེན་སེལ་ཏེ་གསར་གཏོད་བྱེད་པའི་གསོན་ཤུགས་རྒྱས་པར་བྱ་དགོས། བཞི་ནི་དམངས་འཚོར་མཐོང་ཆེན་དང་འཆམ་མཐུན་ཡོང་བར་སྐུལ་སྤེལ་གཏོང་རྒྱུ་དེ་ཡིན། དཀའ་ངལ་ཇི་ལྟར་ཆེ་ན་དམངས་འཚོར་དོ་ཁུར་དེ་ལྟར་བྱ་དགོས་པ་དང་སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་ཡོང་བར་སྐུལ་སྤེལ་དེ་ལྟར་གཏོང་དགོས། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་དེ་དཔལ་འབྱོར་ལས་དོན་གྱི་འགོ་རྩོམ་ས་དང་རྐང་པ་འཛུགས་སར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྔར་ལས་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་ལེན་བསྟར་བ་དང་། འཕར་སྣོན་ཡོང་བར་སྐུལ་སྤེལ་གཏོང་རྒྱུ་དེ་ལས་ཀར་ཞུགས་རྒྱ་ཆེ་རུ་གཏོང་རྒྱུ་དང་དམངས་འཚོ་ལེགས་བཅོས་བྱ་རྒྱུ་གཉིས་དང་དམ་དུ་སྦྲེལ་ཏེ། བསྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་མང་ཚོགས་ལ་མཉམ་དུ་ལོངས་སྤྱོད་བྱེད་དུ་འཇུག་དགོས།
གསུམ། 2009ལོའི་ལས་འགན་གཙོ་བོ།
ད་ལོའི་སྲིད་གཞུང་གི་ལས་དོན་ནི་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་ལ་ཁ་གཏད་འཇལ་བ་དང་། དཔལ་འབྱོར་འཕེལ་རྒྱས་བརྟན་ཅིང་མགྱོགས་ཙམ་ཡོང་བར་སྐུལ་སྤེལ་བྱ་རྒྱུ་གནད་དོན་གཙོ་བོར་འཛིན་ཞིང་། གཅིག་གྱུར་གྱིས་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་དང་། གནད་ཆེ་གཙོར་བཟུང་བྱས་ནས་དཔལ་འབྱོར་འཕེལ་རྒྱས་བརྟན་ཅིང་མགྱོགས་ཙམ་ཡོང་བར་སྐུལ་སྤེལ་གཏོང་བའི་འཆར་གཞི་ཆེན་པོ་སྒོ་ཀུན་ནས་ལག་ལེན་བསྟར་དགོས། སྲིད་གཞུང་གི་མ་དངུལ་འཇོག་གྲངས་འཕར་སྣོན་ཕོན་ཆེ་བ་བཏང་ནས། མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར་ཁྲི་4འཇོག་རྒྱུའི་ལོ་གཉིས་ཀྱི་མ་དངུལ་འཇོག་པའི་འཆར་གཞི་ལག་བསྟར་བྱ་དགོས་ཤིང་། དེའི་ནང་ཀྲུང་དབྱང་སྲིད་གཞུང་གིས་སྒོར་དུང་ཕྱུར་ཁྲི་1.18མང་དུ་གཏོང་རྩིས་ཡོད་ཅིང་། གྲུབ་ཚུལ་ཀྱི་རང་བཞིན་ལྡན་པའི་དཔྱ་ཁྲལ་བཅག་པ་དང་། རྒྱལ་ནང་གི་དགོས་མཁོ་ཆེ་རུ་གཏོང་རྒྱུ་དང་། ཐོན་ལས་ལེགས་སྒྲིག་དང་དར་རྒྱས་གཏོང་བའི་འཆར་གཞི་ཁྱབ་རྒྱ་ཆེན་པོར་ལག་ལེན་བསྟར་ནས་རྒྱལ་དམངས་དཔལ་འབྱོར་སྤྱི་ཡོངས་ཀྱི་འགྲན་ཤུགས་ཆེ་རུ་གཏོང་རྒྱུ། རང་བརྟེན་གསར་གཏོད་སྐུལ་སྤེལ་ཤུགས་ཆེན་གཏོང་བ་དང་། ཚན་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་འཕེལ་རྒྱས་འགྲོ་བའི་གཏིང་ཤུགས་ཆེ་རུ་གཏོང་རྒྱུ། སྤྱི་ཚོགས་ཀྱི་འགན་སྲུང་ཆུ་ཚད་མཐོ་རུ་ཆེན་པོ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་ཞུགས་བྱེད་ཁྱོན་ཆེ་རུ་བཏང་ནས་སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་གཏོང་རྒྱུ་བཅས་རེད། འཆར་གཞི་ཆེན་པོ་ལག་ལེན་དུ་བསྟར་རྒྱུ་གཙོ་གནད་དུ་བཟུང་ནས་ད་ལོར་གཤམ་གསལ་གྱི་ལས་དོན་ཁག་བདུན་དམ་འཛིན་ཡག་པོ་ཤུགས་ཆེན་བྱ་དགོས་པ་སྟེ།
(གཅིག ) སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལེགས་བཅོས་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་བརྟན་ཞིང་མགྱོགས་ཙམ་ཡོང་བ་རྒྱུན་འཁྱོངས་བྱ་དགོས།
བབ་བསྟུན་གཟབ་ནན་གྱི་སྙོམས་སྒྲིག་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ་སྤྱི་ཁོག་སྙོམས་སྒྲིག་བྱེད་པའི་སྟབས་བསྟུན་བྱེད་ནུས་དང་ཕན་འབྲས་དངོས་ཆེ་རུ་བཏང་ནས་དཔལ་འབྱོར་འཕེལ་ཚད་དལ་དུ་འགྲོ་བའི་གནས་ཚུལ་གང་མགྱོགས་བསྒྱུར་ཐོག་དཔལ་འབྱོར་འཕེལ་རྒྱས་བརྟན་ཅིང་མགྱོགས་ཙམ་ཡོང་བ་རྒྱུན་འཁྱོངས་བྱ་དགོས།
དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་ལག་བསྟར་བྱ་དགོས། གཅིག་ནས་སྲིད་གཞུང་གི་གཏོང་སྒོ་འཕར་སྣོན་ཆེན་པོ་གཏོང་བ་དེ་ནི་ནང་མཁོ་ཆེ་རུ་གཏོང་བའི་བྱེད་ཐབས་རང་འགུལ་ཆེ་ཤོས་དང་། ཐད་ཀ་ཆེ་ཤོས། ཕན་འབྲས་ཐོན་ཤོས་བཅས་རེད། ད་ལོའི་ནོར་སྲིད་གཏོང་ཡོང་ཟླ་གཏུགས་པའི་འགལ་བ་མངོན་གསལ་ཤིན་ཏུ་དོད་པོ་རེད། ཕྱོགས་ཅིག་ནས་དཔལ་འབྱོར་འཕར་ཚད་དལ་དུ་ཕྱིན་པ་དང་ཁེ་ལས་དང་གྲོང་མིའི་ཁྲལ་འཁྲི་ཡང་དུ་བཏང་བའི་དབང་གིས་ནོར་སྲིད་ཀྱི་ཡོང་འབབ་འཕར་ཚད་ཆག་ངེས་རེད། ཕྱོགས་གཞན་ཞིག་ནས་དཔལ་འབྱོར་འཕར་བ་དང་། དམངས་འཚོ་ལེགས་བཅོས། བསྒྱུར་བཅོས་ཟབ་སྤེལ་བཅས་ལ་སྐུལ་འདེད་གཏོང་བའི་ཕྱིར། མ་དངུལ་འཇོག་གྲངས་དང་སྲིད་གཞུང་གི་གཏོང་སྒོ་འཕར་སྣོན་ཆེན་པོ་གཏོང་དགོས། ནོར་སྲིད་ཀྱི་ཡོང་ཉུང་གཏོང་འཕར་ལས་བྱུང་བའི་ཆད་གྲངས་ཁ་གསབ་བྱེད་ཕྱིར། ཀྲུང་དབྱང་གི་ནོར་སྲིད་ཆད་གྲངས་མཚལ་ཡིག་སྒོར་དུང་ཕྱུར་7500བཀོད་སྒྲིག་བྱེད་རྩིས་ཡོད་པ་དེ་ལོ་གོང་མ་ལས་སྒོར་དུང་ཕྱུར་5700འཕར་སྣོན་གཏོང་རྒྱུ་ཡིན་པ་དང་དུས་མཚུངས་སུ་ས་གནས་ཀྱིས་བུན་འཛིན་སྒོར་དུང་ཕྱུར་2000འགྲེམས་རྒྱུར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མོས་མཐུན་གནང་སྟེ། ནོར་སྲིད་པུའུ་ཡིས་ཚབ་འགྲེམས་བྱ་རྒྱུ་ཡིན་པ་དང་། ཞིང་ཆེན་རིམ་པའི་སྔོན་རྩིས་དོ་དམ་བྱེད་ཁོངས་སུ་འཇོག་རྒྱུ་རེད། རྒྱལ་ཡོངས་ཀྱི་ནོར་སྲིད་ཆད་གྲངས་མཚལ་ཡིག་བསྡོམས་འབོར་སྒོར་དུང་ཕྱུར་9500ཟིན་པ་དེས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བསྡུར་ཚད་ཀྱི་བརྒྱ་ཆ་3ནང་ཚུན་ཟིན་ཏེ་ལོ་དེའི་ཆད་གྲངས་མཚལ་ཡིག་འཕར་ཚད་ཅུང་མང་ནའང་དེ་སྔོན་ལོ་ཤས་རིང་ལ་ཆད་གྲངས་མཚལ་ཡིག་བསྟུད་མར་ཉུང་དུ་སོང་བའི་དབང་གིས་བུན་འཛིན་འགྲེམས་ཁྱོན་ཅུང་ཆེ་བ་དང་། རྒྱལ་བུན་ལྷག་གྲངས་སྔ་ཕྱི་སྡེབ་རྩིས་བྱས་ན་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བསྡུར་གྲངས་ཀྱི་བརྒྱ་ཆ་20ཡས་མས་ཟིན་པས། དེ་ནི་རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས་ཀྱིས་ཐེག་ཐུབ་པས། སྤྱིའི་ཆ་ནས་ཉེན་ཁ་མེད་པ་ཞིག་ཀྱང་ཡིན། གཉིས་ནས་གྲུབ་ཚུལ་གྱི་རང་བཞིན་ལྡན་པའི་དཔྱ་ཁྲལ་གཅོག་པ་དང་ཁྲལ་གྲོན་བསྒྱུར་བཅོས་སྐུལ་སྤེལ་གཏོང་དགོས། དཔྱ་ཁྲལ་གཅོག་པ་དང་དཔྱ་ཁྲལ་སློག་པའམ་ཡང་ན་དཔྱ་ཁྲལ་འཕྲི་གཅོག་ལ་སོགས་པའི་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་ཁེ་ལས་དང་གྲོང་མིའི་དཔྱ་ཁྲལ་ཁུར་པོ་ཡང་དུ་གཏོང་བ་དང་། ཁེ་ལས་ཀྱིས་མ་དངུལ་འཇོག་པ་དང་གྲོང་མིས་འཛད་སྤྱོད་བྱེད་པར་སྐུལ་སྤེལ་བཏང་ནས་བྱེ་བྲག་པའི་དཔལ་འབྱོར་གྱི་གསོན་ཤུགས་ཆེ་རུ་གཏོང་དགོས། ཚད་ལེན་ཞིབ་རྩིས་རགས་ཙམ་བྱས་ན། ད་ལོ་སྒོ་ཀུན་ནས་གནས་ཐང་འཕར་ཁྲལ་རིགས་བསྒྱུར་བྱས་ཏེ་ཁེ་ལས་ཆུང་འབྲིང་དང་། ས་ཁང་བདག་ཁོངས། དངུལ་འཛིན་ཚོང་ར་བཅས་ཀྱི་འབྲེལ་ཡོད་དཔྱ་ཁྲལ་གྱི་གཟིགས་སྐྱོང་བྱེད་པ་དང་དེ་བཞིན་ཕྱིར་གཏོང་ཁྲལ་སློག་ལ་སོགས་པའི་ཐད་ཀྱི་སྲིད་ཇུས་བཏོན་རིགས་དོན་འཁྱོལ་བྱ་དགོས་པའི་ཁར་སྲིད་འཛིན་བྱ་ལས་ཀྱི་རང་བཞིན་ལྡན་པའི་རྣམ་གྲངས་ཁག་100ཡི་གྲོན་དངུལ་བསྡུ་རིགས་མེད་པར་བཟོ་བ་དང་བསྡུ་མཚམས་བཞག་ཕྱིན། ཁེ་ལས་དང་གྲོང་མིའི་ཁུར་པོ་སྒོར་དུང་ཕྱུར་5000ཡང་དུ་གཏོང་ཐུབ། གསུམ་ནས་ནོར་སྲིད་ཀྱི་གཏོང་སྒོའི་གྲུབ་ཚུལ་བཟང་འགྱུར་བྱ་དགོས། ཁྱབ་ཁོངས་གཙོ་གནད་ལ་མ་དངུལ་འཇོག་གྲངས་མུ་མཐུད་མང་དུ་གཏོང་བ་དང་། སྤྱིར་བཏང་གི་གཏོང་སྒོ་ཚོད་འཛིན་ནན་པོར་བྱས་ཏེ་སྲིད་འཛིན་གྱི་མ་གནས་གཅོག་གང་ཐུབ་བྱ་དགོས།
ལྷུག་ཏུ་འོས་འཚམས་གཏོང་བའི་དངུལ་ལོར་སྲིད་ཇུས་ལག་བསྟར་བྱ་དགོས། དཔལ་འབྱོར་འཕར་བར་སྐུལ་སྤེལ་གཏོང་བའི་ཐད་དངུལ་ལོར་སྲིད་ཇུས་ཀྱི་དགེ་མཚན་སྔར་ལས་ཆེ་བའི་ནུས་པ་འདོན་སྤེལ་བྱ་དགོས། གཅིག་ནས་དངུལ་རྩ་སྙོམས་སྒྲིག་བྱེད་སྟངས་ལེགས་བཅོས་བྱ་དགོས། དངུལ་ལོར་ཡིད་རྟོན་དངུལ་བུན་གཏོང་གྲངས་བསྡོམས་འབོར་གྱིས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དགོས་མཁོ་སྐོང་བའི་འགན་ལེན་བྱས་ཏེ་ཁྱབ་ཆེའི་དངུལ་ལོར་བརྒྱ་ཆ་17ཡས་མས་འཕར་བ་དང་། དངུལ་བུན་གཏོང་གྲངས་སྒོར་དུང་ཕྱུར་ཁྲི་5ཡན་གསར་དུ་འཕར་བར་བྱ་རྒྱུ་རེད། གཉིས་ནས་ཡིད་རྟོན་དངུལ་བུན་གྲུབ་ཚུལ་ལེགས་འགྱུར་བྱ་དགོས། ཡིད་རྟོན་དངུལ་བུན་འཇོག་ཕྱོགས་ལ་ལྟ་སྐུལ་ཚད་ལེན་དང་སློབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “ཞིང་གསུམ་”དང་། ཁེ་ལས་ཆུང་འབྲིང་ལ་སོགས་པའི་ལྷུ་ཚིགས་ཞན་པར་དངུལ་རྩའི་ཐོག་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁེ་ལས་འགའ་ཞིག་མ་དངུལ་འདུ་འཁོར་དཀའ་བའི་དཀའ་ངལ་སེལ་ཐབས་ཏན་ཏིག་བྱ་དགོས། ནུས་ཁུངས་ཟད་གྲོན་ཆེ་བ་དང་། སྦགས་བཙོག་ཆེ་བ། ཐོན་སྐྱེད་བྱེད་ནུས་ཆེ་དྲགས་པ་བཅས་ཀྱི་ལས་རིགས་ཀྱི་ཁེ་ལས་ལ་དངུལ་བུན་གཏོང་བར་ཚོད་འཛིན་ནན་པོར་བྱ་དགོས། གསུམ་ནས་དངུལ་ལོར་སྲིད་ཇུས་ཀྱི་བརྒྱུད་འདྲེན་ནང་རྐྱེན་མཐུན་སྦྱོར་སྔར་ལས་ལྷག་པ་ཡོང་བར་བྱས་ཏེ་མ་དངུལ་གཏོང་ལེན་བྱེད་ལམ་བདེ་བགྲོད་ཡོང་བར་འགན་ལེན་བྱ་དགོས། དངུལ་རྩའི་ལས་ཁུངས་རིགས་ཁག་གི་བཟང་ཆ་དང་ཁྱད་ཆོས་འདོན་སྤེལ་གང་ལེགས་དང་། དངུལ་རྩའི་ཞབས་ཞུ་གསར་གཏོད་དང་ལེགས་བཅོས་བྱས་ཏེ་ཚུལ་མཐུན་གྱི་མ་དངུལ་དགོས་མཁོ་བསྐངས་ནས་དངུལ་རྩས་དཔལ་འབྱོར་གོང་དུ་སྤེལ་བར་སྐུལ་འདེད་གཏོང་བའི་འགྲིལ་ཤུགས་སུ་འགྱུར་བར་བྱ་དགོས། བཞི་ནས་དངུལ་རྩར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལེགས་བཅོས་བྱ་དགོས། དངུལ་རྩའི་ཁེ་ལས་ཁག་ཚང་མས་ཉེན་འགོག་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཉེན་ཁ་འགོག་ནུས་ཆེ་རུ་གཏོང་དགོས། དངུལ་རྩ་གསར་གཏོད་དང་དངུལ་རྩའི་སྒོ་འབྱེད་རྒྱུ་གཉིས་དང་དངུལ་རྩར་ལྟ་སྐུལ་དོ་དམ་བྱ་རྒྱུའི་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱ་དགོས། རྒྱལ་མཚམས་ལས་བརྒལ་ཏེ་མ་རྩ་འཁོར་རྒྱུག་བྱེད་པར་ལྟ་ཞིབ་ཚད་ལེན་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་དངུལ་རྩ་བརྟན་པོ་དང་ཉེན་མེད་ཡོང་བའི་སྲུང་སྐྱོང་བྱ་དགོས།
ཐོན་ལས་དང་། ཉོ་ཚོང་། ས་ཞིང་། མ་དངུལ་འཇོག་པ། ལས་ཞུགས་བཅས་ཀྱི་སྲིད་ཇུས་དང་ནོར་སྲིད་དང་དངུལ་ལོར་སྲིད་ཇུས་གཅིག་མཐུན་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་སྙོམས་སྒྲིག་འགྲིལ་ཤུགས་སུ་འགྱུར་བར་བྱ་དགོས།
(གཉིས། ) རྒྱལ་ནང་གི་དགོས་མཁོ་སྤྱི་དང་ལྷག་པར་དུ་འཛད་སྤྱོད་ཀྱི་དགོས་མཁོ་ཆེ་རུ་ཧུར་ཐག་གཏོང་བ་དང་། དཔལ་འབྱོར་འཕར་བར་བྱེད་པའི་ཐད་ནང་མཁོར་ཐོན་པའི་སྐུལ་ཁྲིད་ཀྱི་ནུས་པ་ཆེ་རུ་གཏོང་དགོས།
གཅིག་ནས་འཛད་སྤྱོད་དང་ལྷག་པར་དུ་གྲོང་མིའི་འཛད་སྤྱོད་ཆེ་རུ་གཏོང་དགོས། ཡོང་འབབ་བགོ་བཤའ་རྒྱག་ཚུལ་མུ་མཐུད་དེ་ལེགས་སྒྲིག་བྱེད་པ་དང་། རྒྱལ་དམངས་ཀྱི་ཡོང་འབབ་ནང་ངལ་རྩོལ་གྱི་ཐོབ་ཆས་བསྡུར་གྲངས་ཟིན་ཚད་མཐོ་རུ་གཏོང་ཞིང་། སྲིད་གཞུང་གི་གཏོང་སྒོ་དམངས་འཚོ་ལེགས་བཅོས་དང་འཛད་སྤྱོད་ཆེ་རུ་གཏོང་བར་སྤྱོད་པའི་བསྡུར་ཚད་མང་དུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་དམའ་བའི་མང་ཚོགས་དང་ཞིང་པར་ཁ་གསབ་བྱེད་གྲངས་མང་དུ་གཏོང་དགོས། འཛད་སྤྱོད་པ་མང་རིགས་སྐྱེད་སྲིང་དང་། འཛད་སྤྱོད་བྱེད་ཁྱོན་ཆེ་རུ་གཏོང་དགོས། རླངས་འཁོར་གྱི་འཛད་སྤྱོད་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་རླངས་འཁོར་ཪྙིང་གྲས་ཚོང་ར་དང་རླངས་འཁོར་བོགས་མར་གཏོང་ལེན་གྱི་ཚོང་ར་འཕེལ་རྒྱས་གང་མགྱོགས་བཏང་སྟེ་རླངས་འཁོར་ཚུལ་མཐུན་གྱིས་འཛད་སྤྱོད་བྱེད་པར་སྣེ་ཁྲིད་དང་སྐུལ་སྤེལ་གཏོང་དགོས། སྤྱི་ཚོགས་ཀྱི་ཚོང་ལས་དང་། སྡེ་ལས། ཁྱིམ་ལས་སོགས་མཁོ་ཆོད་འཛད་སྤྱོད་འཕེལ་རྒྱས་ཤུགས་ཆེན་དང་། ཡུལ་སྐོར་སོས་དལ་འཛད་སྤྱོད་འཕེལ་རྒྱས་གང་མགྱོགས། རིག་གནས་རོལ་རྩེད་དང་། ལུས་རྩལ་ལུས་སྦྱོང་ལ་སོགས་པའི་ཞབས་ཞུའི་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ། དྲ་སྦྲེལ་ཀྱི་འགུལ་རིས་ལ་སོགས་པའི་འཛད་སྤྱོད་དཔེ་གསར་འཕེལ་རྒྱས་ཧུར་ཐག་གཏོང་བ་བཅས་བྱ་དགོས། འཛད་སྤྱོད་ཀྱི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་། འཛད་སྤྱོད་ཀྱི་ཁོར་ཡུག་བཟང་དུ་གཏོང་དགོས། “གྲོང་ཚོ་ཁྲི་སྟོང ”གི་ཚོང་རའི་ལས་གྲྭ་འཛུགས་སྐྲུན་གང་མགྱོགས་བྱས་ནས་འབྲེལ་མཐུད་ཀྱི་ཚོང་གཉེར་གྲོང་གསེབ་ཏུ་མཆེད་པར་བྱ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛད་སྤྱོད་སྒྲིག་བཀོད་དང་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚོང་རའི་སྒྲིག་ལམ་ཚད་ལྡན་བཟོས་ནས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་དགོས། འཛད་སྤྱོད་ལ་བསྔགས་སྐུལ་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་ཞིབ་འཇུག་གིས་གཏན་འབེབས་བྱས་ནས་འདོན་རྒྱུ་དམ་འཛིན་བྱ་དགོས་པ་དང་། འཛད་སྤྱོད་ཀྱི་ཡིད་རྟོན་དངུལ་བུན་འཕེལ་རྒྱས་ཧུར་ཐག་གཏོང་དགོས། “ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་འདྲེན་པ ”དང་། “ཞིང་ལས་འཕྲུལ་ཆས་གྲོང་གསེབ་ཏུ་འདྲེན་པ ” “རླངས་འཁོར་དང་། སྦག་སྦག་འཁོར་ལོ་གྲོང་གསེབ་ཏུ་འདྲེན་པ ”ལ་སོགས་པའི་ལས་དོན་ཡག་པོར་བསྒྲུབས་ཏེ་ཀྲུང་དབྱང་ནོར་སྲིད་ཀྱི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་400བེད་སྤྱོད་འཚམ་པོ་དང་ཡག་པོ་བྱས་ཐོག་ཁེ་ལས་ཀྱི་ཚོང་ཁ་རྒྱུགས་པ་དང་། ཞིང་པར་ཕན་ཁེ་ཐོབ་པར་བྱ་དགོས།
