དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        འཐུས་མི་རྣམ་པ།

        ད་ལྟ་ངས་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་ཞུ་རྒྱུ་དང་སྦྲགས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པ་དང་དེ་མིན་ཟུར་ཞུགས་རྣམ་པས་དགོངས་འཆར་འདོན་རོགས་གནང་།

        གཅིག འདས་ཟིན་པའི་ལོ་གཅིག་གི་ལས་དོན་གཙོ་བོ།

        རྒྱུན་གཏན་དང་མི་འདྲ་ལ་སྤྱིར་བཏང་ཞིག་གཏན་ནས་མ་ཡིན་པའི་2008ལོར་སྣ་མང་ཪྙོག་འཛིང་ཆེ་བའི་རྒྱལ་སྤྱི་རྒྱལ་ནང་གི་ཁོར་ཡུག་དང་དམིགས་བསལ་ཛ་དྲག་ཆེ་བའི་དགྲ་བོར་འཐབ་རྩོད་བྱེད་པའི་དུས་བབ་ཀྱི་མདུན་དུ་ལྗོངས་ཡོངས་ཀྱི་རིམ་ཁག་ཁྲིམས་ཁང་གིས་ལྗོངས་ཏང་ཨུད་ཀྱི་ཞུམ་པ་མེད་པའི་འགོ་ཁྲིད་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ནུས་ལྡན་མཛུབ་ཁྲིད་འོག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པས་མཛུབ་ཁྲིད་བྱས་ཐོག ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཏང་གི་བྱ་གཞག་གོང་དུ་བཀུར་བ་དང་། མི་དམངས་ཀྱི་ཁེ་ཕན་གོང་དུ་བཀུར་བ། རྩ་ཁྲིམས་དང་བཅའ་ཁྲིམས་གོང་དུ་བཀུར་བ་བཅས་མཐའ་འཁྱོངས་ཀྱིས་ལྗོངས་ཏང་ཨུད་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ལག་བསྟར་ནན་ཏན་བྱས་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་དང་པོས་བཏོན་པའི་བླང་བྱ་གཞིར་བཟུང་། ཏང་གིས་བོད་དུ་འཛིན་པའི་ལས་ཀའི་ཁྱོན་ཡོངས་ལ་དམ་པོར་ཕྱོགས་ཏེ་ཁྲིམས་འཛིན་འདྲི་གཅོད་འགན་ནུས་རྣམ་དག་བསྒྲུབས་ཤིང་། “གསུམ་པའི་བཅུ་བཞིའི་”རྡུང་གཅོག་འཕྲོག་བསྲེག་གི་ཚབས་ཆེའི་གཏུམ་སྤྱོད་ཉེས་གསོག་གི་དོན་རྐྱེན་ཐག་གཅོད་བྱེད་རྒྱུ་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་སྟངས་འཛིན་བྱེད་པའི་ལས་ཀའི་ནང་ནུས་ཤུགས་ཡོད་རྒུས་ཞུགས་ཐོག འདྲི་གཅོད་ལག་བསྟར་ལས་ཀ་དང་། ཁྲིམས་དཔོན་དཔུང་ཁག་ལེགས་སྐྱོང་། གཞི་རིམ་རྨང་གཞི་འཛུགས་སྐྱོང་བཅས་བྱེད་རྒྱུར་སྒོ་ཀུན་ནས་ཤུགས་སྣོན་བརྒྱབ་སྟེ་གལ་ཆེའི་ལས་འགན་ཁག་ལེགས་སྒྲུབ་བྱས་པ་དང་ཚོད་བགམ་ནན་པོ་ཐེག་ཐུབ་པ་བྱུང་ཡོད། དེ་ཡང་ལོ་གཅིག་རིང་རིམ་ཁག་ཁྲིམས་ཁང་གིས་ཉེས་དོན་དང་དམངས་དོན་མཉམ་འཛིན་བྱེད་རྒྱུ་མཐའ་འཁྱོངས་ཐོག

        “གསུམ་པའི་བཅུ་བཞིའི ”ཆེད་དོན་གྱོད་གཞི་ཚུད་པའི་གྱོད་གཞི་རིགས་འདྲ་མིན་ཁག་ལ་ཁྲིམས་ལུགས་གཞིར་བཟུང་དྲང་གཞག་དང་ཕྱོད་ཆེའི་སྒོ་ནས་འདྲི་ཞིབ་བྱས་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་བརྟན་པོ་དང་ཅུང་མགྱོགས་པོ་འགྲོ་བ་དང་སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་ཐུབ་རྒྱུར་ཁྲིམས་འཛིན་གྱི་འགན་སྲུང་ནུས་ལྡན་བྱས་ཡོད་ཅིང་། གྱོད་གཞི་འདྲ་མིན་རིགས་16448བདག་སྤྲོད་བྱས་ཁོངས་ནས་ཞིབ་གཅོད་ལག་བསྟར་མཐའ་འདོམས་བྱས་པ་གྱོད་གཞི་ཁག་15353ཡོད་པ་དེ་དུས་མཚུངས་དང་བསྡུར་ན་ཁག་སོ་སོར་14.3%དང་11.3%འཕར་ཡོད་པ་དང་། ཕྱོགས་བསྡུས་གྱོད་ཐག་ཆོད་ཚད་93.3%ཟིན་ཡོད། དེའི་ནང་ཞིབ་དཔྱོད་ལས་ཁུངས་ཀྱིས་གཞུང་གཏུག་བྱས་པའི་ཐོག་འདྲི་གཅོད་ལས་ཁུངས་ཀྱིས་འདྲི་ཞིབ་བྱས་པའི་ཉེས་དོན་གྱོད་གཞི་ཁག་1822ཡོད་པ་དེས་གྱོད་གཞི་ཡོངས་ཀྱི་ནང་11.1%ཟིན་པ་དང་། རིམ་ཁག་ཁྲིམས་ཁང་གིས་ཐད་ཀར་བདག་སྤྲོད་བྱས་པའི་དམངས་དོན། སྲིད་འཛིན། རྒྱལ་ཁབ་ཀྱི་གུན་གསབ། ལག་བསྟར་སོགས་ཀྱི་གྱོད་གཞི་ཁག་14626བྱུང་བ་དེས་གྱོད་གཞི་ཡོངས་ཀྱི་ནང་88.9%ཟིན་ཡོད།

        (གཅིག )ནུས་ཤུགས་ཡོད་རྒུས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་ནས་སྤྱི་ཚོགས་ཀྱི་ཆབ་སྲིད་བརྟན་ལྷིང་ཡོང་བ་བྱས་པ། “གསུམ་པའི་བཅུ་བཞིའི ”དོན་རྐྱེན་ཐོན་རྗེས་ལྗོངས་ཡོངས་ཀྱི་རིམ་ཁག་ཁྲིམས་ཁང་གིས་ལྗོངས་ཏང་ཨུད་ཀྱི་སྟོབས་ལྡན་ཞུམ་མེད་འགོ་ཁྲིད་འོག་ལངས་ཕྱོགས་བརྟན་བཟུང་དང་བཀོད་འདོམས་དང་ལེན། དགྲ་ལ་མཉམ་སྡང་དང་དཀའ་སྤྱད་འཐབ་རྩོད་བྱེད་པ་བཅས་ཀྱིས་དོན་རྐྱེན་ཐག་གཅོད་དང་ཞོད་འཇགས་གཏོང་བ་དང་སྤྱི་ཚོགས་བརྟན་ལྷིང་ཡོང་བའི་ལས་དོན་ཁག་ནང་ནུས་ཤུགས་ཡོད་རྒུས་ཞུགས་ཡོད། དོན་རྐྱེན་རྒྱ་སྐྱེད་མི་འགྲོ་བ་དང་བསྐྱར་ལོག་མི་ཡོང་བའི་ཆེད་དུ་འགོ་ཁྲིད་ཨང་དང་པོས་འགན་གཙོ་བོ་འཁུར་བ་དང་རིམ་པ་སྟར་ཆགས་ཀྱིས་དོན་འཁྱོལ་བྱེད་པའི་བརྟན་ལྷིང་སྲུང་སྐྱོབ་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་འཐུས་ཚང་བཙུགས་ཐོག གློ་བུར་དོན་རྐྱེན་འཕྲལ་བསྟུན་ཐག་གཅོད་བྱེད་པའི་སྔོན་ཇུས་ཁག་ལག་བསྟར་ནན་པོ་བྱས་ཏེ་མཐོ་རིམ་ཁྲིམས་ཁང་གིས་གཅིག་གྱུར་བཀོད་གཏོང་དང་། ལྷ་སས་གཙོ་གནད་བྱེད་པ། ལྗོངས་ཡོངས་ཀྱི་ཁྲིམས་ཁང་ཁག་གིས་མཉམ་ལས་དམག་འཐབ་བྱེད་པ་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་པ་དང་། སྲིད་ཇུས་ཐོག་ནས་ཕར་རྒོལ་བྱེད་པའི་བྱ་ཐབས་མྱུར་དུ་སྤྱད་དེ་ཞིབ་དཔྱོད་དང་སྤྱི་བདེ་ལས་ཁུངས་དང་མཉམ་འབྲེལ་ཐོག་བརྡ་ཁྱབ་གཤམ་སྤེལ་གྱིས་རྡུང་གཅོག་འཕྲོག་སྲེག་ནང་ཞུགས་མཁན་ཉེས་གསོག་དོགས་ཡོད་པར་རང་ཉེས་ངོས་ལེན་ཞུས་ནས་ཐག་གཅོད་གུ་ཡངས་ཡོང་བ་བྱེད་དགོས་པའི་སྐུལ་ལྕག་བྱས་པ། ཛ་དྲག་དུས་སྐབས་ཀྱི་དམིགས་བསལ་བླང་བྱ་གཞིར་བཟུང་རྒྱུན་གཏན་གྱི་ངལ་གསོ་རྒྱག་མཚམས་བཞག་སྟེ་ཆུ་ཚོད་24བསྟུད་མར་ལས་ཞུགས་དམག་འཐབ་གྲ་སྒྲིག་བྱས་པ། “བཀག་རྒྱ་དྲུག ”ཁྱབ་བསྒྲགས་ལག་བསྟར་བྱས་ཏེ་དམག་འཐབ་སྒྲིག་ཁྲིམས་ནན་པོ་སྲུང་བ་དང་དཔུང་ཁག་དོ་དམ་ནན་པོ་བྱས་པ། རིམ་ཁག་ཁྲིམས་ཁང་གི་འགོ་ཁྲིད་ངོ་མས་ལས་ཡུལ་དངོས་ལ་སྐྱོད་པ་དང་། མདུན་དུ་ཕྱོགས་ནས་བཀོད་འདོམས་བྱས་ཐོག “བརྟན་ལྷིང་སྲུང་སྐྱོབ་བྱེད་པའི་འཕྲལ་བསྟུན་ཡན་ལག་རུ་ཁག ”དང་“བུད་མེད་ལས་བྱེད་ཉེན་རྟོག་པའི་འཕྲལ་བསྟུན་ཚོགས་ཆུང་”སོགས་སྒྲིག་འཛུགས་བྱས་ཏེ་ནུས་ཤུགས་ཡོད་རྒུས་བརྟན་ལྷིང་སྲུང་སྐྱོབ་བྱེད་པའི་འཐབ་ས་དང་པོར་ཞུགས་ཤིང་། ལས་བྱེད་ཉེན་རྟོག་པ་མི་ཐེངས་ཁྱོན་བསྡོམས་ཁྲི་8སྐུལ་སློང་བྱས་པ་དང་འཁོར་རིགས་ཐེངས་གྲངས་ཁྲི་2.6ལྷག་ཙམ་བཏང་ནས་དགོན་པར་དོ་དམ་སྟངས་འཛིན་དང་། གཙོ་གནད་ས་ཡུལ་ལ་འགོག་ཟོན། མཐའ་མཚམས་ལ་ཞིབ་བཤེར་སྟངས་འཛིན། དེ་བཞིན་ཨའོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བརྒྱུད་སྤྲོད་བྱེད་སྐབས་དང་། མཚོ་བོད་ལྕགས་ལམ་སྲུང་སྐྱོབ། དབྱར་རྩྭ་དགུན་འབུ་བཀོག་དུས་བཅས་ཀྱི་སྒྲིག་ལམ་སྲུང་སྐྱོབ་བྱེད་པ་སོགས་བརྟན་ལྷིང་སྲུང་སྐྱོབ་ཀྱི་ལས་དོན་ཡག་པོ་སྤེལ་རྒྱུར་གལ་ཆེའི་ནུས་པ་བཏོན་ཡོད།

        སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོབ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་སྲུང་སྐྱོབ། མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོབ་བཅས་བྱེད་པའི་དར་ཆ་མཐོན་པོར་བསྒྲེངས་ཐོག “གསུམ་པའི་བཅུ་བཞིའི ”དོན་རྐྱེན་ཐག་གཅོད་བྱེད་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་མཛད་ཕྱོགས་སྲིད་ཇུས་སློབ་སྦྱོང་དང་གོ་བ་བླངས་ཏེ་སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་གཅིག་གྱུར་ཡོང་བ་དང་ངོས་འཛིན་བྱེད་རྒྱུ་མཐོ་རུ་བཏང་ནས་སེམས་ནུས་ཡོད་རྒུས “གསུམ་པའི་བཅུ་བཞིའི ”ཆེད་དོན་གྱོད་གཞི་འདྲི་གཅོད་བྱེད་རྒྱུ་དམ་འཛིན་བྱས་ཡོད། དེ་བཞིན་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་ཐོབ་ཐབས་དང་ལྗོངས་ནང་ཁོངས་ཀྱི་སྟོབས་ཤུགས་མཐུན་སྦྱོར་བྱེད་པ་སོགས་ཀྱི་ཐབས་ལམ་སྣ་ཚོགས་སྤྱད་དེ་མི་སྣ་ཧྲག་སྒྲུག་དང་། ཁྱད་ལྡན་འདྲི་གཅོད་ཐོན་ཁུངས་སྒྲིལ་སྤྱོད་བྱས་ནས་འདྲི་གཅོད་ལས་ཀའི་སྔོན་ཇུས་ཞིབ་འཇུག་ནན་ཏན་བྱས་ཏེ་བཟོས་པ་དང་། ཆབ་སྲིད་ཀྱི་མིག་རྒྱང་ཡོད་པ་དང་བཅའ་ཁྲིམས་ཀྱི་བློ་རིག་འདོན་རྒྱུ་གལ་ཆེ་མཉམ་འཛིན་གྱིས་མཐའ་འཁྱོངས་དང་། བཅའ་ཁྲིམས་བཀོལ་སྤྱོད་དང་སྲིད་ཇུས་ལག་ལེན་བསྟར་རྒྱུ་གལ་ཆེ་མཉམ་འཛིན་གྱིས་མཐའ་འཁྱོངས་བྱས་ཏེ་འདྲི་གཅོད་ཚགས་ཚུད་དང་འགག་སྒོ་དམ་སྲུང་བྱས་ནས་ཆེས་ཉུང་ཤས་ལ་རྡུང་རྡེག་ནན་པོ་གཏོང་བ་དང་ མང་ཆེ་བར་མཐུན་སྒྲིལ་དང་། སློབ་གསོ། སྐྱོབ་ཐབས་བཅས་བྱས་ཤིང་། རྡུང་རྡེག་གཏོང་རྒྱུའི་གཙོ་གནད་དེ་སྒྲིག་འཛུགས་ཇུས་ངན་བཤམས་མཁན་བྱེད་གཏེ་དང་། སྣེ་ཁྲིད་ནས་ཟིང་སློང་དོན་རྐྱེན་བཟོ་མཁན་རྐང་འཛིན་པ་དང་དེ་བཞིན་དཔང་རྟགས་ཁུངས་བཙན་ཡོད་པའི་དཔེ་མཚོན་གྱོད་གཞིའི་ཐོག་བཞག་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོབ་དང་དུས་བབ་བརྟན་ལྷིང་སྲུང་སྐྱོབ་བྱེད་རྒྱུ་གཅིག་གྱུར་ཐུབ་པ་བྱས་པ་དང་། འདྲི་གཅོད་ལས་ཀའི་བཅའ་ཁྲིམས་ཀྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཐོན་རྒྱུ་གཅིག་གྱུར་ཐུབ་པ་བྱས་ཏེ་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་དགོངས་གཞི་མཚོན་པར་བྱས་ཡོད་ལ། ཉེས་གསོག་ཟིལ་གནོན་དང་། མང་ཚོགས་ལ་སློབ་གསོ་བཏང་བ། བརྟན་ལྷིང་སྲུང་སྐྱོབ་བྱེད་པ་བཅས་བྱས་ཡོད།

