བོད་རང་སྐྱོང་ལྗོངས་ཀྱི་2008ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2009ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་གྱི་སྙན་སྒྲོན།
འཐུས་མི་རྣམ་པ།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་མངགས་ལྟར་2008ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2009ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་འདི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུ་ཡིན་པས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པ་དང་ཟུར་ཞུགས་འཐུས་མི་རྣམ་པས་བསམ་འཆར་འདོན་རོགས་གནང་།
གཅིག 2008ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ།
2008ལོ་ནི་སྔར་རྒྱུན་དང་མི་འདྲ་བའི་དམིགས་བསལ་གྱི་ལོ་ཞིག་རེད། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ཐད་ཚོད་བགམ་ནན་པོ་འཕྲད་ཡོད་པས་དཀའ་ཚེགས་དང་བར་ཆད་མང་བའི་ཁྲོད་དུ་འབད་པ་ལྷུར་ལེན་བྱས་པ་བརྒྱུད་གོང་འཕེལ་དང་བརྟན་ལྷིང་གི་ཁྱབ་ཁོངས་གང་སར་རྒྱལ་ཁ་ཆེན་པོ་ཐོབ་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འགོ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པར་བརྟེན་གློ་བུར་དོན་རྐྱེན་སྣ་ཚོགས་ལ་ཁ་གཏད་དམིགས་ཕན་གཅོག་ཐུབ་པ་བྱུང་ནས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་དེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་དང་པོས་གྲོས་ཞིབ་ཆོག་མཆན་གནང་དོན་བཞིན་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གཏོང་ལམ་དུ་མཐའ་འཁྱོངས་བར་བསྐྱོད་ནས་“ཐོན་ལས་དང་པོའི་ཆུ་ཚད་གོང་མཐོར་གཏོང་རྒྱུ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་རྒྱུ། ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ ”བཅས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་བའི་ཐབས་ཇུས་ལག་བསྟར་ཤུགས་ཆེ་བྱས་ཡོད་པས་དཔལ་འབྱོར་དང་སྤྱི་ཚོགས་བརྟན་པོའི་ངང་གོང་འཕེལ་མྱུར་ཙམ་ཕྱིན་ཡོད་པ་དང་འཆར་གཞི་ལག་བསྟར་བྱས་ཚུལ་སྤྱིའི་ཆ་ནས་ཡག་ཙམ་བྱུང་ཡོད།
(གཅིག )གཞི་ཆེའི་སྟངས་འཛིན་ལ་ཤུགས་སྣོན་རྒྱག་གང་ཐུབ་དང་ལེགས་སྒྱུར་བྱེད་གང་ཐུབ་བྱས་པར་བརྟེན་དཔལ་འབྱོར་བརྟན་པོའི་ངང་འཕར་སྣོན་མྱུར་ཙམ་བྱུང་ཡོད།
2008ལོར “གསུམ་པའི་བཅུ་བཞིའི ”དོན་རྐྱེན་དང་། འབྲོང་པ་དང་འདམ་གཞུང་གི་ས་ཡོམ། ལྷོ་ཁ་སོགས་ལ་བྱུང་བའི་སྤྱིར་ཐོན་མྱོང་མེད་པའི་ཚབས་ཆེའི་གངས་སྐྱོན། དེ་བཞིན་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན། རྒྱལ་ནང་གི་སྤྱིར་ཐོན་མྱོང་མེད་པའི་ཚབས་ཆེའི་རང་བྱུང་གནོད་འཚེ་ལ་སོགས་པའི་རྒྱུ་རྐྱེན་མང་པོ་ཞིག་གི་ཤུགས་རྐྱེན་གྱིས་རང་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་དཀའ་ངལ་མང་པོ་འཕྲད་ཡོད། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་བླང་བྱ་བཞིན་གཞི་ཆེའི་སྟངས་འཛིན་བྱེད་རྒྱུའི་ཁ་ཕྱོགས་དང་གཙོ་གནད་འཛོལ་མེད་ཐོག་ཤུགས་ཚད་དང་མྱུར་ཚད་རན་པོ་བྱས་ནས་དཔལ་འབྱོར་གྱི་སྲིད་ཇུས་དང་བྱ་ཐབས་ལེགས་སྒྲིག་སྔ་རྗེས་ཐེངས་བཞི་བྱས་པ་དེས་དཔལ་འབྱོར་བརྟན་པོའི་ངང་འཕར་སྣོན་མྱུར་ཙམ་འགྲོ་ཐུབ་པ་བྱུང་ཡོད། ལེགས་སྒྲིག་བྱེད་ཐེངས་དང་པོ་ནི་“གསུམ་པའི་བཅུ་བཞིའི ”དོན་རྐྱེན་གྱིས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་འགལ་རྐྱེན་ཚབས་ཆེ་བཟོས་པར་དམིགས་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མ་འཇོག་དང་། ནོར་ཁྲལ། རིན་གོང་། དངུལ་རྩ་སོགས་ཐད་ནས་ལེགས་སྒྲིག་སྟངས་འཛིན་བྱ་ཐབས་ཕྱོགས་བསྡུས་སྤྱད་དེ་གྱོང་གུན་ཕོག་པའི་ཚོང་དུད་དང་འཐུས་ཤོར་སོང་བའི་ལས་རིགས་ཁག་ལ་ཁྲལ་རིན་ཆག་ཡང་དང་བོགས་གླ་ཆག་ཡང་གཏོང་བ། མ་དངུལ་གྲབས་གསོག་གིས་དངུལ་བུན་གཏོང་བ། སྐབས་འཕྲལ་རིན་གོང་སྤོར་གཅོག་བྱས་པ་སོགས་དམིགས་བསལ་གྱི་རོགས་སྐྱོར་སྲིད་ཇུས་རབ་དང་རིམ་པ་འཕྲལ་མར་བཏོན་ནས་གྱོང་གུན་ཕོག་པའི་ཚོང་དུད་ལ་རོགས་སྐྱོར་བྱས་པ་དང་། ཁྲོམ་རའི་ཟོག་གོང་སྙོམས་སྒྲིག་བྱས་པ། འཛད་སྤྱོད་ཀྱི་བསམ་པ་བབ་ལྷིང་བཟོས་པ་བཅས་ལ་བརྟེན་ཐོན་སྐྱེད་དང་གཉེར་སྐྱོང་གི་རྒྱུན་ལྡན་སྒྲིག་ལམ་མགྱོགས་མྱུར་སླར་གསོ་ཐུབ་པ་བྱུང་ཡོད། ལེགས་སྒྲིག་བྱེད་ཐེངས་གཉིས་པ་ནི་ཟླ་བ་བདུན་པར་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྷ་སའི་“གསུམ་པའི་བཅུ་བཞིའི ”དོན་རྐྱེན་དང་“5·12”དབུན་ཁྲོན་གྱི་ས་ཡོམ། དེ་བཞིན་རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་དུས་བབ་ལ་འགྱུར་བ་བྱུང་བ་བཅས་ཀྱིས་རང་ལྗོངས་ཀྱི་ལོ་སྟོད་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་ཤུགས་རྐྱེན་བཟོས་པར་དམིགས་ནས་ལོ་འཁོར་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་དམིགས་ཚད་སྐབས་འཕྲལ་བཟོ་སྐྱོར་བྱས་ཏེ་“འགན་ལེན་གསུམ ”གྱི་ལས་འགན་བཏོན་ཡོད་པ་མ་ཟད་དཔལ་འབྱོར་འཕར་སྣོན་སླར་གསོ་ཐུབ་པ་བྱེད་རྒྱུའི་དགོས་མཁོ་གཞིར་བཟུང་དཔལ་འབྱོར་འཕར་སྣོན་ལ་ཕན་སྐུལ་གཏོང་བའི་མ་འཇོག་དང་ནོར་སྲིད་ཐད་ཀྱི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཟོས་ནས་བཏོན་ཡོད། ལེགས་སྒྲིག་བྱེད་ཐེངས་གསུམ་པ་ནི་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་འཕར་ཚད་གྲངས་གནས་གཉིས་ཡན་ཟིན་ཐུབ་པའི་འགན་ལེན་བྱེད་ཕྱིར་ཟླ་བ་དགུ་པའི་ཟླ་མཇུག་ཏུ་སླར་ཡང་གཏན་འཇགས་རྒྱུ་ནོར་ལ་མ་རྩ་གཏོང་རྒྱུ་དམ་དོན་བྱེད་པ་དང་། ཐོན་ལས་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པ། འཛད་སྤྱོད་ལ་ཕན་སྐུལ་གཏོང་བ། རིན་གོང་སྟངས་འཛིན་ལ་ཤུགས་སྣོན་རྒྱག་པ། བོད་ཀྱི་དམིགས་བསལ་ཕོགས་སྣོན་སྤྲོད་པ། ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་ལས་བཟོ་ཁག་གཅིག་དང་དེ་བཞིན་ལས་ཐོག་ལས་བཟོ་བཅས་ཀྱི་སྤྲོད་གཅིག་མའི་སྡོད་ཁང་གི་ཁ་གསབ་རོགས་དངུལ་སྤྲོད་པ། ནོར་སྲིད་ཀྱི་སྤྱི་པའི་ཞབས་ཞུའི་ཐད་ཀྱི་སྤྱིར་བཏང་གཏོང་སྒོ་ཤུགས་ཆེ་རུ་གཏོང་བ། སྲིད་གཞུང་གིས་ཉོ་སྒྲུབ་བྱེད་པའི་འཛད་སྤྱོད་རྒྱ་ཆེ་རུ་གཏོང་བ། སྲིད་གཞུང་གི་ཉོ་སྒྲུབ་འཆར་གཞི་སྔ་བསྣུར་ལག་བསྟར་བྱེད་པ་སོགས་ཀྱི་བྱ་ཐབས་བཏོན་ཡོད། ལེགས་སྒྲིག་བྱེད་ཐེངས་བཞི་པ་ནི་ཟླ་བ་བཅུ་གཅིག་པར་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ནང་མཁོ་སྔར་བས་རྒྱ་ཆེར་གཏོང་རྒྱུ་དང་དཔལ་འབྱོར་བརྟན་པོའི་ངང་འཕར་སྣོན་མྱུར་ཙམ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཛད་ཇུས་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་མ་རྩ་འཇོག་ཁྱོན་ཆེ་རུ་གཏོང་རྒྱུ་དང་། མ་འཇོག་གི་ཁོར་ཡུག་ཡག་ཏུ་ཧུར་ཐག་གཏོང་རྒྱུ། འཛད་སྤྱོད་ཀྱི་དགོས་མཁོ་རྒྱ་ཆེར་གཏོང་རྒྱུ། དམངས་ཀྱི་འཚོ་བ་ཡག་ཏུ་གཏོང་གང་ཐུབ་བྱེད་རྒྱུ། ཡུལ་སྐོར་ལས་རིགས་སླར་གསོ་བྱེད་རྒྱུ། ཕྱི་ཕྱོགས་ལ་སྒོ་མོ་དབྱེ་བའི་ཆུ་ཚད་མཐོ་རུ་གཏོང་གང་ཐུབ་བྱེད་རྒྱུ། དངུལ་བུན་དང་ཁྲལ་འབབ་ཐད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་སོགས་ཕྱོགས་ལྔའི་ཐད་ནས་ནང་མཁོ་རྒྱ་ཆེར་བཏང་ནས་དཔལ་འབྱོར་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་ཁག་18བཏོན་ཡོད། དེ་དང་ཕྱོགས་མཚུངས་ད་དུང་གྲོང་ཁྱེར་དང་གྲོང་གསེབ་ལ་འགན་སྲུང་རང་བཞིན་གྱི་བདེ་འཁོད་ལས་གཞི་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ་དང་། ཡོང་འབབ་དམའ་བའི་མང་ཚོགས་ཀྱི་ཡོང་འབབ་མཐོ་རུ་གཏོང་རྒྱུ་སོགས་ནོར་སྲིད་དང་དཔལ་འབྱོར་གྱི་སྲིད་ཇུས་ཁག་9བཏོན་ཡོད། གཞི་ཆེའི་སྲིད་ཇུས་ལེགས་སྒྲིག་བྱེད་ཐེངས་འགའ་ཤས་བྱས་པ་དེས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྒྱུན་ལྡན་སྒྲིག་ལམ་སྲུང་སྐྱོང་བྱེད་རྒྱུ་དང་དཔལ་འབྱོར་མགྱོགས་མྱུར་སླར་གསོ་ཡོང་བར་ཕན་སྐུལ་གཏོང་རྒྱུའི་ཐད་ནུས་པ་ཆེན་པོ་ཐོན་ཡོད་པ་ལག་ལེན་དངོས་ཀྱི་ཐོག་ནས་ར་འཕྲོད་བྱུང་ཡོད། སྔོན་དཔག་རགས་ཙམ་བྱས་ན་ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་392ཟིན་རྒྱུ་ཡིན་པ་དེ་10.1%འཕར་གྱི་ཡོད་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་འབབ་སྨར་སྒོར་3170ཟིན་རྒྱུ་ཡིན་པ་དེ་ལོ་གོང་མ་དང་བསྡུར་ན་13.7%འཕར་གྱི་ཡོད་པ། གྲོང་མིའི་འཛད་སྤྱོད་ཀྱི་རིན་གོང་སྟོན་གྲངས་105.8ཡིན་པ་བཅས་རང་སྐྱོང་ལྗོངས་ཀྱིས་གཏན་འཁེལ་གནང་བའི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་“འགན་ལེན་གསུམ ”གྱི་དམིགས་ཚད་ཡོངས་སུ་ལེགས་གྲུབ་ཡོང་ངེས་ཡིན། ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་24.9བྱུང་བ་དེ་23.5%འཕར་ཡོད། དངུལ་རྩའི་ལས་ཁུངས་ལ་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར་820.9ཡོད་པ་དེ་ལོ་གོང་མ་དང་བསྡུར་ན་28.2%འཕར་ཡོད་པ་དང་། དངུལ་རྩའི་ལས་ཁུངས་ལ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་220ཡོད་པ་དེ་ལོ་གོང་མ་བསྡུར་ན་3.4%ཆག་ཡོད།