གཉིས་ནས་མ་དངུལ་འཇོག་གྲངས་མགྱོགས་ཙམ་འཕར་བ་དང་མ་དངུལ་འཇོག་པའི་གྲུབ་ཚུལ་ལེགས་སུ་གཏོངརྒྱུ་རྒྱུན་འཁྱོངས་བྱ་དགོས། ད་ལོ་ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར་9080འཇོག་རྒྱུ་ཡིན་པ་དེ་གཙོ་བོ་འགན་སྲུང་གི་རང་བཞིན་ལྡན་པའི་སྡོད་ཁང་དང་། སློབ་གསོ། འཕྲོད་བསྟེན། རིག་གནས་སོགས་དམངས་འཚོའི་ལས་གྲྭ་འཛུགས་སྐྲུན་དང་། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་། སྐྱེ་ཁམས་ལེགས་སྐྱོང་། ལག་རྩལ་བསྒྱུར་བཀོད། ལག་རྩལ་གསར་གཏོད། ལྕགས་ལམ་དང་། མྱུར་བགྲོད་གཞུང་ལམ། ཞིང་ཁའི་ཆུ་བེད་ལ་སོགས་པའི་གཙོ་གནད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་སླར་གསོ་བསྐྱར་སྐྲུན་བཅས་བྱེད་པར་གཏོང་རྒྱུ་རེད། སྲིད་གཞུང་གིས་མ་དངུལ་འཇོག་རིགས་ངེས་པར་དུ་ཉམས་ཉེན་ལ་ཁ་གཏད་འཇལ་བའི་གནད་འགག་ཆེ་ཤོས་ཀྱི་སར་སྤྱོད་དགོས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལྷུ་ཚིགས་ཞན་སར་སྤྱོད་དགོས་པ་ལས་ལས་སྣོན་སྤྱིར་བཏང་བྱེད་པའི་བཟོ་ལས་ལ་གཏན་ནས་སྤྱོད་མི་རུང་། སྤྱི་ཚོགས་ཀྱིས་མ་དངུལ་འཇོག་པར་བསྔགས་སྐུལ་དང་ཁྲིད་སྟོན་བྱེད་པའི་གཟིགས་སྐྱོང་གི་སྲིད་ཇུས་ཞིབ་འཇུག་གིས་གཏན་འབེབས་བྱས་ཏེ་འདོན་རྒྱུ་དམ་འཛིན་བྱ་དགོས། ཆ་འཕྲིན་སྤེལ་བ་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བར་བརྟེན་ནས་སྤྱི་ཚོགས་ཀྱི་མ་རྩ་རྒྱལ་ཁབ་ཀྱི་ཐོན་ལས་སྲིད་ཇུས་དང་མཐུན་པའི་ཁྱབ་ཁོངས་སུ་འཇོག་པར་རྒྱབ་སྐྱོར་དང་། ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་དང་ལག་རྩལ་བསྒྱུར་བཀོད་ལ་མ་དངུལ་འཇོག་གྲངས་མང་དུ་གཏོང་བར་བསྔགས་སྐུལ་བྱ་དགོས། ང་ཚོའི་དངུལ་སྐར་མ་རེ་ཙམ་ཚང་མ་མི་དམངས་ཀྱི་ས་ནས་བྱུང་བ་ཡིན་པས། ངེས་པར་དུ་མི་དམངས་ལ་འགན་འཁུར་དགོས། ལས་གྲྭ་འཛུགས་སྐྲུན་བྱེད་རིགས་ཚང་མས་ཕུགས་ཇུས་དང་སྤུས་ཚད་ཨང་དང་པོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་བུ་རབས་ཚ་རྒྱུད་ལ་རྩ་ཆེའི་རྒྱུ་ནོར་འཇོག་དགོས།
གསུམ་ནས་ས་ཁང་བདག་ཁོངས་ཚོང་ར་བརྟན་ཅིང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་དགོས། དགེ་མཚན་དང་ཕན་ནུས་སྔར་ལས་ཆེ་བ་ལྡན་པའི་སྲིད་ཇུས་དང་བྱེད་ཐབས་ལག་ལེན་བསྟར་ནས་ཚོང་རར་ཡིད་ཆེས་དང་སྔོན་དཔག་བརྟན་པོ་བྱེད་པ་དང་། ས་ཁང་བདག་ཁོངས་ལ་མ་དངུལ་འཇོག་ཚུལ་བརྟན་པོ་ཡོང་བར་བྱས་ཏེ་ས་ཁང་བདག་ཁོངས་ཐོན་ལས་བརྟན་ཞིང་གོ་རིམ་ལྡན་པའི་སྒོ་ནས་གོང་དུ་སྤེལ་བར་སྐུལ་འདེད་གཏོང་དགོས། འགན་སྲུང་གི་རང་བཞིན་ལྡན་པའི་སྡོད་ཁང་འཛུགས་སྐྲུན་སྐུལ་སྤེལ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་དང་འཐུས་སྒོ་ཚང་དུ་གང་མགྱོགས་བཏང་ནས་དུས་ཡུན་ལོ་གསུམ་གྱི་ནང་གྲོང་ཁྱེར་གྱི་ཡོང་འབབ་དམའ་ཞིང་སྡོད་ཁང་ལ་དཀའ་ངལ་ཡོད་པའི་ཁྱིམ་དུད་ཁྲི་750དང་། ནགས་ཁུལ་དང་། གསར་སྦོལ་ཁུལ། རྡོ་སོལ་གཏེར་ཁ་ལ་སོགས་པའི་སྤྱིལ་ཁྱིམ་ཁུལ་གྱི་གྲོང་མི་ཁྱིམ་དུད་ཁྲི་240ཡི་སྡོད་ཁང་གི་དཀའ་ངལ་སེལ་གང་ཐུབ་བྱ་དགོས། ད་ལོ་ཀྲུང་དབྱང་ནོར་སྲིད་ཀྱིས་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭར་མ་དངུལ་སྒོར་དུང་ཕྱུར་493བཀོད་སྒྲིག་བྱས་ནས་ཁང་གླ་ཁེ་བའི་ཁང་པ་འཛུགས་སྐྲུན་དང་སྤྱིལ་ཁྱིམ་ཁུལ་བསྒྱུར་བཀོད་བྱེད་པར་མ་དངུལ་བཞག་སྟེ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་ལ་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་མཐོ་རུ་འོས་འཚམ་གཏོང་རྒྱུ། གྲོང་གསེབ་ཀྱི་ཉེན་ཁ་ཡོད་པའི་ཁང་པ་སྒྱུར་བཀོད་ཀྱི་ཚོད་ལྟའི་ཁྱབ་ཁོངས་ཆེ་རུ་གཏོང་རྒྱུ། གྲངས་ཉུང་མི་རིགས་ས་ཁུལ་དུ་སྐྱ་སྤོའི་འབྲོག་པའི་གཏན་སྡོད་ལས་གྲྭ་ལག་ལེན་བསྟར་རྒྱུ་བཅས་རེད། ཆ་རྐྱེན་འཛོམས་པའི་ས་ཁུལ་ཁ་ཤས་བདམས་ཏེ་ཚོད་ལྟ་བྱས་ནས་སྡོད་ཁང་སྤྱི་གསོག་མ་དངུལ་ཁྲོད་བེད་མེད་དུ་ལུས་པའི་མ་དངུལ་ཆ་ཤས་གོ་ཆོད་གོང་ཁེའི་སྡོད་ཁང་འཛུགས་སྐྲུན་བྱེད་པར་གསབ་སྤྱོད་བྱ་དགོས། སྤྱི་པའི་བོགས་གཏོང་ཁང་པ་འཕེལ་རྒྱས་ཧུར་ཐག་གཏོང་དགོས། གྲོང་མིས་རང་སྡོད་ཁང་པ་དང་ལེགས་བཅོས་ཀྱི་རང་བཞིན་ལྡན་པའི་སྡོད་ཁང་ཉོ་བར་རྒྱབ་སྐྱོར་བྱེད་པའི་ཡིད་རྟོན་དངུལ་བུན་དང་། ཁྲལ་བསྡུ་སྲིད་ཇུས་དང་དེ་མིན་གྱི་སྲིད་ཇུས་དོན་འཁྱོལ་བྱ་དགོས། རང་སྡོད་ཁང་པ་དཀྱུས་མ་གཉིས་པ་ཉོ་བའི་ཆ་རྐྱེན་འཛོམས་མཁན་ལ་དངུལ་བུན་ཐེངས་དང་པོ་བླངས་ནས་རང་སྡོད་ཁང་པ་དཀྱུས་མ་ཉོ་བའི་གཟིགས་སྐྱོང་གི་སྲིད་ཇུས་ལ་གཞིགས་ནས་ལག་བསྟར་བྱ་རྒྱུ་དང་། སྡོད་ཁང་བཤུག་སྤྲོད་ལྷུ་ཚིགས་ཀྱི་ལས་གཉེར་དཔྱ་ཁྲལ་ཐད་ལོ་ཚད་མི་གཅིག་པར་གཞིགས་ཏེ་དབྱེ་བ་ཡོད་པའི་དཔྱ་ཁྲལ་ཆག་ཡང་གི་སྲིད་ཇུས་ལག་བསྟར་བྱ་རྒྱུ་རེད། ཚོང་ཟོག་སྡོད་ཁང་དཀྱུས་མ་འཛད་སྤྱོད་དང་མཁོ་སྤྲོད་བྱེད་པར་སྐུལ་སྤེལ་གཏོང་བ་དང་། ཚོག་ཟོག་སྡོད་ཁང་དཀྱུས་མ་ཆུང་འབྲིང་དང་། རིན་གོང་དམའ་འབྲིང་གི་གྲས་འཛུགས་སྐྲུན་བྱེད་པར་ཡིད་རྟོན་དངུལ་བུན་ཐོག་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། སྡོད་ཁང་ཪྙིང་པའི་ཚོང་ར་དང་སྡོད་ཁང་བོགས་མར་གཏོང་ལེན་གྱི་ཚོང་ར་འཕེལ་རྒྱས་མགྱོགས་པོ་གཏོང་དགོས། ས་ཁུལ་ཁག་གིས་ཡུལ་བབ་དང་བསྟུན་ནས་ས་ཁང་བདག་ཁོངས་ཐོན་ལས་ཚོང་ར་བརྟན་པོ་དང་འཕེལ་རྒྱས་གཏོང་བར་བསྔགས་སྐུལ་དང་ཁྲིད་སྟོན་བྱས་ཏེ་སྡོད་ཁང་གི་ཚོང་ར་རིགས་དབྱེ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་ཁང་བདག་ཁོངས་ཀྱི་ཚོང་རའི་སྒྲིག་ལམ་མུ་མཐུད་དེ་དག་ཐེར་བྱ་དགོས་པ་དང་། ཉོ་ཚོང་གི་བྱ་སྤྱོད་ཚད་ལྡན་བཟོ་དགོས། གྲོང་ཁྱེར་དུ་ཡོང་བའི་ཞིང་པ་ལས་མིར་སྡོད་ཁང་གི་དཀའ་ངལ་སེལ་རོགས་བྱ་དགོས། གྲོང་གསེབ་ཀྱི་ཁང་པ་ཉེན་ཅན་བསྒྱུར་བཀོད་ཚོད་ལྟ་བྱེད་ཁྱོན་ཆེ་རུ་གཏོང་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་བྱས་ཏེ་གྲོང་མིའི་རིམ་པ་མང་བའི་སྡོད་ཁང་དགོས་འདུན་བསྐངས་ཏེ་གྲོང་མི་ཡོད་ཚད་ལ་སྡོད་ཁང་ཡོད་པའི་དམིགས་ཚད་མངོན་འགྱུར་གང་ཐུབ་བྱ་དགོས།
བཞི་ནས་ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་སླར་གསོ་བསྐྱར་སྐྲུན་བྱེད་པར་སྐུལ་སྤེལ་གང་མགྱོགས་གཏོང་དགོས། གནོད་འཚེ་ཕོག་ཁུལ་སླར་གསོ་བསྐྱར་སྐྲུན་བྱེད་པའི་སྤྱིའི་འཆར་འགོད་སྒོ་ཀུན་ནས་ལག་བསྟར་བྱ་རྒྱུ་དམ་འཛིན་བྱ་དགོས་པ་དང་། ད་ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་གནོད་འཚེ་ཕོག་ཁུལ་བསྐྱར་སྐྲུན་བྱེད་དངུལ་ཡང་བསྐྱར་སྒོར་དུང་ཕྱུར་1300བཀོད་སྒྲིག་བྱས་ཡོད་པས། གནོད་འཚེ་ཕོག་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྡོད་ཁང་སླར་གསོ་བསྐྱར་སྐྲུན་གང་མགྱོགས་བྱ་དགོས་པ་དང་། ཉམས་གསོ་ཇེ་བརྟན་དུ་གཏོང་བ་དང་གསར་སྐུན་བྱ་རྒྱུ་ཟུང་འབྲེལ་བྱ་དགོས། གནོད་འཚེ་བྱུང་བའི་རྐྱེན་གྱིས་ཞིག་པ་དང་གཏོར་སྐྱོན་ཚབས་ཆེན་ཕོག་པའི་ཞིང་པའི་སྡོད་ཁང་བསྐྱར་སྐྲུན་བྱེད་པའི་ལས་འགན་གཞི་རྩའི་ཆ་ནས་བསྒྲུབས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ད་ལོའི་ལོ་མཇུག་གི་སྔོན་ལ་སྡོད་ཁང་གསར་པར་སྤོ་ཐུབ་པའི་འགན་ལེན་བྱ་དགོས། ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་གྱི་སློབ་གྲྭ་སླར་གསོ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་ད་ལོའི་ལོ་མཇུག་ཏུ་བརྒྱ་ཆ་95ཡན་ཟིན་པའི་སློབ་མ་ཚང་མ་གཏན་ཚུགས་སློབ་གྲྭའི་ཁང་པར་སློབ་སྦྱོང་བྱེད་པའི་འགན་ལེན་ཏན་ཏིག་བྱ་དགོས། འགྲིམ་འགྲུལ་དང་། འཕྲིན་སྐྱེལ། ནུས་ཁུངས། ཆུ་བེད་ལ་སོགས་པའི་རྨང་གཞིའི་སྒྲིག་བཀོད་སླར་གསོ་བསྐྱར་སྐྲུན་བྱེད་པར་མུ་མཐུད་དེ་སྐུལ་སྤེལ་གཏོང་དགོས་པ་དང་། ས་གཤིས་ཀྱི་གནོད་འཚེ་འགོག་བཅོས་དང་། སྐྱེ་ཁམས་སླར་གསོ། ཁོར་ཡུག་བཅོས་སྐྱོང་། རྨོ་ཞིང་ཉམས་ཉེས་སུ་གྱུར་རིགས་བསྐྱར་འདེབས་བཅས་ཡག་པོ་བྱ་དགོས། གཙོ་གནད་ཐོན་ལས་ལེགས་སྒྲིག་དར་རྒྱས་གཏོང་བའི་འཆར་འགོད་ལག་ལེན་བསྟར་བ་དང་ཟུང་འབྲེལ་བྱས་ནས་གནོད་འཚེ་ཕོག་ཁུལ་གྱི་ཐོན་ལས་བསྐྱར་སྐྲུན་དང་འཕེལ་རྒྱས་གང་མགྱོགས་གཏོང་དགོས། རིགས་མཐུན་རྒྱབ་སྐྱོར་དང་ཆེད་དམིགས་རོགས་སྐྱོར་མུ་མཐུད་ཡག་པོ་བྱེད་པ་དང་། གནོད་འཚེ་ཕོག་ཁུལ་བསྐྱར་སྐྲུན་བྱེད་དངུལ་དང་དངོས་རྫས་དོ་དམ་དང་བཀོལ་སྤྱོད་ཡག་པོ་བྱ་དགོས། གནོད་འཚེ་ཕོག་ཁུལ་བསྐྱར་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བསྐྱར་སྐྲུན་མྱུར་ཚད་མགྱོགས་སུ་བཏང་ནས་སྔོན་བཀོད་ལོ་གསུམ་གྱི་དམིགས་ཚད་དང་ལས་འགན་དེ་ལོ་གཉིས་ཀྱི་ནང་ཚུན་དུ་གཞི་རྩའི་ཆ་ནས་སྒྲུབ་པའི་བརྩོན་ལེན་བྱས་ཏེ་གནོད་འཚེ་ཕོག་ཁུལ་གྱི་མི་དམངས་ལ་སྔ་ཙམ་སྔར་བས་བདེ་སྐྱིད་ཕུན་སུམ་ཚོགས་པའི་འཚོ་བ་རོལ་དུ་འཇུག་དགོས།
(གསུམ། ) ཞིང་ལས་ཀྱི་རྨང་གཞིའི་གོ་གནས་སྲ་བརྟན་དང་ཤུགས་ཆེ་རུ་བཏང་སྟེ་ཞིང་ལས་བརྟན་པོའི་ངང་འཕེལ་རྒྱས་ཡོང་བ་དང་ཞིང་པའི་ཡོང་སྒོ་བསྟུད་མར་འཕར་བར་སྐུལ་འདེད་གཏོང་དགོས།
ད་ལོ་དོན་ལྔ་གཙོ་གནད་དུ་བཟུང་སྟེ་དམ་འཛིན་ཡག་པོ་བྱ་དགོས་པ་སྟེ། གཅིག་ནས་འབྲུ་རིགས་ཐོན་སྐྱེད་བརྟན་པོའི་ངང་ནས་འཕེལ་རྒྱས་གཏོང་དགོས། འབྲུ་རིགས་འདེབས་ཁྱོན་བརྟན་པོ་ཏན་ཏིག་ཡོང་བ་དང་། མུའུ་རེའི་ཐོན་ཚད་འཕར་ཐབས་ཤུགས་ཆེན། ས་བོན་གྲུབ་ཚུལ་བཟང་འགྱུར་བཅས་བྱས་ཏེ་རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་བྱེད་ནུས་རྒྱ་མ་དུང་ཕྱུར་སྟོང་ཕྲག་འཕར་བར་བྱེད་པའི་འཛུགས་སྐྲུན་སྐུལ་སྤེལ་གཏོང་དགོས། གཉིས་ནས་ཚོང་རའི་དགོས་མཁོ་ཕྱོགས་སྟོན་དུ་བཟུང་སྟེ་ཞིང་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱ་དགོས། ཞིང་ལས་ཐོན་རྫས་དཀོན་རིགས་གལ་ཆེན་ཐོན་སྐྱེད་བྱེད་པར་རྒྱབ་སྐྱོར་བྱས་ནས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཀ་དང་། ཕན་ནུས། འགྲན་ནུས་བཅས་ཆེ་རུ་གཏོང་དགོས། བཟང་ཆ་ལྡན་པའི་ཞིང་ལས་ཐོན་རྫས་ས་ཁོངས་བཀོད་སྒྲིག་བྱེད་པའི་འཆར་འགོད་གསར་པ་ལག་བསྟར་གང་མགྱོགས་བྱས་ནས། བཟང་ཆ་ལྡན་པའི་ཐོན་ཁུལ་དུ་སྣུམ་རྒྱུ་ལ་སོགས་པའི་དཔལ་འབྱོར་ལོ་ཏོག་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་། ཕག་པ་གསོ་སྤེལ་བརྟན་པོ། དཀར་ཆུ་དར་རྒྱས་ཀྱི་འཆར་འགོད་ལག་བསྟར། ཕྱུག་རིགས་དང་ཆུ་ཐོན་དངོས་རྫས་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་དུ་སྐྱོན་བྲལ་ངང་གསོ་སྤེལ་བྱེད་པར་སྐུལ་སྤེལ་བཅས་བྱ་དགོས། སྲོག་ཆགས་དང་རྩི་ཤིང་གི་འགོས་ནད་ཚབས་ཆེན་བཀག་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས། གསུམ་ནས་ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་གྲོང་གསེབ་ཀྱི་དམངས་འཚོའི་ལས་དོན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་ཞིང་བཅོས་སྐྱོང་གཞི་རྒྱ་ཆེན་པོ་སྤེལ་དགོས་པ་དང་། ཞིང་ཁ་དང་། ཆུ། ལམ། ནགས་ཚལ་བཅས་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་བྱས་ཏེ་ཐོན་ཚད་དམའ་འབྲིང་གི་ཞིང་ཁ་ལེགས་བཅོས་སྐུལ་སྤེལ་བྱས་ཏེ་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བྱ་དགོས། ཆུ་མཛོད་ཆེ་འབྲིང་དང་གནད་ཆེའི་ཆུ་མཛོད་ཉེན་ཅན་ཆུང་རིགས་ཉེན་སེལ་ཇེ་བརྟན་དུ་གཏོང་ཚད་མགྱོགས་སུ་བཏང་ནས་ཆུ་འདྲེན་ཁུལ་བསྒྱུར་བཀོད་དང་ཞིང་ཁའི་ཆུ་བེད་ཆུང་རིགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། སང་ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་ཀྱི་ཤང་དང་གྲོང་རྡལ་དང་། ཤར་རྒྱུད་དང་དབུས་རྒྱུད་ས་ཁུལ་གྱི་ཆ་རྐྱེན་འཛོམས་པའི་སྒྲིག་གཞི་ཚང་བའི་གྲོང་ཚོའི་གཞུང་ལམ་སྲ་འགྱུར་བྱ་རྒྱུ་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་དགོས་པ་དང་། ནུབ་རྒྱུད་ས་ཁུལ་གྱི་ཆ་རྐྱེན་འཛོམས་པའི་སྒྲིག་གཞི་ཚང་བའི་གྲོང་ཚོར་གཞུང་ལམ་ཡོད་པར་བྱ་དགོས། ད་དུང་མི་གྲངས་ཁྲི་6000ལ་གནོད་མེད་འཐུང་ཆུ་ཡོད་པར་བྱ་དགོས་པ་དང་། རྫབ་རླངས་སྤྱོད་པའི་ཁྱིམ་དུད་ཁྲི་500མང་དུ་གཏོང་དགོས་ཤིང་། གྲོང་གསེབ་ཀྱི་གློག་དྲ་དང་། ཡིག་ཟམ་འཕྲིན་གཏོང་། སྤྱི་ཚོགས་ཀྱི་བྱ་གཞག་ལ་སོགས་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་མུ་མཐུད་དེ་ཆེ་རུ་གཏོང་དགོས། བཞི་ནས་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་ཞིང་པའི་ཡོང་སྒོ་མང་དུ་འགྲོ་བར་བྱ་དགོས། ཁྱད་ཆོས་ལྡན་པའི་དེང་རབས་ཀྱི་ཞིང་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་ཤིང་། ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་དང་བྲིན་འཚོང་བྱེད་པར་རོགས་སྐྱོར་དང་། གྲོང་གསེབ་ཀྱི་ཐོན་ལས་གཉིས་པ་དང་གསུམ་པ་འཕེལ་རྒྱས། གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་འཛུགས་སྐྲུན་གང་མགྱོགས། རྫོང་ཁོངས་ཀྱི་དཔལ་འབྱོར་རྒྱ་ཆེ་རུ་འགྲོ་བ་བཅས་བྱ་དགོས། ལྔ་ནས་དབུལ་སྐྱོར་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་དགོས། ད་ལོ་དབུལ་སྐྱོར་ཚད་གཞི་གསར་པ་ལག་བསྟར་བྱས་ཏེ་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་ལ་སྒོ་ཀུན་ནས་དབུལ་སྐྱོར་གྱི་སྲིད་ཇུས་ལག་བསྟར་བྱ་རྒྱུ་རེད། ཚད་གཞི་གསར་པར་མི་རེར་ཆ་སྙོམས་སུ་སྒོར་1196ཏུ་མཐོ་རུ་གཏོང་རྒྱུ་དང་། དབུལ་སྐྱོར་བྱ་ཡུལ་ཁེབས་ཚད་མི་གྲངས་ཁྲི་4007ཟིན་རྒྱུ་ཡིན་པ་དེས་རང་རྒྱལ་གྱི་དབུལ་སྐྱོར་གསར་སྤེལ་དུས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་པ་རེད། རྒྱལ་ཁབ་ཀྱི་དབུལ་སྐྱོར་འཐབ་ཇུས་དང་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་དབུལ་སྐྱོར་མ་དངུལ་འཇོག་གྲངས་མང་དུ་བཏང་ཐོག་གསར་སྤེལ་ལ་བརྟེན་ནས་དབུལ་སྐྱོར་བྱེད་ཐབས་མཐའ་འཁྱོངས་བྱ་དགོས་པ་དང་། གྲོང་ཚོ་ཡོངས་སྐུལ་སྤེལ་དང་། ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་དང་གསོ་སྐྱོང་སྦྱོང་བརྡར། ཐོན་ལས་ཅན་དུ་འགྱུར་བར་བརྟེན་ཏེ་དབུལ་སྐྱོར། ཡུལ་མི་གནས་སྤོས་དབུལ་སྐྱོར་བཅས་གཙོ་གནད་དུ་བཟུང་སྟེ་དམ་འཛིན་བྱས་ཏེ། དབུལ་སྐྱོར་བྱ་ཡུལ་གྱི་ལྟོ་གོས་གཉིས་འཛོམས་ཀྱི་གནད་དོན་ཐག་གཅོད་བརྟན་པོ་བྱ་དགོས་པ་མ་ཟད་དབུལ་བྲལ་ཕྱུག་འགྱུར་མངོན་འགྱུར་གང་ཐུབ་བྱ་དགོས།