        (གཉིས )ནན་ཡང་ཟུང་གཅོད་ཀྱི་སྲིད་ཇུས་སྟངས་འཛིན་ཡང་དག་པ་བྱས་ཏེ་ཉེས་དོན་ཉེས་གསོག་པར་ཁྲིམས་ལུགས་གཞིར་བཟུང་ཁྲིམས་ཆད་བཅད་ནས་དུས་བདེའི་བོད་ལྗོངས་བསྐྲུན་རྒྱུར་སྐུལ་འདེད་བཏང་བ།

        ལྗོངས་ཡོངས་ཀྱི་རིམ་ཁག་ཁྲིམས་ཁང་གིས་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ཡོང་བ་དང་། རྒྱལ་ཁབ་དང་། མཉམ་སྡེབ། རྒྱ་ཆེའི་མི་དམངས་མང་ཚོགས་བཅས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ཡོང་བ་བྱེད་རྒྱུ་དེ་རང་འཁྲིའི་ལས་འགན་དུ་བརྩིས་ནས་ཆབ་སྲིད་ལ་སྣང་ཆེན་དང་། ཁྱོན་ཡོངས་ལ་ལྟ་རྟོག་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་དང་ཚབས་ཆེའི་ཉེས་དོན་ཉེས་གསོག་ལ་ཁྲིམས་ལུགས་གཞིར་བཟུང་རྡུང་རྡེག་ཚ་ནན་བཏང་ཡོད། དེ་ཡང་ལོ་གཅིག་རིང་ཉེས་དོན་གྱོད་གཞི་འདྲ་མིན་རིགས་1822བདག་སྤྲོད་བྱས་ཁོངས་ནས་གྱོད་གཞི་1718འདྲི་གཅོད་མཐའ་འདོམས་བྱས་པ་དང་། ཉེས་གསོག་པ་2097ལ་ཁྲིམས་ཆད་བཅད་པ་དེ་དུས་མཚུངས་དང་བསྡུར་ན་ཁག་སོ་སོར་13.2%དང་། 10.4%3.45%ཆག་ཡོད། དེ་བཞིན་རྒྱལ་ཁབ་ཁ་ཕྲལ་གཏོང་རྒྱུའི་ངན་སྐུལ་རྒྱག་པ་དང་གསང་མྱུལ་བྱེད་པ་སོགས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་པར་བཅའ་ཁྲིམས་གཞིར་བཟུང་ཆད་གཅོད་མཐའ་གཅིག་ཏུ་བྱས་ཤིང་། ཁ་ཕྲལ་གཏོར་བཤིག་བྱ་སྤྱོད་སྤེལ་མཁན་བྱེད་གཏེ་དང་རྐང་འཛིན་པར་བརྟན་ཞིང་གནད་ལ་འཁེལ་བའི་རྡུང་རྡེག་ཚ་ནན་བཏང་ཡོད་ལ་འཐབ་རྩོད་ཀྱི་ཐབས་ཇུས་སྤྱོད་མཁས་པོ་བྱས་ཏེ་སློབ་གསོ་བཏང་ནས་འགྱུར་ལྡོག་འགྲོ་རྒྱུར་ཤུགས་སྣོན་བརྒྱབ་ཡོད། “ཉེས་གསོག་གང་ཞིག་མངོན་གསལ་དོད་པ་ཡོད་པ་དེ་གཙོ་གནད་དུ་བཞག་ནས་རྡུང་རྡེག་གཏོང་བའི ”མཛད་ཕྱོགས་མཐའ་འཁྱོངས་བྱས་ཏེ་རྡུང་རྡེག་གཏོང་རྒྱུའི་དམིགས་ས་དེ་རྐང་བཙུགས་ནས་མི་གསོད་པ་དང་། རྐང་བཙུགས་ནས་རྨས་སྐྱོན་གཏོང་བ་དང་། མེ་རྒྱག་པ། འབར་གས་བྱེད་པ། འཕྲོག་བཅོམ་བྱེད་པ་སོགས་ཚབས་ཆེའི་ཉེས་དོན་ཉེས་གསོག་ལ་གནད་འཁེལ་པོས་སྡིར་ཡོད། “ནག་ཚོགས་ལ་རྡུང་རྡེག་དང་ངན་རེངས་ཕྱོགས་གཏོགས་གཏོར་རྒྱུའི ”ཆེད་དམིགས་འཐབ་རྩོད་གཏིང་ཟབ་སྤེལ་ཏེ་མེ་མདའ་ལག་ལེན་དང་། དུག་ཉོ་ཚོང་། ནག་ཚོགས། འཇིགས་སྐུལ་པ་བཅས་དང་འབྲེལ་བ་ཡོད་པའི་ཉེས་གསོག་པར་ཁྲིམས་ལུགས་གཞིར་བཟུང་མཐའ་གཅིག་ཏུ་ཁྲིམས་ཆད་ནན་པོ་བཅད་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ཏེ་རྒྱུ་རྔན་ཟ་བེད་བྱེད་པ་དང་། ལྐོག་ཟ་ལྐོག་རྔན་ལེན་པ། རང་འགན་ཟོལ་འཇོག་བྱེད་པ་སོགས་ལས་ཐོག་ཉེས་གསོག་ལ་ཁྲིམས་ལུགས་གཞིར་བཟུང་ཆད་གཅོད་བྱས་པ་དང་། ཚོང་ལས་ལྐོག་རྔན་སྤྲོད་རིགས་བཅོས་སྐྱོང་བྱེད་པའི་ཆེད་དམིགས་བྱ་སྤྱོད་སྤེལ་བའི་ནང་ཧུར་ཐག་ཞུགས་ཡོད། གཞན་ཡང་སྲོག་ཁྲིམས་གྱོད་གཞིའི་འདྲི་གཅོད་དང་པོ་དང་གཉིས་པའི་ཁྲིམས་ས་འཚོགས་ནས་འདྲི་ཞིབ་བྱེད་པའི་ལས་ཀ་མུ་མཐུད་ཏན་ཏིག་ཡག་པོ་བསྒྲུབས་ཏེ་བཅའ་ཁྲིམས་སྲིད་ཇུས་ཀྱི་འགག་སྒོ་དང་སྤུས་ཚད་ཀྱི་འགག་སྒོ་དམ་ནན་སྲུང་ནས་སྲོག་ཁྲིམས་གཅོད་པའི་གྱོད་གཞི་འཁྲུལ་མེད་ཁུངས་བཙན་ཐུབ་པ་བྱས་ཏེ་མ་ཉེས་ཁག་གཡོགས་ཀྱི་ཁྲིམས་གཅོད་གཅིག་ཀྱང་མེད་པ་དང་ནོར་འཁྲུལ་གྱི་སྲོག་ཐོག་གཏོང་རིགས་གཅིག་ཀྱང་མི་ཐོན་པ་བྱས་ཡོད།

        ནན་ཡང་ཟུང་གཅོད་ཀྱི་ཉེས་དོན་སྲིད་ཇུས་ལག་བསྟར་ནན་པོ་བྱས་ཏེ “ཡང་སར་ཡང་བ་དང་། ནན་སར་ནན་པ། ནན་ཡང་ཟུང་གཅོད། ཉེས་པར་ཁྲིམས་ཆད་འཚམ་པ ”བཅས་ཐུབ་པ་བྱས་ཡོད། སྤྱི་ཚོགས་ལ་གནོད་ཚབས་ཆེ་བ་དང་ཉེས་ཚབས་ཆེ་བའི་ཉེས་གསོག་པར་ཁྲིམས་ལུགས་གཞིར་བཟུང་ཁྲིམས་ཆད་ནན་པོ་གཅོད་དགོས་རིགས་མཐའ་གཅིག་ཏུ་ཁྲིམས་ཆད་ནན་པོ་བཅད་ཡོད། དེ་བཞིན་ཁྲིམས་གཏན་འཁེལ་བའི་ཁྲིམས་ཆད་ཡང་གཅོད་དང་ཡང་བཟོས་གཏོང་རྒྱུའི་གནས་ཚུལ་ཡོད་རིགས་ལ་ཁྲིམས་ལུགས་གཞིར་བཟུང་ཐག་གཅོད་ཡང་པོ་བྱས་པ་དང་། གནས་ཚུལ་ལ་བལྟས་ནས་ཐག་གཅོད་ཡང་པོ་བྱེད་ཆོག་པའི་རིགས་ཡིན་ན་ཁྲིམས་ལུགས་གཞིར་བཟུང་ཚད་གཞི་དམའ་རུ་བཏང་ནས་སྤྱི་ཚོགས་ཐོག་གི་ཁ་གཏད་ལངས་མཁན་ཉུང་དུ་གཏོང་གང་ཐུབ་བྱས་ཡོད། ཉེས་གསོག་ལ་ཁྲིམས་ཆད་གཅོད་རྒྱུ་དང་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་རྒྱུ་གལ་ཆེ་མཉམ་འཛིན་བྱས་ཏེ་དཔང་རྟགས་ལ་གཞིགས་ནས་དབྱེ་གཅོད་བྱེད་པའི་རྩ་དོན་ནན་སྲུང་གིས་ཉེས་མེད་ལ་ཉེས་དོན་བདའ་འདེད་མི་ཕོག་པ་བྱས་ཡོད་ཅིང་། ཁྱོན་བསྡོམས་ཞུ་གཏུག་ཕོག་མཁན་7ལ་ཁྲིམས་ལུགས་གཞིར་བཟུང་ཉེས་པ་མེད་པའི་ཁྱབ་བསྒྲགས་བྱས་པ་དང་། ཉེས་སྤྱོད་ཚབས་ཅུང་ཆུང་བ་དང་སྤྱི་ཚོགས་ཐོག་བསྐྱར་དུ་གནོད་འཚེ་བཟོ་མི་སྲིད་པའི་ཉེས་གསོག་པ་196ལ་ཁྲིམས་ལུགས་གཞིར་བཟུང་ཁྲིམས་ཆད་འགྱངས་གཅོད་བྱེད་རྒྱུའི་ཁྱབ་བསྒྲགས་བྱས་པ། རང་ཉེས་ངོས་ལེན་གྱི་ཁྲིམས་ཆད་ཁུར་ལེན་བྱེད་པ་དང་བསྒྱུར་བཀོད་དང་ལེན་བྱེད་མཁན་ཉེས་གསོག་པ་1811ལ་ཁྲིམས་ལུགས་གཞིར་བཟུང་ཁྲིམས་ཆད་ཡང་བཟོས་དང་དངོས་མིན་བཙོན་དཀྲོལ་བཏང་སྟེ་ཉེས་གསོག་པར་སྔར་འགྱོད་ཕྱི་སྡོམས་བྱེད་དུ་བཅུག་པ། ཞུ་གཏུག་ཕོག་མཁན་གྱི་གཏུག་བཤེར་ཁེ་དབང་ཁྲིམས་ལུགས་གཞིར་བཟུང་འགན་སྲུང་བྱས་ཏེ་ཞུ་གཏུག་ཕོག་མཁན་295ལ་དག་འབུད་བྱེད་མཁན་དམིགས་འཛུགས་བྱས་པ་དང་། གྲངས་ཉུང་མི་རིགས་དང་ཕྱི་རྒྱལ་གྱི་ཞུ་གཏུག་ཕོག་མཁན་312ལ་སྐད་སྒྱུར་དམིགས་འཛུགས་བྱས་ཡོད།