(གཉིས ) ཞིང་འབྲོག་ཁུལ་འཛུགས་སྐྲུན་བྱེད་རྒྱུ་ཁྱབ་སྤེལ་གཏིང་ཟབ་བཏང་བས་གྲོང་གསེབ་གསར་པར་རྣམ་པ་གསར་པ་ཐོན་པ།
འདེབས་གསོའི་ལས་རིགས་ལ་ལོ་ལེགས་བྱུང་ཞིང་། ཕྱུགས་ལས་དཔལ་འབྱོར་གྱི་ཕན་འབྲས་མཐོ་རུ་བརྟན་པོ་སོང་བ། སྔོན་དཔག་བྱས་ན་འབྲུ་རིགས་སྤྱིའི་ཐོན་འབོར་ཀྲོན་ཁྲི་95ཟིན་ངོ་ཡོད། འབྲུ་རིགས་མུའུ་རེའི་ཐོན་ཚད་དང་། དེ་བཞིན་པད་ཁ། ཚལ་རིགས། ཤ་རིགས། དཀར་ཆུ་བཅས་ཀྱི་ཐོན་འབོར་ནི་ལོ་རྒྱུས་ཐོག་གི་ཚད་མཐོ་ཤོས་ལ་སླེབས་ཀྱི་ཡོད། ཞིང་འབྲོག་མང་ཚོགས་ཀྱི་བདེ་འཁོད་ལས་གཞི་སྐྲུན་རྒྱུ་ཁྱབ་སྤེལ་ཧུར་ཐག་བཏང་བས་དུད་ཚང་ཁྲི་5.78ལ་ཁང་པ་རྒྱག་རྒྱུའི་ལས་འགན་ལེགས་གྲུབ་ཟིན་ཡོད། རྒྱལ་ཁབ་ཀྱི་མ་དངུལ་སྒོར་དུང་ཕྱུར་4.5བཀོད་སྒྲིག་བྱས་ཏེ་འབྲོག་པ་དུད་ཚང་ཁྲི་1.8གཞིས་ཆགས་བྱེད་རྒྱུ་དང་དེ་འབྲེལ་“ལེ་ལག་ཚང་སྒྲིག་གསུམ ”གྱི་ལས་ཀ་ལེགས་གྲུབ་ཟིན་ཡོད། འཐུང་ཆུ་དང་། གློག འགྲོ་ལམ། འཕྲིན་གཏོང་། རིག་གནས། སློབ་གསོ། འཕྲོད་བསྟེན་ལ་སོགས་པའི་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ལེ་ལག་ཚང་སྒྲིག་བཟོ་རྒྱུར་ཤུགས་སྣོན་བརྒྱབ་ཡོད་ཅིང་། ཤང་གྲོང་32དང་སྲིད་འཛིན་གྲོང་ཚོ་423ལ་གཞུང་ལམ་བཟོས་པ་དང་། ཞིང་འབྲོག་མི་མགོ་ཁྲི་25ཙམ་ལ་གནོད་མེད་ཆུ་འཐུང་རྒྱུ་ཡོད་པ་བཟོས་པ། ཞིང་འབྲོག་མི་མགོ་ཁྲི་17.7ཙམ་ལ་གློག་གི་གནད་དོན་ཐག་གཅོད་བྱས་པ། ཁ་པར་ཤར་གཏོང་ཐུབ་པའི་སྲིད་འཛིན་གྲོང་ཚོ་681མང་དུ་སོང་བ། ལྗོངས་ཡོངས་ཀྱི་ཤང་གྲོང་163ཚང་མར་གློག་འཕྲིན་གྱི་འོད་ཁྲིད་ཚེ་སྐུད་འཁྲིད་ཟིན་པ། སྔ་རྗེས་བསྡོམས་པས་དུད་ཚང་ཁྲི་4.3ལ་རྫབ་རྫིང་བརྒྱབ་ཟིན་པ། སྲིད་འཛིན་གྲོང་ཚོ་(གྲོང་ལྷན )632ལ་གྲོང་ཚོ་རིམ་པའི་རྩ་འཛུགས་བྱེད་སྒོ་སྤེལ་གནས་གསར་དུ་བསྐྲུན་པ། ཞིང་འབྲོག་ཁུལ་དུ་ཏེན་ཚྭ་ཁྱབ་ཚད་66%ཟིན་པ་བཅས་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱུང་བ་དང་ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་མཐོ་རུ་བརྟན་པོ་ཕྱིན་ཡོད། ཞིང་སྐྱོར་ཞིང་ཕན་གྱི་སྲིད་ཇུས་ཁག་དོན་འཁྱོལ་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བས་ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་འབབ་སྨར་ལོ་6བསྟུད་མར་གྲངས་གནས་གཉིས་རེ་འཕར་སྣོན་བྱུང་ཡོད།
(གསུམ ) དམངས་ཀྱི་འཚོ་བའི་གནད་དོན་ཐག་གཅོད་བྱེད་གང་ཐུབ་བྱས་པར་བརྟེན་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་ཡོད།
ཚན་སློབ་རིག་འཕྲོད་ལ་སོགས་པའི་སྤྱི་ཚོགས་ལེགས་སྐྱོང་གི་གོམ་སྟབས་མྱུར་དུ་བཏང་བས་སྤྱི་པའི་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་མཐོ་རུ་སོང་བ། “གཞི་རྩའི་ཆ་གཉིས ”ཀྱི་འགག་སྒྲོལ་གྲུབ་འབྲས་སྔར་བས་ཁྱབ་ཆེ་རུ་སོང་ཞིང་། “ལོ་དགུའི་སློབ་གསོ་ཁྱབ་གདལ ”གཏོང་ཡུལ་རྫོང་ཁག་7གསར་སྣོན་བྱས་པ་དང་། ལྗོངས་ཡོངས་ཀྱི་རྫོང་ཚང་མར་“ལོ་དྲུག་སློབ་གསོ་ཁྱབ་གདལ ”གཏོང་རྒྱུ་དང་ཡིག་རྨོངས་སེལ་རྒྱུ་ལེགས་སྒྲུབ་བྱུང་བ་མ་ཟད། སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཚང་མར་གཞུང་ནས་གཏོང་བའི་འགྲོ་གྲོན་ཚད་གཞི་སྔར་བས་མཐོ་རུ་བཏང་ཡོད། འཕྲོད་བསྟེན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུ་ཁྱབ་སྤེལ་ཏན་ཏིག་བཏང་ཞིང་། རྫོང་20ལ་སྨན་རྩིས་ཁང་བརྒྱབ་པ་དང་། རྫོང་2ལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་བརྒྱབ་པ། རྫོང་རིམ་པའི་རིམས་འགོག་ལྟེ་གནས་6བརྒྱབ་པ། ས་གནས་ཀྱི་མ་བུ་འཕྲོད་སྦྱོར་ཁང་དང་མི་དམངས་སྨན་ཁང་ཁག་5རྒྱ་སྐྱེད་བཏང་བ་བཅས་བྱས་ཡོད། ཞིང་འབྲོག་ཁུལ་ལ་སྨན་ཡོན་ནར་གཏོང་གི་སྨན་བཅོས་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ཞིང་འབྲོག་མང་ཚོགས་ལ་སྨན་ཡོན་ནར་གཏོང་གི་སྨན་རིན་ཚད་གཞི་སྒོར་140