“ཞིང་གསུམ་”གྱི་ལས་དོན་ལ་སྒོ་ཀུན་ནས་ཤུགས་སྣོན་རྒྱག་པར་གཤམ་གསལ་གྱི་བྱེད་ཐབས་ལག་ལེན་བསྟར་དགོས་པ་སྟེ། གཅིག་ནས་ཞིང་ལས་དང་གྲོང་གསེབ་ལ་མ་དངུལ་འཇོག་གྲངས་འཕར་སྣོན་ཆེན་པོ་གཏོང་དགོས། ད་ལོར་ཀྲུང་དབྱང་གི་ནོར་སྲིད་ནས “ཞིང་གསུམ ”ལ་མ་དངུལ་སྒོར་དུང་ཕྱུར་7161འཇོག་རྒྱུའི་བཀོད་སྒྲིག་བྱེད་རྩིས་ཡོད་ཅིང་། ལོ་གོང་མ་ལས་སྒོར་དུང་ཕྱུར་1206འཕར་ཡོད། དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་གྲོང་གསེབ་ཀྱི་སྤྱི་ཕན་རང་བཞིན་ལྡན་པའི་འཛུགས་སྐྲུན་རྣམ་གྲངས་ལ་མ་དངུལ་འཇོག་གྲངས་འཕར་སྣོན་ཆེན་པོ་བཏང་སྟེ། རྫོང་དང་རྫོང་མན་ཆད་ཀྱི་འབྲེལ་ཡོད་མ་དངུལ་ཆ་སྒྲིག་བྱས་ནས་འཇོག་རྒྱུའི་བླང་བྱ་མེད་པར་བཟོ་དགོས། འབྲུ་རིགས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་འབྲུ་རིགས་ཐོན་ཁུལ་གཙོ་བོར་འཕར་གཟིགས་བྱས་ཏེ་འབྲུ་རིགས་ཐོན་སའི་རྫོང་ཆེ་གྲས་ལ་སྤྱིར་བཏང་གི་རང་བཞིན་ལྡན་པའི་མ་དངུལ་གཏོང་སྤྲོད་སྤོ་སྒྱུར་བྱ་རྒྱུ་དང་། ནོར་སྲིད་ཐད་ཀྱི་བྱ་དགའ་སྤྲོད་རྒྱུ། འབྲུ་རིགས་ཐོན་ལས་འཛུགས་སྐྲུན་བྱ་རྒྱུ་བཅས་ཀྱི་རྣམ་གྲངས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། གཉིས་ནས་འབྲུ་རིགས་ཀྱི་མ་མཐའི་ཉོ་སྒྲུབ་རིན་གོང་ཆེ་ཙམ་སྤར་ནས། ཞིང་ལས་ཐོན་རྫས་ཀྱི་གོང་ཚད་ལུགས་མཐུན་ཡོང་བར་བྱས་ནས་འབྲུ་རིགས་འདེབས་མཁན་ཞིང་པའི་ཧུར་སེམས་ཆེ་རུ་གཏོང་དགོས། ད་ལོར་གྲོ་དང་ཆུ་འབྲས་ཀྱི་མ་མཐའི་ཉོ་སྒྲུབ་རིན་གོང་ཆ་སྙོམས་སུ་སོ་སོར་རྒྱ་མ་རེར་སྒོར་0.11དང་སྒོར་0.13སྤར་རྒྱུ་ཡིན། ཞིང་ལས་ཐོན་རྫས་གཙོ་བོ་གནས་སྐབས་གསོག་ཉར་སྲིད་ཇུས་དུས་བསྟུན་ལག་བསྟར་བྱེད་འགོ་ཚུགས་ཏེ་འབྲུ་རིགས་དང་། སྲིང་བལ། རྩི་ཤིང་བཟའ་སྣུམ། ཕག་ཤ་བཅས་གསོག་ཉར་བྱེད་གྲངས་མང་དུ་བཏང་སྟེ་ཞིང་ལས་ཐོན་རྫས་ཚོང་ར་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས། གསུམ་ནས་ཞིང་ལས་ལ་ཁ་གསབ་བྱེད་གྲངས་སྔར་ལས་མང་དུ་གཏོང་དགོས། ཀྲུང་དབྱང་ནོར་སྲིད་ནས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་1230བཀོད་སྒྲིག་བྱེད་རྩིས་ཡོད་ཅིང་། ལོ་གོང་མ་ལས་སྒོར་དུང་ཕྱུར་200འཕར་ཡོད། འབྲུ་རིགས་འདེབས་མཁན་ལ་ཐད་ཀར་ཁ་གསབ་བྱེད་གྲངས་མུ་མཐུད་འཕར་སྣོན་གཏོང་དགོས། སོན་བཟང་འདེབས་གསོ་བྱེད་པར་ཁ་གསབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁ་གསབ་ཚད་གཞི་མཐོ་རུ་བཏང་ནས། ཆུ་འབྲས་དང་། གྲོ། མ་རྨོས་ལོ་ཏོག སྲིང་བལ་བཅས་ཚང་མར་ཁྱབ་པར་བྱ་དགོས་ཤིང་། པད་ཁ་དང་སྲན་སེར་གྱི་སོན་བཟང་འདེབས་གསོ་བྱེད་པར་ཁ་གསབ་བྱེད་རྒྱ་ཆེ་རུ་གཏོང་བ་དང་། ཡིའུ་ཁྲ་སྣུམ་ཤིང་གི་སོན་བཟང་འདེབས་གསོ་བྱེད་པར་ཁ་གསབ་བྱ་དགོས། ཞིང་ལས་འཕྲུལ་ཆས་དང་ཡོ་བྱད་ཉོ་སྒྲུབ་བྱེད་པར་ཁ་གསབ་བྱེད་སྟངས་དེ་རྒྱལ་ཡོངས་ཀྱི་ཞིང་ལས་དང་འབྲོག་ལས་རྫོང་(ཞིང་འབྲོག་ར་)ཡོད་ཚད་ལ་ཁྱབ་པར་བྱ་དགོས་པ་དང་། ཀྲུང་དབྱང་ནོར་སྲིད་ནས་མ་དངུལ་སྒོར་དུང་ཕྱུར་130བཀོད་སྒྲིག་བྱེད་རྩིས་ཡོད་ཅིང་། ལོ་གོང་མ་ལས་སྒོར་དུང་ཕྱུར་90འཕར་ཡོད། ཞིང་སྤྱོད་དངོས་རྫས་ཀྱི་རིན་གོང་འཕར་ཚད་དང་ལོ་ཏོག་འདེབས་ཁྱོན་ལ་གཞིགས་ཏེ་ཞིང་སྤྱོད་དངོས་རྫས་ལ་ཕྱོགས་བསྡུས་ཁ་གསབ་བྱེད་ཚད་དུས་ཐོག་ཏུ་མང་དུ་གཏོང་དགོས། བཞི་ནས་ཞིང་ལས་སྤྱི་ཚོགས་ཅན་དུ་འགྱུར་བའི་ཞབས་ཞུའི་མ་ལག་གསར་པ་འཛུགས་སྐྲུན་མགྱོགས་སུ་གཏོང་དགོས། ཞིང་ལས་ཚན་རྩལ་ལ་མ་དངུལ་འཇོག་གྲངས་མང་དུ་བཏང་སྟེ་ཞིང་ལས་ཚན་རྩལ་གསར་གཏོད་གྲུབ་འབྲས་ཁྱབ་སྤེལ་དང་ཞབས་ཞུ་བྱེད་ནུས་ཆེ་རུ་གཏོང་དགོས། གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་དུ་གཏོང་བ་དང་། སྲོག་ཆགས་དང་རྩི་ཤིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པ། ཞིང་ལས་ཐོན་རྫས་ཀྱི་སྤུས་ཀར་ལྟ་སྐུལ་དོ་དམ་བྱེད་པ་སོགས་སྤྱི་པའི་ཞབས་ཞུའི་ལས་ཁུངས་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། མཁོ་འཚོང་མཉམ་ལས་ཁང་དང་། ཞིང་པའི་ཆེད་ལས་མཉམ་ལས་ཁང་། འགོ་འདྲེན་ཁེ་ལས་སོགས་ཀྱིས་རྣམ་པ་སྣ་ཚོགས་ཀྱི་ཐོན་སྐྱེད་གཉེར་སྐྱོང་ཞབས་ཞུ་འདོན་སྤྲོད་བྱེད་པར་རྒྱབ་སྐྱོར་བྱ་དགོས། ལྔ་ནས་གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་བརྟན་པོ་དང་འཐུས་སྒོ་ཚང་དུ་གཏོང་དགོས། ད་ཡོད་ས་ཞིང་འདེབས་འགན་གཙང་ལེན་གྱི་འབྲེལ་བ་བརྟན་པོ་ཡོང་བ་བྱ་རྒྱུ་མ་ཟད་ཡུན་རིང་མི་འགྱུར་བ་རྒྱུན་འཁྱོངས་བྱས་ནས་རང་ཡུལ་ལས་བྲལ་བའི་ཞིང་པ་ལས་མི་ཚུད་པའི་ཞིང་པར་ས་ཞིང་གཉེར་སྐྱོང་བྱེད་འགན་གཙང་ལེན་བྱེད་དབང་སྔར་ལས་མང་ཞིང་ཁག་ཐེག་ཡོད་པ་སྤྲོད་དགོས། ས་ཞིང་གཉེར་སྐྱོང་བྱེད་འགན་གཙང་ལེན་བྱེད་དབང་བཤུག་སྤྲོད་བྱེད་པར་ངེས་པར་དུ་ཁྲིམས་ལྟར་རང་མོས་དང་རིན་དོད་ཡོད་པའི་རྩ་དོན་མཐའ་འཁྱོངས་བྱ་དགོས། རྨོ་ཞིང་སྲུང་སྐྱོང་ལམ་ལུགས་ནན་ཤོས་དང་ས་ཞིང་གྲོན་ཆུང་སྤྱོད་པའི་ལམ་ལུགས་ནན་ཤོས་མཐའ་འཁྱོངས་དང་དོན་འཁྱོལ་བྱས་ནས་རྨོ་ཞིང་མུའུ་དུང་ཕྱུར་18ལས་ཉུང་མི་རུང་བའི་མ་མཐའི་མཚམས་ཚད་གཡོ་འགུལ་མེད་པར་ནན་སྲུང་བྱ་དགོས། ཐུན་མོང་གི་ནགས་ཚལ་བདག་དབང་ལམ་ལུགས་བསྒྱུར་བཅོས་སྐུལ་སྤེལ་གཏོང་དགོས་པ་དང་། གྲོང་གསེབ་ཀྱི་ཕྱོགས་བསྡུས་བསྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་དགོས། ཞང་དང་གྲོང་རྡལ་གྱི་སྒྲིག་གཞི་བསྒྱུར་བཅོས་མགྱོགས་སུ་གཏོང་དགོས་པ་དང་། གྲོང་གསེབ་ཀྱི་བུ་ལོན་སེལ་ཐབས་ཧུར་བརྩོན་ཆེ་ཞིང་གཟབ་ནན་བྱ་དགོས།
(བཞི )འཕེལ་རྒྱས་གཏོང་སྟངས་ལེགས་འགྱུར་གང་མགྱོགས་བཏང་སྟེ་དཔལ་འབྱོར་གྲུབ་ཚུལ་འཐབ་ཇུས་ཀྱི་རང་བཞིན་ལྡན་པའི་ལེགས་སྒྲིག་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་དགོས།
ད་ལོར་འཕར་སྣོན་ཡོང་བར་འགན་ལེན་བྱེད་པ་དང་རིམ་སྤར་སྐུལ་སྤེལ་གཏོང་བར་དམིགས་ཏེ་གཙོ་བོར་བཟོ་ལས་གྲུབ་ཚུལ་ལེགས་སྒྲིག་དམ་འཛིན་ལེགས་པར་བྱ་དགོས། གཅིག་ནས་རླངས་འཁོར་དང་། ངར་ལྕགས། གྲུ་གཟིངས་བཟོ་བ། རྡོ་སྣུམ་རྫས་འགྱུར། ཡང་བའི་བཟོ་ལས། འཁེལ་འཐག མདོག་ལྡན་ལྕགས་རིགས། སྒྲིག་ཆས་བཟོ་སྐྲུན། གློག་རྡུལ་ཆ་འཕྲིན། དེང་རབས་ཀྱི་དངོས་ཟོག་སྐྱེལ་འདྲེན་ལ་སོགས་པའི་གཙོ་གནད་ཐོན་ལས་ལེགས་སྒྲིག་དང་དར་རྒྱས་གཏོང་བའི་འཆར་འགོད་ལག་བསྟར་ནན་ཏན་བྱ་དགོས། ལས་རིགས་དེ་དག་གོང་དུ་སྤེལ་བར་གནས་པའི་འགལ་བ་དང་གནད་དོན་མངོན་གསལ་དོད་པོས་ཐག་གཅོད་ཤུགས་ཆེན་བྱས་ནས། གྲུབ་ཚུལ་ལེགས་སྒྲིག་དང་ལེགས་འགྱུར་རིམ་སྤར་ཡོང་བར་སྐུལ་སྤེལ་གཏོང་དགོས། གཉིས་ནས་ཁེ་ལས་རྩ་འཛུགས་ཀྱི་སྒྲིག་གཞི་ལེགས་སྒྲིག་དང་ཟླ་སྒྲིལ་བསྐྱར་སྒྲིག་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་ནས། བཟང་ཆ་ལྡན་པའི་ཁེ་ལས་ཀྱིས་རྗེས་སུ་ལུས་པའི་ཁེ་ལས་དང་དཀའ་ངལ་ཡོད་པའི་ཁེ་ལས་མཉམ་ཉོ་བྱེད་པར་རྒྱབ་སྐྱོར་དང་། དྲག་གྲས་མཉམ་འབྲེལ་དང་དྲག་ཞན་གཞི་གཅིག་ཏུ་འགྱུར་བའི་བདག་གཉེར་བྱེད་པར་བསྔགས་སྐུལ་བྱས་ནས། ཐོན་ལས་གཅིག་བསྡུས་བྱེད་ཚད་དང་ཐོན་ཁུངས་བཀོད་སྒྲིག་བྱེད་པའི་ལས་ཆོད་ཆེ་རུ་གཏོང་དགོས། གསུམ་ནས་བྱེད་ཐབས་དེ་བས་ནུས་ལྡན་སྤྱད་དེ་ཁེ་ལས་འབྲིང་ཆུང་གོང་དུ་སྤེལ་བར་རོགས་སྐྱོར་བྱ་དགོས། དངུལ་རྩའི་ཐོག་ནས་རོགས་སྐྱོར་བྱ་རྒྱུའི་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ་དམ་འཛིན་བྱས་ནས་མ་དངུལ་འདུ་འཁོར་གྱིས་འགན་ལེན་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། དངུལ་བུན་གཏོང་ལེན་གྱི་འགྲོ་ལུགས་སྟབས་བདེ་བཟོས་ནས་དངུལ་བུན་གཏོང་གྲངས་མང་དུ་གཏོང་དགོས། ཀྲུང་དབྱང་ནོར་སྲིད་ཀྱིས་ཁེ་ལས་འབྲིང་ཆུང་གོང་དུ་སྤེལ་བའི་མ་དངུལ་སྒོར་དུང་ཕྱུར་39ནས་སྒོར་དུང་ཕྱུར་96ཏུ་འཕར་སྣོན་བཏང་ཡོད། ཁེ་ལས་འབྲིང་ཆུང་གིས་ཚན་རྩལ་གསར་གཏོད་དང་། ལག་རྩལ་བསྒྱུར་བཀོད། ལས་ཞུགས་བྱེད་མཁན་འཕར་བ་བཅས་བྱེད་པར་བསྔགས་སྐུལ་བྱེད་པའི་ཁྲལ་འབབ་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་དེ་ལག་བསྟར་བྱ་དགོས་པ་དང་། ཁེ་ལས་འབྲིང་ཆུང་གི་སྤྱི་ཚོགས་ཅན་དུ་འགྱུར་བའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། བཞི་ནས་ཁེ་ལས་ཀྱིས་ལག་རྩལ་བསྒྱུར་བཀོད་གང་མགྱོགས་བྱེད་པར་རྒྱབ་སྐྱོར་ཧུར་ཐག་བྱས་ནས་གསར་གཏོད་ཅན་གྱི་ཁེ་ལས་འཛུགས་སྐྲུན་བྱ་དགོས། ཀྲུང་དབྱང་ནོར་སྲིད་ནས་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་200བཀོད་སྒྲིག་བྱས་ནས་གཙོ་བོར་སྐྱེད་ཀ་སྤྲོད་པའི་བྱེད་ཐབས་ལ་བརྟེན་ནས་ཁེ་ལས་ཀྱིས་ལག་རྩལ་བསྒྱུར་བཀོད་བྱེད་པར་རྒྱབ་སྐྱོར་བྱེད་རྩིས་ཡོད། ཁེ་ལས་ཀྱིས་ལག་རྩལ་གསར་པ་དང་། བཟོ་རྩལ་གསར་པ། སྒྲིག་ཆས་གསར་པ། རྒྱུ་ཆ་གསར་པ་བཅས་བེད་སྤྱད་དེ་ཚོང་རར་འགྱུར་ལྡོག་བྱུང་ཚུལ་དང་བསྟུན་ཏེ་བྲིན་ཁ་རྒྱུག་པའི་ཐོན་རྫས་གསར་སྤེལ་བྱས་པ་དང་། ཐོན་རྫས་གསར་གཏོད་སྐུལ་སྤེལ་གཏོང་བ་དང་། ཐོན་རྫས་ཀྱི་སྤུས་ཀ་ལེགས་སུ་གཏོང་བ་དང་ཐོན་སྐྱེད་གཉེར་སྐྱོང་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བར་བསྔགས་སྐུལ་བྱ་དགོས། ལྔ་ནས་དེང་རབས་ཀྱི་ཞབས་ཞུའི་ལས་རིགས་གོང་འཕེལ་གང་མགྱོགས་གཏོང་དགོས། དངུལ་རྩའི་འགན་བཅོལ་དང་། དེང་རབས་ཀྱི་དངོས་ཟོག་སྐྱེལ་འདྲེན། ཆ་འཕྲིན་འདྲི་རྩད། མཉེན་ཆས། གསར་གཏོད་ཐོན་ལས་བཅས་གོང་དུ་སྤེལ་བར་སྐུལ་འདེད་བཏང་སྟེ་གསར་དར་ཞབས་ཞུའི་ཁྱབ་ཁོངས་རྒྱ་སྐྱེད་གཏོང་དགོས་པ་དང་། སྲོལ་རྒྱུན་ཞབས་ཞུའི་ལས་རིགས་རིམ་སྤར་བྱ་དགོས།
ཚན་རྩལ་གསར་གཏོད་སྐུལ་སྤེལ་ཤུགས་ཆེན་གཏོང་དགོས། ཚན་རྩལ་གསར་གཏོད་བྱེད་པ་དེ་ནང་མཁོ་རྒྱ་སྐྱེད་དང་འཕར་སྣོན་ཡོང་བ་སྐུལ་སྤེལ་གཏོང་བ་དང་། གྲུབ་ཆ་ལེགས་སྒྲིག་དང་ཆུ་ཚད་མཐོར་འདེགས་བྱེད་པ་དང་ཟུང་འབྲེལ་དམ་པོ་བྱ་དགོས། ད་ལོར་ཀྲུང་དབྱང་ནོར་སྲིད་ནས་ཚན་རྩལ་ཐད་དངུལ་སྒོར་དུང་ཕྱུར་1461བཏང་ཞིང་བརྒྱ་ཆ་25.6འཕར་ཡོད། གཅིག་ནས་རྒྱལ་ཁབ་ཀྱི་དུས་ཡུན་རིང་བ་དང་འབྲིང་བའི་ཚན་རྩལ་གོང་དུ་སྤེལ་བའི་འཆར་འགོད་ཀྱི་རྩ་གནད་སྤྱི་དང་། ཁྱད་པར་དུ་ཚན་རྩལ་ཆེད་གཉེར་རྣམ་གྲངས་གལ་ཆེན་ལག་བསྟར་གང་མགྱོགས་བྱ་དགོས། སྐུལ་ཁྲིད་བྱེད་ཤུགས་ཆེ་བ་དང་། ཤུགས་རྐྱེན་ཐེབས་རྒྱ་ཆེ་བ། ཕན་ནུས་མགྱོགས་མྱུར་ཐོན་པ་བཅས་ཀྱི་རྣམ་གྲངས་ཁ་ཤས་བདམས་ནས་ལས་ཀ་སྤེལ་བར་དམ་འཛིན་བྱ་དགོས་པ་དང་། སྲོག་ཤིང་དུ་གྱུར་པའི་ལག་རྩལ་དང་གནད་འགག་ཆེ་ཞིང་ཐུན་མོང་རང་བཞིན་ལྡན་པའི་ལག་རྩལ་ཁག་ཅིག་གི་འགག་གནད་སྒྲོལ་ཐབས་གང་ཐུབ་བྱས་ནས། ཐོན་ལས་རིགས་བསྒྱུར་དང་ལག་རྩལ་རིམ་སྤར་ཡོང་བའི་སྐུལ་ཁྲིད་བྱ་དགོས་པ་དང་། ཐོན་ལས་དར་རྒྱས་ཡོང་བ་དང་དཔལ་འབྱོར་ཡུན་རིང་གོང་འཕེལ་ཡོང་བར་འདེགས་སྐྱོར་བྱ་དགོས། གཉིས་ནས་ཚན་རྩལ་སྒྲིག་སྲོལ་བསྒྱུར་བཅོས་ཟབ་ཏུ་སྤེལ་ནས་ལག་རྩལ་གསར་གཏོད་བྱེད་པའི་ཐད་ཁེ་ལས་ཀྱིས་རྐང་འཛིན་བྱེད་པའི་ནུས་པ་འདོན་སྤེལ་བྱ་དགོས། ཚན་རྩལ་མི་སྣ་སྔར་ལས་མང་བ་དཔལ་འབྱོར་འཛུགས་སྐྲུན་ཀྱི་ལས་གནས་དང་པོར་ཞུགས་པའི་སྐུལ་སློང་བྱས་ནས་ལག་རྩལ་ཁྱབ་སྤེལ་དང་། ཐོན་རྫས་ཞིབ་འཇུག་གསར་གཏོད། ཚན་རྩལ་ཅན་གྱི་ཁེ་ལས་གསར་འཛུགས་བཅས་བྱ་དགོས། ཐོན་སློབ་ཞིབ་གསུམ་ཟུང་དུ་སྦྲེལ་བར་སྐུལ་སྤེལ་བཏང་ནས་ཚན་རྩལ་གྲུབ་འབྲས་ཐོན་སྐྱེད་ནུས་ཤུགས་དངོས་སུ་འགྱུར་རྒྱུ་མགྱོགས་སུ་གཏོང་དགོས། གསུམ་ནས་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཆེ་ཞིང་སྟོབས་ལྡན་དུ་འཛུགས་གཉེར་བྱ་དགོས། གནད་ཆེའི་སྒྲིག་ཆས་རང་བརྟེན་ཞིབ་འཇུག་གསར་གཏོད་བྱེད་པའི་རྒྱལ་ནང་གི་རྒྱབ་རྟེན་ལས་གྲྭ་དང་སྲིད་གཞུང་གི་ཉོ་སྒྲུབ་ལམ་ལུགས་དོན་འཁྱོལ་དང་། གནད་ཆེའི་ཆ་ལག་ཚང་བའི་སྒྲིག་བཀོད་དང་། ལག་རྩལ་མཐོ་བའི་སྒྲིག་ཆས། ལག་རྩལ་མཐོ་བའི་ཐོན་ལས་བཅས་ལ་མཁོ་བའི་སྒྲིག་ཆས་འཕེལ་རྒྱས་ཤུགས་ཆེན་བཏང་ནས། སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་བསྡུས་གྲུབ་གསར་གཏོད་བྱེད་ཚད་དང་རང་རྒྱལ་ནས་ཐོན་པའི་སྒྲིག་ཆས་སུ་འགྱུར་ཚད་མཐོ་རུ་གཏོང་དགོས། བཞི་ནས་ནུས་ཁུངས་གསར་པ་དང་། སྐྱེ་དངོས། སྨན་དང་སྨན་བཅོས། ལག་འཁྱེར་འཕྲིན་གཏོང་སྒྲིག་ཆས་རབས་གསུམ་པ། དྲ་གསུམ་མཉམ་འབྲེལ། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་ལ་སོགས་པའི་ལག་རྩལ་ཞིབ་འཇུག་གསར་གཏོད་དང་ཐོན་ལས་ཅན་དུ་འགྱུར་བར་རོགས་སྐྱོར་དང་སྐུལ་སྤེལ་གཏོང་དགོས་པ་དང་། ལག་རྩལ་མཐོ་གསར་གྱི་ཐོན་ལས་ཁྱུ་ཚོགས་འཕེལ་རྒྱས་བཏང་ནས་སྤྱི་ཚོགས་ཀྱི་དགོས་མཁོ་གསར་པ་གཏོད་ཐབས་བྱ་དགོས། ལྔ་ནས་ཚན་སློབ་ལ་བརྟེན་ཏེ་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་ཅན་ལ་བརྟེན་ཏེ་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས། ཤེས་ཡོན་གྱི་ཐོན་དངོས་བདག་དབང་གི་འཐབ་ཇུས་བཅས་མུ་མཐུད་དེ་ལག་བསྟར་བྱ་དགོས། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་འཛུགས་སྐྲུན་མུ་མཐུད་ནས་སྐུལ་སྤེལ་གཏོང་བ་དང་། རྨང་གཞིའི་ཚན་རིག་དང་ལག་རྩལ་གསར་ཤོས་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་སྟེ། གནད་ཆེའི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་དང་སྤྱི་སྤྱོད་ལས་སྟེགས་འཛུགས་སྐྲུན་གང་མགྱོགས་བྱ་དགོས། རྒྱལ་ཕྱིའི་མཐོ་རིམ་ཤེས་ལྡན་ཅན་དང་རིག་སྟོབས་ནང་འདྲེན་ཧུར་ཐག་བྱ་དགོས་པ་དང་། ཤེས་ལྡན་ཅན་གྱི་དཔུང་སྡེ་སྣ་ཚོགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཤེས་ཡོན་གྱི་ཐོན་དངོས་བདག་དབང་གསར་གཏོད་དང་། བེད་སྤྱོད། སྲུང་སྐྱོང་། དོ་དམ་བཅས་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་དགོས།
ནུས་ཁུངས་གྲོན་ཆུང་དང་སྦགས་བཙོག་ཉུང་འབུད་དང་། སྐྱེ་ཁམས་དང་ཁོར་ཡུག་སྲུང་སྐྱོང་གི་ལས་ཀར་ལྷོད་གཡེང་གཏན་ནས་མེད་པར་ཤུགས་སྣོན་རྒྱག་དགོས། གཅིག་ནས་བཟོ་ལས་དང་། འགྲིམ་འགྲུལ། ཨར་ལས་བཅས་ཁྱབ་ཁོངས་ཆེན་པོ་གསུམ་གྱི་ནུས་ཁུངས་གྲོན་ཆུང་བྱ་རྒྱུ་དམིགས་སུ་བཀར་ནས་དམ་འཛིན་ལེགས་པར་བྱ་དགོས་པ་དང་། ནུས་ཁུངས་གྲོན་ཆུང་ལས་གྲྭ་གཙོ་གནད་ཆེ་བ་བཅུ་འཛུགས་སྐྲུན་ལ་མུ་མཐུད་དེ་སྐུལ་སྤེལ་གཏོང་དགོས་ལ། གློག་སྒུལ་འཕྲུལ་འཁོར་དང་། ཁྲོ་ཐབ། རླངས་འཁོར། དྲོ་གྲང་སྙོམས་སྒྲིག་འཕྲུལ་ཆས། གློག་བཞུ་ལ་སོགས་པའི་ཐད་ཀྱི་ནུས་ཁུངས་གྲོན་ཆུང་བྱེད་ཐབས་དོན་འཁྱོལ་བྱ་དགོས། གཉིས་ནས་འཁོར་སྐྱོད་དཔལ་འབྱོར་དང་ནུས་ཁུངས་གཙང་མ་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། ནུས་ཁུངས་གྲོན་ཆུང་དང་། ཆུ་གྲོན་ཆུང་། ས་ཆ་གྲོན་ཆུང་བཅས་མཐའ་འཁྱོངས་བྱ་དགོས་པ་དང་། ཉིང་རྡུལ་གློག་འདོན་དང་། ཆུ་ཤུགས་གློག་འདོན། རླུང་ཤུགས་གློག་འདོན། ཉི་ནུས་གློག་འདོན་སོགས་ནུས་ཁུངས་གཙང་མ་འཕེལ་རྒྱས་ཧུར་ཐག་གཏོང་དགོས། རྡོ་སོལ་གཙང་བཟོའི་ལག་རྩལ་ཐོན་ལས་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་དགོས། ནུས་ཁུངས་ཟད་གྲོན་འགྲོ་བ་དང་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུའི་རྒྱལ་ཁབ་ཀྱི་ཚད་གཞི་ལག་བསྟར་ནན་པོ་བྱ་དགོས་པ་དང་། ནུས་ཁུངས་གྲོན་ཆུང་ལག་རྩལ་དང་ཐོན་རྫས་ཁྱབ་སྤེལ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་སྟེ། ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས། གསུམ་ནས་ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུའི་སྲིད་ཇུས་ཁག་འཐུས་སྒོ་ཚང་དུ་བཏང་སྟེ། ནུས་ཁུངས་གྲོན་ཆུང་དང་སྦགས་བཙོག་ཉུང་འབུད་གཏོང་རྒྱུའི་དམིགས་ཚད་མ་ལག་དང་། དཔྱད་ཞིབ་མ་ལག ལྟ་སྐུལ་ཚད་ལེན་མ་ལག་བཅས་གཞིར་བཟུང་སྟེ་དོན་ཐོག་ཏུ་འཁྱོལ་བ་དམ་འཛིན་ཤུགས་ཆེན་བྱ་དགོས། བཞི་ནས་དམངས་ཡོངས་ཀྱི་ནུས་ཁུངས་གྲོན་ཆུང་དང་སྦགས་བཙོག་ཉུང་འབུད་བྱ་སྤྱོད་སྤེལ་ཏེ་རྒྱལ་ཁབ་ཀྱི་ལས་ཁུངས་དང་། སྤྱི་པའི་ཁེ་ལས་དང་བྱ་ལས་སྡེ་ཚན་གྱིས་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱ་དགོས། ལྔ་ནས་ཆུ་བོ་འབབ་རྒྱུད་དང་ས་ཁོངས་གཙོ་བོའི་སྦགས་བཙོག་འགོག་བཅོས་བྱེད་ཤུགས་མུ་མཐུད་དེ་ཆེ་རུ་གཏོང་དགོས་པ་དང་། བྱེ་རྡོ་ཅན་དང་ཐང་རྒོད་ཅན་དུ་འགྱུར་བར་བཅོས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་དགོས་ཤིང་། གནད་ཆེའི་འགོག་སྲུང་ནགས་ཚལ་དང་རང་བྱུང་ནགས་ཚལ་སྲུང་སྐྱོང་དང་། པེ་ཅིན་དང་ཐེན་ཅིན་གྱི་བྱེ་རླུང་འབྱུང་ཁུངས་བཅོས་སྐྱོང་ལ་སོགས་པའི་སྐྱེ་ཁམས་འཛུགས་སྐྱོང་ལས་གྲྭ་ལག་ལེན་བསྟར་ནས། ཆུ་དང་། ནགས་ཚལ། རྩྭ་ཐང་། རློན་ས་ལ་སོགས་པའི་སྐྱེ་ཁམས་དང་ཁོར་ཡུག་ལ་སྲུང་སྐྱོང་བྱ་དགོས། གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་སྐུལ་སྤེལ་གཏོང་དགོས་པ་དང་། གཏེར་ཁའི་ཐོན་ཁུངས་གསར་སྤེལ་བྱེད་པའི་སྒྲིག་ལམ་དག་ཐེར་དང་ཚད་ལྡན་དུ་གཏོང་དགོས། རྒྱ་མཚོ་ཆེན་པོའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་ལུགས་མཐུན་བྱ་དགོས། དྲུག་ནས་གནམ་གཤིས་འགྱུར་ལྡོག་བྱུང་བར་ཁ་གཏད་འཇལ་བའི་སྐོར་གྱི་རྒྱལ་ཁབ་ཀྱི་ཇུས་གཞི་ལག་བསྟར་བྱས་ནས་གནམ་གཤིས་འགྱུར་ལྡོག་བྱུང་བར་ཁ་གཏད་འཇལ་བའི་ནུས་པ་ཆེ་རུ་གཏོང་དགོས། གནམ་གཤིས་དང་། ས་ཡོམ། གནོད་འགོག་གནོད་སེལ། ཐིག་ལེན་རིས་འབྲི་བཅས་ཀྱི་རྨང་གཞིའི་ཞིབ་འཇུག་བྱེད་ནུས་ཆེ་རུ་གཏོང་དགོས།
ཐོན་རྫས་ཀྱི་སྤུས་ཚད་དང་ཉེན་མེད་ཐོན་སྐྱེད་བྱེད་པའི་ཆུ་ཚད་སྒོ་ཀུན་ནས་མཐོ་རུ་གཏོང་དགོས། ད་ལོར་རྒྱལ་ཡོངས་སུ་ཚོང་རའི་སྒྲིག་ལམ་དག་ཐེར་དང་ཚད་ལྡན་དུ་སྒྱུར་བའི་ཆེད་དམིགས་བྱ་སྤྱོད་དང་། དེ་བཞིན “སྤུས་དག་དང་བདེ་འཇགས་ལོ ”ཞེས་པའི་བྱེད་སྒོ་སྤེལ་ཏེ་ལས་རིགས་ཁག་ཚང་མས་མི་སྣ་ཡོངས་རྫོགས་དང་། བྱ་རིམ་ཧྲིལ་པོ། ཕྱོགས་ཀུན་བཅས་ནས་སྤུས་ཀ་དང་བདེ་དོན་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། གཙོ་གནད་ལས་རིགས་ཀྱིས་ཉེན་མེད་ཐོན་སྐྱེད་བྱེད་པར་ལྟ་སྐུལ་དོ་དམ་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་སྟེ། ཤི་རྨས་ཀྱི་དོན་རྐྱེན་ཚབས་ཆེན་དམིགས་བསལ་ཅན་འབྱུང་བར་བཀག་སྡོམ་མཐའ་གཅིག་ཏུ་བྱ་དགོས། ཟས་རིགས་དང་སྨན་རྫས་གནོད་མེད་ཆེད་དམིགས་བཅོས་སྐྱོང་ཟབ་ཏུ་སྤེལ་ཏེ་ཐོན་རྫས་ཀྱི་སྤུས་ཀ་གནོད་མེད་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་འབྲེལ་ལག་བསྟར་ནན་པོ་བྱ་དགོས། ཚོང་རར་ཞུགས་པའི་བཀའ་འཁྲོལ་ལམ་ལུགས་ནན་པོ་དང་ཐོན་རྫས་ཀྱི་སྤུས་ཀ་ཁུངས་འདེད་ལམ་ལུགས་ནན་པོ། ཕྱིར་འགུག་པའི་ལམ་ལུགས་ནན་པོ་བཅས་ལག་ལེན་བསྟར་དགོས་ཤིང་། མི་དམངས་མང་ཚོགས་ཀྱིས་ཉོ་དུས་བློ་བདེ་བ་དང་། ཟ་དུས་སེམས་བདེ་བ། སྤྱོད་དུས་བག་ཕེབས་པ་བཅས་བྱ་དགོས།
ནུབ་རྒྱུད་གསར་སྤེལ་ཆེན་པོ་དང་། བྱང་ཤར་ས་ཁུལ་ལ་སོགས་པའི་བཟོ་ལས་རྟེན་གཞིའི་ས་ཁུལ་ཪྙིང་པ་དར་རྒྱས་འགྲོ་བ། དབུས་རྒྱུད་ས་ཁུལ་གོང་དུ་འཕེལ་བ། ཤར་རྒྱུད་ས་ཁུལ་གྱིས་སྣེ་ཁྲིད་དེ་འཕེལ་རྒྱས་འགྲོ་བ་བཅས་བྱ་རྒྱུའི་ས་ཁོངས་འཕེལ་རྒྱས་གཏོང་བའི་སྤྱིའི་འཐབ་ཇུས་མུ་མཐུད་དེ་ལག་བསྟར་བྱས་ནས་ས་ཁོངས་བར་མཐུན་སྦྱོར་ངང་གོང་དུ་འཕེལ་བར་སྐུལ་སྤེལ་གཏོང་དགོས། ས་གནས་ཁག་གིས་དོན་དངོས་གཞིར་བཟུང་སྟེ་སོ་སོའི་བཟང་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཕྱི་ཕྱོགས་ནས་ཡོང་བའི་གནོད་རྐྱེན་ལ་ཁ་གཏད་འཇལ་བའི་ཁྲོད་གོང་དུ་སྤེལ་བའི་ཐབས་ལམ་གསར་གཏོད་བྱེད་པར་བསྔགས་སྐུལ་བྱ་དགོས། ཤར་རྒྱུད་ས་ཁུལ་གྱིས་རྒྱལ་སྤྱིའི་ཚོང་ར་གསར་གཏོད་ཤུགས་ཆེན་བྱས་ནས་ཕྱིར་གཏོང་བརྟན་པོ་ཡོང་བ་བྱ་དགོས་པ་དང་། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་དང་། དེང་རབས་ཀྱི་ཞབས་ཞུའི་ལས་རིགས། ལག་རྩལ་མཐོ་གསར་གྱི་ཐོན་ལས་བཅས་གོང་འཕེལ་ཤུགས་ཆེན་གཏོང་དགོས་ཤིང་། ཐོན་ལས་རིམ་སྤར་དང་སྒྲིག་སྲོལ་གསར་གཏོད་གང་མགྱོགས་བྱེད་པ་དང་། དཔལ་འབྱོར་འཕར་གཞི་གསར་པ་གསོ་སྐྱོང་བྱས་ཏེ། རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་དུ་ཞུགས་པའི་བཟང་ཆ་གསར་པ་གྲུབ་པ་དང་། ཆུ་ཚད་སྔར་ལས་མཐོ་བའི་ཐོག་རྒྱུན་མཐུད་ངང་གོང་དུ་སྤེལ་བའི་ནུས་པ་ཆེ་རུ་གཏོང་དགོས། དཔལ་འབྱོར་དམིགས་བསལ་ཁུལ་དང་། ཧྲང་ཧའེ་ཕུའུ་ཏུང་གསར་སྤེལ་ཁུལ། ཐེན་ཅིན་མཚོ་འགྲམ་གསར་སྤེལ་ཁུལ་བཅས་ཀྱིས་མུ་མཐུད་དེ་བསྒྱུར་བཅོས་སྒོ་འབྱེད་ཀྱི་རུ་སྣེ་ཁྲིད་མཁན་ལེགས་པར་བྱ་དགོས། དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་དང་བྱང་ཤར་ས་ཁུལ་གྱིས་ལྷུ་ཚིགས་ཞན་པར་ཤུགས་སྣོན་རྒྱག་པར་རྒྱབ་སྐྱོར་སྔར་ལས་ལྷག་པར་བྱས་ནས། འགག་མདོའི་ཚོད་འཛིན་མེད་པར་བཟོ་རྒྱུ་གཙོ་གནད་དུ་བཟུང་སྟེ་རྨང་གཞིའི་སྒྲིག་བཀོད་དང་། སྐྱེ་ཁམས་ལེགས་སྐྱོང་། ཁོར་ཡུག་སྲུང་སྐྱོང་བཅས་ལ་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་དགོས་པ་དང་། འགྲིམ་འགྲུལ་དང་ཆུ་བེད་ཀྱི་གཙོ་གནད་ལས་གྲྭ་ཁག་ཅིག་སྒྲུབ་འགོ་གསར་དུ་འཛུགས་པ་དང་། འབྲུ་རིགས་དང་། ནུས་ཁུངས་ཀྱི་མ་བཅོས་རྒྱུ་ཆ། སྒྲིག་ཆས་བཟོ་སྐྲུན་ལ་སོགས་པའི་བཟང་ཆ་ལྡན་པའི་ཐོན་ལས་རྟེན་གཞི་དང་ཁྱད་ཆོས་ལྡན་པའི་ཐོན་ལས་རྟེན་གཞི་ཁག་ཅིག་འཛུགས་སྐྲུན་གང་མགྱོགས་བྱ་དགོས་ལ། གཙོ་གནད་ས་ཁུལ་དམིགས་སུ་བཀར་ནས་སྔོན་ལ་གསར་སྤེལ་གང་མགྱོགས་བྱས་ཏེ། གཏེར་ཁའི་ཐོན་ཁུངས་ཟད་པའི་གྲོང་ཁྱེར་གྱིས་དཔལ་འབྱོར་རིགས་འགྱུར་བྱེད་པར་སྐུལ་སྤེལ་གཏོང་དགོས། དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱིས་ཐོན་ལས་གནས་སྤོ་བྱས་རིགས་དང་ལེན་བྱ་རྒྱུའི་སྲིད་ཇུས་ཞིབ་ཕྲ་དུས་ཚོད་དམ་འཛིན་གྱིས་ཞིབ་འཇུག་བྱས་ནས་གཏན་འབེབས་བྱ་དགོས། རྒྱལ་ཡོངས་ཀྱི་ནུས་པ་གཙོ་བོ་ལྡན་ཁུལ་གྱི་འཆར་འགོད་གཏན་འབེབས་བྱེད་པ་དང་ལག་ལེན་དུ་བསྟར་དགོས། གསར་བརྗེའི་གནས་གཞིའི་ས་ཁུལ་ཪྙིང་པ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་གོང་དུ་སྤེལ་བར་རོགས་སྐྱོར་ཤུགས་ཆེན་བྱ་དགོས།
(ལྔ། )བསྒྱུར་བཅོས་སྒོ་འབྱེད་མུ་མཐུད་དེ་ཟབ་ཏུ་སྤེལ་ནས་ཚན་རིག་དང་མཐུན་པར་གོང་དུ་སྤེལ་བར་ཕན་པའི་སྒྲིག་སྲོལ་དང་ནང་རྐྱེན་སྔར་ལས་འཐུས་སྒོ་ཚང་དུ་གཏོང་དགོས།
བསྒྱུར་བཅོས་སྒོ་འབྱེད་ནི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་རྫོགས་མཐའ་མེད་པའི་སྒུལ་ཤུགས་ཡིན། ང་ཚོས་བསྒྱུར་བཅོས་སྒོ་འབྱེད་མཐའ་འཁྱོངས་བྱས་ནས་གཡོ་འགུལ་མི་གཏོང་བ་དང་། བསྒྱུར་བཅོས་ཟབ་ཏུ་སྤེལ་བར་བརྟེན་ཏེ་གོང་དུ་སྤེལ་བའི་དཀའ་གནད་སེལ་བ་དང་། སྒོ་འབྱེད་རྒྱ་ཆེ་རུ་གཏོང་བའི་རིང་གོང་དུ་སྤེལ་བའི་གོ་སྐབས་ཐོབ་པ་བྱ་རྒྱུ་ཡིན།
ཐོན་ཁུངས་ཀྱི་རང་བཞིན་ལྡན་པའི་ཐོན་རྫས་ཀྱི་རིན་གོང་བསྒྱུར་བཅོས་ལ་སྐུལ་སྤེལ་གཏོང་དགོས། གློག་གོང་བསྒྱུར་བཅོས་མུ་མཐུད་དེ་ཟབ་ཏུ་སྤེལ་བ་དང་། དྲ་འཇུག་གློག་གོང་དང་། འདྲེན་སྦྱོར་གློག་གོང་། བྲིན་འཚོང་གློག་གོང་བཅས་གྲུབ་པའི་ནང་རྐྱེན་རིམ་གྱིས་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། རྡོ་སོལ་དང་གློག་གི་རིན་གོང་ཐད་ཀྱི་འབྲེལ་བ་དུས་ཐོག་ཏུ་མཐུན་སྦྱོར་བྱ་དགོས། ཆུའི་རིན་གོང་བསྒྱུར་བཅོས་སྐུལ་སྤེལ་ཧུར་ཐག་བཏང་ནས། ཆུ་བེད་ལས་གྲྭ་ནས་ཞིང་སྤྱོད་མིན་པར་མཁོ་འདོན་བྱེད་པའི་ཆུའི་རིན་གོང་རིམ་གྱིས་མཐོ་རུ་གཏོང་དགོས་པ་དང་། ཆུའི་ཐོན་ཁུངས་ཀྱི་གྲོན་དངུལ་བསྡུ་བ་དང་དོ་དམ་བྱེད་པའི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། གཏེར་ཁའི་ཐོན་ཁུངས་རིན་དོད་ཡོད་པའི་སྒོ་ནས་བེད་སྤྱོད་རྒྱུའི་ལམ་ལུགས་དང་སྐྱེ་ཁམས་ལ་ཁ་གསབ་བྱེད་པའི་ནང་རྐྱེན་གང་མགྱོགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང། སྦགས་བཙོག་ཕྱིར་འབུད་བྱེད་དབང་ཉོ་ཚོང་བྱེད་པའི་ཚོད་ལྟ་ཧུར་ཐག་སྤེལ་དགོས།
ནོར་ཁྲལ་སྒྲིག་སྲོལ་བསྒྱུར་བཅོས་ལ་སྐུལ་སྤེལ་གཏོང་དགོས། གནས་ཐང་འཕར་ཁྲལ་རིགས་བསྒྱུར་བྱེད་པའི་བསྒྱུར་བཅོས་སྒོ་ཀུན་ནས་ལག་བསྟར་བྱ་དགོས་པ་དང་། རྒྱལ་ཁབ་ཕྱི་ནང་གིས་མ་དངུལ་བཞག་པའི་ཁེ་ལས་དང་མི་སྒེར་གྱི་གྲོང་ཁྱེར་འཛུགས་སྐྲུན་དཔྱ་ཁྲལ་དང་ཟུར་སྣོན་སློབ་གསོའི་གྲོན་དངུལ་ལ་སོགས་པའི་ལམ་ལུགས་གཅིག་གྱུར་བཟོ་དགོས། ཐོན་ཁུངས་ཀྱི་དཔྱ་ཁྲལ་ལམ་ལུགས་བསྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ས་ཁང་བདག་ཁོངས་ཀྱི་དཔྱ་ཁྲལ་ལམ་ལུགས་བསྒྱུར་བཅོས་བྱ་རྒྱུར་ཞིབ་འཇུག་བྱས་ནས་སྐུལ་སྤེལ་གཏོང་དགོས། སྲིད་འཛིན་བྱ་ལས་ཀྱི་རང་བཞིན་ལྡན་པའི་གྲོན་དངུལ་བསྡུ་བ་དང་སྲིད་གཞུང་གི་རང་བཞིན་ལྡན་པའི་ཐེབས་རྩ་མུ་མཐུད་དེ་གཙང་བཤེར་བྱས་ནས་ཚད་ལྡན་དུ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། སྔོན་རྩིས་ལམ་ལུགས་བསྒྱུར་བཅོས་ཟབ་ཏུ་སྤེལ་ནས་སྲིད་གཞུང་གི་སྤྱི་པའི་སྔོན་རྩིས་དང་། གཞུང་དབང་མ་རྩ་བདག་གཉེར་སྔོན་རྩིས། སྲིད་གཞུང་གི་རང་བཞིན་ལྡན་པའི་ཐེབས་རྩ་སྔོན་རྩིས། སྤྱི་ཚོགས་འགན་སྲུང་སྔོན་རྩིས་བཅས་འབྲེལ་མཐུད་དམ་པོ་ཡོང་བར་བྱ་དགོས་པ་དང་། སྔོན་རྩིས་ཡོངས་བསྒྲགས་བྱེད་སྟངས་སྐུལ་སྤེལ་ཧུར་ཐག་བྱ་དགོས། ནོར་སྲིད་གཏོང་སྤྲོད་སྤོ་བསྒྱུར་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ཞིང་ཆེན་གྱི་ཐད་སྐྱོང་རྫོང་གི་ནོར་སྲིད་དོ་དམ་བྱེད་ལུགས་བསྒྱུར་བཅོས་སྐུལ་སྤེལ་གཏོང་དགོས། དངུལ་རྩའི་སྒྲིག་སྲོལ་བསྒྱུར་བཅོས་སྐུལ་སྤེལ་གཏོང་དགོས། གཞུང་དབང་དངུལ་རྩའི་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་དགོས་པ་དང་། དབང་བའི་ལམ་ལུགས་སྣ་མང་གི་དངུལ་རྩའི་ཁེ་ལས་འབྲིང་ཆུང་དང་གྲོང་གསེབ་ཀྱི་དངུལ་རྩའི་ལས་ཁུངས་གསར་པ་བརྟན་པོའི་ངང་འཕེལ་རྒྱས་གཏོང་དགོས། དམངས་ཁྲོད་ཀྱི་མ་དངུལ་འདུ་འཁོར་བྱེད་ཚུལ་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྣེ་ཁྲིད་ཧུར་ཐག་བྱ་དགོས། མ་རྩའི་ཚོང་ར་བསྒྱུར་བཅོས་སྐུལ་སྤེལ་བཏང་ནས་དངུལ་འཛིན་ཚོང་ར་བརྟན་པོ་ཡོང་བར་སྲུང་སྐྱོང་བྱ་དགོས། བུན་འཛིན་ཚོང་ར་འཕེལ་རྒྱས་དང་ཚད་ལྡན་དུ་གཏོང་དགོས། དུས་བཅད་ཚོང་ར་འཕེལ་རྒྱས་བརྟན་པོ་གཏོང་དགོས་པ་དང་། འགན་བཅོལ་ལས་རིགས་བསྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་ཏེ་འགན་བཅོལ་གྱི་འགན་སྲུང་དང་མ་དངུལ་འདུ་འཁོར་གྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱ་དགོས། སྐྱེད་ཀའི་ཚད་ཚོང་ར་ཅན་དུ་འགྱུར་བའི་བསྒྱུར་བཅོས་སྐུལ་སྤེལ་གཏོང་དགོས། མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་གྲུབ་པའི་ནང་རྐྱེན་འཐུས་སྒོ་ཚང་དུ་བཏང་ནས་ལུགས་མཐུན་ཆ་སྙོམས་ཀྱི་ཆུ་ཚད་ཐོག་མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བར་བྱ་དགོས། དངུལ་རྩའི་ལྟ་སྐུལ་དོ་དམ་མཐུན་སྦྱོར་ནང་རྐྱེན་འཐུས་སྒོ་ཚང་དུ་གཏོང་དགོས།
གཞུང་དབང་ཁེ་ལས་བསྒྱུར་བཅོས་སྐུལ་སྤེལ་གཏོང་བ་དང་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་དུ་སྤེལ་བར་རྒྱབ་སྐྱོར་བྱ་དགོས། གཞུང་དབང་ཁེ་ལས་ཆེ་གྲས་ཀྱི་ཀུང་སིའི་ལམ་ལུགས་དང་མ་རྐང་ལམ་ལུགས་བསྒྱུར་བཅོས་ཟབ་སྤེལ་བྱས་ཏེ་དེང་རབས་ཀྱི་ཁེ་ལས་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། ལྕགས་ལམ་དང་། གློག་ཤུགས། ཚྭ་ལས་ལ་སོགས་པའི་ལས་རིགས་བསྒྱུར་བཅོས་མགྱོགས་སུ་གཏོང་དགོས། དམངས་སྤྱོད་མཁའ་འགྲུལ་དང་གློག་འཕྲིན་དོ་དམ་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། གློག་འཕྲིན་སྒྲིག་སྲོལ་བསྒྱུར་བཅོས་བྱེད་པའི་ཆ་སྒྲིག་ལྟ་སྐུལ་དོ་དམ་སྲིད་ཇུས་གཏན་ལ་ཕབ་སྟེ་འདོན་དགོས། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་དུ་སྤེལ་བར་བསྔགས་སྐུལ་དང་། རོགས་སྐྱོར། སྣེ་ཁྲིད་བཅས་བྱ་དགོས། ཚོང་རར་ཞུགས་ཆོག་པའི་ཚད་གཞི་ལྷུག་ཏུ་གཏོང་བའི་སྲིད་ཇུས་ཁག་དོན་འཁྱོལ་བྱས་ནས་དམངས་ཁྲོད་ཀྱི་མ་རྩ་གཞུང་དབང་ཁེ་ལས་བསྒྱུར་བཅོས་བྱེད་པར་ཞུགས་པ་དང་། རྨང་གཞིའི་སྒྲིག་བཀོད་དང་། སྤྱི་སྤྱོད་བྱ་གཞག དངུལ་རྩའི་ཞབས་ཞུ། སྤྱི་ཚོགས་བྱ་གཞག་ལ་སོགས་པའི་ཁྱབ་ཁོངས་སུ་ཞུགས་པར་རྒྱབ་སྐྱོར་ཧུར་ཐག་བྱ་དགོས།
ས་གནས་སྲིད་གཞུང་སྒྲིག་གཞི་བསྒྱུར་བཅོས་གང་མགྱོགས་བྱས་ནས་བྱ་ལས་སྡེ་ཚན་བསྒྱུར་བཅོས་སྐུལ་སྤེལ་གཏོང་དགོས།