        (གསུམ )དམངས་དོན་འདྲི་གཅོད་ཀྱི་ཐུན་མོང་མིན་པའི་ཁྱད་ཡོན་འདོན་སྤེལ་གང་ལེགས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ཤིང་མྱུར་བའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་བ། དམངས་དོན་འདྲི་གཅོད་ནི་མི་དམངས་ཁྲིམས་ཁང་གིས་རང་ཚུགས་ཐོག་འགན་འཁུར་བའི་ལས་ཀ་ཞིག་ཡིན་པ་དང་། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་ཐད་ཀར་འབྲེལ་བ་ཡོད་ཅིང་། ཏང་དང་མི་དམངས་ཀྱིས་འདྲི་གཅོད་ལས་ཁུངས་ལ་སྤྲད་པའི་དམིགས་བསལ་གྱི་འགན་ནུས་ཞིག་རེད་ལ། དཔལ་འབྱོར་ལེགས་ཤིང་མྱུར་བའི་སྒོ་ནས་གོང་འཕེལ་གཏོང་རྒྱུ་དང་སྤྱི་ཚོགས་གཞི་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་བའི་ཁྱད་ཡོན་དང་བཀྲག་ཆེ་ས་ཞིག་ཀྱང་རེད། རང་ལྗོངས་ཀྱི་དཔལ་འབྱོར་བྱེད་སྒོ་ཉིན་བཞིན་འཁྲུག་ཏུ་འགྲོ་བ་དང་དམངས་དོན་གྱོད་གཞི་ལོ་རེ་བཞིན་མང་དུ་འགྲོ་བ། གྱོད་གཞི་གསར་གྲས་ཐོན་མང་བ། འབྲེལ་བ་ཡོད་པའི་ཁྱབ་ཁོངས་ཟམ་མི་ཆད་པར་རྒྱ་ཆེར་འགྲོ་བ། བཅའ་ཁྲིམས་ཀྱི་འབྲེལ་བ་ཪྙོག་འཛིང་ཇེ་ཆེར་འགྲོ་བ། འདྲི་ཞིབ་དཀའ་ཚད་ཉིན་བཞིན་ཆེ་རུ་འགྲོ་བ་བཅས་ཀྱི་དོན་དངོས་ལ་དམིགས་ཏེ་ལྗོངས་ཡོངས་ཀྱི་རིམ་ཁག་ཁྲིམས་ཁང་གིས “དམངས་ཀྱི་དོན་དག་ཆུང་ཆུང་མིན་པའི ”ལྟ་བ་བརྟན་པོ་བཙུགས་ཐོག དཔལ་འབྱོར་དང་སྤྱི་ཚོགས་འཚོ་བའི་ནང་གི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་དོ་སྣང་ཆེན་པོ་བྱས་ཤིང་། རང་ལྗོངས་ཀྱི “ཐོན་ལས་དང་པོ་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་། ཐོན་ལས་གཉིས་པ་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེ་གཏོང་བ ”བཅས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་བའི་འཐབ་ཇུས་བདེ་བླག་ངང་ལག་བསྟར་བྱེད་རྒྱུར་དམ་པོར་དམིགས་ཏེ་ཉེས་དོན་དང་དམངས་དོན་མཉམ་འཛིན་གྱི་འདྲི་གཅོད་བྱེད་སྟངས་མཐའ་འཁྱོངས་བྱས་ནས་དམངས་དོན་འདྲི་གཅོད་ལས་ཀའི་བྱ་ཐབས་གསར་གཏོད་དང་། དེའི་སྤུས་ཚད་ལེགས་སུ་གཏོང་བ་དང་ལས་ཕྱོད་ཆེ་རུ་བཏང་ནས་དམངས་དོན་ཁྲིམས་འཛིན་གྱི་ཞབས་ཞུ་དང་། སྙོམ་སྒྲིག འགན་སྲུང་བཅས་ཀྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཡོད། དེ་ཡང་ལོ་གཅིག་རིང་རིགས་འདྲ་མིན་གྱི་དམངས་དོན་གྱོད་གཞི་ཁག་9805བདག་སྤྲོད་བྱས་ཁོངས་ནས་གྱོད་ཁག་9310འདྲི་གཅོད་མཐའ་འདོམས་བྱས་པ་དང་། དམིགས་རྟེན་དངུལ་འབོར་སྒོར་དུང་ཕྱུར་9.5ཟིན་པ་དེ་དག་དུས་མཚུངས་དང་བསྡུར་ན་ཁག་སོ་སོར་27.6%དང་། 24.4% 44.3%མང་དུ་སོང་ཡོད། འདྲི་གཅོད་སྙོམ་སྒྲིག་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་ཉོ་ཚོང་དང་། དངུལ་གཡར། འཛུགས་སྐྲུན་ལས་གྲྭ གཉེར་སྒྲུབ་འགན་འཁུར། སྐྱེལ་འདྲེན། གཏེར་རྫས། ས་ཁང་ཐོན་ལས་གསར་སྤེལ་གཉེར་སྐྱོང་སོགས་ཀྱི་གན་རྒྱའི་རྩོད་ཪྙོག་བྱུང་བའི་གྱོད་གཞི་ཁག་4543ཞིབ་གཅོད་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་ལམ་ཚད་ལྡན་བཟོས་ཏེ་སྲུང་སྐྱོང་བྱས་ཡོད། གཙོ་གནད་ལས་གྲྭའི་རྩོད་ཪྙོག་ཐད་གཟབ་ནན་འགན་འཁུར་བ་དང་སྔོན་ལ་ཐག་གཅོད་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་བཅའ་ཁྲིམས་དང་འགལ་ཕྱོགས་སུ་མི་འགྲོ་བའི་སྔོན་འགྲོའི་འོག་གྱོད་ཁོངས་སུ་འཇུག་རྒྱུ་དང་། འགན་སྲུང་བྱེད་རྒྱུ། ལག་བསྟར་བྱེད་རྒྱུ་བཅས་ཀྱི་ཆ་རྐྱེན་འོས་འཚམ་ལེགས་སྒྲིག་བྱས་ཏེ་གལ་ཆེའི་འཛུགས་སྐྲུན་རྣམ་གྲངས་བདེ་བླག་ངང་གཉེར་རྒྱུའི་འགན་སྲུང་བྱས་ཡོད། དེ་བཞིན་གྲུབ་ཆ་ལེགས་སྒྲིག་དང་། ཁེ་ལས་ཀྱི་བུན་སྟོངས་དང་སྒྲིག་གཞི་བསྒྱུར་བཅོས་བྱེད་རྒྱུ་དང་འབྲེལ་བ་ཡོད་པའི་གྱོད་གཞི་འདྲི་ཞིབ་བྱེད་རྒྱུར་ཡིད་གཟབ་བྱས་ཏེ་ལས་བཟོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱས་པ་དང་གཞུང་ཁོངས་རྒྱུ་ནོར་བར་ཐིམ་མི་འགྲོ་བ་བྱས་ཡོད། ཤེས་རིག་བདག་དབང་གི་རྩོད་ཪྙོག་གྱོད་གཞི་འདྲི་ཞིབ་བྱེད་རྒྱུར་མཐོང་ཆེན་བྱས་ཏེ་ཤེས་རིག་བདག་དབང་ཐད་ཀྱི་ཁྲིམས་འཛིན་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། རང་བརྟེན་གསར་གཏོད་བྱེད་རྒྱུར་སྐུལ་འདེད་བཏང་ནས་སྤྱི་ཚོགས་ཡོངས་ཀྱིས་ཤེས་བྱར་བརྩི་འཇོག་དང་གསར་གཏོད་ལ་བརྩི་འཇོག་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་ཡོད། གཞན་ཡང་ཁྲིམས་ལུགས་གཞིར་བཟུང་སྲིད་འཛིན་བྱེད་རྒྱུར་སྐུལ་སྤེལ་བཏང་སྟེ་ཁྱབ་ཁོངས་ཉི་ཤུ་ལྷག་ཙམ་དང་འབྲེལ་བ་ཡོད་པའི་སྲིད་འཛིན་གཏུག་བཤེར་གྱོད་གཞི་ཁག་107ལ་འདྲི་ཞིབ་ཚགས་ཚུད་བྱས་ནས་སྲིད་འཛིན་རྩོད་གླེང་འདུམ་སེལ་འཚམ་པོ་བྱས་པ་དང་། “དཔོན་འབངས་གཞི་མཐུན ”ཡོང་རྒྱུར་སྐུལ་འདེད་བཏང་ཡོད།

        མང་ཚོགས་ཀྱི་གཞི་རྩའི་འཚོ་བ་དང་འབྲེལ་བ་ཡོད་པའི་འགལ་བ་དང་རྩོད་ཪྙོག་འདུམ་སེལ་ཧུར་ཐག་བྱས་ཏེ་སྤྱི་ཚོགས་གཞི་མཐུན་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། “ཞིང་གསུམ ”ལས་ཀར་མཐོང་ཆེན་པོ་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་ཡོད་པའི་རྩྭ་ར་དང་། ས་ཆ། ཆུ་བེད། ནགས་རི། དབྱར་རྩྭ་དགུན་འབུ་སོགས་ཐོན་ཁུངས་ཀྱི་རྩོད་ཪྙོག་གྱོད་གཞི་ཁག་915ཁྲིམས་ལུགས་གཞིར་བཟུང་ཞིབ་གཅོད་འཚམ་པོ་བྱས་ནས་བདེ་སྡོད་ལས་གྲྭས་འགག་སྒྲོལ་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་སྐྲུན་རྒྱུར་འགན་སྲུང་གང་ལེགས་བྱས་ཡོད། “ཆད་འགྱངས་གཉིས ”ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཏེ་ངལ་རྩོལ་རྩོད་གླེང་དང་ངལ་ནུས་ཐོབ་ཆའི་གྱོད་གཞི་ཁག་1320ཞིབ་གཅོད་འཚམ་པོ་བྱས་ནས་ངལ་རྩོལ་པ་དང་ལྷག་པར་དུ་ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱས་ཡོད། གཉེན་སྒྲིག་ཁྱིམ་ཚང་དང་། མགོ་འདོན་འཚོ་སྐྱོང་། གྲོང་པ་ཁྱིམ་མཚེས་བཅས་ཀྱི་རྩོད་ཪྙོག་གྱོད་གཞི་ཁག་1426ཞིབ་གཅོད་འཚམ་པོ་བྱས་ནས་འགལ་བ་བྱུང་བའི་ཕྱོགས་གཉིས་ཀྱི་འཁོན་འཛིན་བསམ་པ་འདུམ་སེལ་ནུས་ལྡན་བྱས་ཏེ་ཁྱིམ་ཚང་འཆམ་མཐུན་དང་སྡེ་ཁུལ་གཞི་མཐུན་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།

        འདུམ་སྒྲིག་སྔོན་འགྲོ་དང་འདུམ་སྒྲིག་དང་འདྲི་གཅོད་ཟུང་འབྲེལ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་གཏུག་བཤེར་འདུམ་འགྲིག་བྱེད་རྒྱུ་དེ་དམངས་དོན་གྱོད་གཞི་ཞིབ་གཅོད་བྱེད་པའི་བརྒྱུད་རིམ་ཆ་ཚང་ནང་ཁྱབ་པ་བྱས་ནས་མི་སྣ་ཡོངས་དང་བརྒྱུད་རིམ་ཆ་ཚང་ནང་འདུམ་འགྲིག་བྱ་ཐབས་སྤེལ་ཏེ་གྱོད་ཐག་བཅད་རྗེས་ཀྱི་ཪྙོག་དྲ་མེད་པ་བྱེད་པ་དང་བློ་བདེ་བག་ཕེབས་ཡོང་བ་བྱེད་གང་ཐུབ་བྱས་ནས་གཞི་མཐུན་ཡོང་གཞི་མང་དུ་གཏོང་གང་ཐུབ་དང་གཞི་མཐུན་ལ་གནོད་པའི་རྐྱེན་རྩ་ཉུང་དུ་གཏོང་གང་ཐུབ་བྱས་ཤིང་། ལོ་གཅིག་རིང་དམངས་དོན་གྱོད་གཞི་འདུམ་སེལ་བྱེད་ཚད་65.6%ཟིན་པ་དེ་དུས་མཚུངས་དང་བསྡུར་ན་བརྒྱ་ཆའི་གྲངས་གནས་9.4འཕར་ཡོད་པས་རྒྱལ་ཡོངས་ཀྱི་ཁྲིམས་ཁང་ནང་མདུན་གྲལ་དུ་སླེབས་ཡོད། མི་དམངས་འདུམ་འགྲིག་དང་། སྲིད་འཛིན་འདུམ་འགྲིག ཁྲིམས་འཛིན་འདུམ་འགྲིག་བཅས “གསུམ་པོ་གཞི་གཅིག་ཏུ་འགྲིལ་བའི ”རྩོད་ཪྙོག་ཐག་གཅོད་བྱེད་པའི་སྒྲིག་སྲོལ་སྣ་མང་ཅན་ཞིག་ཧུར་ཐག་བཙུགས་ནས་ཁྱབ་སྤེལ་བཏང་ཡོད། དེ་བཞིན་གཞི་རིམ་འདུམ་འགྲིག་སྒྲིག་འཛུགས་ཀྱི་ལས་སྒོའི་སྦྱོང་བརྡར་དང་མཛུབ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། དམངས་ཁྲོད་རྩོད་ཪྙོག་ཁག་7500ལྷག་ཙམ་འདུམ་འགྲིག་བྱེད་རྒྱུར་མཛུབ་ཁྲིད་བྱས་ཏེ་འགལ་བ་མང་པོ་ཞིག་གཞི་རིམ་དུ་ཐག་གཅོད་བྱས་པ་དང་མྱུ་གུ་འབུར་འཇོམས་ཐུབ་པ་བྱུང་བ་དང་། ཏཱ་ལའི་རུ་ཚོགས་ཀྱི་ཐེ་ཇུས་མི་ཕོག་པ་བྱས་ནས་ནུས་ཤུགས་ཡོད་རྒུས་མཐུན་སྒྲིལ་དང་། གཞི་མཐུན། བརྟན་ལྷིང་བཅས་དང་ལྡན་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཅིག་གཏོད་ཡོད།

        (བཞི )ཁྲིམས་འཛིན་བྱེད་རྒྱུ་དམངས་ཀྱི་ཆེད་དུ་ཡིན་པའི་དམིགས་ཡུལ་ལག་ལེན་ཐོག་ཏུ་འཁྱོལ་བ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་ཡག་པོ་བྱས་པ།

        ལྗོངས་ཡོངས་ཀྱི་རིམ་ཁག་ཁྲིམས་ཁང་གིས་མི་དམངས་ཀྱི་ཁེ་ཕན་གོང་དུ་བཀུར་བའི་བླང་བྱ་གཞིར་བཟུང་མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཐོག་དམངས་ཀྱི་འཚོ་བ་འགན་སྲུང་བྱེད་རྒྱུར་དེ་བས་དོ་སྣང་ཆེན་པོ་བྱས་ཏེ་བསམ་བློའི་ཐོག་ནས་དམངས་ལ་བརྩེ་སེམས་འཆང་བ་དང་། ཞབས་ཞུའི་ཐོག་ནས་དམངས་ལ་སྟབས་བདེ་སྐྲུན་པ། ལས་ཀའི་ཕན་འབྲས་དང་ལས་ཕྱོད་ཆེ་རུ་བཏང་ནས་དམངས་ལ་ཕན་པ་སྐྲུན་པ་བཅས་བྱས་ཏེ་རང་རྟོགས་ངང་དམངས་ཀྱི་སེམས་ཁྲལ་སེལ་བ་དང་། དཀའ་གནད་ཐག་གཅོད་བྱེད་པ། དམངས་ཀྱི་འཁོན་སེམས་སེལ་བ་བཅས་བྱས་ཡོད།