བར་སྤར་ཡོད། ཚན་རྩལ་དང་། རིག་གནས། ལུས་རྩལ་སོགས་ཀྱི་བྱ་གཞག་ཁག་གོང་འཕེལ་མྱུར་པོ་བྱུང་ཡོད། དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་བསྟར་ཤུགས་ཆེ་བྱས་པར་བརྟེན་ལོ་ཧྲིལ་པོར་གྲོང་ཁྱེར་གྲོང་རྡལ་གྱི་ལས་ཞུགས་ཐུབ་པ་མི་གྲངས་ཁྲི་1.9མང་དུ་སོང་ཡོད་པ་དང་། གྲོང་ཁྱེར་གྲོང་རྡལ་གྱི་ཐོ་འཁོད་ལས་ཤོར་བ་4.3%ནང་ཚུན་དུ་ཚོད་འཛིན་ཐུབ་པ་བྱུང་ཡོད། སྤྱི་ཚོགས་འགན་སྲུང་མ་ལག་སྔར་བས་འཐུས་སྒོ་ཚང་དུ་སོང་ཞིང་། གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བ་འགན་སྲུང་གི་ཚད་གཞི་དང་དེ་བཞིན་གཞུང་ཁོངས་ཁེ་ལས་ཀྱི་རྒན་ཡོལ་ཞུས་མིའི་རྒན་གསོའི་ཐེབས་རྩའི་ཚད་གཞི་སླར་ཡང་མཐོ་རུ་བཏང་ཡོད། “གསུམ་པའི་བཅུ་བཞིའི ”དོན་རྐྱེན་ནང་གྱོང་གུན་ཕོག་པའི་ཚོང་དུད་ལ་རོགས་སྐྱོར་བྱེད་ཤུགས་དང་དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་ཡོད། གྲོང་ཁྱེར་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་ལ་གནས་སྐབས་རང་བཞིན་གྱི་ཟོག་གོང་ཁ་གསབ་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་པས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་མ་མཐའི་འཚོ་བ་དམིགས་ཕན་འགན་སྲུང་ཐུབ་པ་བྱུང་ཡོད། ལས་ཤག་དང་ཁང་གླ་ཁེ་བའི་སྡོད་ཁང་བརྒྱབ་པའི་ཕན་འབྲས་ཆེན་པོ་ཐོན་ནས་རྒྱ་ཆེའི་ལས་བྱེད་ལས་བཟོ་དང་གྲོང་ཁྱེར་གྲོང་རྡལ་གྱི་ཡོང་འབབ་དམའ་བའི་མང་ཚོགས་ཚོའི་སྡོད་ཁང་ཆ་རྐྱེན་མངོན་གསལ་དོད་པོས་ཡག་ཏུ་སོང་ཡོད།
(བཞི ) མ་དངུལ་འཇོག་ཁྱོན་ཟམ་མི་ཆད་པར་ཆེ་རུ་བཏང་བས་དཔལ་འབྱོར་ལ་སྐུལ་སྤེལ་གཏོང་བའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་སོང་བ།
སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཁྱོན་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་310ཟིན་རྒྱུ་ཡིན་པ་དེ་ལོ་གོང་མ་དང་བསྡུར་ན་14.3%འཕར་ཡོད་པ་དེའི་ནང་ཀྲུང་དབྱང་ནས་མ་དངུལ་དོན་འཁྱོལ་བྱུང་བ་སྒོར་དུང་ཕྱུར་160ཡན་ཟིན་པ་དེ་ལོ་གོང་མ་དང་བསྡུར་ན་44.1%འཕར་ཡོད་པས་ལོ་རྒྱུས་ཐོག་གི་མང་ཤོས་སུ་སླེབས་ཡོད། ཤིན་བོད་གཞུང་ལམ་གྱི་མོན་འཚེར་ནས་བར་ག་བར་དང་བར་ག་ནས་སྤུ་ཧྲེང་བར་གྱི་ལམ་རྩ་བའི་ཆར་བཟོས་ཟིན་པ་དང་། སྨན་གླིང་ནས་སྣང་རྫོང་བར་གྱི་རྫོང་མཐུད་སྣུམ་ནག་གཞུང་ལམ་བཟོས་ཟིན་ནས་བེད་སྤྱོད་བྱེད་འགོ་ཚུགས་ཟིན་པ། མེ་ཏོག་གཞུང་ལམ་བཟོ་འགོ་ཚུགས་པ་དེའི་ཐོག་ནས་རྒྱལ་ཡོངས་ནས་གཞུང་ལམ་མེད་པའི་རྫོང་གཅིག་རང་ཡིན་པའི་ལོ་རྒྱུས་མཇུག་འགྲིལ་རྒྱུ་ཡིན་པ་མཚོན་ཐུབ། ལྷ་ས་གོང་དཀར་གནམ་ཐང་གི་ཕྱོགས་སྟོན་གློག་སྒྲོན་ལས་གྲྭ་ལེགས་གྲུབ་ཟིན་ནས་མཚན་མོ་གནམ་གྲུ་འཕུར་སྐྱོད་མི་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། མངའ་རིས་དགུན་ས་གནམ་ཐང་གི་འཕུར་སྐྱོད་འཁོར་མཚམས་ལས་གྲྭ་དང་། རྒྱུགས་ལམ། ཚུགས་སྡིངས། འབྲེལ་ལམ། ལམ་དཔུང་བཅས་བཟོས་ཟིན་པ། ཆབ་མདོའི་སྤང་མདའ་གནམ་གྲུ་འབབ་ཐང་སྦེ་ལཱ་སའི་ལུགས་རྒྱག་རྒྱུ་དང་། དེ་བཞིན་འཁོར་མཚམས་དང་གནམ་ཚུགས་ཐོག་ཁང་། མདོང་ལམ་དྲ་རྒྱའི་ལས་གྲྭ་ལྟེ་བའི་གློག་སྒྱུར་ས་ཚུགས་སོགས་ཀྱི་ལས་གྲྭ་ཨ་མ་རྣམས་ལེགས་སྒྲུབ་ཟིན་པ། དངོས་ཨ་འཕྲང་གློག་ཁང་གི་ཆུ་འཕྲེད་བཅད་གཏོང་རྒྱུ་ཞིབ་བཤེར་རྩིས་ལེན་ཟིན་པ། བྲག་ཆུ་ཞོལ་ཁའི་གློག་ཁང་གི་འཕྲུལ་འཁོར་ཁག་བཞི་ཚང་མས་གློག་གཏོང་བཞིན་ཡོད་པ། ཞོལ་ཁའི་གློག་གཏོང་ལས་གྲྭ་ལེགས་གྲུབ་ཟིན་པ། བོད་དཀྱིལ་རྒྱུད་གློག་དྲའི་འཕྲལ་གཏོང་གློག་རྒྱུན་གི་གློག་གཏོང་བཞིན་ཡོད་པ། གློག་དྲ་གཙོ་བོས་དུད་ཚང་ཚང་མར་གློག་ཁྲིད་རྒྱུའི་ལས་གཞི་དེ་ལོ་འདིའི་ནང་རྫོང་ཁག་15གློག་ཁྲིད་ཐུབ་པའི་དམིགས་ཚད་ལེགས་སྒྲུབ་ཐུབ་པ་བྱེད་རྒྱུ། མཚོ་བོད་ལྕགས་ལམ་གྱི་ནག་ཆུའི་ཟོག་འགྲེམས་ལྟེ་གནས་ཀྱི་ཟམ་པ་དང་། ཆུ་འགྲོ ལྕགས་ལམ་བཅས་ཀྱི་ལས་གྲྭ་ཡོངས་སུ་ལེགས་གྲུབ་ཟིན་པ། ལམ་གཞིའི་ལས་གྲྭ་97.7%ལེགས་གྲུབ་ཟིན་པ། རྨིད་ངོས་གྲུ་མ་ཁྲི་8.2ས་ལ་ཁང་པ་བརྒྱབ་ཟིན་པ། ཞིང་ཆུ་འདྲེན་ཁུལ་གཙོ་ཆེ་སར་ཡུར་པོ་ཁག་26བཟོས་ཟིན་ནས་མུའུ་ཁྲི་27.05ས་ལ་ཞིང་ཆུ་འདྲེན་རྒྱུ་གསར་སྣོན་དང་ལེགས་བཅོས་བྱུང་བ། ཞིང་འབྲོག་སློབ་གླིང་ལ་ཉལ་ཁང་བཟོ་བཅོས་དང་རྒྱ་སྐྱེད་བཏང་བ་རྨིད་ངོས་གྲུ་མ་ཁྲི་4ཟིན་པ། “རིག་དངོས་ཆེན་པོ་གསུམ ”སྲུང་སྐྱོབ་བྱེད་རྒྱུའི་ལས་གཞི་རྩ་བའི་ཆར་ལེགས་གྲུབ་ཟིན་ཞིང་བཀྲ་ཤིས་ལྷུན་པོ་དང་ཞ་ལུ་དགོན་གྱི་སྲུང་སྐྱོབ་ལས་གཞི་ལས་འགོ་བརྩམས་ཟིན་པ། ནག་ཆུ་དང་ཉིང་ཁྲིའི་ཞིང་ཕྱུག་ཐོན་རྫས་སྡེབ་འཚོང་ཁྲོམ་ར་རྩ་བའི་ཆར་སྐྲུན་ཟིན་པ། ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་། སྤྱི་བདེའི་མཐའ་སྲུང་། མེ་གསོད་བཅས་ཚན་པའི་རྨང་གཞིའི་སྒྲིག་བཀོད་ལ་སོགས་པའི་གཙོ་གནད་ལས་གྲྭ་ཁག་གཅིག་སྐྲུན་རྒྱུ་ལམ་ལྷོངས་བྱུང་བ་བཅས་བྱུང་ཡོད། མཚོ་བོད་ལྕགས་ལམ་གྱི་མུ་ལམ་སྟེ་ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་བཟོ་རྒྱུའི་སྔོན་གྲབས་ལས་ཀ་ཚ་ཚ་འུར་འུར་ངང་བྱེད་བཞིན་པ། ལྷ་ས་གོང་དཀར་གནམ་ཐང་གི་ཆེད་སྤྱོད་གཞུང་ལམ་རྣམ་གྲངས་ཀྱི་གྲོས་ཡིག་ལ་ཚོད་སྐོར་བྱས་ཟིན་པ། ཁྲོན་བོད་གཞུང་ལམ་གྱི་ནག་ཆུ་ནས་སྦྲ་ཆེན་བར་གྱི་དུམ་མཚམས་བཟོ་སྐྱོར་བྱེད་རྒྱུའི་ཞིབ་འཇུག་སྙན་ཞུ་རྒྱལ་ཁབ་ལ་ཕུལ་ཟིན་པ། ཕུ་མདོའི་ཆུ་བེད་ལྟེ་གནས་ལས་གྲྭ་དེ་རྒྱལ་ཁབ་ནས་རྣམ་གྲངས་ལས་ཁོངས་སུ་འཇུག་རྒྱུར་དངོས་སུ་ཆོག་མཆན་ཐོབ་པ། རྫམ་གློག་ཁང་གི་ལས་སྒོ་ཁག་གཏིང་ཟབ་སྤེལ་བཞིན་པ། གསུམ་གཏོང་གཅིག་སྙོམས་ཀྱི་ལས་ཀ་ལམ་ལྷོངས་བྱུང་བ། གཞན་ཡང་མགོ་རྡོག་གློག་ཁང་དང་། མཚོ་བོད་ཤར་གཏོང་དྲ་འབྲེལ། ལྷ་སའི་ཆན་ཧྥུ་220དྲ་འཁོར་ལས་གཞི་དང་ལྷ་ས་ནས་གཞིས་རྩེ་བར་གྱི་གློག་སྒྱུར་གཏོང་ལས་གཞི། རང་སྐྱོང་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་ཁང་། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ། མཐོ་རིམ་སློབ་འབྲིང་གཙོ་གྲས། ནག་ཆུ་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད། བོད་ཀྱི་འབྱུང་ཁམས་སྲུང་བཅད་སྐྲུན་རྒྱུ་དང་དེ་སྲུང་སྐྱོང་བྱེད་རྒྱུའི་འཆར་འགོད་ལ་སོགས་པའི་གཙོ་གནད་རྣམ་གྲངས་ཁག་གི་སྔོན་གྲབས་ལས་ཀར་སྔར་ན་མེད་པའི་གྲུབ་འབྲས་ཐོབ་ཡོད། “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ཀྱི་དུས་མཚམས་བར་མར་ཚོད་སྐོར་བྱེད་རྒྱུ་དང་། དེ་བཞིན་བྱེད་ནུས་གཙོ་ཐོན་ཁུལ་དང་། ལོ་དགུའི་འགན་བབས་སློབ་གསོའི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་རྒྱ་སྐྱེད་གཏོང་རྒྱུ། གཞི་རིམ་གྱི་རིག་གནས་ལེགས་སྐྱོང་བྱེད་རྒྱུ་སོགས་ཀྱི་འཆར་གཞི་བཟོ་འགོད་དང་འབྲེལ་མཐུད་བྱེད་རྒྱུའི་ལས་ཀ་བདེ་བླག་ངང་སྤེལ་ཐུབ་པ་བྱུང་ཡོད། རྣམ་གྲངས་དོ་དམ་གྱི་ཆུ་ཚད་རིམ་པས་མཐོ་རུ་སོང་ཞིང་རྣམ་གྲངས་ཞིབ་བཤེར་གྱི་ལས་ཀ་ཧུར་ཐག་སྤེལ་བས་ལས་གྲྭའི་སྤུས་ཚད་དང་མ་འཇོག་གི་ཕན་འབྲས་མངོན་གསལ་དོད་པོས་མཐོ་རུ་སོང་ཡོད། 2008ལོའི་ལོ་མཇུག་ཕན་དུ “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ནང་རྣམ་གྲངས་180ཡོད་པ་ནས་170ལས་འགོ་བཙུགས་ཟིན་པ་དང་རྣམ་གྲངས་76ལེགས་གྲུབ་ཟིན་པར་ལོ་གསུམ་ནང་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་372བཏང་ཡོད།
(ལྔ )སྤྱི་ཚོགས་ཀྱི་འཛད་སྤྱོད་འཕེལ་ངོ་བཟང་དུ་སོང་བས་ཁྲོམ་ར་གཉེར་བའི་སེམས་ཤུགས་རིམ་བཞིན་འཕེལ་ཐུབ་པ་བྱུང་བ།
“གསུམ་པའི་བཅུ་བཞིའི ”དོན་རྐྱེན་ཐོན་རྗེས་འཛད་སྤྱོད་ཁྲོམ་ར་ཉམས་ཆགས་ཆེན་པོ་ཕྱིན་པའི་གནས་ཚུལ་ལ་དམིགས་ནས་རང་སྐྱོང་ལྗོངས་ཀྱིས་དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་རོགས་སྐྱོར་བྱ་ཐབས་ལག་བསྟར་བྱས་ཏེ་ཁྲོམ་ར་བརྟན་སྐྱོང་དང་འཛད་སྤྱོད་ལ་ཕན་སྐུལ་གཏོང་བ་སོགས་ཀྱི་འབྲེལ་ཡོད་གཟིགས་སྐྱོང་བྱ་ཐབས་རབ་དང་རིམ་པ་བཏོན་པ་དེས་གྲོང་ཁྱེར་གྲོང་རྡལ་གྱི་འཛད་སྤྱོད་བརྟན་པོ་ཆགས་པ་དང་ཞིང་འབྲོག་ཁུལ་གྱི་འཛད་སྤྱོད་སྔར་བས་རྒྱ་ཆེ་རུ་སོང་བས་ཁྲོམ་ར་གཉེར་བའི་སེམས་ཤུགས་རིམ་བཞིན་འཕེལ་ཐུབ་པ་བྱུང་ནས་འཛད་སྤྱོད་འཕར་ཤུགས་རིམ་པས་ཆེ་རུ་སོང་ཡོད། སྔོན་དཔག་བྱས་ན་ལོ་ཧྲིལ་པོར་སྤྱི་ཚོགས་ཡོངས་ཀྱིས་འཛད་སྤྱོད་སིལ་འཚོང་བྱས་འབོར་སྒོར་དུང་ཕྱུར་129ཟིན་རྒྱུ་ཡིན་པ་དེ་15%འཕར་གྱི་ཡོད།
(དྲུག )གཙོ་གནད་ཐོན་ལས་གོང་འཕེལ་མྱུར་པོ་སོང་བ་དང་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་སྔར་ལས་ལྷག་པ་བྱུང་བ།