ཕྱི་ཕྱོགས་ཉོ་ཚོང་འཕར་སྣོན་བརྟན་པོ་ཡོང་བ་བྱ་རྒྱུ་རྒྱུན་འཁྱོངས་གང་ཐུབ་བྱ་དགོས། ང་ཚོས་ནང་མཁོ་རྒྱ་སྐྱེད་གཏོང་རྒྱུ་ནན་བཤད་བྱེད་པར་ཕྱིར་གཏོང་བྱ་རྒྱུ་ལྷོད་གཡེང་གཏན་ནས་གཏོང་མི་རུང་། ཕྱི་ཕྱོགས་ཀྱི་དགོས་མཁོ་ཆུང་དུ་མགྱོགས་མྱུར་འགྲོ་བ་དང་རྒྱལ་སྤྱིའི་ཉོ་ཚོང་གི་སྲུང་སྐྱོང་རིང་ལུགས་ཀྱི་མགོ་བོ་འདེགས་པའི་གནས་བབ་དྲག་པོར་དམིགས་ནས། ཕྱིར་གཏོང་ནང་འདྲེན་ལས་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཕྱི་ཕྱོགས་ཉོ་ཚོང་སྐོར་གྱི་སྲིད་ཇུས་གཙང་བཤེར་དང་ལེགས་སྒྲིག་བྱས་ནས་ཉོ་ཚོང་གི་ཆ་རྐྱེན་ལེགས་བཅོས་བྱ་དགོས། ཕྱིར་གཏོང་ཚོང་ར་སྣ་མང་ཅན་དུ་སྒྱུར་བ་དང་སྤུས་ཚད་ལ་བརྟེན་ནས་རྒྱལ་ཁ་ཐོབ་པ་བྱ་རྒྱུའི་འཐབ་ཇུས་རྒྱུན་འཁྱོངས་བྱས་ནས་སྲོལ་རྒྱུན་གྱི་ཕྱིར་གཏོང་ཚོང་ར་སྲ་བརྟན་དུ་གཏོང་བ་དང་གསར་དར་ཚོང་ར་གསར་གཏོད་ཤུགས་ཆེན་བྱ་དགོས། གཅིག་ནས་རྒྱལ་སྤྱིའི་ཐོག་ཐུན་མོང་དུ་སྤྱོད་པའི་ནོར་ཁྲལ་སྲིད་ཇུས་བེད་སྤྱོད་གང་ལེགས་བྱས་ནས་ཕྱིར་གཏོང་ལ་རྒྱབ་སྐྱོར་བྱ་དགོས་པ་དང་། ཕྱི་ཕྱོགས་ཉོ་ཚོང་གོང་སྤེལ་ཐེབས་རྩའི་གཞི་ཁྱོན་རྒྱ་སྐྱེད་འོས་འཚམས་བཏང་ནས་ཁེ་ལས་འབྲིང་ཆུང་གིས་རྒྱལ་སྤྱིའི་ཚོང་ར་གསར་གཏོད་དང་ཕྱིར་གཏོང་ཚོང་རྫས་གྲགས་ཅན་གསོ་སྐྱོང་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ་རྒྱབ་སྐྱོར་བྱ་དགོས། གཉིས་ནས་ཕྱིར་གཏོང་ནང་འདྲེན་ལ་དངུལ་རྩའི་ཐོག་ནས་ཞབས་འདེགས་ཞུ་ཐབས་ལེགས་བཅོས་བྱ་དགོས། ཕྱིར་གཏོང་ཡིད་རྟོན་འགན་བཅོལ་ཁྱབ་རྒྱ་ཆེ་རུ་གཏོང་དགོས་པ་དང་། དངུལ་རྩའི་ལས་ཁུངས་ཀྱིས་ཕྱིར་གཏོང་ཡིད་རྟོན་དངུལ་བུན་འཕེལ་རྒྱས་གཏོང་བར་བསྔགས་སྐུལ་གཏོང་དགོས་ཤིང་། ཕྱིར་གཏོང་ཁེ་ལས་ཀྱི་མ་དངུལ་འདུ་འཁོར་འགན་ལེན་བྱེད་སྟངས་གསར་གཏོད་བྱ་དགོས། གསུམ་ནས་ལས་སྣོན་ཉོ་ཚོང་རིགས་སྒྱུར་རིམ་སྤར་སྐུལ་སྤེལ་བརྟན་པོ་གཏོང་དགོས། ལས་སྣོན་ཉོ་ཚོང་གོང་སྤེལ་གྱི་ཁོར་ཡུག་ལེགས་བཅོས་བྱས་ནས་ལས་སྣོན་ཉོ་ཚོང་ཁྲོད་ཀྱི་བཀག་སྡོམ་བྱས་རིགས་དང་ཚོད་འཛིན་བྱས་རིགས་ཀྱི་དཀར་ཆག་ལེགས་སྒྲིག་བྱ་དགོས་པ་དང་། ཕྱིར་གཏོང་ལས་སྣོན་ལས་རིགས་དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་དུ་གནས་སྤོ་བྱེད་པར་བསྔགས་སྐུལ་གཏོང་དགོས། བཞི་ནས་ཞབས་ཞུ་ཉོ་ཚོང་ལ་བསྔགས་སྐུལ་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་གཏོང་རྒྱུ་དམ་འཛིན་བྱ་དགོས་པ་དང་། རྒྱལ་སྤྱིའི་ཞབས་ཞུ་སྒྲུབ་འགན་ཕྱི་ཕྱོགས་ལ་གཙང་སྤྲོད་བྱ་རྒྱུ་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། ལྔ་ནས་ནང་འདྲེན་རྒྱ་སྐྱེད་ཧུར་ཐག་གཏོང་དགོས། སྔོན་ཐོན་ལག་རྩལ་སྒྲིག་ཆས་གཙོ་གནད་དུ་ནང་འདྲེན་བྱ་དགོས་པ་དང་། འགག་རྩའི་ལྷུ་ལག་ཆེ་ཆུང་དང་ལྷུ་ལག་གཙོ་གྲས་དང་། ནུས་ཁུངས་ཐོན་ཁུངས་དང་མ་བཅོས་རྒྱུ་ཆ་གལ་ཆེན་བཅས་ནང་འདྲེན་བྱེད་གྲངས་འཕར་སྣོན་གཏོང་དགོས། དྲུག་ནས་ཉོ་ཚོང་སྟབས་བདེ་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་དགོས། འགག་སྒོ་དང་། སྤུས་ཚད་ཞིབ་བཤེར། ཕྱི་རྒྱལ་གྱི་དངུལ་བརྗེས་ལ་སོགས་པའི་ཐད་ཀྱི་ལྟ་སྐུལ་དོ་དམ་དང་ཞབས་ཞུ་ལེགས་འགྱུར་བྱ་དགོས་པ་དང་། མཐའ་མཚམས་ཀྱི་འགག་སྒོ་དང་གྲུ་ཁ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། བདུན་ནས་རྒྱལ་སྤྱིའི་དཔལ་འབྱོར་དང་ཉོ་ཚོང་གི་ཁོར་ཡུག་ལེགས་པོ་བསྐྲུན་དགོས། ཏུའོ་ཧར་རེས་སྐོར་གླེང་མོལ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་པ་དང་། རང་མོས་ཉོ་ཚོང་ཁུལ་གྱི་འཐབ་ཇུས་ལག་བསྟར་གང་མགྱོགས་བྱ་དགོས་ཤིང་། ཉོ་ཚོང་ཐད་ཀྱི་གདོང་གཏུག་ལ་ཁ་གཏད་འོས་འཚམ་འཇལ་དགོས།
ཕྱི་དངུལ་བེད་སྤྱོད་དང་ཕྱི་ཕྱོགས་སུ་མ་དངུལ་འཇོག་པ་མཐུན་སྦྱོར་ངང་གོང་དུ་སྤེལ་བར་སྐུལ་འདེད་གཏོང་དགོས། ཕྱི་དངུལ་བེད་སྤྱོད་བྱེད་རྒྱ་བརྟན་པོར་བཏང་སྟེ་ཕྱི་དངུལ་ལག་རྩལ་མཐོ་གསར་ཐོན་ལས་དང་། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་ཐོན་ལས། དེང་རབས་ཞབས་ཞུ་ལས་རིགས་བཅས་ལ་གཏོང་རྒྱུའི་ཁྲིད་སྟོན་བྱ་དགོས། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པ་དང་འབྲེལ་བ་ཡོད་པའི་སྲིད་འཛིན་གྲོན་དངུལ་སྡུད་རིགས་དང་ཞིབ་བཤེར་རྣམ་གྲངས་གཙང་བཤེར་དང་ཚད་ལྡན་དུ་སྔར་ལས་ལྷག་པར་གཏོང་དགོས། དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་རྒྱལ་ཁབ་རིམ་པའི་གསར་སྤེལ་ཁུལ་འཕེལ་རྒྱས་གཏོང་བའི་ཆུ་ཚད་དང་མཐའ་རྒྱུད་ས་ཁུལ་གྱི་སྒོ་མོ་འབྱེད་པའི་ཆུ་ཚད་མཐོ་རུ་གཏོང་དགོས། “ཕྱིར་སྐྱོད་པའི ”འཐབ་ཇུས་མུ་མཐུད་དུ་ལག་ལེན་བྱ་དགོས། ཆ་རྐྱེན་འཛོམས་པའི་ཁེ་ལས་རིགས་ཁག་གིས་ཕྱི་ཕྱོགས་སུ་མ་དངུལ་འཇོག་པ་དང་རྒྱལ་ཁབ་ལས་བརྒལ་བའི་སྡེབ་ཉོ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ཁེ་ལས་ཆེ་གྲས་ཀྱིས “ཕྱིར་སྐྱོད་པའི ”ནང་དུ་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། མངའ་ཁོངས་ཕྱི་རོལ་དུ་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་དགོས། མངའ་ཁོངས་ཕྱི་རོལ་དུ་ཐོན་ཁུངས་མཉམ་ལས་གསར་སྤེལ་དང་། ཨར་ལས་སྒྲུབ་འགན་གཙང་ལེན། ངལ་ལས་མཉམ་ལས་བཅས་འཕེལ་རྒྱས་གཏོང་དགོས། ཁེ་ལས་ཀྱིས་ཕྱི་ཕྱོགས་སུ་མ་དངུལ་བཏང་སྟེ་མཉམ་ལས་བྱེད་པར་དངུལ་རྩའི་ཐོག་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཐོག ཕྱི་ཕྱོགས་སུ་མ་དངུལ་འཇོག་པའི་ཐབས་ལམ་རྒྱ་ཆེ་རུ་གཏོང་དགོས། མངའ་ཁོངས་ཕྱི་རོལ་དུ་མ་དངུལ་འཇོག་ཚུལ་སྙན་ཐོ་འགོད་པའི་ལམ་ལུགས་ཁྱབ་ཁོངས་ཆེ་རུ་གཏོང་དགོས། ཁེ་ལས་ཀྱིས་ཕྱི་ཕྱོགས་སུ་མ་དངུལ་འཇོག་པའི་ཉེན་ཁ་ཚོད་འཛིན་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས།
(དྲུག )སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་བཏང་ནས་དམངས་འཚོར་འགན་སྲུང་དང་ལེགས་བཅོས་གང་ཐུབ་བྱ་དགོས།
ད་ལོར་སྟོབས་ཤུགས་གཅིག་བསྡུས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་དགོས་མཁོ་ཆེ་བ་དང་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་དོན་ཆེན་དང་དོན་དངོས་འགའ་ཞིག་བསྒྲུབས་ནས་མི་དམངས་མང་ཚོགས་ལ་དངོས་ཕན་སྔར་ལས་མང་བ་ཐོབ་པར་བྱ་དགོས།
ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་བྱ་བར་སྐུལ་སྤེལ་གཏོང་དགོས། ཞབས་ཞུའི་ལས་རིགས་དང་། ངལ་རྩོལ་འདུས་ཚད་ཆེ་བའི་ཐོན་ལས། ཁེ་ལས་འབྲིང་ཆུང་། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་བཅས་ཀྱིས་ལས་ཞུགས་བྱེད་མཁན་བསྡུ་ལེན་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། སྔར་བས་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་བསྟར་བྱས་ནས་ཀྲུང་དབྱང་ནོར་སྲིད་ཀྱིས་སྒོར་དུང་ཕྱུར་420གཏོང་རྩིས་ཡོད། གཅིག་ནས་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་ལས་ཀར་ཞུགས་པར་སྐུལ་སྤེལ་གཏོང་རྒྱུ་མངོན་གསལ་ཆེ་བའི་གནས་སུ་འཇོག་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་སྤྱི་ཚོགས་དོ་དམ་དང་སྤྱི་པའི་ཞབས་ཞུའི་ལས་གནས་སུ་ལས་ཞུགས་བྱེད་པར་ཕྱིན་པའི་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མར་སྤྱི་ཚོགས་འགན་བཅོལ་དང་ལས་གནས་ཁ་གསབ་སྤྲོད་རྒྱུ་དང་། གྲོང་གསེབ་ཀྱི་གཞི་རིམ་དུ་ཞབས་ཞུར་ཕྱིན་པ་དང་དམག་དཔུང་ལ་ཞུགས་མཁན་ལ་སློབ་ཡོན་ཁ་གསབ་སྤྲོད་རྒྱུ་དང་སློབ་ཞུགས་དངུལ་བུན་ཚབ་འཇལ་བྱ་རྒྱུ་ཡིན། ཚན་རིག་ཞིབ་འཇུག་རྣམ་གྲངས་གལ་ཆེ་རིགས་སྒྲུབ་འགན་འཁུར་བའི་མཐོ་རིམ་སློབ་གྲྭ་དང་། ཚན་རིག་ཞིབ་འཇུག་སློབ་གླིང་ངམ་ཁང་། ཁེ་ལས་བཅས་ཀྱིས་ཆ་རྐྱེན་འཛོམས་པའི་སློབ་ཐོན་སློབ་མ་ཚན་རིག་ཞིབ་འཇུག་ལས་ཀར་ཞུགས་པར་བསྡུ་ལེན་བྱེད་པར་བསྔགས་སྐུལ་གཏོང་དགོས། ཁེ་ལས་ཀྱིས་ཆ་རྐྱེན་འཛོམས་པའི་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་ལས་ཀར་ཞུགས་པའི་བསྡུ་ལེན་བྱས་ཚེ། གཏན་འབེབས་ལྟར་ལས་ཞུགས་རོགས་སྐྱོར་སྐོར་གྱི་སྲིད་ཇུས་ལོངས་སྤྱོད་བྱས་ཆོག མ་དངུལ་འཇོག་གྲངས་ཉུང་ལ་ཕན་འབྲས་མྱུར་ཐོན་གྱི་སློབ་གྲྭ་ཆེ་མོའི་སློབ་མའི་བྱ་གཞག་གསར་གཏོད་དགའ་ཚལ་ལམ་བྱ་གཞག་གསར་གཏོད་སྐྱེད་བསྲིང་རྟེན་གཞི་ཁག་ཅིག་འཛུགས་སྐྲུན་གང་མགྱོགས་བྱ་དགོས། གཉིས་ནས་ཞིང་པ་ལས་མིའི་ལས་ཞུགས་ཐབས་ལམ་རྒྱ་ཆེར་འབྱེད་དགོས་པ་དང་ད་ཡོད་ལས་གནས་བརྟན་པོར་གཏོང་དགོས། སྲིད་གཞུང་གིས་མ་དངུལ་གཏོང་བ་དང་གནད་ཆེའི་རྣམ་གྲངས་འཛུགས་སྐྲུན་གྱིས་ཞིང་པ་ལས་མི་ལས་ཀར་ཞུགས་པར་སྐུལ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་བྱ་དགོས། དཀའ་ངལ་ཡོད་པའི་ཁེ་ལས་ཀྱིས་ལས་མི་དང་གླ་ཕོགས་སྐོར་གྲོས་མོལ་བྱེད་པ་དང་། ལས་མི་སྟབས་བསྟུན་བཀོལ་སྤྱོད་དང་། ལས་ཡུན་བབ་བསྟུན་འགྱུར་བ། རྩལ་ནུས་སྦྱོང་བརྡར་ལ་སོགས་པའི་བྱེད་ཐབས་སྤྱད་དེ་ལས་མི་ཉུང་འཕྲི་མི་གཏོང་བ་གང་ཐུབ་བྱེད་པར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱ་དགོས། རྩ་འཛུགས་ལྡན་པའི་སྒོ་ནས་ངལ་ལས་ཕྱིར་གཏོང་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་ཞིང་པ་ལས་མི་སྒྲིག་ལམ་ལྡན་པའི་སྒོ་ནས་འགྲོ་སྐྱོད་བྱ་རྒྱུར་ཁྲིད་སྟོན་བྱ་དགོས། རང་ཡུལ་དུ་ལོག་པའི་ཞིང་པ་ལས་མི་སྒྲིག་འཛུགས་བྱས་ནས་གྲོང་གསེབ་ཀྱི་སྤྱི་པའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཞུགས་སུ་འཇུག་དགོས། གསུམ་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་དཀའ་ངལ་ཆེ་བའི་མི་སྣ་དང་། ལས་ཞུགས་བྱེད་མཁན་མེད་པའི་ཁྱིམ་ཚང་། གནོད་སྐྱོན་ཕོག་ཁུལ་གྱི་ངལ་རྩོལ་པ་བཅས་ལ་ལས་ཞུགས་རོགས་རམ་བྱ་དགོས། སྤྱི་ཕན་རང་བཞིན་གྱི་ལས་ཞུགས་ལས་གནས་གོམ་གང་མདུན་སྤོས་ཀྱི་སྒོ་ནས་གསར་གཏོད་བྱ་དགོས། བཞི་ནས་རང་བརྟེན་ལས་ལམ་གསར་གཏོད་དང་རང་ལས་རང་འཚོལ་བྱེད་པར་རྒྱབ་སྐྱོར་ཤུགས་ཆེན་བྱ་དགོས་པ་དང་། བྱ་གཞག་གསར་གཏོད་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པར་སྐུལ་འདེད་གཏོང་དགོས། ཚོང་རར་ཞུགས་འཐུས་པ་དང་། ནོར་ཁྲལ་དང་དངུལ་རྩ། གཉེར་སྐྱོང་སྤྱོད་ས་སོགས་ཀྱི་ཐད་ལ་སྟབས་བདེ་དང་གཟིགས་སྐྱོང་འདོན་སྤྲོད་བྱས་ནས་ངལ་རྩོལ་པ་སྔར་ལས་མང་བ་བྱ་གཞག་གསར་གཏོད་བྱེད་མཁན་དུ་འགྱུར་བར་བསྔགས་སྐུལ་བྱ་དགོས། རང་བརྟེན་ལས་ལམ་གསར་གཏོད་དང་ཞིང་པ་ལས་མི་རང་ཡུལ་དུ་ལོག་ནས་བྱ་གཞག་གསར་གཏོད་བྱ་རྒྱུའི་ཚད་གཞི་སྔར་ལས་དམའ་རུ་གཏོང་དགོས་པ་མ་ཟད་རྒྱབ་སྐྱོར་སྔར་བས་ཆེན་པོ་བྱ་དགོས། ལྔ་ནས་ལས་ཞུགས་ལ་སྤྱི་པའི་ཞབས་ཞུ་བྱེད་སྟངས་ལེགས་བཅོས་སྔར་ལས་ལྷག་པར་བྱ་དགོས། ལས་ཞུགས་ཆ་འཕྲིན་འགྲེམས་སྤེལ་དང་། ལས་རིགས་ངོ་སྤྲོད། ལས་ཞུགས་ཁྲིད་སྟོན་བཅས་ཀྱི་ལས་ཀར་ཤུགས་སྣོན་རྒྱག་དགོས། ལས་རིགས་གསོ་སྐྱོང་སྦྱོང་བརྡར་ཤུགས་ཆེན་སྤེལ་དགོས་པ་དང་། ལས་ཞུགས་དཀའ་ངལ་ཆེ་བའི་མི་སྣ་དང་ཞིང་པ་ལས་མིར་ལས་རིགས་ཀྱི་རྩལ་ནུས་གསོ་སྐྱོང་སྦྱོང་བརྡར་བྱ་རྒྱུར་སྲིད་ཇུས་ཐོག་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།
སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་མགྱོགས་མྱུར་གཏོང་དགོས། གཅིག་ནས་ལམ་ལུགས་འཛུགས་སྐྱོང་སྐུལ་སྤེལ་གཏོང་དགོས། གཞི་རྩའི་རྒན་གསོའི་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་བཏང་ནས་སྒེར་གྱི་རྩིས་ཁྲའི་གྲངས་ཚད་དངོས་སུ་ལོངས་པར་བྱེད་པའི་ཚོད་ལྟའི་ལས་ཀ་མུ་མཐུད་སྤེལ་ཏེ་ཞིང་ཆེན་རིམ་པས་གཅིག་གྱུར་འཆར་འགོད་བྱ་རྒྱུ་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་དགོས། ཞིང་པ་ལས་མིའི་རྒན་གསོའི་འགན་བཅོལ་བྱ་ཐབས་གཏན་འབེབས་དང་ལག་ལེན་བྱ་དགོས། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་བྱེད་ཐབས་གསར་པ་ཚོད་ལྟ་རྒྱལ་ཡོངས་ཀྱི་རྫོང་(གྲོང་ཁྱེར་)བརྒྱ་ཆ་10ཡས་མས་སུ་ཁྱབ་པར་བྱ་དགོས། རྒན་གསོའི་འགན་བཅོལ་འབྲེལ་བ་སྤོ་སྒྱུར་མཐུད་འབྲེལ་བྱེད་ཐབས་དངོས་སུ་འདོན་དགོས། ལས་ཤོར་དང་། ལས་རྨས། བུ་བཙའ་བཅས་པའི་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་རོགས་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། གཉིས་ནས་སྤྱི་ཚོགས་འགན་སྲུང་ཁྱབ་རྒྱ་ཆེ་རུ་གཏོང་དགོས། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་ལས་ཞུགས་མི་སྣ་དང་། ཞིང་པ་ལས་མི། ས་ཞིང་བསྡུས་པའི་ཞིང་པ། བབ་བསྟུན་ལས་ཞུགས་མི་སྣ། རང་མོས་ལས་གཉེར་པ་བཅས་འགན་བཅོལ་ལ་ཞུགས་སུ་འཇུག་པའི་ལས་ཀ་གཙོ་གནད་དུ་བཟུང་ནས་ལེགས་འགྲུབ་བྱ་དགོས། གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་ཐད་འགན་སྲུང་བྱ་དགོས་རིགས་ཚང་མར་འགན་སྲུང་བྱ་དགོས། ཐབས་ལམ་མང་པོའི་ཐོག་ནས་རྒྱལ་ཡོངས་ཀྱི་སྤྱི་ཚོགས་འགན་སྲུང་ཐེབས་རྩ་མང་དུ་གཏོང་དགོས། སྤྱི་ཚོགས་འགན་སྲུང་ཐེབས་རྩར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་སྟེ་ཐེབས་རྩ་བདེ་འཇགས་ཡོང་བར་འགན་ལེན་བྱ་དགོས། གསུམ་ནས་སྤྱི་ཚོགས་འགན་སྲུང་གི་ཐོབ་ཐང་མཐོ་རུ་གཏོང་དགོས། ད་ལོ་དང་སང་ལོ་ལོ་གཉིས་ལ་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོའི་འཚོ་དངུལ་མུ་མཐུད་ནས་མཐོ་རུ་གཏོང་དགོས་ཤིང་། ལོ་རེར་མི་རེར་ཆ་སྙོམས་སུ་བརྒྱ་ཆ་10ཡས་མས་འཕར་སྣོན་གཏོང་དགོས། ལས་ཤོར་འགན་བཅོལ་མ་དངུལ་གྱི་ཚད་གཞི་དང་ལས་རྨས་འགན་བཅོལ་མ་དངུལ་གྱི་ཚད་གཞི་མུ་མཐུད་ནས་འཕར་སྣོན་གཏོང་དགོས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་བྱ་ཡུལ་དང་གྲོང་གསེབ་ཀྱི་འགན་ལེན་ལྔ་སོགས་ཀྱི་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་དགོས་ཤིང་། གཟིགས་སྐྱོང་བྱ་ཡུལ་གྱི་གཟིགས་སྐྱོང་བྱེད་དངུལ་དང་འཚོ་རྟེན་རོགས་དངུལ་གྱི་ཚད་གཞི་མཐོ་རུ་གཏོང་དགོས། སྤྱི་ཚོགས་ཀྱི་ཕན་བདེ་བྱ་གཞག་དང་དཀར་པོ་དགེ་བའི་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་པ་དང་། ཐབས་ལམ་སྣ་མང་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་སྤྱི་ཚོགས་འགན་སྲུང་ཐེབས་རྩ་འཕར་སྣོན་གཏོང་དགོས། ཀྲུང་དབྱང་ནོར་སྲིད་ནས་སྤྱི་ཚོགས་འགན་སྲུང་མ་དངུལ་སྒོར་དུང་ཕྱུར་2930གཏོང་རྩིས་ཡོད་པ་དེ་ལོ་གོང་མའི་སྔོན་དཔག་བྱས་གྲངས་ལས་སྒོར་དུང་ཕྱུར་439འཕར་རྒྱུ་ཡིན་ཞིང་། བརྒྱ་ཆ་17.6འཕར་ཡོད། ས་གནས་སྲིད་གཞུང་གིས་ཀྱང་དེའི་ཐད་ལ་མ་དངུལ་འཇོག་གྲངས་འཕར་སྣོན་གཏོང་དགོས།