        ཞུ་གཏུག་དང་འབྲེལ་བ་ཡོད་པའི་ཡིག་འབུལ་ཞུ་བཅར་ལས་དོན་ཡག་པོ་སྒྲུབ་རྒྱུར་ཤུགས་བརྒྱབ་སྟེ་བརྟན་ལྷིང་ལ་གནོད་པའི་རྐྱེན་རྩ་ཉུང་དུ་བཏང་བ། ཞུ་གཏུག་དང་འབྲེལ་བ་ཡོད་པའི་ཡིག་འབུལ་ཞུ་བཅར་ལས་དོན་ལ་མཐོང་ཆེན་བྱེད་པ་དང་། ཐོན་བཟོ་ཡོད་པའི་འགུལ་ཚུལ་ལ་དོ་སྣང་ཆེན་པོ་བྱས་ཏེ་ཞུ་གཏུག་དང་འབྲེལ་བ་ཡོད་པའི་ཡིག་འབུལ་ཞུ་བཅར་རིགས་ཐག་གཅོད་བྱེད་པའི་ལས་ཀའི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ཡོད། ཡིག་འབུལ་ཞུ་བཅར་གྱི་དག་འབུད་ཞུ་ལམ་ཤར་གཏོང་བཟོས་ནས་རིམ་པ་སྟར་ཆགས་ཀྱིས 《ཞུ་གཏུག་དང་འབྲེལ་བའི་ཡིག་འབུལ་ཞུ་བཅར་གྱི་འགན་འཁྲིའི་ཡི་གེ 》བཞག་སྟེ་འགོ་ཁྲིད་ཀྱིས་གྱོད་གཞི་འགན་གཙང་ལེན་པ་དང་། སྡེ་ཚན་གྱིས་མཉམ་སྒྲུབ་བྱེད་པ། འགན་འཁྲི་ལྡོག་བཤེར་བྱེད་པ་སོགས་འབྲེལ་ཡོད་ལམ་སྲོལ་འཐུས་ཚང་བཙུགས་ཏེ་ཞུ་གཏུག་དང་ཡིག་འབུལ་ཞུ་བཅར་བྱེད་རིགས་མི་ཐོན་པའི་ལས་དོན་ཤུགས་ཆེ་སྤེལ་ཡོད། དེ་ཡང་ལོ་གཅིག་ནང་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་ཁག (མི་ཐེངས )2925གཉེར་སྒྲུབ་བྱས་པ་དེ་དུས་མཚུངས་དང་བསྡུར་ན་12.6%ཆག་ཡོད་པ་དང་། ཞུ་བཅར་བྱས་ནས་འཁྲས་སྡོད་པ་དང་། ཟིང་སློང་བ། མཉམ་སྡེབ་ཀྱི་ཞུ་བཅར་བྱེད་པ་བཅས་དུས་མཚུངས་དང་བསྡུར་ན་8.5%ཆག་ཡོད། ལྷག་པར་དུ་ཐོན་ཁུངས་སྣ་ཚོགས་སྒྲིལ་སྤྱོད་བྱས་ཏེ “མཁྲེགས་སར་གཏུགས་ཕོད་པ ”དང་གནད་དོན “ཪྙིང་པ་དང་། ཆེན་པོ། ཁག་པ ”བཅས་ཐག་གཅོད་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་རྒྱུའི་སྦྱོང་བརྡར་སྤྲས་ཏེ་སྤྱི་ཚོགས་གཞི་མཐུན་དང་བརྟན་ལྷིང་དང་འབྲེལ་བ་ཡོད་པའི་མི་དཔུང་ཁྱུ་སྒྲིག་གི་ཞུ་བཅར་གྱོད་གཞི་ཁག་གཅིག་འདུམ་སེལ་བྱས་ནས་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོབ་ཏན་ཏིག་བྱས་ཏེ་སྤྱི་ཚོགས་བརྟན་ལྷིང་ཡོང་རྒྱུར་འགན་ལེན་བྱས་ཡོད།

        ལག་བསྟར་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་ནུས་པ་ཐོན་པའི་དཔྱད་ཁྲའི་དབང་གྲགས་སྲུང་སྐྱོང་བྱས་པ། དུས་ཡུན་རིང་པོའི་ནང་མི་དམངས་ཁྲིམས་ཁང་ལ་འཕྲད་པའི “ལག་བསྟར་བྱེད་ཁག་པའི ”གནད་དོན་ཐག་གཅོད་ནུས་ལྡན་བྱས་ནས་གོ་ཆོད་བཅད་ཁྲ་འཕྲལ་མར་ལག་བསྟར་བྱས་ཏེ་གྱོད་ཐག་བཅད་རྗེས་ཪྙོག་དྲ་མེད་པ་དང་བློ་བདེ་བག་ཕེབས་ཡོང་བ་བྱེད་ཆེད་རིམ་ཁག་ཏང་ཨུད་ཀྱི་ཚད་མཐོའི་མཐོང་ཆེན་འོག ཏང་ཨུད་ཀྱིས་འགོ་ཁྲིད་བྱེད་པ་དང་། མི་དམངས་འཐུས་ཚོགས་ཀྱིས་ལྟ་སྐུལ་བྱེད་པ། སྲིད་གཞུང་གིས་ཐེ་ཞུགས་བྱེད་པ། སྲིད་གྲོས་ཀྱིས་རྒྱབ་སྐྱོར་བྱེད་པ། ཕྱོགས་ཁག་གིས་གཞོགས་འདེགས་བྱེད་པ། ཁྲིམས་ཁང་གིས་གཙོ་གཉེར་བྱེད་པ་བཅས་ཀྱིས “ལག་བསྟར་བྱེད་ཁག་པའི ”གནད་དོན་ཐག་གཅོད་བྱེད་པའི་ལས་ཀ་བྱེད་སྟངས་ཤིག་རགས་ཙམ་བཟོས་ཐོག་ལག་བསྟར་ལས་ཀ་དེ་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་དམིགས་ཚད་ཞིབ་དཔྱད་བྱེད་ཁོངས་སུ་བཅུག་ཡོད། ལག་བསྟར་གསོག་ཐེབས་གྱོད་གཞི་གཅིག་སྡུད་ཐོག་གཙང་སེལ་བྱེད་པའི་བྱེད་སྒོ་ཤུགས་ཆེ་སྤེལ་ནས་སྟོབས་ཤུགས་གཅིག་སྡུད་ཀྱིས་འགག་སྒྲོལ་བྱས་ཡོད། ལག་བསྟར་བྱེད་རྒྱུར་མཉམ་སྐུལ་ཟིལ་གནོན་བྱེད་པའི་ལམ་སྲོལ་བཙུགས་ནས་ལག་བསྟར་བྱས་ཤིང་། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་གོ་ཆོད་བཅད་ཁྲ་ལག་བསྟར་མི་བྱེད་མཁན་ལ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་དེས་རང་འགུལ་ངང་གོ་ཆོད་བཅད་ཁྲ་ལག་བསྟར་བྱེད་རྒྱུར་སྐུལ་ལྕག་བྱས་ཡོད། ལག་བསྟར་ལས་ཀ་ཚད་ལྡན་བཟོ་རྒྱུར་ཤུགས་བརྒྱབ་ནས་ལག་བསྟར་གྱོད་གཞིའི་སྤུས་ཚད་ལེགས་སུ་གཏོང་བ་དང་། ལས་ཕྱོད་དང་ཕན་འབྲས་ཆེ་རུ་ཧུར་ཐག་བཏང་ཡོད། དེ་ཡང་ལོ་ཧྲིལ་པོར་ལག་བསྟར་གྱོད་གཞི་ཁག་2018བདག་སྤྲོད་བྱས་ཁོངས་ནས་1710ལག་བསྟར་མཐའ་འདོམས་བྱས་པ་དང་། དམིགས་རྟེན་དངུལ་འབོར་སྒོར་དུང་ཕྱུར་4.7ཟིན་པ་དེ་དུས་མཚུངས་དང་བསྡུར་ན་ཁག་སོ་སོར་2.7%དང་6.9%ལྡབ་2.6བཅས་འཕར་ཡོད་པ་དང་། ལག་བསྟར་མཐའ་འདོམས་བྱེད་ཚད་84.7%ཟིན་ཞིང་། དེའི་ནང་ལག་བསྟར་མཐུན་འགྲིག་དང་རང་འགུལ་གྱིས་ལག་བསྟར་བྱེད་ཚད་66.9%ཟིན་པས “ལག་བསྟར་བྱེད་ཁག་པའི ”གནད་དོན་ངེས་ཅན་སེལ་ཐུབ་པ་བྱུང་ཡོད།

        འདྲི་གཅོད་དོ་དམ་བྱེད་སྟངས་གསར་གཏོད་བྱས་ཏེ་གྱོད་ཞིབ་བྱེད་པའི་སྤུས་ཚད་ལེགས་སུ་བཏང་བ་དང་ལས་ཕྱོད་ཆེ་རུ་བཏང་ཡོད། སྤུས་ཚད་དེ་བས་ཡག་པ་དང་། མྱུར་ཚད་དེ་བས་མགྱོགས་པ། ཕན་འབྲས་དེ་བས་ཡག་པ། མ་གནས་དེ་བས་གྲོན་ཆུང་བྱེད་པ་བཅས་ཀྱི་བླང་བྱ་མཐའ་འཁྱོངས་ཀྱིས་ལས་སྒོའི་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་འདྲི་གཅོད་ལྟ་སྐུལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ་དང་ཚད་ལྡན་བཟོས་ཏེ་གྱོད་གཞིའི་སྤུས་ཚད་ལ་དཔྱད་བཤེར་བྱེད་རྒྱུ་ཕྱོགས་ཡོངས་ནས་ཁྱབ་སྤེལ་བཏང་ཡོད། “གཏུག་བཤེར་བྱེད་ལམ ”འགོག་མེད་ཤར་གཏོང་ཐུབ་པ་བྱས་ནས་གཏུག་བཤེར་མཛུབ་ཁྲིད་དང་ཉེན་ཟོན་དྲན་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལས་ཀའི་ལྷུ་ཚིགས་ཁག་ནང་འགག་སྒོ་དམ་སྲུང་དང་། གྱོད་ཁོངས་སུ་འཇུག་རྒྱུ་མྱུར་ལ་སྟབས་བདེ་བ་དང་། ཞིབ་གཅོད་དྲང་གཞག་ཡིན་ལ་གསལ་ཆ་ཆེ་བ། གཟུ་ཉན་ཡོངས་བསྒྲགས་དྲང་བཞག་ཡིན་པ། ལག་བསྟར་ཚད་དང་ལྡན་ཞིང་ཕན་འབྲས་ཐོན་པ་བཅས་བྱེད་ཐུབ་པ་བྱས་ཏེ་དོ་བདག་གི་ཁྲིམས་མཐུན་ཁེ་དབང་འཕྲལ་མར་སྤྱོད་ཐུབ་པ་བྱས་པ་དང་། ཁྲུན་གཅོད་ཡིག་རིགས་ཐོག་ནས་གནས་ལུགས་ཤོད་རྒྱུར་ཤུགས་བརྒྱབ་སྟེ་དཔྱད་ཁྲ་མ་བཏང་གོང་ཁྲིམས་ལུགས་གསལ་འགྲེལ་བྱེད་པ་དང་དཔྱད་ཁྲ་བཏང་རྗེས་དོགས་གཞི་གསེས་དཀྲོལ་བྱེད་ལམ་ཁྱབ་གདལ་བཏང་སྟེ་ཁྲིམས་འགྲེལ་དོགས་སེལ་བྱེད་རྒྱུ་གསལ་པོ་ཡོང་བ་བྱས་ཡོད། བསྐྱར་ཞུ་དང་བསྐྱར་ཞིབ་རེ་ཞུའི་གྱོད་གཞི་ཁག་181བདག་སྤྲོད་བྱས་ནས་གྱོད་ཁག་167ཞིབ་གཅོད་མཐའ་འདོམས་བྱས་པ་དང་། བསྐྱར་ཞིབ་གྱོད་གཞི་48བདག་སྤྲོད་བྱས་ཁོངས་ནས་གྱོད་ཁག་36ཞིབ་གཅོད་མཐའ་འདོམས་བྱས་པ་དང་། གྱོད་ཁག་18ཁྲིམས་ལུགས་གཞིར་བཟུང་བཅད་མཚམས་སྒྱུར་ཡོད།

        དམངས་ལ་སྟབས་བདེ་དང་ཕན་པ་སྐྲུན་པའི་བྱ་ཐབས་དོན་འཁྱོལ་བྱས་ཏེ་འདྲི་གཅོད་འགན་ནུས་རྒྱ་ཆེར་ཧུར་ཐག་བཏང་ཡོད། ཁྲིམས་སྟེགས་ནས་བབས་པ་དང་ཁྲིམས་ཁང་ནས་དོན་ཏེ་སྐོར་སྐྱོད་འདྲི་གཅོད་ལས་ཀ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ་དང་བྱེད་སྟངས་འཐུས་ལེགས་སུ་བཏང་ནས་གྲོང་གསེབ་དང་། སྡེ་ཁུལ། ཁེ་ལས། སློབ་གྲྭ དགོན་སྡེ་བཅས་ནང་རང་འགུལ་གྱིས་བཅའ་ཁྲིམས་སྐྱེལ་བ་དང་། མང་ཚོགས་ལ་གཏུག་བཤེར་བྱེད་བདེ་ཡོང་ཆེད་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་བྱས་ཏེ་ཡུལ་བབས་དམངས་འདུན་ཤེས་རྟོགས་དང་སྤྱི་ཚོགས་ཀྱི་འགུལ་ཕྱོགས་ཁོང་དུ་ཆུད་པ་བྱས་ཡོད། མི་དམངས་འདྲི་ཞིབ་རོགས་འདེགས་ལམ་ལུགས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཤིང་། མི་དམངས་འདྲི་རོགས་པ་83གྱིས་གྱོད་གཞི་122འདྲི་ཞིབ་བྱེད་པའི་ནང་ཞུགས་ཏེ་མང་ཚོགས་དང་འབྲེལ་གཏུགས་བྱེད་པའི་སྦྲེལ་ཟམ་གྱི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་ཡོད། དེ་བཞིན་ཁྲིམས་འཛིན་ཐོག་ནས་རོགས་སྐྱོབ་བྱེད་པའི་ཐེབས་རྩ་བཙུགས་ནས་ཁྲིམས་འཛིན་ཐོག་ནས་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་སྟེ་དངོས་འབྲེལ་དཀའ་ངལ་ཡོད་པའི་དོ་བདག་ལ་གཏུག་བཤེར་རིན་དངུལ་སྒོར་ཁྲི་537ཆག་ཡང་དང་། དུས་འགྱངས། རྩ་ཆག་བཏང་བ་དང་། འཚོ་བར་དཀའ་ངལ་ཡོད་པའི་དོ་བདག་ཁག་ལ་རོགས་དངུལ་སྒོར་ཁྲི་23སྤྲད་པ། ཉམས་ཐག་རིགས་གྲས་ཀྱིས་ཞུ་གཏུག་བྱས་པར་སྔོན་ལ་གྱོད་ཁོངས་སུ་འཇུག་པ་དང་། སྔོན་ལ་འདྲི་ཞིབ་བྱེད་པ། སྔོན་ལ་ལག་བསྟར་བྱེད་པ་བཅས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཁྲིམས་འཛིན་གྱི་མི་ཆོས་ལྡན་པའི་སེམས་ཁུར་མཚོན་པར་བྱས་ཡོད། གཞན་ཡང་དབུལ་སྐྱོར་དཀའ་རོགས་བྱེད་སྒོ་ཧུར་ཐག་སྤེལ་ཏེ་ཁྲི་ཚང་དང་། འབྲོང་པ། འདམ་གཞུང་བཅས་ལ་ས་ཡོམ་བྱུང་རྗེས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་ཁག་གིས་དངུལ་དངོས་ཞལ་འདེབས་རྒྱག་པ་དང་དམིགས་བསལ་ཏང་དངུལ་བསྡུ་འཇལ་བྱས་པ་ཁྱོན་བསྡོམས་སྒོར་ཁྲི་365ཟིན་ཞིང་མི་རེའི་ཆ་སྙོམས་དེ་རྒྱལ་ཡོངས་ཁྲིམས་ཁང་ནང་ཨང་དང་པོར་སླེབས་ཡོད།