རྒྱལ་ཁབ་ཀྱི་མ་དངུལ་སྒོར་དུང་ཕྱུར་2.6སྒྲིལ་སྤྱོད་བྱས་ཏེ་ཞིང་འབྲོག་ལས་དང་ཁྱད་ལྡན་ཐོན་ལས་ལ་རོགས་སྐྱོར་བྱེད་རྒྱུའི་རྣམ་གྲངས་112འཛུགས་སྐྲུན་བྱས་ཡོད། གཡུ་ལུང་ཟངས་གཏེར་གྱི་དུས་ཁག་དང་པོའི་ལས་རིམ་དང་པོ་དངོས་སུ་འགོ་ཚུགས་པས་སྔོན་དཔག་བྱས་ན་ལོ་ཧྲིལ་པོར་ཟངས་ཀྲོན་500ཐོན་སྐྱེད་བྱེད་ཐུབ་ངོ་ཡོད་པ་དང་། མཐོ་རྩོད་སྦེ་ལཱ་ས་བཟོ་གྲྭའི་ལོ་ཧྲིལ་པོར་སྦེ་ལཱ་ས་ཀྲོན་ཁྲི་60ཐོན་སྐྱེད་བྱེད་ཐུབ་པའི་སྐམ་བཀྲག་བྱ་ཐབས་གསར་པའི་སྦེ་ལཱ་སའི་བཟོ་འཁོར་གཉིས་པ་དེ་ཚོད་ལྟའི་ཐོན་སྐྱེད་བྱེད་འགོ་ཚུགས་ཟིན། རྒྱ་མ་དང་། ཆུ་ལུང་། གྲོང་རྐྱང་། གཤོངས་གྲོང་ཚོ་སོགས་ཀྱི་ཟངས་གཏེར་དང་གྲབ་ཡེར་ཚྭ་ཁའི་དུས་མཚམས་གཉིས་པའི་ལས་གྲྭ། ཧྭ་ཤིན་སྦེ་ལཱ་ས་བཟོ་གྲྭ་རྒྱས་སྐྲུན་ལས་གྲྭ། ཞོལ་ལན་སྦེ་ལཱ་ས་བཟོ་གྲྭའི་སྐམ་བཀྲག་བྱ་ཐབས་གསར་པའི་སྦེ་ལཱ་སའི་བཟོ་འཁོར་སོགས་ཀྱི་སྔོན་གྲབས་ལས་ཀ་བདེ་བླག་ངང་སྤེལ་བཞིན་ཡོད། ཡུལ་སྐོར་ལས་རིགས་ཁྱོན་ཡོངས་ནས་སྒོ་ཕྱེ་བ་ནས་བཟུང་སླར་གསོ་ཡག་པོ་བྱུང་ཡོད་པས་སྔོན་དཔག་བྱས་ན་ལོ་ཧྲིལ་པོར་ཡུལ་སྐོར་བར་སྣེ་ལེན་བྱས་པ་མི་ཐེངས་ཁྲི 220ཟིན་ངོ་ཡོད་པ་དེའི་ནང་རྒྱལ་ནང་གི་ཡུལ་སྐོར་བར་སྣེ་ལེན་བྱས་པ་མི་ཐེངས་ཁྲི་214ཟིན་གྱི་ཡོད་པ་དང་། ཕྱི་རྒྱལ་གྱི་ཡུལ་སྐོར་བར་སྣེ་ལེན་བྱས་པ་མི་ཐེངས་ཁྲི་6ཟིན་གྱི་ཡོད་པས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་22.4བྱུང་ཡོད། གཞན་ཡང་ཐོན་ལས་གསུམ་གྱི་གྲུབ་ཆའི་བསྡུར་ཚད་དེ་14.8:0.6:54.6བཅས་ལ་འགྱུར་བ་ཕྱིན་ཡོད།
(བདུན )ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་བྱེད་རྒྱུ་ཁྱབ་སྤེལ་བརྟན་པོ་བཏང་བར་བརྟེན་འབྱུང་ཁམས་ཁོར་ཡུག་རིམ་པས་ཡག་ཏུ་སོང་བ།
ནུས་རྒྱུ་ཟད་གྲོན་ཆེ་བ་དང་བཙོག་སྐྱོན་གཏོང་ཤུགས་ཆེ་བའི་ལས་རིགས་བཀག་སྡོམ་ནན་ པོ་བྱས་ཏེ་སྦེ་ལཱ་ས་བཟོ་གྲྭ་ཆུང་གྲས་ལ་སོགས་པའི་རྗེས་ལུས་ཀྱི་ཐོན་སྐྱེད་བྱེད་སྟངས་རིགས་མེད་པ་བཟོ་ཤུགས་ཆེ་རུ་བཏང་བ་དང་། ནུས་རྒྱུ་ཟད་གྲོན་ཆེ་བའི་གཙོ་ཆེའི་ཁེ་ལས་ཀྱི་ནུས་རྒྱུ་སྤྱོད་འབོར་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་མ་ཟད། བསྐྱར་དུ་སྐྱེས་འཕེལ་ཐུབ་པའི་ནུས་རྒྱུ་དང་ཨར་སྐྲུན་ནུས་རྒྱུ་བསྲི་ཚགས་བྱེད་ཕྱོགས་ཞིབ་འཇུག་བྱེད་རྒྱུ་དང་ལག་རྩལ་དཔེ་སྟོན་བྱེད་རྒྱུ། དེ་བཞིན་ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་བྱེད་རྒྱུ་བཅས་ཀྱི་དམངས་ཡོངས་ཀྱི་བྱེད་སྒོ་ཧུར་ཐག་སྤེལ་ཡོད། རང་བྱུང་ནགས་ཚལ་སྲུང་སྐྱོབ་ལས་གཞི་དང་། རང་བྱུང་སྲུང་སྐྱོབ་ཁུལ། དེ་བཞིན་གྲོང་ཁྱེར་གྲོང་རྡལ་གྱི་གད་སྙིགས་གཙང་སེལ་སྒྲིག་བཀོད་བཟོ་སྐྲུན་བྱེད་ཚད་མགྱོགས་སུ་བཏང་ཡོད་པས་ལོ་ཧྲིལ་པོར་ཤིང་འཛུགས་ནགས་བཟོ་བྱས་པ་མུའུ་ཁྲི་45.5ཟིན་ཡོད། ཞིང་འབྲོག་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་ཐེབས་ཤིང་། ལོ་ཧྲིལ་པོར་དུད་ཚང་ཁྲི་40ལ་ཉི་ཐབ་ཉོས་ནས་སྤྲད་པ་དང་། གྲོང་གསེབ་ཏུ་འབུད་ཤིང་རྒྱུ་ཚབ་གསར་པ་འདོན་སྤྱོད་བྱེད་པའི་ཚོད་ལྟའི་ལས་གཞི་ལག་བསྟར་བྱེད་འགོ་ཚུགས་པ། རང་བྱུང་རྩྭ་ཐང་ལ་རྩྭ་ཁ་བསྙལ་བ་དང་རྩྭ་རྒྱ་བསྡམས་པ་མུའུ་ཁྲི་1000ཟིན་ཡོད།
(བརྒྱད )བསྒྱུར་བཅོས་སྒོ་དབྱེ་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བར་བརྟེན་གོང་འཕེལ་གྱི་ཁོར་ཡུག་སྔར་བས་ལེགས་སུ་སོང་བ།
སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་རྒྱ་ཆེའི་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཞིང་འབྲོག་ཁུལ་གྱི་བསྒྱུར་བཅོས་དང་གོང་འཕེལ་གཏིང་ཟབ་ཏུ་བཏང་ཐོག་རྩྭ་ར་འགན་གཙང་བླངས་ནས་གཉེར་སྐྱོང་བྱེད་པའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། མཉམ་སྡེབ་ནགས་ཚལ་གྱི་བདག་དབང་ལམ་ལུགས་བསྒྱུར་བཅོས་བྱེད་རྒྱུའི་སྔོན་གྲབས་ལས་ཀ་ཏན་ཏིག་བྱས་པ། གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་བྱེད་རྒྱུ་བརྟན་པོའི་ངང་གཏིང་ཟབ་ཏུ་བཏང་བ། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་བའི་ལམ་སྲོལ་དང་སྒྲིག་སྲོལ་སྔར་བས་ཚགས་ཚུད་དུ་བཏང་བ། རིན་གོང་བསྒྱུར་བཅོས་བྱེད་རྒྱུར་གྲུབ་འབྲས་གསར་པ་ཐོབ་པ་བཅས་བྱུང་ཡོད། སྲིད་གཞུང་གི་སྒྲིག་གཞི་བསྒྱུར་བཅོས་བྱེད་ཐེངས་གསར་པ་འགོ་བརྩམས་ཟིན་པ་དང་བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་30འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་གཟབ་རྒྱས་སྤེལ་ཡོད། ཕྱི་ཕྱོགས་ཚོང་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བས་ཕྱིར་གཏོང་ནང་འདྲེན་བྱས་འབོར་ཨ་སྒོར་དུང་ཕྱུར་5ཡན་ཟིན་ཡོད།