སློབ་གསོའི་བྱ་གཞག་དམིགས་སུ་བཀར་ནས་སྔོན་དུ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱ་དགོས། ད་ལོར་རྒྱལ་ཁབ་ཀྱི་དུས་ཡུན་འབྲིང་རིང་གི་སློབ་གསོ་བསྒྱུར་བཅོས་དང་གོང་དུ་སྤེལ་བའི་འཆར་གཞིའི་རྩ་གནད་ཞིབ་འཇུག་གིས་གཏན་འབེབས་བྱས་ཏེ་2020ལོའི་སྔོན་གྱི་རང་རྒྱལ་གྱི་སློབ་གསོ་བསྒྱུར་བཅོས་དང་གོང་དུ་སྤེལ་བའི་ཐད་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱ་རྒྱུ་ཡིན། ད་ལོའི་ནང་ཚུན་ཕྱོགས་ལྔ་གཙོ་གནད་དུ་བཟུང་ནས་དམ་འཛིན་ལེགས་པོ་བྱ་དགོས། གཅིག་ནས་སློབ་གསོ་དྲང་སྙོམས་ཡོང་བར་སྐུལ་སྤེལ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ལ་སློབ་ཡོན་མི་དགོས་པའི་འོས་འགན་སློབ་གསོ་གཏོང་རྒྱུའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱ་དགོས་ཤིང་། གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་ཐད་ཀྱི་སྤྱི་སྤྱོད་གྲོན་དངུལ་གྱི་ཚད་གཞི་མཐོ་རུ་བཏང་སྟེ་སློབ་ཆུང་དང་དམའ་རིམ་སློབ་འབྲིང་གི་སློབ་གྲྭ་བ་མི་རེའི་ཆ་སྙོམས་ཀྱི་སྤྱི་སྤྱོད་གྲོན་དངུལ་སོ་སོར་སྒོར་300དང་སྒོར་500ལ་འཕར་སྣོན་གཏོང་རྒྱུ་དང་། ཞིང་པ་ལས་མིའི་བུ་ཕྲུག་འབྱོར་ཡུལ་དུ་སློབ་ཡོན་མི་དགོས་པའི་འོས་འགན་སློབ་གསོ་ལེན་པའི་གནད་དོན་རིམ་བཞིན་ཐག་གཅོད་བྱ་དགོས། གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དུས་རིམ་དུ་གནས་ཤིང་དཔལ་འབྱོར་ཐད་དཀའ་ངལ་ཆེ་བའི་ཁྱིམ་ཚང་གི་སློབ་གྲྭར་རྒྱུན་སྡོད་སློབ་མར་འཚོ་རྟེན་རོགས་དངུལ་སྤྲོད་གྲངས་འཕར་སྣོན་གཏོང་དགོས། ལོ་གསུམ་གྱི་ནང་ཚུན་གྲོང་གསེབ་ཀྱི “ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་གཏོང་བའི ”ཐད་ཀྱི་བུ་ལོན་གྱི་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་བྱེད་གང་ཐུབ་བྱ་དགོས། རྒྱལ་ཁབ་ནས་སློབ་ཞུགས་རོགས་དངུལ་སྤྲོད་པའི་ལམ་ལུགས་འཐུས་ཚང་དུ་བཏང་ནས་འབྲིང་རིམ་ལས་རིགས་སློབ་གྲྭ་དང་མཐོ་རིམ་སློབ་གྲྭ་སློབ་གླིང་དུ་ཞུགས་པའི་ནང་གི་དཔལ་འབྱོར་ཐད་དཀའ་ངལ་ཆེ་བའི་ཁྱིམ་ཚང་གི་སློབ་མར་རོགས་དངུལ་སྤྲོད་ཚད་མཐོ་རུ་གཏོང་དགོས། མི་ཚང་མར་འདྲ་མཉམ་གྱི་སློབ་གསོ་ཐོབ་པའི་གོ་སྐབས་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་ཁྱིམ་ཚང་གི་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་རྐྱེན་གྱིས་སློབ་མཚམས་ཆད་པའི་ཕྲུ་གུ་གཅིག་ཀྱང་མེད་པར་བྱ་དགོས། གཉིས་ནས་སློབ་གསོའི་གྲུབ་ཚུལ་ལེགས་འགྱུར་བྱ་དགོས། ལས་རིགས་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་པ་སྤྱི་དང་། ཁྱད་པར་དུ་གྲོང་གསེབ་ཀྱི་འབྲིང་རིམ་ལས་རིགས་སློབ་གསོ་གཙོ་གནད་དུ་བཟུང་སྟེ་རྒྱབ་སྐྱོར་བྱ་དགོས། འབྲིང་རིམ་ལས་རིགས་སློབ་གསོར་སློབ་ཡོན་མི་དགོས་པ་རིམ་བཞིན་ལག་ལེན་བསྟར་རྒྱུ་དང་། ད་ལོར་སྔོན་ལ་གྲོང་གསེབ་ཀྱི་དཔལ་འབྱོར་ཐད་དཀའ་ངལ་ཆེ་བའི་ཁྱིམ་ཚང་གི་སློབ་མ་དང་ཞིང་འབྲེལ་ཆེད་སྦྱོང་སློབ་མ་ནས་ལག་ལེན་བྱེད་འགོ་ཚུགས་རྒྱུ་ཡིན། མཐོ་རིམ་སློབ་གསོའི་སྤུས་ཚད་མུ་མཐུད་མཐོ་རུ་བཏང་ནས་ཆུ་ཚད་མཐོ་བའི་སློབ་གྲྭ་ཆེན་པོ་དང་གཙོ་གནད་སློབ་ཚན་འཛུགས་སྐྱོང་བྱ་རྒྱུར་སྐུལ་སྤེལ་གཏོང་དགོས་པ་དང་། མཐོ་རིམ་སློབ་གྲྭས་ཆེད་སྦྱོང་དང་སློབ་ཚན་བཀོད་སྒྲིག་ལེགས་སྒྲིག་བྱ་རྒྱུའི་ཁྲིད་སྟོན་བྱས་ནས་ཚོང་ར་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་དགོས་མཁོ་དང་མཐུན་པར་བྱ་དགོས། གསུམ་ནས་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། འོས་འགན་སློབ་གསོའི་དུས་རིམ་གྱི་དགེ་རྒན་ལ་བྱས་རྗེས་དང་ལས་ཆོད་དང་འབྲེལ་བའི་གླ་ཕོགས་ལམ་ལུགས་ལག་ལེན་བྱས་ནས་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་ཁྲི་1200ཡི་ཕོགས་ཐོབ་ཐོབ་ཐང་མཐོ་རུ་གཏོང་རྒྱུ་ཡིན་ཞིང་། ཀྲུང་དབྱང་ནོར་སྲིད་ནས་དེའི་ཐད་སྒོར་དུང་ཕྱུར་120གཏོང་རྒྱུ་ཡིན་པ་དང་། ས་གནས་ནོར་སྲིད་ཀྱིས་ཀྱང་མ་དངུལ་གཏོང་གྲངས་མང་དུ་གཏོང་དགོས། དགེ་རྒན་སྤྱི་དང་ཁྱད་པར་དུ་གྲོང་གསེབ་ཀྱི་དགེ་རྒན་གསོ་སྐྱོང་སྦྱོང་བརྡར་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་སློབ་གྲྭ་ཆེན་པོའི་སློབ་མ་དང་དགེ་འོས་སློབ་གྲྭའི་སློབ་མ་གཞི་རིམ་དང་གྲོང་གསེབ་ཏུ་དགེ་རྒན་བྱེད་པར་འགྲོ་བར་བསྔགས་སྐུལ་གཏོང་དགོས། བཞི་ནས་བྱང་ཚད་སློབ་གསོར་སྐུལ་སྤེལ་གཏོང་དགོས། རིགས་དང་རིམ་པ་ཁག་གི་སློབ་གསོ་ཚང་མས་མིའི་ཕྱོགས་ཡོངས་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་གཏོང་རྒྱུར་དམིགས་ཏེ་སློབ་ཚན་དང་། སློབ་དེབ། སློབ་གསོ་བྱེད་ཐབས། རྒྱུགས་ལེན་གདེང་འཇོག་ལམ་ལུགས་བཅས་བསྒྱུར་བཅོས་གང་མགྱོགས་བྱས་ཏེ། སློབ་གྲྭ་འབྲིང་ཆུང་གི་སློབ་མ་རྣམས་ལྕི་དྲགས་པའི་སློབ་ཚན་ཁྲོད་ནས་བཅིངས་འགྲོལ་བཏང་སྟེ་སློབ་མ་རྣམས་ལ་བསམ་གཞིགས་དང་། ལག་ལེན། གསར་གཏོད་བཅས་བྱེད་པའི་དུས་ཚོད་སྔར་བས་མང་བ་ཡོད་པར་བྱ་དགོས། ལྔ་ནས་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་ཁང་ཉེན་མེད་བཟོ་སྐྲུན་ལག་བསྟར་བྱས་ཏེ་གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་དག་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། སློབ་གྲྭ་དག་བདེ་འཇགས་ལྡན་ཤོས་དང་ཁྱིམ་བདག་གི་བློས་འཁེལ་ཤོས་སུ་འཛུགས་སྐྲུན་བྱ་དགོས།
སྨན་བཅོས་འཕྲོད་བསྟེན་བྱ་གཞག་བསྒྱུར་བཅོས་དང་འཕེལ་རྒྱས་སྐུལ་སྤེལ་གཏོང་དགོས། སྤྱི་པའི་སྨན་བཅོས་འཕྲོད་བསྟེན་གྱི་སྤྱི་ཕན་ངོ་བོ་རྒྱུན་འཁྱོངས་བྱས་ཏེ་རྒྱ་ཆེའི་སྨན་བཅོས་མི་སྣའི་ཧུར་སེམས་སྐུལ་སློང་གང་ཐུབ་བྱ་དགོས། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་བསྐྲུན་གང་ཐུབ་བྱས་ཏེ་མི་ཚང་མར་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་ཡོད་པ་མངོན་འགྱུར་རགས་ཙམ་བྱ་དགོས། ད་ལོ་ནས་བཟུང་། གཤམ་གསལ་ལས་དོན་ལྔ་གཙོ་གནད་དུ་བཟུང་ནས་དམ་འཛིན་ལེགས་པོ་བྱ་དགོས་པ་སྟེ། གཅིག་ནས་གཞི་རྩའི་སྨན་བཅོས་འགན་སྲུང་ལམ་ལུགས་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་དགོས། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་སོ་སོར་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པ་བཅས་ཀྱི་ཁྱབ་ཁོངས་སུ་བཅུག་སྟེ། ལོ་གསུམ་ནང་ཚུན་འགན་བཅོལ་ནང་ཞུགས་ཚད་མཐའ་དག་བརྒྱ་ཆ་90ཡན་དུ་མཐོ་རུ་གཏོང་དགོས། ཀྲུང་དབྱང་ནོར་སྲིད་ནས་དཀའ་ངལ་ཆེ་བའི་ས་ཁུལ་གྱི་མ་རྩ་སྟོངས་པའི་ཁེ་ལས་ཀྱི་སྒོ་བརྒྱབ་པའི་ལས་འཁྱུར་ངལ་གསོ་མི་སྣ་འགན་བཅོལ་ནང་ཞུགས་པར་རོགས་དངུལ་འོས་འཚམ་སྤྲོད་རྒྱུ་རེད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྨན་བཅོས་འགན་བཅོལ་དང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་མ་དངུལ་གྲབས་གསོག་ཚད་གཞི་དང་ནོར་སྲིད་ནས་རོགས་དངུལ་སྤྲོད་པའི་ཚད་གཞི་མུ་མཐུད་ནས་མཐོ་རུ་བཏང་སྟེ། འགྲོ་སོང་རྩིས་ཞུའི་གཞི་ཁྱོན་རྒྱ་སྐྱེད་འོས་འཚམ་གཏོང་དགོས་པ་དང་འགྲོ་སོང་རྩིས་ཞུའི་བསྡུར་ཚད་མཐོ་རུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་རོགས་སྐྱོར་ཆུ་ཚད་མཐོ་རུ་གཏོང་དགོས། གཉིས་ནས་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་ལམ་ལུགས་འཛུགས་དགོས། ད་ལོར་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་དཀར་ཆག་གཅིག་གྱུར་གྱིས་གཏན་འབེབས་དང་ཁྱབ་བསྒྲགས་བྱ་རྒྱུ་དང་། གཞི་རྩའི་སྨན་རྫས་ཐོན་སྐྱེད་དང་། འཁོར་རྒྱུག རིན་གོང་གཏན་འཁེལ། བེད་སྤྱོད། སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུ་བཅས་སྐོར་གྱི་སྲིད་ཇུས་གཏན་འབེབས་བྱས་ནས་བཏོན་ཏེ། ནད་བསྟེན་སྨན་བཅོས་བྱེད་མཁན་མང་ཚོགས་ཀྱི་གཞི་རྩའི་སྨན་སྤྱོད་གྲོན་དངུལ་གྱི་ཁུར་པོ་ཡང་དུ་གཏོང་དགོས། གསུམ་ནས་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ད་ལོར་འཆར་འགོད་དུ་འཁོད་པའི་ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ཁྲི་2.9འཛུགས་སྐྲུན་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱ་དགོས། ཕྱིན་ཆད་ལོ་གསུམ་ནང་ཀྲུང་དབྱང་ནོར་སྲིད་ནས་སླར་ཡང་ལྟེ་གནས་ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་5000དང་། རྫོང་རིམ་པའི་སྨན་ཁང་2000 གྲོང་ཁྱེར་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་2400བཅས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་དགོས། བས་མཐའ་ས་ཁུལ་གྱི་གྲོང་ཚོའི་འཕྲོད་བསྟེན་ཁང་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་རྒྱལ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་ཚང་མར་འཕྲོད་བསྟེན་ཁང་ཡོད་པར་བྱ་དགོས། བཞི་ནས་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་རིམ་གྱིས་ཆ་སྙོམས་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་དགོས། རིན་པ་མི་དགོས་པའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་བྱེད་རྒྱ་ཆེ་རུ་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེར་ཆ་སྙོམས་སུ་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་ལོངས་སྤྱོད་བྱ་རྒྱུའི་འགྲོ་སོང་སྒོར་15ལས་མི་དམའ་བ་དང་སླད་ཕྱིན་རིམ་གྱིས་མཐོ་རུ་གཏོང་དགོས། འགོས་ནད་དང་། གཅོང་ནད། ལས་ནད། ཡུལ་ནད་བཅས་ཚབས་ཆེ་རིགས་འགོག་བཅོས་ཐད་ཆེད་སྤྱོད་མ་དངུལ་གཏོང་གྲངས་འཕར་སྣོན་གཏོང་དགོས། ལྔ་ནས་གཞུང་གཉེར་སྨན་ཁང་བསྒྱུར་བཅོས་ཚོད་ལྟར་སྐུལ་སྤེལ་གཏོང་དགོས། དོ་དམ་སྒྲིག་སྲོལ་དང་། འཁོར་སྐྱོད་ནང་རྐྱེན། ལྟ་སྐུལ་དོ་དམ་ནང་རྐྱེན་བཅས་གཙོ་གནད་དུ་བཟུང་ནས་བསྒྱུར་བཅོས་བྱ་དགོས། ས་གནས་ཁག་གིས་སྲིད་གཞུང་དང་བྱ་ལས་སྡེ་ཚན་སོ་སོར་འབྱེད་པ་དང་། དོ་དམ་དང་ལས་སྒྲུབ་སྡེ་ཚན་སོ་སོར་འབྱེད་པ། སྨན་བཅོས་དང་སྨན་རྫས་སོ་སོར་འབྱེད་པ། ཁེ་གཉེར་རང་བཞིན་དང་ཁེ་གཉེར་རང་བཞིན་མིན་པ་སོ་སོར་འབྱེད་པ་བཅས་བྱེད་པའི་ནུས་ལྡན་བྱེད་ཐབས་འཚོལ་ཞིབ་བྱེད་པར་བསྔགས་སྐུལ་བྱ་དགོས། སྨན་རྫས་ཀྱིས་སྨན་བཅོས་ལ་ཁ་གསབ་བྱེད་པའི་ནང་རྐྱེན་རིམ་བཞིན་མེད་པར་བཟོས་ཏེ་གཞུང་གཉེར་སྨན་ཁང་གི་སྐྱིན་གསབ་ནང་རྐྱེན་བསྒྱུར་བཅོས་སྐུལ་སྤེལ་གཏོང་དགོས། ས་གནས་ཁག་གིས་སྨན་བཅོས་ཞབས་ཞུའི་ཐད་ཁེ་ཕན་འབྲེལ་ཡོད་ཕྱོགས་གྲོས་མོལ་བྱེད་པར་ཞུགས་པའི་རིན་གོང་གཏན་འཁེལ་ནང་རྐྱེན་འཛུགས་རྒྱུ་དང་། འབྲེལ་ཡོད་ལས་ཁུངས་དང་། མང་ཚོགས་ཀྱི་འཐུས་ཚབ། རིགས་གཅིག་མཁས་པ་བཅས་ཞུགས་པའི་སྤུས་ཚད་ལྟ་སྐུལ་དོ་དམ་དང་གདེང་འཇོག་ལམ་ལུགས་འཛུགས་རྒྱུ་འཚོལ་ཞིབ་བྱེད་པར་བསྔགས་སྐུལ་བྱ་དགོས། ནད་འགོག་སྨན་བཅོས་བྱེད་པའི་ཐད་ཀྲུང་ལུགས་གསོ་རིག་སྨན་རྫས་དང་མི་རིགས་ཀྱི་གསོ་རིག་སྨན་རྫས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱ་དགོས། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བསྒྱུར་བཅོས་བདེ་བླག་ངང་སྤེལ་བར་འགན་ལེན་བྱེད་ཕྱིར། ཕྱིན་ཆད་ལོ་གསུམ་ནང་སྲིད་གཞུང་རིམ་པ་ཁག་གིས་སྒོར་དུང་ཕྱུར་8500གཏོང་རྩིས་ཡོད་ཅིང་། དེའི་ནང་ཀྲུང་དབྱང་ནོར་སྲིད་ནས་སྒོར་དུང་ཕྱུར་3318གཏོང་རྒྱུ་ཡིན། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བསྒྱུར་བཅོས་བྱ་རྒྱུ་དེ་མི་དམངས་མང་ཚོགས་ཀྱི་ལུས་ཁམས་བདེ་ཐང་ཡོང་བ་དང་ཁེ་དབང་དང་འབྲེལ་བ་ཡོད་པས། ང་ཚོས་འགོ་ཁྲིད་བྱེད་ཤུགས་ཆེར་གཏོང་དང་། ཇུས་འགོད་ཞིབ་ཚགས། སྒྲིག་འཛུགས་ནན་ཏན་བཅས་བྱེད་པ་དང་འབྲེལ་ཧུར་བརྩོན་ཆེ་ཞིང་བརྟན་པོའི་ངང་ནས་སྤེལ་ཏེ། ནད་བཅོས་རིན་གོང་ཆེ་བ་དང་སྨན་པ་བསྟེན་དཀའ་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཐོག མི་དམངས་ལ་ཉེན་ཁ་མེད་པ་དང་། ཕན་ནུས་ལྡན་པ། སྟབས་བདེ་བ། གོང་ཁེ་བ་བཅས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་འདོན་སྤྲོད་བྱ་དགོས།
མི་འབོར་དང་འཆར་ཡོད་བུ་བཙའི་ལས་དོན་ལེགས་པར་བསྒྲུབས་ཏེ་ཕྲུ་གུ་སྐྱེ་ཚད་དམའ་བའི་གནས་ཚུལ་སྲ་བརྟན་དུ་གཏོང་དགོས། ད་ལོ་ནས་བཟུང་རྒྱལ་ཡོངས་ཀྱི་གྲོང་གསེབ་ཏུ་སྨན་ཁང་ནང་བསྡད་དེ་ཕྲུ་གུ་སྐྱེ་མཁན་ལ་ཁ་གསབ་རོགས་དངུལ་སྤྲོད་པའི་ལམ་ལུགས་ལག་ལེན་བྱས་ཏེ། དུས་བཀག་ལྟར་སྦྲུམ་མར་ལུས་པོ་ཞིབ་བཤེར་དང་ཕྲུ་གུ་སྐྱེས་རྗེས་འཚམས་འདྲི་བྱ་རྒྱུ་དང་། ལོ་གསུམ་མན་ཆད་གྱི་ཕྲུ་གུ་དམར་འབྱར་གྱི་སྐྱེད་བསྲིང་དང་འཚར་ལོངས་བྱུང་ཚུལ་ཞིབ་བཤེར་བྱ་དགོས། དབང་པོ་སྐྱོན་ཅན་ཕྲུ་གུ་སྐྱེ་རྒྱུར་སྔོན་འགོག་ལས་ཀར་ཤུགས་སྣོན་རྒྱག་དགོས། གྲོང་གསེབ་ཀྱི་འཆར་ལྡན་བུ་བཙའ་བྱེད་པའི་ཁྱིམ་ཚང་ཁག་གཅིག་ལ་བྱ་དགའ་དང་རོགས་དངུལ་སྤྲོད་པའི་ཚད་གཞི་མི་རེར་ཆ་སྙོམས་སུ་སྒོར་600ཡིན་པ་དེ་སྒོར་720རུ་སྤར་རྒྱུ་ཡིན། ཕྱོགས་མིར་ཞབས་ཞུ་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། བུད་མེད་དང་ལོ་ན་མ་སོན་པའི་སྐྱེ་བོའི་ཁེ་དབང་སྲུང་སྐྱོང་བྱ་དགོས་པ་དང་། གྲོང་གསེབ་ཀྱི་བུད་མེད་ཁྲོད་དུ་དུས་བཀག་ལྟར་མོ་ནད་ཞིབ་བཤེར་བྱ་རྒྱུ་དང་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་མགྱོགས་མྱུར་ཡོང་བར་རྒྱབ་སྐྱོར་བྱ་དགོས་ཤིང་། མི་རྒན་གྲས་སྐོར་གྱི་ལས་དོན་སྒྲུབ་ཤུགས་མུ་མཐུད་ནས་ཆེ་རུ་གཏོང་དགོས།
རིག་གནས་དང་ལུས་རྩལ་གྱི་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། རིག་གནས་འཕེལ་རྒྱས་དང་དར་རྒྱས་བྱུང་ཚེ། འཛད་སྤྱོད་ཁྱབ་ཁོངས་རྒྱ་སྐྱེད་གཏོང་ཐུབ་ལ་མི་རྣམས་ཀྱི་བསམ་པའི་ལོངས་སྤྱོད་དང་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་རྒྱུར་ཕན་པ་ཡོད། སྤྱི་ཕན་རང་བཞིན་གྱི་རིག་གནས་བྱ་གཞག་འཕེལ་རྒྱས་ཧུར་ཐག་བཏང་ནས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གང་མགྱོགས་གཏོང་བ་དང་། གནད་ཆེའི་རིག་གནས་སྒྲིག་བཀོད་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་རིག་གནས་སྒྲིག་བཀོད་སྤྱི་དང་། ལྷག་པར་དུ་རླུང་འཕྲིན་དང་བཪྙན་འཕྲིན “གྲོང་ཚོ་ཀུན་ཏུ་ཁྱབ་པ་”བྱ་རྒྱུ་དང་། ཤང་དང་གྲོང་རྡལ་གྱི་ཕྱོགས་བསྡུས་རིག་གནས་ས་ཚུགས། ཞིང་པའི་ཁྱིམ་དུད་ཀྱི་དཔེ་དེབ་བལྟ་ཁང་བཅས་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། རིག་གནས་ཀྱིས་མང་ཚོགས་ལ་ཕན་པ་སྐྲུན་པའི་ལས་དོན་སྐུལ་སྤེལ་ཧུར་ཐག་གཏོང་དགོས། རིག་གནས་ཐོན་ལས་འཕེལ་རྒྱས་གང་མགྱོགས་འགྲོ་བར་རྒྱབ་སྐྱོར་བྱས་ཏེ་རོགས་སྐྱོར་གྱི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། རྐང་འཛིན་རིག་གནས་ཁེ་ལས་གསོ་སྐྱོང་བྱ་དགོས། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་དར་རྒྱས་བཏང་སྟེ་རྩོམ་རིག་སྒྱུ་རྩལ་དང་། རླུང་འཕྲིན་དང་གློག་བཪྙན་བཪྙན་འཕྲིན། གསར་འགྱུར་དཔེ་སྐྲུན་བཅས་ཀྱི་བྱ་གཞག་འཕེལ་རྒྱས་ཧུར་ཐག་གཏོང་དགོས། འཕྲིན་དྲའི་རིག་གནས་འཛུགས་སྤེལ་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། རིག་གནས་དངོས་རྫས་དང་དངོས་པོ་མིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོང་ཡག་པོ་བྱ་དགོས། སྤྱི་ཕན་རང་བཞིན་གྱི་རིག་གནས་བྱ་ལས་སྡེ་ཚན་གྱི་དོ་དམ་སྒྲིག་སྲོལ་དང་འཁོར་སྐྱོད་ནང་རྐྱེན་བསྒྱུར་བཅོས་དང་། གཉེར་སྐྱོང་རང་བཞིན་གྱི་རིག་གནས་སྡེ་ཚན་ཁེ་ལས་ལམ་ལུགས་སུ་སྒྱུར་བ་སྐུལ་སྤེལ་གཏོང་དགོས། གཞི་རིམ་སྤྱི་པའི་ལུས་རྩལ་སྒྲིག་བཀོད་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་ཀྱི་རང་བཞིན་ལྡན་པའི་ལུས་རྩལ་བྱེད་སྒོ་ཤུགས་ཆེན་སྤེལ་ནས་རྩལ་འགྲན་གྱི་ལུས་རྩལ་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། ལུས་རྩལ་ཐོན་ལས་འཕེལ་རྒྱས་གཏོང་དགོས།