        (ལྔ )ཁྲིམས་འཛིན་འགན་སྲུང་བྱེད་ནུས་དང་ཞབས་ཞུ་སྒྲུབ་ནུས་ཆེ་རུ་གཏོང་རྒྱུར་དམིགས་ཏེ་ཁྲིམས་ཁང་དཔུང་ཁག་ལེགས་སྐྱོང་དང་གཞི་རིམ་རྨང་གཞི་འཛུགས་སྐྲུན་བྱེད་རྒྱུར་ཤུགས་གང་ཡོད་བརྒྱབ་པ། དཔུང་ཁག་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་འཛིན་ནུས་པ་ཆེ་རུ་བཏང་བ། ཆབ་སྲིད་ལངས་ཕྱོགས་བརྟན་པ་དང་། ལས་སྒོ་བྱང་ཆུབ་པ། སྤྱོད་ལམ་བཟང་བ། ཁྲིམས་འཛིན་དྲང་གཞག་བྱེད་པ་བཅས་ཀྱི་ཁྲིམས་ཁང་དཔུང་ཁག་ཅིག་སྐྱེད་བསྲིངས་བྱེད་པའི་དམིགས་ཚད་བཟུང་ནས་དཔུང་ཁག་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་ཡོད། དེ་ཡང་བསམ་བློ་ཆབ་སྲིད་ལེགས་སྐྱོང་བྱེད་རྒྱུ་རྩ་བ་འདི་དམ་འཛིན་བྱས་ཤིང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་ལག་ལེན་གཏིང་ཟབ་བྱེད་རྒྱུའི་བྱེད་སྒོ་ཏན་ཏིག་སྤེལ་བ་དང་། སྲིད་ཁྲིམས་ལས་ཁུངས་ཀྱི “སློབ་སྦྱོང་ཆེན་མོ་དང་གྲོས་བསྡུར་ཆེ་མོའི ”བྱེད་སྒོ་ཏན་ཏིག་སྤེལ་བ། “ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོབ། གོང་འཕེལ་ལ་སྐུལ་འདེད་གཏོང་བ ”བཅས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་ཏན་ཏིག་སྤེལ་བ་བཅས་ཀྱིས་ལས་བྱེད་ཉེན་རྟོག་པས་སློབ་སྦྱོང་དངོས་གནས་བྱེད་པ་དང་། དངོས་འབྲེལ་ཤེས་ཐུབ་པ། དངོས་འབྲེལ་ཡིད་ཆེས་བྱེད་པ། དངོས་འབྲེལ་བེད་སྤྱོད་ཐུབ་པ་བཅས་ཀྱི་ཐད་ཁྲིད་སྟོན་བྱེད་རྒྱུར་ཤུགས་བརྒྱབ་ནས “སེམས་ལ་ཟུག་པ་དང་བྱ་སྤྱོད་ཐོག་ལག་བསྟར་ཐུབ་པ ”བྱས་པ་དང་། “གོང་དུ་བཀུར་བ་གསུམ ”གྱི་མཛུབ་ཁྲིད་བསམ་བློ་བརྟན་པོ་བཙུགས་ཏེ་ཏཱ་ལར་ཐེར་འདོན་དགག་རྒྱག་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་སྲ་བརྟན་རང་བཞིན་དང་རང་རྟོགས་རང་བཞིན་ཆེ་རུ་སོང་ནས་ཆབ་སྲིད་ཀྱི་དབྱེ་གསལ་འབྱེད་ནུས་དང་ཚོར་རྣོའི་རང་བཞིན་ཆེ་རུ་སོང་ཡོད། འགོ་ཁྲིད་ཚན་ཁག་ལེགས་སྐྱོང་བྱེད་རྒྱུ་འགག་རྩ་འདི་དམ་འཛིན་བྱས་ཤིང་། ལས་བྱེད་པར་མཐུན་སྦྱོར་དོ་དམ་བྱེད་པའི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ནས་ཁྱོན་བསྡོམས་ལས་བྱེད་པ་45གདམ་གསེས་གནས་སྤར་དང་ལས་གནས་བརྗེ་རེས་བྱས་པས་འགོ་ཁྲིད་ཚན་ཁག་གི་གྲུབ་ཆ་དེ་བས་ལུགས་མཐུན་ཆགས་པ་དང་། ཁྲིམས་འཛིན་འདྲི་གཅོད་ཀྱི་ལས་དོན་ལ་སྒྲིག་འཛུགས་དང་དོ་དམ་བྱེད་རྒྱུའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་སོང་ནས་ཏང་གཤིས་ལ་སྣང་ཆེན་དང་། ཀུན་སྤྱོད་ལ་མཐོང་ཆེན། མིག་དཔེ་འདོན་པ་བཅས་ཀྱི་ནུས་པ་དེ་བས་མངོན་གསལ་དོད་དུ་སོང་ཡོད། སྒྲིག་ལམ་ཀུན་སྤྱོད་ལེགས་སྐྱོང་བྱེད་རྒྱུ་གཙོ་གནད་འདི་དམ་འཛིན་བྱས་ཤིང་། དམངས་དང་འབྲེལ་འདྲིས་དང་དམངས་འདོད་གསལ་ཞུའི་ལམ་སྲོལ་བཙུགས་ཏེ་རིམ་ཁག་ཁྲིམས་ཁང་གི་འགོ་ཁྲིད་ཚོས་སྤྱོད་ཚུལ་ལེགས་བཅོས་ཏན་ཏིག་བྱེད་པ་དང་། གཞི་རིམ་དུ་སྐྱོད་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པ། འཐབ་ས་དང་པོར་སྐྱོད་ནས་དཀའ་གནད་ཐག་གཅོད་བྱེད་པ་བཅས་བྱས་ནས་འདྲི་གཅོད་སྤྱོད་ཚུལ་དང་ལག་བསྟར་སྤྱོད་ཚུལ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་། དྲན་སྐུལ་སློབ་གསོ་སྤེལ་ཏེ་ཏང་སྲོལ་སྤྱོད་གཙང་ལེགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ནས་སྤྱོད་གཙང་ཁྲིམས་འཛིན་ལམ་སྲོལ་སྔར་བས་འཐུས་ཚང་དུ་བཏང་བ་དང། སྤྱོད་གཙང་ཁྲིམས་འཛིན་འདུ་ཤེས་སྔར་བས་ཆེ་རུ་སོང་སྟེ་རིམ་ཁག་ཁྲིམས་ཁང་ལ་དྲང་གཞག་དང་། ཡ་རབས། སྤྱོད་གཙང་བཅས་ཀྱི་ཁྲིམས་འཛིན་བྱེད་པའི་སྔོན་ཐོན་དཔེ་མཚོན་ཁག་གཅིག་ཐོན་པ་དང་། མཉམ་སྡེབ་8དང་མི་སྒེར་11ལ་ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི་གཟེངས་བསྟོད་ཐོབ་ཡོད། ཁྲིམས་འཛིན་ནུས་པ་ཆེར་གཏོང་འགན་སྲུང་བྱེད་རྒྱུ་དམ་འཛིན་བྱས་ཤིང་། རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་བོད་ལྗོངས་ཡན་ལག་སློབ་གླིང་གི་ལས་ནུས་འདོན་སྤེལ་གང་ལེགས་བྱས་ཏེ “སྦྱོང་བརྡར་ཆེ་མོ་སྤྲོས་པའི ”རྣམ་པ་ཞིག་ཆགས་པ་བྱས་ཐོག ལམ་སྲོལ་འཐུས་ལེགས་སུ་གཏོང་བ་དང་ལས་ཀ་སྤེལ་ཤུགས་ཆེ་རུ་བཏང་སྟེ་ཕྱིར་སྐྱོད་པ་དང་། ནང་དུ་གདན་འདྲེན་ཞུ་བ། ལས་གནས་ཐོག་སྦྱོང་བརྡར་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཁྱོན་བསྡོམས་ལས་བྱེད་ཉེན་རྟོག་པ (མི་ཐེངས )1645ལ་སྦྱོང་བརྡར་སྤྲས་པས་ཕྱོགས་བསྡུས་བྱང་ཚད་མཐོ་རུ་སོང་ཡོད། ལྗོངས་ཏང་ཨུད་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་རྒྱལ་ཁབ་ཀྱི་ཁྲིམས་འཛིན་ཡིག་རྒྱུགས་བོད་ལྗོངས་ཀྱི་སྐར་ཚད་དང་ནུབ་ཕྱོགས་ཀྱི་སྐར་ཚད་དེ་རྒྱལ་ཡོངས་ཀྱི་སྐར་ཚད་དང་མཉམ་འཛིན་བྱས་ཐོག རང་ལྗོངས་ཀྱི་དམིགས་བསལ་ཁྲིམས་འཛིན་ཡིག་རྒྱུགས་གཏོང་བའི་ཚོད་ལྟ་བྱས་པ་དང་། ཁྲིམས་དཔོན་ལས་རོགས་ལམ་ལུགས་ཁྱབ་གདལ་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་ནས “ཁྲིམས་དཔོན་དཀོན་པའི ”གནད་དོན་རིམ་བཞིན་ཐག་གཅོད་ཐུབ་བཞིན་ཡོད་པ་དང་། ན་ནིང་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པ་82ཁྲིམས་འཛིན་ཡིག་རྒྱུགས་འཕྲོད་པ་དེས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་ཡོད།

        གཞི་རིམ་གྱི་རྨང་གཞི་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཁྲིམས་འཛིན་གྱི་འགན་སྲུང་ནུས་པ་ཆེ་རུ་བཏང་བ། ཁྲིམས་ཁང་འཛུགས་སྐྲུན་བྱེད་རྒྱུའི་གཙོ་གནད་དེ་གཞི་རིམ་དུ་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་ཐོབ་ཐབས་ཧུར་ཐག་བྱས་ཏེ་གཞི་རིམ་གྱི་རྨང་གཞི་འཛུགས་སྐྲུན་བྱེད་པའི་ནང་འཕྲད་པའི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱས་ཡོད། དེ་ཡང་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག་ལྗོངས་ཏང་ཨུད་ཀྱིས 《“དྲང་བདེན་གཞི་རིམ་རྨང་གཞིའི་ལས་གཞི ”ལག་བསྟར་བྱེད་རྒྱུའི་བསམ་འཆར 》བརྒྱུད་སྤེལ་བྱས་པ་དང་། “ཏང་ཨུད་ཀྱིས་མཐོང་ཆེན་བྱེད་པ་དང་། སྲིད་གཞུང་གིས་རྒྱབ་སྐྱོར་བྱེད་པ། ཕྱོགས་ཁག་གིས་གཞོགས་འདེགས་བྱེད་པ ”བཅས་ཀྱི་གཞི་རིམ་རྨང་གཞིའི་འཛུགས་སྐྲུན་ལམ་སྲོལ་བཙུགས་ཡོད། གཞི་རིམ་གྱི་ཏང་རྩ་འཛུགས་དང་འདྲི་གཅོད་རྩ་འཛུགས་ལེགས་སྐྱོང་བྱེད་རྒྱུར་སྐུལ་སྤེལ་ཧུར་ཐག་བཏང་ཞིང་། ལྗོངས་ཏང་ཨུད་རྩ་འཛུགས་པུའི 《རྫོང་(གྲོང་ཁྱེར་དང་ཆུད )ཁག་གི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་ལ་ཏང་ཙུའུ་འཛུགས་རྒྱུའི་འབྲེལ་ཡོད་གནད་དོན་སྐོར་གྱི་བརྡ་ཐོ 》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་གཞི་རིམ་ཁྲིམས་ཁང་53ལ་ཏང་ཙུའུ་བཙུགས་པ་དང་། གཞི་རིམ་ཁྲིམས་ཁང་ཁ་ཤས་ལ་འདྲི་གཅོད་ཨུ་ཡོན་ལྷན་ཁང་དང་ནང་ཁུལ་ལས་ཁུངས་འཐུས་ཚང་དུ་བཏང་ཡོད། ནོར་སྲིད་སོགས་སྡེ་ཚན་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ་རིམ་གསུམ་ཁྲིམས་ཁང་གི་གྲོན་དངུལ་འགན་སྲུང་ལམ་སྲོལ་འཐུས་ལེགས་སུ་བཏང་བ་དང་འགན་སྲུང་ཚད་གཞི་མཐོ་རུ་སྔར་ལས་ལྷག་པ་བཏང་ཡོད། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་དངོས་པོའི་སྒྲིག་ཆས་བཟོ་སྐྲུན་བྱེད་རྒྱུའི་ཐད “འཆར་འགོད་གཅིག་གྱུར་དང་། ཚད་གཞི་གཅིག་གྱུར། བགོ་སྒྲིག་གཅིག་གྱུར། དོ་དམ་ཚད་ལྡན ”བཅས་བྱེད་རྒྱུ་གཏན་འཁེལ་བཟོས་ཡོད། ལྗོངས་ཏང་ཨུད་ཀྱི་བྱམས་བརྩེའི་ཐུགས་ཁུར་དང་ལྗོངས་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་ལྗོངས་ཡོངས་ཀྱི་གཞི་རིམ་ཁྲིམས་ཁང་གི་འདྲི་གཅོད་ཁྲིམས་ས་འཛུགས་སྐྲུན་བྱེད་རྒྱུ་ཆ་ཚང་ལེགས་སྒྲུབ་ཟིན་པ་དང་། མི་དམངས་ཁྲིམས་ས་འཛུགས་སྐྲུན་བྱེད་བཞིན་ཡོད་པ། ཁེབས་རྒྱ་ཆེ་བ་དང་ཞབས་ཞུ་མང་བ། སྐབས་བསྟུན་མྱུར་བ་བཅས་ཀྱི “འཁོར་ཐོག་སྐོར་སྐྱོད་ཁྲིམས་ས ”ཁག་73ཕྱོགས་ཡོངས་ནས་ལས་འགོ་བཙུགས་པས་ཞབས་ཞུའི་ལས་ཕྱོད་ཆེ་རུ་སོང་བ་དང་མང་ཚོགས་ལ་སྟབས་བདེ་སྐྲུན་ཡོད། མཐོ་རིམ་ཁྲིམས་ཁང་གི་ཉེས་དོན་ཕྱོགས་བསྡུས་ཁྲིམས་ས་དང་གཏུག་བཤེར་འཚོལ་ཞིབ་ལྟེ་གནས། ལྷ་ས་འབྲིང་རིམ་ཁྲིམས་ཁང་གི་འདྲི་གཅོད་ཕྱོགས་བསྡུས་ཁང་ཆེན། ས་གནས་དྲུག་གི་ཁྲིམས་ར་སོགས་གཙོ་གནད་རྣམ་གྲངས་རྣམས་འཛུགས་སྐྲུན་ཟིན་ནས་བེད་སྤྱོད་བྱེད་ཉེར་ཡོད། བོད་སྐྱོར་ལས་ཀའི་ཐད་གྲུབ་འབྲས་གསར་པ་ཐོབ་ཅིང་། ན་ནིང་ཆེས་མཐོའི་མི་དམངས་ཁྲིམས་ཁང་ཏང་ཙུའུ་ཡིས་མཉམ་སྡེབ་ཐོག་མཐོ་རིམ་ཁྲིམས་ཁང་ཏང་ཙུའུ་ཡི་ཆེད་དོན་སྙན་ཞུ་གསན་ནས་བོད་ཀྱི་ཁྲིམས་ཁང་གི་ལས་དོན་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་ཕྱོགས་མཚུངས་བོད་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་བསམ་གཞི་ཁ་གསལ་བཟོས་ཏེ་ད་ལོ་ཆེད་མངགས་ཚོགས་འདུ་ཚོགས་ནས་རྒྱལ་ཡོངས་ཀྱི་ཁྲིམས་ཁང་གིས་ཐེངས་གསར་པའི་བོད་སྐྱོར་ལས་དོན་སྤེལ་འགོ་འཛུགས་རྒྱུའི་གཏན་འབེབས་བྱས་ཡོད།