ནང་སའི་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་ཁག་དབར་དཔལ་འབྱོར་ལས་སྒོ་སྤེལ་རེས་དང་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་སྔར་ལས་ལྷག་པ་བརྒྱབ་ཅིང་། 《ཚོང་དང་མ་རྩ་འདྲེན་འགུགས་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་གཏན་འབེབས་འགའ་ཞིག 》དང་《ཚོང་དང་མ་རྩ་འདྲེན་འགུགས་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ཁ་གསབ་གཏན་འབེབས 》ལ་བཟོ་བཅོས་ཆ་ཚང་བ་བརྒྱབ་ཡོད། ལྗོངས་ཡོངས་སུ་ཁྱོན་བསྡོམས་ཚོང་དང་མ་རྩ་འདྲེན་འགུགས་ཀྱི་རྣམ་གྲངས་ཁག་356དོན་འཁྱོལ་བྱུང་བ་དང་། གྲོས་དོན་བཞག་པའི་མ་དངུལ་སྒོར་དུང་ཕྱུར་280.3ཡོད་པ་ལས་སྒོར་དུང་ཕྱུར་48དངོས་སུ་དོན་འཁྱོལ་བྱུང་ཡོད་པ་དེ་3.0%འཕར་ཡོད། བོད་སྐྱོར་མ་དངུལ་དོན་འཁྱོལ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་གཙོ་བོ་གཞི་རིམ་དང་ཞིང་འབྲོག་ཁུལ་ལ་འཁྱོགས་ཏེ་ཞིང་འབྲོག་ཁུལ་གྱི་ཚན་སློབ་རིག་འཕྲོད་ལ་སོགས་པའི་སྤྱི་ཚོགས་ཀྱི་བྱ་གཞག་ཁག་གོང་འཕེལ་གཏོང་རྒྱུར་རོགས་སྐྱོར་གང་ཐུབ་བྱས་ཡོད། ལོ་ཧྲིལ་པོར་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་16དོན་འཁྱོལ་བྱས་ཡོད་པ་དེ་ལྡབ་1.9འཕར་ཡོད།
སྤྱི་ཡོངས་ནས་བལྟས་ན་2008ལོར་རང་ལྗོངས་ཀྱི་དཔལ་འབྱོར་དེ་ཉིད་བརྟན་པོའི་ངང་གོང་འཕེལ་མྱུར་ཙམ་སོང་བའི་འཕེལ་ངོ་བཟང་པོ་རྒྱུན་འཁྱོངས་ཐུབ་པ་བྱུང་ཞིང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་པའི་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་། ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་ཚད་མྱུར་དུ་སོང་བ། བསྒྱུར་བཅོས་སྒོ་དབྱེ་ཟམ་མི་ཆད་པར་གཏིང་ཟབ་ཏུ་སོང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་བརྟན་པོ་སོང་བ་བཅས་བྱུང་ཡོད། གྲུབ་འབྲས་དེ་ལྟར་ཐོབ་པ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ་མཛུབ་ཁྲིད་དུ་བྱས་ཐོག་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་ཀྱིས་སྤྱི་ཡོངས་ལ་བཀོད་ཁྱབ་བྱས་ཏེ་གང་འགབ་བབ་བསྟུན་ཧུར་ཐག་བྱས་པའི་འབྲས་བུ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཐོག་འབད་འཐབ་ཡར་བརྩོན་བྱས་པའི་འབྲས་བུ། ཚན་པ་ཁག་དང་ས་གནས་ཁག་གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཡང་དག་པའི་མཛད་ཇུས་བཀོད་སྒྲིག་རྣམས་ལག་ལེན་མཐར་ཕྱིན་པ་བསྟར་ཐོག་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་དང་ལག་ལེན་བྱས་ནས་སྲིད་ཇུས་དང་བྱ་ཐབས་ཁག་དོན་འཁྱོལ་ནན་པོ་བྱས་པའི་འབྲས་བུ་བཅས་རེད།
གྲུབ་འབྲས་མཐོང་བ་དང་ཕྱོགས་མཚུངས་མིག་སྔར་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ཐད་ཀྱི་དུས་བབ་ཧ་ཅང་ཛ་དྲག་པོ་ཡིན་པ་དེ་ཚོའང་ང་ཚོས་མཐོང་ཐུབ་པ་བྱེད་དགོས། རྒྱལ་སྤྱིའི་གནས་ཚུལ་ལ་བལྟས་ན། དངུལ་རྩའི་ཉམས་ཉེན་དེ་སྔར་བཞིན་ཁྱབ་ཆེ་རུ་འགྲོ་མུས་ཡིན་པས་དཔལ་འབྱོར་དར་ཁྱབ་ཆེ་ས་ནས་ཁྲོམ་རའི་དཔལ་འབྱོར་གསར་དུ་དར་ཁུལ་ལ་ཁྱབ་འགྲོ་བ་དང་། མངོན་མེད་དཔལ་འབྱོར་ནས་མངོན་ཡོད་དཔལ་འབྱོར་ཕྱོགས་ལ་ཁྱབ་འགྲོ་བའི་རྐྱེན་གྱིས་འཛམ་གླིང་དཔལ་འབྱོར་དེ་ཉམས་ཞན་དུ་འགྲོ་བ་དང་ལེགས་སྒྲིག་བྱེད་པའི་དུས་སྐབས་ཅུང་རིང་ཙམ་ཞིག་བརྒྱུད་དགོས་ཀྱི་ཡོད་པ་དེས་རང་ལྗོངས་ཀྱི་ཕྱིར་གཏོང་ནང་འདྲེན་ཚོང་དོན་ལའང་ཤུགས་རྐྱེན་གང་ལ་གང་ཙམ་ཐེབས་སྲིད་པས་རང་བཟོས་ཐོན་རྫས་ཕྱིར་གཏོང་བྱེད་རྒྱ་ཆེ་རུ་གཏོང་རྒྱུར་དཀའ་ངལ་སྔར་བས་ཆེ་རུ་འགྲོ་ངེས་རེད། རྒྱལ་ནང་གི་གནས་ཚུལ་ལ་བལྟས་ན། རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་གྱིས་རང་རྒྱལ་གྱི་དཔལ་འབྱོར་གོང་འཕེལ་ལ་བཟོས་པའི་འགལ་རྐྱེན་དེ་མཚོ་རྒྱུད་ཁུལ་ནས་ནང་སའི་ཕྱོགས་ལ་ཁྱབ་འགྲོ་བ་དང་། ཁེ་ལས་ཆུང་གྲས་ནས་ཁེ་ལས་ཆེ་གྲས་ཕྱོགས་ལ་ཁྱབ་འགྲོ་བ། ངལ་ནུས་འདུས་ཆེ་ཅན་དང་ཕྱིར་གཏོང་ཁྲིད་སྟོན་ཅན་གྱི་ཁེ་ལས་ནས་དེ་མིན་ཁེ་ལས་གཞན་དག་ཕྱོགས་ལ་