དམངས་གཙོ་དང་ཁྲིམས་ལུགས་འཛུགས་སྤེལ་བྱེད་ཤུགས་ཆེ་རུ་གཏོང་དགོས། བརྩོན་སེམས་ཆེ་ལ་གོམ་སྟབས་བརྟན་པོའི་སྒོ་ནས་ཆབ་སྲིད་སྒྲིག་སྲོལ་བསྒྱུར་བཅོས་སྐུལ་སྤེལ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་གཏོང་དགོས། དམངས་གཙོའི་ལམ་ལུགས་འཐུས་སྒོ་ཚང་བ་དང་། དམངས་གཙོའི་རྣམ་པ་ཕུན་སུམ་ཚོགས་པ། དམངས་གཙོ་སྤེལ་ལམ་རྒྱ་ཆེ་བ་བཅས་བྱ་དགོས་པ་དང་། ཁྲིམས་ལྟར་དམངས་གཙོས་འདེམས་བསྐོ་དང་། དམངས་གཙོས་ཇུས་འགོད། དམངས་གཙོས་དོ་དམ། དམངས་གཙོས་ལྟ་སྐུལ་བཅས་བྱ་དགོས། གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ནང་རྐྱེན་འཐུས་སྒོ་ཚང་དུ་བཏང་སྟེ་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ཁྱབ་ཁོངས་རྒྱ་ཆེ་བ་དང་། གཞི་རིམ་གྱི་དམངས་གཙོའི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་བ་བྱས་ཐོག་མི་དམངས་མང་ཚོགས་ཀྱིས་ཁྲིམས་ལྟར་ཐད་ཀར་དམངས་གཙོའི་ཁེ་དབང་སྤྱོད་པ་དང་། གཞི་རིམ་གྱི་སྤྱི་པའི་ལས་དོན་དང་སྤྱི་པའི་བྱ་གཞག་དོ་དམ་བྱེད་པར་འགན་སྲུང་བྱ་དགོས། ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ་དང་། སྤྱི་དམངས་ཀྱི་འདུ་ཤེས་འཛིན་པའི་སློབ་གསོ་རྒྱག་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོས་ཁྲིམས་སྐྱོང་དང་། རང་དབང་འདྲ་མཉམ། དྲང་སྙོམས་དྲང་བདེན་བཅས་ཀྱི་འདུ་ཤེས་འཛུགས་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་འཛུགས་སྐྱོང་སྐུལ་སྤེལ་གཏོང་རྒྱུ་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ་སྤྱི་ཚོགས་ཀྱི་རྩ་འཛུགས་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་སྤེལ་གཏོང་དགོས། སྲིད་གཞུང་གི་ཁྲིམས་ལུགས་ལས་ཀར་ཤུགས་སྣོན་བརྒྱབ་སྟེ་སྲིད་གཞུང་གི་ཁྲིམས་བཟོའི་གསལ་ཚད་དང་དམངས་ཚོགས་ཞུགས་ཚད་མཐོ་རུ་བཏང་སྟེ་ཚད་ལྡན་དང་། དྲང་བདེན། ཡ་རབས་ཚུལ་ལྡན་བཅས་ཀྱི་སྒོ་ནས་ཁྲིམས་འཛིན་ཐུབ་པར་བྱ་དགོས།
སྤྱི་ཚོགས་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱ་དགོས། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་ཕན་སྲུང་སྐྱོང་བྱ་རྒྱུར་དམིགས་བཀར་གྱིས་མཐོང་ཆེན་བྱས་ཏེ་མི་དམངས་ནང་ཁུལ་གྱི་འགལ་བ་ཐག་གཅོད་ཡང་དག་པར་བྱ་དགོས་པ་དང་། མང་ཚོགས་ཀྱིས་ཞུས་པའི་གནད་དོན་དག་དུས་ཐོག་ཏུ་ཐག་གཅོད་ལུགས་མཐུན་བྱ་དགོས་ཤིང་། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་བྱ་སྤྱོད་མཐའ་དག་ཡོ་བསྲང་མཐའ་འཁྱོལ་བར་བྱ་དགོས། སྤྱི་ཚོགས་ཀྱི་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ཐག་གཅོད་ནང་རྐྱེན་འཐུས་སྒོ་ཚང་དུ་བཏང་སྟེ་མང་ཚོགས་ཀྱིས་ཚུལ་མཐུན་ཁྲིམས་མཐུན་གྱི་བྱེད་ཐབས་ཐོག་ནས་ཁེ་ཕན་ཞུ་གཏུག་བྱ་རྒྱུར་ཁྲིད་སྟོན་བྱ་དགོས། འགོ་ཁྲིད་ལས་བྱེད་པ་སྤྱི་དང་ལྷག་དོན་དུ་འགོ་ཁྲིད་ལས་བྱེད་པ་གཙོ་བོས་མང་ཚོགས་ཀྱི་བསྐུར་ཡིག་ཐག་གཅོད་བྱེད་པ་དང་ངོ་བཅར་ཡོང་བའི་མང་ཚོགས་སྣེ་ལེན་ཞུ་བའི་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་འགལ་ཟླ་སེལ་རོགས་བྱ་དགོས། སྤྱི་ཚོགས་བརྟན་ལྷིང་ཡོང་བའི་ཉེན་ཟོན་སྔོན་བརྡ་གཏོང་བའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་མི་ཚོགས་ཀྱི་རང་བཞིན་ལྡན་པའི་དོན་རྐྱེན་སྣ་ཚོགས་སྔོན་འགོག་དང་ཐག་གཅོད་འོས་འཚམ་ཧུར་ཐག་བྱ་དགོས། དུས་བདེ་གསར་སྐྲུན་གྱི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་སྤྱི་ཚོགས་བདེ་དོན་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་དགོས། དོགས་ཟོན་ནན་པོ་བྱས་ནས་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་སྟེ། རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱ་དགོས།
(བདུན )སྲིད་གཞུང་རང་ངོས་ལེགས་སྐྱོང་བྱེད་པར་སྐུལ་སྤེལ་བཏང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་ཁ་ལོ་སྒྱུར་ནུས་ཆེ་རུ་གཏོང་དགོས།
འདས་ཟིན་པའི་ལོ་གཅིག་རིང་སྲིད་གཞུང་རང་ངོས་བསྒྱུར་བཅོས་དང་ལེགས་སྐྱོང་བྱེད་པའི་ཐད་གྲུབ་འབྲས་གསར་པ་ཐོབ་ཡོད་མོད། ཡིན་ནའང་མི་དམངས་ཀྱི་རེ་འདུན་དང་བསྡུར་ན་ད་དུང་ཧེ་བག་ཆེན་པོ་ཡོད། སྲིད་གཞུང་གི་འགན་ནུས་བསྒྱུར་བ་ད་དུང་དམིགས་སར་སླེབས་མེད་པ་དང་། སྲིད་འཛིན་ལས་ཆོད་ད་དུང་མཐོ་རུ་གཏོང་དགོས་ཤིང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མངོན་གསལ་ཆེ་ཙམ་ཡོད་པ་དང་། ས་གནས་དང་། སྡེ་ཁག ཁྱབ་ཁོངས་བཅས་འགའ་ཞིག་ཏུ་རུལ་སུངས་ཀྱི་སྣང་ཚུལ་ཚབས་ཆེ་ཙམ་གནས་ཡོད། གནད་དོན་དེ་དག་ངེས་པར་དུ་ནུས་ཤུགས་ཡོད་རྒུ་བཏོན་ཏེ་སེལ་ཐབས་བྱ་དགོས། འཕར་སྣོན་ཡོང་བར་འགན་ལེན་དང་། དམངས་འཚོར་འགན་སྲུང་། བརྟན་ལྷིང་ཁག་ཐེག་བཅས་བྱ་རྒྱུའི་ཁྱོན་ཡོངས་ལ་རྩེ་གཅིག་ཏུ་དམིགས་ནས་སྲིད་གཞུང་རང་ངོས་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།
ཁྲིམས་ལྟར་སྲིད་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། སྲིད་འཛིན་བྱ་སྤྱོད་ཚད་ལྡན་དུ་བཏང་སྟེ་ཁྲིམས་མཐུན་སྲིད་འཛིན་དང་། ལུགས་མཐུན་སྲིད་འཛིན། གོ་རིམ་ལུགས་མཐུན། ནུས་ཆེ་དམངས་བདེ། ཟོལ་མེད་ཡིད་རྟོན། དབང་འགན་གཅིག་གྱུར་བཅས་བྱ་དགོས། སྲིད་འཛིན་བཀའ་འཁྲོལ་སྐོར་གྱི་བཅའ་ཁྲིམས་ལག་བསྟར་གཏིང་ཟབ་བྱ་དགོས་ཤིང་། སྲིད་འཛིན་ཐོག་ནས་ཞིབ་བཤེར་ཆོག་མཆན་འགོད་པའི་ལམ་ལུགས་བསྒྱུར་བཅོས་མུ་མཐུད་སྐུལ་སྤེལ་བཏང་སྟེ། སྲིད་འཛིན་བཀའ་འཁྲོལ་དང་སྲིད་འཛིན་ཞིབ་མཆན་འགོད་པའི་དོན་ཚན་ཉུང་དུ་གཏོང་དགོས་པ་དང་། ལྷག་དོན་དུ་མ་དངུལ་འཇོག་པར་ཞིབ་མཆན་འགོད་པ་དང་རྣམ་གྲངས་སྒྲུབ་པར་ཞིབ་མཆན་འགོད་པའི་འགྲོ་ལུགས་ཉུང་དུ་བཏང་ནས་ཁེ་ལས་མ་དངུལ་འཇོག་མཁན་གཙོ་བོ་ཡིན་པའི་གོ་གནས་དོན་འཁྱོལ་བྱ་དགོས། འགྲན་རྩོད་དྲང་སྙོམས་བྱེད་སྟངས་སྐུལ་སྤེལ་དང་། ས་ཁུལ་བར་བཀག་སྡོམ་མེད་པ། ལས་རིགས་ཀྱིས་སྒེར་སྡེམ་བྱེད་ཚུལ་རྩ་གཏོར་བཅས་བྱས་ཏེ། སྤྱི་ཚོགས་ཀྱི་ཐོན་ཁུངས་སྣ་ཚོགས་སྒྲིག་འཛུགས་དང་སྐུལ་སློང་བྱས་ཐོག་དཔལ་འབྱོར་འཕར་སྣོན་ཡོང་བ་སྐུལ་སྤེལ་གཏོང་དགོས། སྲིད་གཞུང་གི་འགན་ནུས་ཕྱོགས་ཡོངས་ནས་ལག་བསྟར་ཡང་དག་བྱེད་པར་བརྟེན་ཏེ་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་གསར་གཏོད་བྱ་དགོས་པ་དང་། ཁེ་ལས་ཀྱིས་མ་དངུལ་འཇོག་པའི་ཡིད་ཆེས་སྔར་ལས་ཆེ་བ་དང་། སྤྱི་ཚོགས་ཀྱི་འཛད་སྤྱོད་བྱེད་པའི་ཡིད་ཆེས་སྔར་ལས་ཆེ་བ། རྒྱལ་ཁབ་འཕེལ་རྒྱས་འགྲོ་བར་མི་དམངས་མང་ཚོགས་ཀྱིས་ཡིད་ཆེས་སྔར་ལས་ཆེ་བ་བཅས་བྱ་དགོས།
ཚན་རིག་དང་མཐུན་པའི་དམངས་གཙོས་ཇུས་ཐག་གཅོད་ཐབས་ལག་བསྟར་བྱ་དགོས། ཐབས་ཇུས་ཁག་ཚང་མ་གོ་རིམ་ཁྲིམས་ལྟར་ཚད་ལྡན་ཡིན་པ་དང་། བརྒྱུད་རིམ་དམངས་གཙོ་ལྡན་ཞིང་མངོན་གསལ་ཆེ་བ། མཇུག་འབྲས་ཚན་རིག་དང་མཐུན་ཞིང་དྲང་གཞག་ཡིན་པ་བཅས་བྱ་དགོས། སྲིད་གཞུང་གི་ཐབས་ཇུས་གལ་ཆེ་རིགས་གྲུབ་པ་དང་ལག་བསྟར་བྱེད་སྐབས་བརྟག་དཔྱད་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་སྟེ་མི་དམངས་གནས་ཚུལ་རྟོག་ཞིབ་དང་། མི་དམངས་ཀྱི་བསམ་འདུན་ཉན་པ། མི་དམངས་ཀྱི་བློ་གྲོས་གཅིག་བསྡུས་བཅས་བྱས་ནས། ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་བརྩི་འཇོག་བྱེད་པ་དང་། ཇུས་ཐག་གཅོད་པའི་སྔོན་དཔག་རང་བཞིན་དང་། ཚན་རིག་དང་མཐུན་པའི་རང་བཞིན། ཕན་ནུས་ལྡན་པའི་རང་བཞིན་བཅས་མཐོ་རུ་གཏོང་དགོས། སྲིད་དོན་ཡོངས་བསྒྲགས་བྱེད་སྟངས་སྐུལ་སྤེལ་གཏོང་བ་དང་། གསལ་ཚད་ཆེ་རུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་དབང་དང་། སྲིད་ཞུགས་བྱེད་དབང་། སྐད་ཆ་ཤོད་དབང་། ལྟ་སྐུལ་བྱེད་དབང་བཅས་འགན་སྲུང་བྱེད་ཅིང་། མི་དམངས་མང་ཚོགས་ལ་སྲིད་གཞུང་གིས་བསམ་བློ་གང་ཞིག་གཏོང་གི་ཡོད་པ་དང་། ལས་ཀ་གང་ཞིག་བྱེད་ཀྱི་ཡོད་པ་ཤེས་སུ་བཅུག་སྟེ། མི་དམངས་མང་ཚོགས་ཀྱིས་བསམ་ཤེས་གང་ལེགས་བྱེད་པ་དང་། ཡོངས་ཁྱབ་ཏུ་རྒྱབ་སྐྱོར་བྱེད་པ། སྲིད་ཞུགས་ཧུར་ཐག་བྱེད་པ་བཅས་ཡོང་བར་བྱ་དགོས། ད་ལོ་སྲིད་གཞུང་གི་མ་རྩ་གཏོང་ཤུགས་ཆེ་བ་དང་། སྒྲུབ་འགོ་གསར་དུ་ཚུགས་པའི་རྣམ་གྲངས་མང་བས་ལྟ་སྐུལ་དང་དོ་དམ་བྱེད་ཚུལ་དམིགས་སར་སླེབས་པར་བྱ་དགོས་པ་ལས། དམངས་དུབ་རྒྱུ་ཟད་ཀྱི་“གཟུགས་བཪྙན་ལས་དོན ”དང་དོན་དངོས་དང་བྲལ་བའི་“སྲིད་སྐྱོང་བྱས་རྗེས་ལས་་དོན ”གཏན་ནས་གཉེར་མི་རུང་བ་དང་། སྤྱི་པའི་མ་དངུལ་འཇོག་གྲངས་མང་དུ་གཏོང་བར་བརྟེན་ནས་སྡེ་ཚན་དང་མི་སྒེར་གྱི་ཁེ་ཕན་གཏན་ནས་སྒྲུབ་མི་རུང་། སྲིད་གཞུང་རིམ་པ་ཁག་ཚང་མས་རང་རྟོགས་ཀྱི་སྒོ་ནས་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་སྲིད་གྲོས་ཀྱི་དམངས་གཙོས་ལྟ་སྐུལ་དང་ལེན་ཞུ་དགོས་པ་དང་། ལྟ་ཞིབ་དང་རྩིས་བཤེར་ལ་སོགས་པའི་སྡེ་ཁག་གིས་ཆེད་མངགས་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱིས་ལྟ་སྐུལ་དང་གསར་འགྱུར་གླེང་ཕྱོགས་ཀྱིས་ལྟ་སྐུལ་བྱེད་པར་མཐོང་ཆེན་ཚད་མཐོན་པོ་བྱས་ཏེ་སྲིད་འཛིན་དབང་ཆ་གང་དུ་སྤྱད་ན། དེར་ལྟ་སྐུལ་དོན་འཁྱོལ་བྱ་དགོས་པ་དང་། ནོར་སྲིད་ཀྱི་མ་དངུལ་གང་དུ་སྤྱད་ན་རྩིས་བཤེར་གྱིས་དེར་རྗེས་སྙེག་ལྟ་སྐུལ་བྱ་དགོས།
ལས་ཀའི་སྤྱོད་ཚུལ་ཡོ་བསྲང་ཏན་ཏིག་བྱ་དགོས། སྲིད་གཞུང་རིམ་པ་ཁག་གིས་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་མཐར་ཕྱིན་པར་བསྟར་དགོས་ཤིང་། དོན་དངོས་དང་ཟུང་འབྲེལ་དམ་པོ་བྱས་ནས་གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒོ་ནས་ལས་དོན་སྤེལ་ཏེ་ཀྲུང་དབྱང་གི་སྲིད་ཇུས་ཁག་དོན་ཐོག་ཏུ་དངོས་སུ་འཁྱོལ་བ་དང་ཕན་འབྲས་དངོས་སུ་ཐོབ་པར་བྱ་དགོས། འགོ་ཁྲིད་ལས་བྱེད་པས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ་དུས་ཐོག་ཏུ་གནད་དོན་ཤེས་རྟོགས་དང་གནད་དོན་ཐག་གཅོད་བྱ་དགོས་པ་དང་། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱས་ཏེ་མང་ཚོགས་ཀྱི་དཀའ་སྡུག་ལ་སེམས་འཁུར་དང་མང་ཚོགས་ཀྱི་རེ་འབོད་ཉན་ནས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱ་དགོས། སྲིད་གཞུང་གི་ལས་བྱེད་མི་སྣས་ཐོག་མཐའ་བར་གསུམ་དུ་དཔའ་ངར་ཆེར་སྐྱེད་དང་ཡར་རྒྱས་བརྩོན་ལེན་གྱི་བསམ་པའི་འཁྱེར་ཕྱོགས་རྒྱུན་འཁྱོངས་བྱས་ནས། རྒྱ་ཆེའི་མི་དམངས་མང་ཚོགས་དང་མཉམ་དུ་དཀའ་ངལ་ཁྱད་བསད་དང་། གསར་གཏོད་ཡར་བརྩོན། དཀའ་སྤྱད་འབད་བརྩོན། དུས་ངལ་མཉམ་སེལ་བཅས་བྱ་དགོས།
སྲིད་དོན་གཙང་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། ལམ་ལུགས་ཚད་ལྡན་དུ་གཏོང་བ་དང་དབང་ཆ་ཚོད་འཛིན་བྱ་རྒྱུ་ལྟེ་བར་བཟུང་ནས་རུལ་སུངས་ཀྱི་སྣང་ཚུལ་ཐོན་སླ་བ་དང་ཐོན་མང་བའི་ཁྱབ་ཁོངས་དང་ལྷུ་ཚིགས་ལ་དམིགས་ནས་འབྱུང་རྩ་ནས་རུལ་སུངས་སུ་འགྱུར་བར་སྔོན་འགོག་བྱ་དགོས། རུལ་སུངས་སུ་གྱུར་པའི་གྱོད་གཞི་རྩད་གཅོད་མཐའ་གཅིག་ཏུ་བྱས་ཏེ་ཁྲིམས་ལྟར་རུལ་སུངས་པར་ཆད་པ་གཅོད་དགོས། ང་ཚོས་ངེས་པར་དུ་བརྩོན་སེམས་ཆེན་པོས་རང་འགན་འབད་སྒྲུབ་དང། བྱ་སྤྱོད་དངོས་དང་གྲུབ་འབྲས་དངོས་ཀྱི་ཐོག་ནས་དམངས་དོན་འབད་སྒྲུབ་དང་། དངོས་དོན་གཉེར་བ། སྤྱོད་པ་གཙང་བ། ལས་ཆོད་ཆེ་བ་བཅས་ཀྱི་སྲིད་གཞུང་ཞིག་འཛུགས་སྐྱོང་བྱས་ཏེ་མི་དམངས་རྣམས་བློ་བདེ་ཞིང་ཡིད་ཚིམ་པར་བྱ་དགོས།
འཐུས་མི་རྣམ་པ་ཚོ།
མི་རིགས་ཁག་ཐུན་མོང་དུ་མཐུན་སྒྲིལ་འབད་འཐབ་དང་། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་སྤེལ་གཏོང་རྒྱུ་ནི་མི་རིགས་ཁག་གི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་གནས་ས་ཡིན། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་ནས། ཀྲུང་དབྱང་གིས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་རྣམས་དོན་ཐོག་དངོས་སུ་འཁྱོལ་བར་འགན་སྲུང་བྱ་དགོས། མི་འབོར་ཅུང་ཉུང་བའི་མི་རིགས་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ནས་ཆེ་རུ་གཏོང་དགོས། མཐའ་མཚམས་དར་རྒྱས་དང་མི་དམངས་ཕྱུག་འགྱུར་གྱི་བྱ་སྤྱོད་དེ་མཐའ་མཚམས་ཀྱི་རྫོང་ཡོད་ཚད་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་བྱེད་མཁན་དཔུང་ཚོགས་ཀྱི་མཐའ་མཚམས་ཞིང་ར་ཁག་ལ་ཁྱབ་པར་སྐུལ་སྤེལ་གཏོང་དགོས། འབྲོག་ཁུལ་དང་རི་ཁུལ་དུ་འདུས་སྡོད་བྱེད་མཁན་གྲངས་ཉུང་མི་རིགས་འཕེལ་རྒྱས་གང་མགྱོགས་ཡོང་བར་རྒྱབ་སྐྱོར་བྱ་དགོས། བློ་བརྟན་འགྱུར་མེད་ཀྱིས་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱས་ཏེ། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་འཛུགས་སྐྱོང་སྔར་ལས་ལེགས་པར་བྱ་དགོས།
ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བར་སྐུལ་འདེད་གཏོང་བའི་ཁྲོད་དུ་ཆོས་ལུགས་ལས་རིགས་ཀྱི་མི་དྲག་དང་ཆོས་དད་མང་ཚོགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་དགོས།