        (དྲུག )ཏང་གི་འགོ་ཁྲིད་མཐའ་འཁྱོངས་ཐོག་རང་རྟོགས་ངང་ལྟ་སྐུལ་དང་ལེན་བྱས་ཏེ་ཁྲིམས་ཁང་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་འགན་སྲུང་ཐུབ་པ་བྱས་པ།

        ལྗོངས་ཡོངས་ཀྱི་རིམ་ཁག་ཁྲིམས་ཁང་གིས་ཐོག་མཐའ་བར་གསུམ་དུ་ཏང་གིས་ཁྲིམས་འཛིན་འདྲི་གཅོད་ལས་ཀར་འགོ་ཁྲིད་གཙང་བཙན་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དང་། ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་ཇུས་བཀོད་ལག་བསྟར་ཏན་ཏིག་བྱེད་པ་དང་། ཡང་དག་པའི་ཁྲིམས་འཛིན་འདུ་ཤེས་བརྟན་པོ་བཙུགས་ཏེ་དོན་ཆེན་དང་ལེན་ཞུས་ནས་འདྲི་གཅོད་ལས་ཀ་དམ་འཛིན་བྱེད་པ་དང་། དོན་ཆེན་ལ་ཞབས་འདེགས་ཞུས་ཏེ་གཞི་མཐུན་ཡོང་རྒྱུར་སྐུལ་འདེད་བཏང་ནས་ཁྲིམས་འཛིན་འདྲི་གཅོད་ལས་ཀའི་ཆབ་སྲིད་རང་བཞིན་དང་། མི་དམངས་རང་བཞིན། བཅའ་ཁྲིམས་རང་བཞིན་བཅས་ཚད་མཐོའི་གཅིག་གྱུར་ཐུབ་པ་བྱས་ཡོད། གལ་ཆེའི་ཁྲིམས་འཛིན་འདྲི་གཅོད་དོན་དག་དང་། གྱོད་གཞི་གནད་ཆེའི་རིགས། གནད་དོན་གལ་ཆེ་རིགས་བཅས་ཏང་ཨུད་ལ་དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་མཐའ་འཁྱོངས་བྱས་ཏེ་བཅའ་ཁྲིམས་བཀོལ་སྤྱོད་དང་སྲིད་ཇུས་ལག་བསྟར་བྱེད་རྒྱུ་གཅིག་གྱུར་ནུས་ལྡན་ཐུབ་པ་བྱས་ཡོད།

        《ལྟ་སྐུལ་བཅའ་ཁྲིམས 》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས་ཀྱི་ལྟ་སྐུལ་དང་ལས་ཀའི་ལྟ་སྐུལ་ལ་མཐོང་ཆེན་བྱས་ཏེ་རང་རྟོགས་ངང་དང་ལེན་ཞུས་ཡོད། ཁྲིམས་ཁང་གི་ལས་དོན་སྙན་ཞུའི་ལམ་ལུགས་དང་། ཁྲིམས་དཔོན་བསྐོ་འཐེན་ལམ་ལུགས། གྲོས་འཆར་དང་གྲོས་གཞི་གཉེར་སྒྲུབ་ལམ་ལུགས་བཅས་ལག་བསྟར་ནན་པོ་བྱས་ཡོད། རིམ་ཁག་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་སྒྱུར་ཞིབ་བཤེར་བྱེད་རྒྱུར་གཞོགས་འདེགས་ཧུར་ཐག་བྱེད་པ་དང་། རང་འགུལ་ངང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཁྲིམས་ཁང་གི་ལས་ཀར་རྟོག་ཞིབ་དང་གྱོད་གཞི་འདྲི་ཞིབ་ལ་ཟུར་ཉན་བྱེད་པར་གདན་འདྲེན་ཞུས་ནས་སྤྱི་ཚོགས་ལས་རིགས་ཁག་གི་བསམ་འཆར་དང་གྲོས་འགོ་ཉན་འཇོག་བྱེད་རྒྱུར་མཐོང་ཆེན་བྱས་ཏེ་ལས་ཀ་ལེགས་བཅོས་ཧུར་ཐག་བྱས་ཡོད། ལོ་ཧྲིལ་པོར་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་གྱོད་ཞིབ་ཁག་98ལ་མི་ཐེངས་590ཟུར་ཉན་བྱེད་པར་གདན་འདྲེན་ཞུས་པ་དང་། ཁྲིམས་ཁང་གི་ལས་དོན་ལ་རྟོག་ཞིབ་བྱེད་པར་མི་ཐེངས་536གདན་འདྲེན་ཞུས་ཏེ་སྐྱོན་བརྗོད་དང་། བསམ་འཆར། གྲོས་འགོ་བཅས་ཁག་གསུམ་དུས་ཐོག་ཏུ་གཉེར་སྒྲུབ་ལན་འདེབས་ཞུས་ཡོད། ཞིབ་དཔྱོད་ལྟ་སྐུལ་ལ་ཚད་མཐོའི་མཐོང་ཆེན་དང་ལྟ་སྟངས་ནན་པོ་བཟུང་སྟེ་ཁྲིམས་ལུགས་ལྟར་རིགས་འདྲ་མིན་གྱི་བསྐྱར་གཅོད་ཞུ་གཏུག་གྱོད་གཞིར་དྲང་གཞག་འདྲི་ཞིབ་བྱས་ནས་ལྷག་བསྡད་པའི་གནད་དོན་ལ་དུས་ཐོག་ཏུ་ཞིབ་བཤེར་དང་ཡོ་བསྲང་བྱས་ཏེ་གྱོད་ཞིབ་གོ་རིམ་ཁྲིམས་དང་མཐུན་པ་དང་། དབྱེ་གཅོད་ཁྲིམས་གཞི་དྲང་གཞག་ཐུབ་པ་བྱས་ཡོད་ཅིང་། བསྐྱར་གཅོད་ཞུ་གཏུག་གྱོད་གཞི་ཁག་13བདག་སྤྲོད་བྱས་ཁོངས་ནས་གྱོད་ཁག་11ཞིབ་གཅོད་མཐའ་འདོམས་བྱས་པ་དང་ཁྲིམས་ལུགས་གཞིར་བཟུང་གྱོད་ཁག་4བཅད་མཚམས་སྒྱུར་ཡོད།

        འདས་ཟིན་པའི་ལོ་གཅིག་གི་ལས་ཀར་ཕྱི་མིག་ལྟ་སྐབས་ང་ཚོར་མྱོང་ཚོར་ཟབ་མོ་བྱུང་བ་སྟེ། དུས་བབ་གསར་པའི་ནང་རང་ལྗོངས་ཀྱི་ཁྲིམས་ཁང་ལས་དོན་ཡག་པོ་བསྒྲུབ་དགོས་ན། ངེས་པར་དུ་ཏང་གི་བྱ་གཞག་གོང་དུ་བཀུར་བ་དང་། མི་དམངས་ཀྱི་ཁེ་ཕན་གོང་དུ་བཀུར་བ། རྩ་ཁྲིམས་བཅའ་ཁྲིམས་གོང་དུ་བཀུར་བ་བཅས་མཐའ་འཁྱོངས་བྱས་ཐོག་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཁྱོན་ཡོངས་ཀྱི་འདུ་ཤེས་དང་། ཆབ་སྲིད་ཀྱི་འདུ་ཤེས། སྲིད་སྐྱོང་གི་འདུ་ཤེས། སེམས་ཁྲལ་བྱེད་སེམས། འགན་འཁྲི་ཁུར་སེམས་བཅས་བརྟན་པོ་བཅངས་ཐོག ཏང་གི་འགོ་ཁྲིད་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་རང་འགུལ་ངང་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་ལེན་དང་ཏང་གིས་བོད་ལ་འཛིན་པའི་ལས་དོན་སྤྱི་ཡོངས་ལ་བརྩི་བཀུར་དང་ཞབས་འདེགས་ཞུ་དགོས་པ། ངེས་པར་དུ་ཉེས་དོན་དང་དམངས་དོན་མཉམ་འཛིན་མཐའ་འཁྱོངས་བྱས་ཏེ་ཉེས་དོན་འདྲི་གཅོད་ཀྱི་གཙོ་གནད་དེ་ཁ་ཕྲལ་ལ་ངོ་རྒོལ་དང་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོབ་བྱེད་རྒྱུའི་ཐོག་བཞག་ནས་མཐའ་འཁྱོངས་བྱེད་དགོས་པ་དང་། དམངས་དོན་འདྲི་གཅོད་ཀྱི་གཙོ་གནད་དེ་འགལ་བ་དང་རྩོད་ཪྙོག་སེལ་རྒྱུ་དང་གཞི་མཐུན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འབྲེལ་བ་འཛུགས་རྒྱུའི་ཐོག་བཞག་ནས་མཐའ་འཁྱོངས་བྱས་ཏེ་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། གཞི་མཐུན་བོད་ལྗོངས་བཅས་སྐྲུན་རྒྱུར་དེ་བས་ནུས་པ་ལྡན་པའི་ཁྲིམས་འཛིན་གྱི་འགན་སྲུང་བྱེད་དགོས་པ། ངེས་པར་དུ་མི་རྩ་བར་འཛིན་རྒྱུ་དང་དམངས་ཀྱི་འཚོ་བ་འགན་སྲུང་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཆེས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་ཡག་པོ་བསྒྲུབ་རྒྱུ་དང་། སྲུང་སྐྱོབ་ཡག་པོ་བྱེད་རྒྱུ། གོང་འཕེལ་ཡག་པོ་གཏོང་རྒྱུ་དེ་ཁྲིམས་འཛིན་འདྲི་གཅོད་ལས་ཀའི་ཐོག་མའི་དམིགས་ས་དང་དོན་ལ་བབ་སར་བརྩི་དགོས་པ། ངེས་པར་དུ་ཁྲིམས་ཁང་དཔུང་ཁག་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་གང་ཡོད་བརྒྱབ་སྟེ་མི་དམངས་མང་ཚོགས་ཀྱིས་ཡིད་མོས་བྱུང་མིན་དེ་རྩ་བའི་ཚད་གཞིར་བརྩིས་ཐོག་མི་དམངས་མང་ཚོགས་ཀྱིས་བཏོན་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་གང་ཐུབ་བྱེད་དགོས་པ་དང། དྲང་གཞག་དང་། ལས་ཕྱོད་ཆེ་བ། ཤེས་དཔལ་ལྡན་པ། སྤྱོད་གཙང་བཅས་ཀྱི་ཁྲིམས་འཛིན་བྱེད་པའི་ནུས་པ་མཐོ་རུ་ཏན་ཏིག་གཏོང་དགོས་པ། ངེས་པར་དུ་གཞི་རིམ་གྱི་རྨང་གཞིའི་ལས་ཀར་ཤུགས་སྣོན་བརྒྱབ་སྟེ་ལྟེ་གནད་གཤམ་སྒྱུར་དང་། རྨང་རྩ་གཉིས་བརྟན་ཡོང་བ་མཐའ་འཁྱོངས་བྱས་ཐོག མི་དམངས་མང་ཚོགས་ཀྱི་ཁྲིམས་འཛིན་དགོས་མཁོ་ཟམ་མི་ཆད་པར་སྐོང་ཐུབ་པ་བྱས་ཏེ་གཞི་རིམ་བརྟན་ལྷིང་དང་ཁྱོན་ཡོངས་བདེ་འཇགས་ཡོང་བའི་དམིགས་ཚད་ཧུར་ཐག་འགྲུབ་ཐུབ་པ་བྱེད་དགོས།

        འཐུས་མི་རྣམ་པ། རང་ལྗོངས་ཀྱི་ཁྲིམས་ཁང་ལ་གོང་གསལ་གྲུབ་འབྲས་ཐོབ་པ་དེ་དག་ནི་རིམ་ཁག་ཏང་ཨུད་ཀྱིས་སྟོབས་ལྡན་ཞུམ་མེད་ཀྱི་འགོ་ཁྲིད་གནང་བ་དང་། མི་དམངས་འཐུས་ཚོགས་ཀྱིས་ནུས་ལྡན་ལྟ་སྐུལ་གནང་བ། སྲིད་གཞུང་དང་སྲིད་གྲོས་དང་དེ་བཞིན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་འབྲས་བུ་རེད། འདིར་ངས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་ཁག་གི་ཚབ་ཞུས་ཏེ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