ཏང་གི་ཕྱིར་སྡོད་རང་མིའི་ལས་དོན་སྐོར་གྱི་སྲིད་ཇུས་ལག་ལེན་ནན་ཏན་བསྟར་ནས་ཕྱིར་སྡོད་སྤུན་ཟླ་དང་། ཕྱིར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མིས་མེས་རྒྱལ་གྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་དང་ཞི་བདེ་གཅིག་གྱུར་ཡོང་བར་བྱ་རྒྱུའི་བྱ་གཞག་ཆེན་པོར་སེམས་ཁུར་བྱེད་ཅིང་དེར་ཞུགས་པར་རྒྱབ་སྐྱོར་བྱ་དགོས། འདས་ཟིན་པའི་ལོ་གཅིག་གི་རིང་ལ་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་འཕེལ་རྒྱས་གལ་ཆེན་བྱུང་ཡོད། མི་དམངས་བཅིངས་འགྲོལ་དམག་གིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། མངའ་ཁོངས་ཆ་ཚང་ཡོང་བ་བཅས་སྲུང་སྐྱོང་དང་། རྒྱལ་ཁབ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཆེད་ཉེན་ཁ་དང་དཀའ་ངལ་ཆེ་བའི་ལས་འགན་ལེགས་སྒྲུབ་བྱས་ཡོད་པ་དང་། ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། ལོ་གསར་པའི་ནང་དུས་རབས་གསར་པ་དང་དུས་རིམ་གསར་པའི་དམག་དཔུང་གི་ལོ་རྒྱུས་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱ་རྒྱུར་དམིགས་ནས། དམག་དཔུང་གི་གསར་བརྗེ་ཅན་དང་། དེང་རབས་ཅན། དངོས་གཞི་ཅན་བཅས་སུ་འགྱུར་བའི་འཛུགས་སྐྲུན་སྐུལ་སྤེལ་གཏོང་དགོས། དམག་དཔུང་གི་བསམ་བློ་དང་ཆབ་སྲིད་ལས་དོན་ལ་ཤུགས་སྣོན་ཆེན་པོ་རྒྱག་དགོས། འཕྲུལ་ཆས་ཅན་གྱི་ཆ་རྐྱེན་འོག་དམག་དོན་སྦྱོང་བརྡར་བྱེད་པ་དེ་ཆ་འཕྲིན་ཅན་གྱི་ཆ་རྐྱེན་འོག་དམག་དོན་སྦྱོང་བརྡར་བྱ་རྒྱུར་སྒྱུར་བར་སྐུལ་སྤེལ་ཏན་ཏིག་བྱས་ཏེ། བདེ་འཇགས་ལ་འཇིགས་སྐུལ་སྣ་ཚོགས་བྱེད་པར་ཁ་གཏད་འཇལ་བ་དང་། སྣ་མང་ཅན་གྱི་དམག་དོན་ལས་འགན་ལེགས་འགྲུབ་བྱེད་པའི་ནུས་པ་ཆེ་རུ་རྒྱུན་ཆད་མེད་པར་གཏོང་དགོས། གོ་མཚོན་སྒྲིག་ཆས་དང་རྒྱབ་ཕྱོགས་ཞབས་འདེགས་འགན་སྲུང་གི་དེང་རབས་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། དམག་དམངས་ཟུང་འབྲེལ་དང་། དམག་ཁོངས་ཐོན་ལས་དམངས་དོན་དུ་སྤྱོད་པའི་རྒྱལ་སྲུང་ཚན་རྩལ་ཞིབ་འཇུག་དང་གོ་མཚོན་སྒྲིག་ཆས་ཐོན་སྐྱེད་མ་ལག་དང་། དམག་དཔུང་གི་ཤེས་ལྡན་མི་སྣ་གསོ་སྐྱོང་མ་ལག དམག་དཔུང་གི་འགན་སྲུང་མ་ལག་བཅས་འཐུས་སྒོ་ཚང་དུ་གཏོང་དགོས། དམག་དཔུང་གི་བསྒྱུར་བཅོས་སྐུལ་སྤེལ་ཧུར་བརྩོན་ཆེ་ཞིང་བརྟན་པོ་གཏོང་དགོས་པ་དང་། དམག་དཔུང་འཛུགས་སྐྱོང་གི་སྐྱེ་སྟོབས་དང་གསོན་ཤུགས་ཆེ་རུ་གཏོང་དགོས། མི་དམངས་ཉེན་རྟོག་དྲག་དཔུང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ལས་འགན་སྒྲུབ་པ་དང་། གློ་བུར་དུ་བྱུང་བའི་དོན་རྐྱེན་ཐག་གཅོད། འཇིགས་སྐུལ་ལ་ངོ་རྒོལ། བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་པ་དང་། དམག་སྲིད་བར་དང་དམག་དམངས་བར་གྱི་མཐུན་སྒྲིལ་སྲ་བརྟན་དུ་གཏོང་དགོས།
འཐུས་མི་རྣམ་པ་ཚོ།
ང་ཚོས “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས ”དང་། “ཞང་ཀང་བས་ཞང་ཀང་སྐྱོང་བ ”“ཨའོ་མོན་པས་ཨའོ་མོན་སྐྱོང་བ ”བཅས་པའི་ཚད་མཐོན་པོའི་རང་སྐྱོང་བྱེད་ཕྱོགས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ལག་ལེན་མཐར་ཕྱིན་བསྟར་ནས་། ཞང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གཉིས་ཀྱིས་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་ཁ་གཏད་ཧུར་ཐག་འཇལ་བར་ཤུགས་གང་ཡོད་བཏོན་ནས་རྒྱབ་སྐྱོར་བྱས་ནས་དར་རྒྱས་དང་བརྟན་ལྷིང་ཡོང་བ་རྒྱུན་འཁྱོངས་བྱ་དགོས། ནང་ས་དང་ཞང་ཀང་ཨའོ་མོན་བར་གྱི་མཉམ་ལས་ལ་ཤུགས་སྣོན་སྔར་ལས་ལྷག་པར་བརྒྱབ་སྟེ་ཞང་ཀང་གི་རྒྱལ་སྤྱིའི་དངུལ་རྩའི་ལྟེ་གནས་ཀྱི་གནས་བབ་སྲ་བརྟན་དུ་གཏོང་དགོས་པ་དང་། ཨའོ་མོན་གྱི་དཔལ་འབྱོར་སྣ་མང་ཅན་དུ་འཕེལ་རྒྱས་འོས་འཚམས་འགྲོ་བར་སྐུལ་སྤེལ་གཏོང་དགོས། ཞང་ཀང་དང་ཨའོ་མོན་ས་ཁུལ་དང་དངོས་ཟོག་ཉོ་ཚོང་བྱེད་པར་མི་དམངས་ཤོག་སྒོར་ཐོག་ནས་རྩིས་རྒྱག་པའི་ཚོད་ལྟར་སྐུལ་སྤེལ་གང་མགྱོགས་གཏོང་དགོས། ཀོང་ཀྲོའུ་དང་ཞང་ཀང་ཨའོ་མོན་བཅས་ས་ཁུལ་གསུམ་བར་གྱི་མཉམ་ལས་གཏིང་ཟབ་ཚད་དང་རྒྱ་ཆེ་ཚད་རྒྱུན་ཆད་མེད་པར་རྒྱ་སྐྱེད་བྱ་དགོས། ཀང་ཀྲུའུ་ཨའོ་ཟམ་ཆེན་དང་། ཀང་ཧྲེན་གནམ་གྲུ་ཐང་དང་ལྕགས་ལམ། ཀོང་ཧྲེན་ཀང་གི་མྱུར་བགྲོད་གཞུང་ལམ་ལ་སོགས་པའི་གཞི་རྩའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གང་མགྱོགས་གཏོང་དགོས། ནང་སའི་ཞབས་ཞུའི་ལས་རིགས་ཞང་ཀང་དང་ཨའོ་མོན་ལ་སྒོ་འབྱེད་རྒྱ་ཇེ་ཆེར་གཏོང་དགོས། བྱེད་ཐབས་ནུས་ལྡན་སྤྱད་དེ་ནང་སར་ཡོད་པའི་ཞང་ཀང་དང་ཨའོ་མོན་གྱི་ཁེ་ལས་སྤྱི་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱས་ནས་གཉེར་སྐྱོང་གི་དཀའ་ངལ་ཆུང་དུ་གཏོང་ཐབས་བྱ་དགོས། རླབས་ཆེ་བའི་མེས་རྒྱལ་ནི་ནམ་ཡང་ཞང་ཀང་དང་ཨའོ་མོན་གྱི་རྒྱབ་རྟེན་འགྱུར་མེད་སྟོབས་ལྡན་ཡིན། སྤུན་ཟླ་ཞང་ཀང་པ་དང་ཨའོ་མོན་པ་རྣམས་ཀྱིས་མདུན་དུ་ལྷག་པའི་དཀའ་ངལ་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པ་དང་། སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གསར་གཏོད་བྱེད་ཐུབ་ངེས་ཡིན་པར་ང་ཚོས་ཡིད་ཆེས་བརྟན་པོ་བྱེད་ཀྱིན་ཡོད།
འདས་ཟིན་པའི་ལོ་གཅིག་གི་རིང་ལ་ཐའེ་ཝན་སྐོར་གྱི་ལས་དོན་ཐད་འཕེལ་རྒྱས་གལ་ཆེན་བྱུང་བ་དང་། ཐའེ་ཝན་གྱི་གནས་བབ་ལ་དགེ་མཚན་ལྡན་པའི་འགྱུར་བ་བྱུང་ཡོད་ཅིང་། མཚོ་འགག་ངོགས་གཉིས་བར་གྱི་འབྲེལ་བར་གནད་འགག་གལ་ཆེན་སྒྲོལ་བའི་གྲུབ་འབྲས་ཐོབ་ཡོད། “དགུ་གཉིས་ངོས་འཛིན་གཅིག་མཐུན ”གྱི་རྨང་གཞིའི་ཐོག་མཚོ་འགག་ངོགས་གཉིས་བར་གྱི་གྲོས་མོལ་སླར་གསོ་བྱུང་བ་དང་། ཕྱོགས་གཉིས་ཀར་སྒོ་ཀུན་ནས་ཐད་ཀར “འགྲུལ་བཞུད་བྱེད་རེས་གསུམ་”མངོན་འགྱུར་བྱུང་ཞིང་། མཚོ་འགག་ངོགས་གཉིས་ཀྱི་སྤུན་ཟླའི་བར་གྱི་འགྲོ་འོང་སྔར་ལས་མང་བ་དང་། དཔལ་འབྱོར་འབྲེལ་བ་སྔར་བས་དམ་པོ། རིག་གནས་སྤེལ་རེས་སྔར་བས་འཁྲུག་པོ། ཐུན་མོང་གི་ཁེ་ཕན་སྔར་བས་རྒྱ་ཁྱབ་ཆེ་བ་བཅས་བྱུང་ནས། མཚོ་འགག་ངོགས་གཉིས་བར་གྱི་འབྲེལ་བ་དེ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་བའི་ལམ་དུ་སྐྱོད་འགོ་ཚུགས་ཡོད། ལོ་གསར་པའི་ནང་ང་ཚོས་མཚོ་འགག་ངོགས་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བ་དང་། མེས་རྒྱལ་ཞི་བས་གོང་བུ་གཅིག་གྱུར་ཡོང་བར་སྐུལ་སྤེལ་གཏོང་བའི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་མུ་མཐུད་ནས་མཐའ་འཁྱོངས་བྱ་དགོས་པ་དང་། མཚོ་འགག་ངོགས་གཉིས་བར་གྱི་འབྲེལ་བ་ཞི་བས་འཕེལ་རྒྱས་གཏོང་རྒྱུའི་བརྗོད་བྱ་གཙོ་བོ་ཁོང་ཆུད་ལེགས་པར་བྱ་དགོས་ཤིང་། མཚོ་འགག་ངོགས་གཉིས་བར་གྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་བའི་གཞི་སྒྲོམ་ཧུར་ཐག་བསྐྲུན་ནས། མཚོ་འགག་ངོགས་གཉིས་བར་གྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས། ང་ཚོས་མཚོ་འགག་ངོགས་གཉིས་བར་གྱི་དཔལ་འབྱོར་མཉམ་ལས་ལ་མུ་མཐུད་དེ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས་པ་དང་། ཐུན་མོང་དུ་དངུལ་རྩའི་ཉམས་ཉེན་ལ་ཁ་གཏད་འཇལ་དགོས། མཚོ་འགག་ངོགས་གཉིས་བར་གྱི་དངུལ་རྩའི་མཉམ་ལས་སྐུལ་སྤེལ་ཧུར་ཐག་གཏོང་དགོས་ཤིང་། སྐམ་ས་ཆེན་པོར་ཡོད་པའི་ཐའེ་ཝན་གྱིས་མ་དངུལ་བཞག་པའི་ཁེ་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱ་དགོས་པ་དང་། ཆ་རྐྱེན་འཛོམས་རིགས་ལ་དངུལ་རྩའི་ཞབས་ཞུ་མཁོ་འདོན་བྱས་ནས། ཁེ་ལས་ཀྱིས་རང་བརྟེན་གསར་གཏོད་དང་རིགས་སྒྱུར་རིམ་སྤར་བྱེད་པར་བསྔགས་སྐུལ་བྱ་དགོས། མཚོ་འགག་ངོགས་གཉིས་ཀྱིས་ཕྱོགས་གཉིས་ཀར་མ་དངུལ་འཇོག་པ་དང་ཐོན་ལས་མཉམ་ལས་བྱེད་པར་ཤུགས་སྣོན་རྒྱག་དགོས་པ་དང་། ཞིང་ལས་མཉམ་ལས་བྱེད་རྒྱ་ཇེ་ཆེར་དང་གཏིང་ཟབ་ཏུ་གཏོང་དགོས། མཚོ་འགག་ནུབ་ངོགས་དང་ཐའེ་ཝན་གྱི་ཚོང་པས་མ་དངུལ་འཇོག་པ་བལྟོས་བཅས་སུ་གཅིག་འདུས་ཡིན་པའི་ས་ཁུལ་གཞན་དག་གི་དཔལ་འབྱོར་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱ་དགོས། མཚོ་འགག་ངོགས་གཉིས་བར་གྱི་དཔལ་འབྱོར་འབྲེལ་བ་རྒྱུན་ལྡན་ཅན་དུ་འགྱུར་བར་སྐུལ་སྤེལ་གང་མགྱོགས་གཏོང་དགོས་པ་དང་། ཕྱོགས་བསྡུས་ཀྱི་རང་བཞིན་ལྡན་པའི་དཔལ་འབྱོར་མཉམ་ལས་གྲོས་མཐུན་འཇོག་རྒྱུར་སྐུལ་འདེད་བཏང་ནས། མཚོ་འགག་ངོགས་གཉིས་པོའི་ཁྱད་ཆོས་ལྡན་པའི་དཔལ་འབྱོར་མཉམ་ལས་ནང་རྐྱེན་རིམ་བཞིན་འཛུགས་དགོས། མཚོ་འགག་ངོགས་གཉིས་ཀྱི་མི་སྣའི་བར་འགྲོ་འོང་བྱེད་པར་ཤུགས་སྣོན་རྒྱག་དགོས་པ་དང་། སྤྱི་ཚོགས་ལས་རིགས་ཁག་གི་བར་སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་དགོས་ཤིང་། ཀྲུང་ཧྭ་རིག་གནས་དར་སྤེལ་ཤུགས་ཆེན་གཏོང་དགོས་པ་དང་། མཚོ་འགག་ངོགས་གཉིས་བར་གྱི་བསམ་པའི་འབྲེལ་ཐག་སྲ་བརྟན་དུ་གཏོང་དགོས། ཀྲུང་གོ་གཅིག་ལས་མེད་པའི་རྩ་དོན་གྱི་རྨང་གཞིའི་ཐོག་མཚོ་འགག་ངོགས་གཉིས་ཀྱི་བར་ཆབ་སྲིད་ཐོག་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་ཧུར་ཐག་གཏོང་དགོས། རྨང་གཞི་འདིའི་ཐོག་ང་ཚོས་གྲོས་མོལ་བྱེད་པར་བརྟེན་ནས་ཐའེ་ཝན་རྒྱལ་སྤྱིའི་རྩ་འཛུགས་ཀྱི་བྱེད་སྒོར་ཞུགས་པའི་གནད་དོན་ལ་ཚུལ་མཐུན་ལུགས་མཐུན་གྱི་བཀོད་སྒྲིག་བྱེད་པ་དང་། མཚོ་འགག་ངོགས་གཉིས་ཀྱི་ཆབ་སྲིད་དང་དམག་དོན་གྱི་གནད་དོན་ཞིབ་དཔྱད་བྱས་ཏེ། དགྲར་འཛིན་གྱི་གནས་ཚུལ་མཇུག་སྒྲིལ་བ་དང་། ཞི་བདེའི་གྲོས་མཐུན་འཇོག་པར་ཆ་རྐྱེན་སྐྲུན་འདོད་ཡོད། མཚོ་འགག་ངོགས་གཉིས་པོའི་ཀྲུང་ཧྭ་བུ་ཕྲུག་རྣམས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་ཚེ། མེས་རྒྱལ་ཡོངས་གོང་བུ་གཅིག་གྱུར་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་ཐུབ་ངེས་ཡིན།
འཐུས་མི་རྣམ་པ་ཚོ།
འདས་ཟིན་པའི་ལོ་གཅིག་རིང་ཕྱི་འབྲེལ་གྱི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་དངུལ་རྩའི་ཉམས་ཉེན་ལ་ཁ་གཏད་འཇལ་ཡོད། ཨེ་ཤ་ཡ་དང་ཡོ་རོབ་ཀྱི་འགོ་གཙོའི་གྲོས་ཚོགས་རྒྱལ་ཁའི་ངང་ནས་འཚོགས་ནས། ཨེ་ཤ་ཡ་དང་ཡོ་རོབ་རྒྱལ་ཁབ་ཁག་བར་ཆབ་སྲིད་ཐོག་ཕན་ཚུན་ཡིད་ཆེས་དང་དངོས་དོན་གཉེར་བའི་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ཡོད། ཕྱོགས་གཉིས་དང་ཕྱོགས་མང་གི་ཕྱི་ཕྱོགས་འབྲེལ་བར་སྐུལ་སྤེལ་ཧུར་ཐག་བྱས་པ་དང་། འཛམ་གླིང་ཡོངས་དང་ས་ཁུལ་གྱི་རྟག་གླེང་གནད་དོན་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་གཡོ་མེད་བྱས་ཏེ། རྒྱལ་ཕྱིར་ཡོད་པའི་རང་རྒྱལ་གྱི་སྤྱི་དམངས་དང་ཁྲིམས་མིའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱས་ཡོད། ཕྱོགས་ཀུན་ནས་སྤེལ་བའི་ཕྱི་ཕྱོགས་འབྲེལ་བར་འཕེལ་རྒྱས་གལ་ཆེན་བྱུང་ཞིང་། རྒྱལ་སྤྱིའི་ཐོག་གི་གོ་གནས་མཐོ་རུ་མངོན་གསལ་ཕྱིན་པ་དང་བག་ཆགས་སྔར་བྱུང་མ་མྱོང་བའི་བཟང་པོ་བཞག་ཡོད། ལོ་གསར་པའི་ནང་ང་ཚོས་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས་བཅས་བྱ་རྒྱུའི་དར་ཆ་མུ་མཐུད་ནས་མཐོན་པོར་བསྒྲེངས་ཏེ་ཞི་བདེའི་ངང་འཕེལ་རྒྱས་གཏོང་བའི་ལམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་དང་། རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་ལག་ལེན་དུ་བསྟར་རྒྱུ་མཐའ་འཁྱོངས། གཉིས་ཕན་མཉམ་ཁེའི་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་འཐབ་ཇུས་སྤེལ་རྒྱུ་མཐའ་འཁྱོངས་བཅས་བྱ་དགོས། འཛམ་གླིང་རྒྱལ་ཁབ་ཁག་དང་མཛའ་མཐུན་འབྲེལ་བ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ནང་གི་དཔལ་འབྱོར་འཕེལ་རྒྱས་བརྟན་ལ་མགྱོགས་ཙམ་ཡོང་བར་དགེ་མཚན་ལྡན་པའི་ཕྱི་ཕྱོགས་ཁོར་ཡུག་བསྐྲུན་དགོས། ང་ཚོས་མུ་མཐུད་ནས་ཕྱོགས་སོ་སོ་དང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་མཆེད་པར་ཐུན་མོང་ཐོག་བཀག་འགོག་དང་། རྒྱལ་སྤྱིའི་དངུལ་རྩའི་མ་ལག་བསྒྱུར་བཅོས་ལ་སྐུལ་འདེད། ཉོ་ཚོང་དང་མ་དངུལ་འཇོག་པའི་ཐད་ཀྱི་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ། འཛམ་གླིང་དཔལ་འབྱོར་སླར་གསོ་ཡོང་བར་སྐུལ་སྤེལ་བཅས་བྱ་དགོས། ང་ཚོས་མུ་མཐུད་དེ་ཀྲུང་གོའི་་མི་དམངས་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་གཞིར་བཟུང་སྟེ་རྟག་གླེང་གནད་དོན་དང་འཛམ་གླིང་ཡོངས་ཀྱི་རང་བཞིན་ལྡན་པའི་གནད་དོན་ཐག་གཅོད་ལེགས་པར་བྱེད་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན། ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱིས་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་མི་དམངས་དང་མཉམ་དུ་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བ་དང་། འཕེལ་རྒྱས་ཀྱི་གོ་སྐབས་ཐུན་མོང་དུ་ལོངས་སུ་སྤྱོད་ཅིང་། ཡུན་རིང་ཞི་བདེ་དང་ཐུན་མོང་དུ་དར་རྒྱས་འགྲོ་བའི་འཆམ་མཐུན་འཇིག་རྟེན་ཞིག་འཛུགས་སྐྲུན་ཧུར་ཐག་བྱེད་འདོད་ཡོད།
འཐུས་མི་རྣམ་པ་ཚོ།
ང་ཚོའི་མདུན་དུ་ལྷག་པའི་ལས་འགན་དཀའ་ཚེགས་ཆེ་ཞིང་ལྕི་བ་དང་། ང་ཚོའི་ཕྲག་ཏུ་འཁུར་བའི་འགན་འཁྲི་གལ་ཆེ་ཞིང་གཟི་བརྗིད་ཆེ་བ་ཡིན། ང་ཚོས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་དབུ་ཁྲིད་འོག རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་བརྟན་པོ་འཆང་བ་དང་། དཔའ་ངར་ཆེན་པོས་འགྲན་རྩོད་ལ་ཁ་གཏད་འཇལ་བ། ལས་དོན་ཏན་ཏིག་སྒྲུབ་པ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བཅས་བྱས་ཏེ། དུས་རབས་ལ་ངོ་གནོང་མི་དགོས་པ་དང་། ལོ་རྒྱུས་ལ་ངོ་གནོང་མི་དགོས་པ། མི་དམངས་ལ་ངོ་གནོང་མི་དགོས་པ་བཅས་ཀྱི་གྲུབ་འབྲས་གསར་དུ་བསྐྲུན་དགོས་པ་དང་། སྟོབས་ཤུགས་ཆེར་བསྐྱེད་ཀྱིས་བསྒྱུར་བཅོས་སྒོ་འབྱེད་དང་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་བྱ་གཞག་རླབས་པོ་ཆེ་གོང་ནས་གོང་དུ་སྤེལ་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བཪྙེས་ནས་ལོ་ངོ་60འཁོར་བར་བསུ་བ་ཞུ་དགོས།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་14ཉིན་འབྱོར་པའི་གློག་འཕྲིན )
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