        གྲུབ་འབྲས་མཐོང་བ་དང་ཕྱོགས་མཚུངས་ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་ཐུབ་པར། རང་ལྗོངས་ཀྱི་ཁྲིམས་ཁང་གི་ལས་དོན་ཐད་ད་དུང་མི་འདེང་བའི་ཆ་དང་ཞན་ཆ་ཁ་ཤས་ཡོད་པ་གཙོ་བོ་ནི། གཅིག་ནས་སྣ་མང་ཪྙོག་འཛིང་ཆེ་བའི་རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་དང་ལྷག་པར་དུ་དམིགས་བསལ་ཛ་དྲག་ཆེ་བའི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་དུས་བབ་མདུན་དུ་ལྗོངས་ཡོངས་ཀྱི་ཁྲིམས་འཛིན་འདྲི་གཅོད་ལས་ཁུངས་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་ཡུན་རིང་རང་བཞིན་དང་། ཪྙོག་འཛིང་རང་བཞིན། རྣོ་ངར་རང་བཞིན་བཅས་ལ་འཛིན་པའི་བསམ་བློའི་ངོས་འཛིན་སྔར་ལས་ལྷག་པའི་སྒོ་ནས་མཐོ་རུ་བཏང་ཐོག ཁྲིམས་འཛིན་འདྲི་གཅོད་ལས་ཀའི་གཙོ་གནད་འཚོལ་ཞིབ་གནད་ལ་འཁེལ་བ་བྱས་ཏེ་ཧུར་བརྩོན་དང་། རང་འགུལ། གསར་གཏོད་བཅས་ཀྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་ཏེ་སྤྱི་ཚོགས་ཆབ་སྲིད་བརྟན་ལྷིང་ཡོང་བའི་ནུས་པ་སྔར་ལས་ལྷག་པའི་སྒོ་ནས་ཆེ་རུ་གཏོང་དགོས་པ། གཉིས་ནས་མི་དམངས་ནང་ཁུལ་གྱི་འགལ་བ་མངོན་གསལ་དོད་དུ་འགྲོ་བ་དང་ཆབས་ཅིག་རིགས་འདྲ་མིན་གྱི་གྱོད་གཞི་དང་ལྷག་པར་དུ་དམངས་དོན་གྱོད་གཞི་མང་དུ་ཤུགས་ཆེ་འགྲོ་གི་ཡོད་པ་དང་མི་དམངས་མང་ཚོགས་ཀྱི་ཁྲིམས་འཛིན་དགོས་མཁོ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་གི་ཡོད་པས་རིམ་ཁག་ཁྲིམས་ཁང་གིས་ཁྲིམས་སྒྱུར་གྱོད་ཞིབ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ལས་འགན་ཧ་ཅང་ལྕི་པོ་ཡིན་པ་དང་། ཁྲིམས་ཁང་དཔུང་ཁག་གི་ལས་ཕྱོད་དང་ལས་ཀའི་སྤུས་ཚད་དེ་དུས་བབ་ལས་འགན་གྱི་དགོས་མཁོ་དང་ད་དུང་རྦད་དེ་འཚམ་མཐུན་ཐུབ་ཀྱི་མེད་པ། གསུམ་ནས་ཁྲིམས་ཁང་དཔུང་ཁག་གི་ཁྲིམས་འཛིན་ནུས་པ་དང་ལྷག་པར་དུ་མང་ཚོགས་སྐུལ་སློང་དང་། མང་ཚོགས་སྒྲིག་འཛུགས། མང་ཚོགས་ལ་སློབ་གསོ་བཅས་བྱེད་རྒྱུའི་ནུས་པ་སྔར་བས་ཆེ་རུ་གཏོང་དགོས་པའི་ཐོག ཆབ་སྲིད་ཀྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་དེ་བཅའ་ཁྲིམས་ཀྱི་ཕན་འབྲས་དང་ཚད་མཐོའི་གཅིག་གྱུར་ཐུབ་པ་བྱེད་རྒྱུར་སྔར་བཞིན་ཧེ་བག་ཡོད་པ་དང་། “ལག་བསྟར་བྱེད་ཁག་པའི ”གནད་དོན་སྔར་བཞིན་མངོན་གསལ་ཆེ་ཙམ་ཡོད་པ། བཞི་ནས་གཞི་རིམ་རྨང་གཞིའི་ལས་ཀ་སྔར་བཞིན་ཞན་པོ་ཡིན་པ་དང་། གཞི་རིམ་ལས་ཀའི་ལམ་སྲོལ་དང་འགན་སྲུང་ལམ་སྲོལ་སྔར་ལས་ལྷག་པའི་སྒོ་ནས་འཐུས་ལེགས་སུ་གཏོང་དགོས་པ་དང་། མི་དམངས་མང་ཚོགས་ཁྲོད་ལས་བྱེད་ཉེན་རྟོག་པ་ཉུང་ཤས་ཀྱིས་ཁྲིམས་འཛིན་དྲང་གཞག་མི་བྱེད་པའི་གླེང་ཆ་སྔར་བཞིན་ཡོད་པ། ཁྲིམས་འཛིན་ལ་སྤྱི་མོས་ཡོང་ཚད་སྔར་ལས་ལྷག་པའི་སྒོ་ནས་ཆེ་རུ་གཏོང་དགོས་པ་སོགས་ཡོད་པས་ཞན་ཆ་དང་མ་འདེང་བའི་ཆ་དེ་དག་ང་ཚོས་ལྗོངས་ཏང་ཨུད་ཀྱི་ཞུམ་པ་མེད་པའི་འགོ་ཁྲིད་དང་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་ནུས་ལྡན་འོག་སྲིད་གཞུང་དང་། སྲིད་གྲོས། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་ལ་བརྟེན་ནས་ཆོད་སེམས་དེ་བས་ཆེ་བ་དང་བྱ་ཐབས་དེ་བས་ནུས་པ་ལྡན་པ་སྤྱད་དེ་ཐག་གཅོད་ཏན་ཏིག་བྱེད་རྒྱུ་ཡིན།

        གཉིས། 2009ལོའི་ལས་འགན།

        2009ལོ་ནི་ཀྲུང་གོ་གསར་པ་དབུ་བཪྙེས་ནས་ལོ་60འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་50འཁོར་བའི་ལོ་ཞིག་རེད་ལ། རང་ལྗོངས་ཀྱིས་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་གྱི་འགྲན་སློང་ལ་ཁ་གཏད་ཧུར་ཐག་གཅོག་རྒྱུ་དང་དཔལ་འབྱོར་གོང་འཕེལ་བརྟན་པོ་དང་ཅུང་མགྱོགས་པོ་ཡོང་རྒྱུའི་འགག་རྩའི་ལོ་ཞིག་ཀྱང་རེད། རྒྱལ་ཁབ་ཀྱི་འདྲི་གཅོད་ལས་ཁུངས་ཤིག་གི་ངོས་ནས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་ཁག་གིས་བོད་ཀྱི་སྤྱི་ཚོགས་གཞི་མཐུན་དང་བརྟན་ལྷིང་སྲུང་སྐྱོབ་བྱེད་རྒྱུ་དང་། དཔལ་འབྱོར་གོང་འཕེལ་བརྟན་པོ་དང་ཅུང་མགྱོགས་པོ་ཡོང་རྒྱུའི་ནང་ལས་འགན་དེ་བས་དཀའ་ཚེགས་ཆེ་ལ་འགན་འཁྲི་དེ་བས་ཀྱང་ལྕི་པོ་འཁུར་དགོས་ཀྱི་ཡོད། ལོ་གསར་པའི་ནང་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ལས་ཀའི་སྤྱིའི་བླང་བྱ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པས་མཛུབ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང “གོང་དུ་བཀུར་བ་གསུམ ”གྱི་མཛུབ་ཁྲིད་བསམ་བློ་མཐའ་འཁྱོངས་ཐོག་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ། ལྗོངས་ཏང་ཨུད་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་ཚོགས་འདུ་ཐེངས་བཞི་པ། ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ། ཐེངས་འདིའི་འཐུས་མི་ཚོགས་ཆེན་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ “ཁ་ཕྱོགས་སྟངས་འཛིན་དང་། ཚན་ཁག་འཛིན་སྐྱོང་། དཔུང་ཁག་སྣེ་ཁྲིད། ལས་ཀར་སྐུལ་འདེད་གཏོང་བ ”བཅས་ཀྱི་གཞི་རྩའི་བསམ་གཞི་གཞིར་བཟུང་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་ལག་ལེན་གཏིང་ཟབ་བྱེད་པའི་བྱེད་སྒོ་ཏན་ཏིག་སྤེལ་རྒྱུ་གོ་སྐབས་སུ་བརྩིས་ནས་གོང་འཕེལ་འགན་སྲུང་དང་། དམངས་ཀྱི་འཚོ་བ་འགན་སྲུང་། བརྟན་ལྷིང་འགན་སྲུང་བཅས་བྱེད་རྒྱུར་ཤུགས་གང་ཡོད་རྒྱག་དགོས་པ་དང་། ཉེས་དོན་དང་དམངས་དོན་མཉམ་འཛིན་མཐའ་འཁྱོངས་བྱས་ཏེ་འདྲི་གཅོད་འགན་ནུས་འདོན་སྤེལ་དང་། ཁྲིམས་འཛིན་ནུས་པ་ཆེ་རུ་གཏོང་བ། གཞི་རིམ་གྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་གོང་འཕེལ་བརྟན་པོ་དང་ཅུང་མགྱོགས་པོ་ཡོང་བ་དང་སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་རྒྱུ་དང་། འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། གཞི་མཐུན་བོད་ལྗོངས་བཅས་སྐྲུན་རྒྱུར་དེ་བས་ནུས་སྟོབས་ལྡན་པའི་ཁྲིམས་འཛིན་གྱི་འགན་སྲུང་བྱེད་རྒྱུ་དེ་ཡིན།

        དང་པོ། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོ་ཡོང་བ་དང་ཁྲིམས་འཛིན་འདུ་ཤེས་འགྱུར་ལྡོག་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་པ།

        ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པའི་བྱེད་སྒོ་ཏན་ཏིག་ངང་སྤེལ་ནས་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཐོག་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུ་དང་མི་མཐུན་པ་དང་མི་འཚམ་པའི་བསམ་བློའི་ལྟ་བ་འགྱུར་ལྡོག་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས “གོང་དུ་བཀུར་བ་གསུམ ”གྱི་ལྟ་བ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ལྟ་བ། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་བྱེད་པའི་ལྟ་བ། རྒྱལ་ཁབ་དང་རང་ལྗོངས་ཀྱི་གནས་ཚུལ་ལ་བསྟུན་པའི་ལྟ་བ། རང་རྟོགས་ངང་ལྟ་སྐུལ་དང་ལེན་ཞུ་བའི་ལྟ་བ་བཅས་བརྟན་པོ་བཙུགས་ཏེ་ཆབ་སྲིད་ཀྱི་ཚོར་རྣོའི་རང་བཞིན་དང་དབྱེ་གསལ་འབྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། “དར་ཆ་གང་ཞིག་བསྒྲེང་དགོས་པ་དང་། ལམ་གང་ཞིག་ཏུ་སྐྱོད་དགོས་པ། དམིགས་ཚད་གང་འདྲ་ཞིག་ལ་ཕྱོགས་ནས་མདུན་སྐྱོད་བྱེད་དགོས་པ ”སོགས་གལ་ཆེའི་རྩ་དོན་ཐོག་ངོས་འཛིན་གཅིག་གྱུར་དང་། བསམ་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་རྒྱུ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། རྒྱལ་ཁབ་ཀྱི་བདེ་འཇགས་བཅས་སྲུང་སྐྱོབ་བྱེད་རྒྱུ་སོགས་འགྲིག་མིན་གནད་དོན་ཐད་ལངས་ཕྱོགས་བརྟན་པོ་དང་། དར་ཆ་གསལ་སྟོན། བྱ་སྤྱོད་ཐག་ཆོད་པོ་བཅས་བྱས་ནས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་བྱེད་པའི་སྒོ་འཛུགས་ས་དང་དོན་ལ་འབབ་ས་འཚོལ་ཞིབ་གནད་ལ་འཁེལ་བ་བྱས་ཏེ་ཁྱོན་ཡོངས་ལ་ཞབས་ཞུ་ཧུར་ཐག་བསྒྲུབ་པ་དང་ནུས་ཤུགས་ཡོད་རྒུས་མི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་བྱེད་དགོས།

        གཉིས་པ། འགན་འཁྲི་ཨང་དང་པོ་ནན་ཏན་བསྒྲུབ་རྒྱུ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་རང་ལྗོངས་ཀྱི་དུས་བབ་བརྟན་ལྷིང་ཡོང་བ་བྱེད་རྒྱུའི་ཐོག་ཤུགས་སྣོན་རྒྱག་དགོས་པ།

        ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་ལས་འགན་ཨང་དང་པོར་བཞག་ནས “སྲུང་སྐྱོང་གསུམ ”གྱི་དར་ཆ་མཐོན་པོར་བསྒྲེང་ཐོག ཁྲིམས་འཛིན་འདྲི་གཅོད་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་ལ་ཁྲིམས་ལུགས་གཞིར་བཟུང་རྡུང་རྡེག་ཚ་ནན་གཏོང་དགོས་པ་དང་། འཐབ་རྩོད་ཀྱི་རང་འགུལ་དབང་ཆ་རང་ལག་ཏུ་དམ་པོར་བཟུང་དགོས་པ་དང་གཅིག ནག་ཚོགས་ངན་རེངས་ཕྱོགས་གཏོགས་ཀྱི་ཉེས་གསོག་དང་ཚབས་ཆེའི་གཏུམ་སྤྱོད་ཉེས་གསོག་སོགས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གནོད་འཚེ་གཏོང་བའི་ཉེས་དོན་ཉེས་གསོག་རིགས་གཙོ་གནད་དུ་བཞག་ནས་རྡུང་རྡེག་བཏང་སྟེ་སྤྱི་ཚོགས་བདེ་འཇགས་བཅོས་སྐྱོང་དང་སྟངས་འཛིན་བྱེད་པའི་མ་ལག་ནང་ཉེས་དོན་འདྲི་གཅོད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་དུས་བདེའི་བོད་ལྗོངས་སྐྲུན་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་དང་གཉིས། “སྲོག་ཁྲིམས་གཅོད་རྒྱུ་སོར་འཇོག་དང་། སྲོག་ཁྲིམས་བཀོལ་སྤྱོད་གཟབ་ནན་བྱེད་པའི ”མཛད་ཕྱོགས་ལག་བསྟར་མཐའ་གཅིག་ཏུ་བྱས་ཐོག ནན་ཡང་ཟུང་གཅོད་མཐའ་འཁྱོངས་བྱས་ཏེ་ཉེས་གསོག་ལ་རྡུང་རྡེག་གཏོང་རྒྱུ་དང་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་རྒྱུ་གལ་ཆེ་མཉམ་འཛིན་གྱིས་མཐའ་འཁྱོངས་བྱེད་དགོས་པ་དང་གསུམ་ཡིན།

        གསུམ་པ། ལས་འགན་ཨང་དང་པོར་རང་འགུལ་ངང་ཞབས་འདེགས་ཞུས་ཏེ་དཔལ་འབྱོར་གོང་འཕེལ་བརྟན་པོ་དང་ཅུང་མགྱོགས་པོ་ཡོང་བ་དང་སྤྱི་ཚོགས་གཞི་མཐུན་ཡོང་རྒྱུར་ཤུགས་སྣོན་རྒྱག་དགོས་པ།

        དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བའི་གནས་ཚུལ་གསར་པ་དང་འགྱུར་ལྡོག་གསར་པར་དོ་ཁུར་ཆེན་པོ་བྱས་ཏེ་གོང་འཕེལ་གཏོང་རྒྱུར་ཞབས་ཞུ་བྱེད་པའི་ལྟ་བ་དང་བྱ་ཐབས་གསར་གཏོད་ཧུར་ཐག་བྱེད་དགོས་པ་དང་། དམངས་དོན་འདྲི་གཅོད་ཀྱི་ཁྱད་ཡོན་འདོན་སྤེལ་གང་ལེགས་བྱས་ནས་ཁྲིམས་འཛིན་གྱི་སྙོམས་སྒྲིག་བྱ་ཐབས་བེད་སྤྱོད་མཁས་པོ་བྱས་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ཤིང་མྱུར་བའི་སྒོ་ནས་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་པ། རང་ལྗོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཇུས་བཀོད་ལག་བསྟར་ནན་ཏན་བྱས་ཏེ “འགག་སྒྲོལ་གསར་པ་དྲུག ”མངོན་འགྱུར་ཡོང་བར་དམིགས་ནས་རྣམ་གྲངས་ཐད་མ་འཇོག་བྱེད་རྒྱུར་རྒྱབ་སྐྱོར་དང་། “ཞིང་གསུམ ”ལས་ཀར་ཞབས་ཞུ། ཁྱད་ལྡན་ཐོན་ལསགོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། འབྱུང་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། སྤྱི་ཚོགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ། ལམ་སྲོལ་དང་སྒྲིག་སྲོལ་བསྒྱུར་བཅོས་ལ་སྐུལ་སྤེལ་གཏོང་རྒྱུ་སོགས་ཐད་ཀྱི་ཁྲིམས་འཛིན་གནད་དོན་ཞིབ་འཇུག་ཐག་གཅོད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་དང་གཞི་མཐུན་ངང་གོང་འཕེལ་གཏོང་རྒྱུར་ནུས་པ་ལྡན་པའི་ཁྲིམས་འཛིན་གྱི་འགན་སྲུང་བྱེད་དགོས་པ། དམངས་ཀྱི་འཚོ་བར་དོ་ཁུར་ཆེན་པོ་དང་། དམངས་ཀྱི་འཚོ་བ་འགན་སྲུང་། དམངས་ཀྱི་འཚོ་བར་ཡར་སྐུལ་བཅས་བྱས་ཏེ་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གླེང་ཆ་ཆེ་བ་དང་དཀའ་གནད་ཆེ་བའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་པ་དང་། ཆབ་སྲིད་དང་རྩ་འཛུགས་ཀྱི་ཁྱད་ཡོན་འདོན་སྤེལ་བྱེད་རྒྱུ་དང་ཁྲིམས་འཛིན་གྱི་བྱ་ཐབས་སྤྱོད་རྒྱུ་གལ་ཆེ་མཉམ་འཛིན་བྱས་ནས་མཐའ་འཁྱོངས་བྱེད་རྒྱུ་དང་། འདུམ་འགྲིག་དམིགས་བསལ་གྱིས་སྔོན་ལ་བྱེད་པ་དང་། འདུམ་འགྲིག་དང་འདྲི་གཅོད་ཟུང་འབྲེལ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་འདུམ་འགྲིག་དང་། མཐུན་སྦྱོར། འཆམ་འགྲིག་སོགས་ཀྱི་བྱ་ཐབས་སྤྱད་ནས་འགལ་བ་དང་རྩོད་ཪྙོག་སེལ་གང་ཐུབ་བྱས་ཏེ་གྱོད་ཐག་བཅད་རྗེས་ཪྙོག་དྲ་མེད་པ་དང་བློ་བདེ་བག་ཕེབས་ཡོང་བ་བྱེད་དགོས།

        བཞི་པ། ཁྲིམས་འཛིན་སྤྱོད་ཚུལ་ལེགས་བཅོས་དང་། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་ཐུབ་པ་བྱེད་རྒྱུའི་ཐོག་ཤུགས་སྣོན་རྒྱག་དགོས་པ།

        《ཁྲིམས་འཛིན་སྒྲིག་སྲོལ་དང་ལས་ཀའི་ལམ་སྲོལ་བསྒྱུར་བཅོས་བྱེད་རྒྱུའི་གནད་དོན་འགའ་ཞིག་སྐོར་གྱི་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་བསམ་འཆར 》ལག་བསྟར་ནན་ཏན་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཁྲིམས་འཛིན་དགོས་མཁོར་དམིགས་པ་དང་། མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་རྒྱུ་རྩ་བར་འཛིན་པ། སྤྱི་ཚོགས་གཞི་མཐུན་ཡོང་རྒྱུ་གཙོ་རྐང་དུ་བྱེད་པ། དབང་ཆར་ལྟ་སྐུལ་གཅུན་སྡོམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་འཇོག་པ་བཅས་བྱས་ནས་རང་ལྗོངས་ཁྲིམས་ཁང་གི་ཁྲིམས་འཛིན་སྒྲིག་སྲོལ་དང་ལས་ཀའི་ལམ་སྲོལ་སྔར་བས་འཐུས་ལེགས་སུ་གཏོང་དགོས་པ། ལག་བསྟར་གསོག་ཐེབས་གྱོད་གཞི་གཅིག་སྡུད་ཐོག་གཙང་སེལ་བྱེད་པའི་བྱེད་སྒོ་མུ་མཐུད་སྤེལ་ཏེ “ལག་བསྟར་བྱེད་ཁག་པའི ”གནད་དོན་ཐག་གཅོད་བྱེད་རྒྱུའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་ཞིག་འཚོལ་ཞིབ་ཧུར་ཐག་བྱེད་དགོས་པ། གཏུག་བཤེར་བྱེད་ལམ་ཤར་གཏོང་ཐུབ་པ་དང་། གྱོད་ཁོངས་སུ་འཇུག་རྒྱུའི་ལམ་སྲོལ་འཐུས་ལེགས་སུ་བཏང་ནས་གཏུག་བཤེར་མཛུབ་ཁྲིད་དང་ཉེན་ཟོན་དྲན་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཞུ་གཏུག་དང་འབྲེལ་བ་ཡོད་པའི་ཡིག་འབུལ་ཞུ་བཅར་གྱི་གནད་དོན་ཐག་གཅོད་འཚམ་པོ་བྱེད་དགོས་པ། “འཁོར་ཐོག་སྐོར་སྐྱོད་ཁྲིམས་ས ”འཐུས་ཚང་དུ་ཧུར་ཐག་གཏོང་བ་དང་། སྐོར་སྐྱོད་གྱོད་ཞིབ་ཀྱི་གོ་རིམ་ཚད་ལྡན་བཟོས་ཏེ། ས་ཡུལ་དངོས་ལ་གྱོད་ཞིབ་འདུམ་འགྲིག་བྱེད་པ་དང་། རང་འགུལ་ངང་ཁྲིམས་ལུགས་སྒོ་རྩར་སྐྱེལ་བ། བཅའ་ཁྲིམས་སྲིད་ཇུས་དྲིལ་བསྒྲགས་བྱེད་པ། ཡུལ་བབ་དམངས་འདུན་ཤེས་རྟོགས་བྱེད་པ་བཅས་ཀྱིས་འདྲི་གཅོད་འགན་ནུས་ཁྱབ་རྒྱ་ཆེ་རུ་གཏོང་དགོས་པ། ཁྲིམས་འཛིན་རོགས་སྐྱོབ་ལམ་ལུགས་འཐུས་ཚང་འཛུགས་པ་དང་ཁྲིམས་འཛིན་རོགས་སྐྱོབ་བྱེད་རྒྱ་ཆེ་རུ་བཏང་ནས་ཁྲིམས་འཛིན་ལས་ཀར་གོང་འཕེལ་ཡར་ཐོན་བྱུང་བའི་འབྲས་བུ་རྣམས་མི་དམངས་མང་ཚོགས་ཀྱིས་མཉམ་དུ་ལོངས་སྤྱོད་ཐུབ་པ་བྱེད་དགོས།

        ལྔ་པ། དཔུང་ཁག་གི་བྱང་ཚད་གོང་མཐོར་གཏོང་རྒྱུ་དང་ཁྲིམས་འཛིན་གྱི་ཀུན་མོས་ཡོང་ཚད་ཆེ་རུ་གཏོང་རྒྱུའི་ཐོག་ཤུགས་སྣོན་རྒྱག་དགོས་པ།

        “ཆབ་སྲིད་ལ་བརྟེན་ནས་ཁྲིམས་ཁང་སྐྱོང་བ ”དང་། “ཤེས་ལྡན་པར་བརྟེན་ནས་ཁྲིམས་ཁང་ཡར་རྒྱས་གཏོང་བ ” “ཀུན་མོས་ལ་བརྟེན་ནས་ཁྲིམས་ཁང་འཛུགས་པ ”བཅས་གལ་ཆེ་མཉམ་འཛིན་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་བསམ་བློ་ཆབ་སྲིད་ལེགས་སྐྱོང་དང་། འགོ་ཁྲིད་ཚན་ཁག་ལེགས་སྐྱོང་། ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་། ཁྲིམས་འཛིན་ནུས་པ་འཛུགས་སྐྱོང་བཅས་བྱེད་རྒྱུ་མཉམ་འཛིན་བྱས་ཐོག་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་དང་མང་ཚོགས་ལ་ལས་ཀ་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་རྒྱུ་ལྟེ་བར་བཟུང་སྟེ “བློས་འགེལ་ཆོག་པ་དང་། ཡིད་རྟོན་རུང་བ། ནང་བྱན་ཆུད་པ། འཇོན་ཐང་ཡོད་པ ”བཅས་ཀྱི་ཁྲིམས་དཔོན་དཔུང་ཁག་ཅིག་སྐྱེད་བསྲིང་བྱས་ནས་སེམས་ནང་ཏང་དང་། མི་དམངས། ཁྲིམས། བདེན་དོན་བཅས་ཡོད་པ་བྱས་ཏེ་ཁྲིམས་འཛིན་ཀུན་མོས་ཡོང་ཚད་ཆེ་རུ་ཏན་ཏིག་གཏོང་དགོས།

    དྲུག་པ། རྨང་རྩ་གཉིས་བརྟན་ཡོང་བ་དང་གཞི་རིམ་རྨང་གཞིའི་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ།

        ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་རྒྱུན་མཐུད་ནས་གོང་འཕེལ་གཏོང་རྒྱུར་དམིགས་ཏེ་གཞི་རིམ་ལ་ཁ་ཕྱོགས་པ་དང་། གཞི་རིམ་ལ་ཞབས་འདེགས་ཞུ་བ། གཞི་རིམ་འཛུགས་སྐྲུན་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ནས “དྲང་བདེན་གྱི་གཞི་རིམ་རྨང་གཞིའི་ལས་གཞི ”ལག་བསྟར་ཤུགས་ཆེ་བྱས་ཏེ་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་། ཕུགས་རིང་གི་འཆར་གཞི་ཇུས་འགོད་བྱེད་པ། རྩ་བ་བཅོས་སྐྱོང་བྱེད་པའི་ཐབས་ཇུས་འཚོལ་ཞིབ་བྱེད་པ་བཅས་བྱས་ནས་རང་ལྗོངས་ཁྲིམས་ཁང་གི་གཞི་རིམ་རྨང་གཞིའི་ལས་ཀའི་ཆུ་ཚད་ཕྱོགས་ཡོངས་ནས་གོང་མཐོར་གཏོང་དགོས། དེ་བཞིན་རིག་སྟོབས་ཤེས་ལྡན་པའི་ཐོག་ནས་རོགས་སྐྱོར་བྱེད་རྒྱུ་སྣེ་འདྲེན་དུ་བྱེད་པ་དང་། རྣམ་གྲངས་ཐད་ནས་རོགས་སྐྱོར་བྱེད་རྒྱུ་བྱ་ཐབས་སུ་འཛིན་པ། འཇོན་ཐང་དང་བྱང་ཚད་མཐོ་རུ་གཏོང་རྒྱུ་དམིགས་ཚད་དུ་འཛིན་པ་བཅས་ཀྱི་དུས་ཐེངས་གསར་པའི་རྒྱལ་ཡོངས་ཁྲིམས་ཁང་གི་ག་སྦྱར་བོད་སྐྱོར་ལས་དོན་སྤེལ་འགོ་འཛུགས་རྒྱུའི་འབད་བརྩོན་བྱེད་དགོས།

        འཐུས་མི་རྣམ་པ། ལྗོངས་ཏང་ཨུད་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་ཚོགས་འདུ་ཐེངས་བཞི་པ་དང་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་རང་ལྗོངས་ཀྱི་ད་ལོའི་གོང་འཕེལ་དང་བརྟན་ལྷིང་གི་ལས་འགན་ཁག་སྒྲུབ་རྒྱུར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་བླང་བྱ་ཁ་གསལ་བཏོན་ཡོད་པས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་ཁག་གིས་གོང་འཕེལ་ལ་ཞབས་འདེགས་ཞུ་བ་དང་བརྟན་ལྷིང་སྲུང་སྐྱོབ་བྱེད་པའི་ལས་འགན་དཀའ་ཚེགས་ཆེ་ལ་གཟི་བརྗིད་ལྡན་པ་དང་། འགན་འཁྲི་ཧ་ཅང་ལྕི་པོ་ཡིན་པས་ང་ཚོས་ལྗོངས་ཏང་ཨུད་ཀྱི་སྟོབས་ལྡན་ཞུམ་མེད་ཀྱི་འགོ་ཁྲིད་འོག་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་བསམ་བློ་བཅིངས་འགྲོལ་དང་། ལམ་བཤངས་གསར་གཏོད། སྙིང་སྟོབས་རབ་འཕེལ། ལས་དོན་ཏན་ཏིག་བསྒྲུབ་པ་བཅས་བྱས་ནས་ཁྲིམས་ཁང་གི་ལས་ཀའི་རྣམ་པ་གསར་པ་ཧུར་ཐག་གཏོད་དེ་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། གཞི་མཐུན་བོད་ལྗོངས་བཅས་སྐྲུན་རྒྱུར་འབད་འཐབ་ལྷོད་མེད་བྱེད་རྒྱུ་ཡིན།

        (བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གཉིས་པའི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང་)

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།