ཁྱབ་འགྲོ་གི་ཡོད། རང་རྒྱལ་གྱི་དཔལ་འབྱོར་ཉམས་ཆག་འགྲོ་བའི་ཉེན་ཁ་དེ་སྔོན་དཔག་བྱས་པ་ལས་ཚབས་ཆེ་བ་ཡོད་པས་དཔལ་འབྱོར་ཉམས་ཞན་དུ་འགྲོ་བ་ནི་མིག་སྔའི་དཔལ་འབྱོར་འཁོར་སྐྱོད་བྱ་རིམ་ནང་གི་འགལ་ཟླ་གཙོ་བོ་ཞིག་ཡིན་པ་མ་ཟད་འགལ་ཟླ་དེ་མངོན་གསལ་ཇེ་དོད་དུ་འགྲོ་བཞིན་ཡོད་པས་དེ་ག་དུས་མཇུག་འགྲིལ་མིན་ད་དུང་གསལ་པོ་མེད། རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་དང་རྒྱལ་ནང་གི་དཔལ་འབྱོར་ཉམས་ཞན་དུ་འགྲོ་བ་དེས་རང་ལྗོངས་ཀྱི་གཙོ་གནད་རྣམ་གྲངས་ཁག་ལ་མ་དངུལ་འཇོག་རྒྱུར་ཤུགས་རྐྱེན་གང་ལ་གང་ཙམ་བཟོས་པ་དང་ཚོང་དང་མ་རྩ་འདྲེན་འགུགས་བྱེད་ཤུགས་ཆེ་རུ་གཏོང་ཁག་ཏུ་ཕྱིན་ཡོད། ལྗོངས་ནང་ཁུལ་གྱི་གནས་ཚུལ་ནས་བལྟས་ན། དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུར་ཤུགས་རྐྱེན་དང་ཚོད་འཛིན་ཐེབས་པའི་རྒྱུ་རྐྱེན་སྔར་བཞིན་མངོན་གསལ་དོད་པོ་ཡོད་པར་བརྟེན་དཀའ་ངལ་སྔར་བཞིན་ཧ་ཅང་མང་པོ་ཡོད། “གསུམ་པའི་བཅུ་བཞིའི ”དོན་རྐྱེན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་ཚད་ཤུགས་ཆེ་ཆག་ཡོད་པ་དེའང་ཡུལ་སྐོར་ལས་རིགས་ཀྱིས་སྣེ་འདྲེན་བྱེད་པའི་ཐོན་ལས་གསུམ་པར་གནོད་སྐྱོན་ཆེན་པོ་ཕོག་པས་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་གོང་འཕེལ་འགྲོ་བའི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱེད་ཁག་ཏུ་སོང་བ་དང་། གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་འཕར་གཞི་དེ་ཙམ་ཆེན་པོ་མེད། རྒྱལ་ཁབ་ནས་དུས་སང་མ་འཇོག་གི་གཞི་རྒྱ་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་མོད། འོན་ཀྱང་དེ་དང་ཕྱོགས་མཚུངས་མ་འཇོག་བྱེད་རྒྱུ་གསར་སྣོན་བྱས་རིགས་ལ་རྒྱལ་ཁབ་ནས་ཞིབ་བཤེར་བྱེད་ཤུགས་ཀྱང་ཆེ་རུ་གཏོང་རྒྱུ་མ་ཟད་ཀྲུང་དབྱང་ཞིབ་བཤེར་ལས་དོན་ཚོགས་ཆུང་ཆེད་མངགས་བཙུགས་ནས་ཞིང་ཆེན་ཁག་ལ་བསྐྱོད་དེ་ཞིབ་བཤེར་བྱེད་ཀྱི་ཡོད་པར་བརྟེན་ང་ཚོར་མ་དངུལ་རག་ཐབས་བྱེད་རྒྱུ་ཁག་ཏུ་སོང་ཡོད། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་མགྱོགས་མྱུར་འཕར་སྣོན་ཡོང་བ་བྱེད་རྒྱུར་སྔར་བཞིན་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཁྲོམ་ར་གཉེར་མཁན་ཚོས་རང་ལྗོངས་ཀྱི་གོང་འཕེལ་གཏོང་གཞིའི་ཁོར་ཡུག་ལ་སེམས་ཤུགས་ཆེན་པོ་མེད་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཧ་ཅང་ཛ་དྲག་པོ་ཡོད་པ་བཅས་ལས་འགན་ནི་དཀའ་ཚེགས་དང་ཪྙོག་རྫོབ་ཆེ་བ་ཞིག་ཡིན།
གཉིས། 2009ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་སྤྱིའི་བླང་བྱ་དང་འཕེལ་རྒྱས་ཀྱི་དམིགས་ཚད།
2009ལོ་ནི་ཀྲུང་གོ་གསར་པ་དབུ་བཪྙེས་ནས་ལོ་60འཁོར་བ་དང་། རང་ལྗོངས་སུ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་50འཁོར་བ། ནང་མཁོ་རྒྱ་ཆེར་གཏོང་རྒྱུ་དང་དཔལ་འབྱོར་བརྟན་པོའི་ངང་འཕར་སྣོན་མྱུར་ཙམ་ཡོང་བར་སྐུལ་འདེད་གཏོང་བའི་ཀྲུང་དབྱང་གི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་བྱེད་པ་བཅས་ཀྱི་གལ་ཆེའི་ལོ་ཞིག་ཡིན་ལ་རང་ལྗོངས་ཀྱིས་“ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན། 2009ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པས་མཛུབ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཐོག་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་། སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་སྦྲགས་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་དང་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ “ལྟེ་བ་གཅིག་དང་། དོན་ཆེན་གཉིས། འགན་ལེན་གསུམ ”རྒྱུན་འཁྱོངས་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུ་དང་སྤྱི་ཚོགས་གཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུའི་དོན་རྩར་དམ་པོར་བསྟུན་ནས་དཔལ་འབྱོར་གོང་འཕེལ་གྱི་དུས་བབ་འཛོལ་མེད་ཁོང་དུ་ཆུད་པ་བྱས་ཐོག་ཀྲུང་དབྱང་གིས་ནང་མཁོ་རྒྱ་ཆེར་གཏོང་བའི་གོ་སྐབས་བཟང་པོ་དམ་འཛིན་གྱིས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། སྒོ་དབྱེ་རྒྱ་ཆེར་གཏོང་བ། གོང་འཕེལ་མྱུར་དུ་གཏོང་བ། དམངས་ཀྱི་འཚོ་བ་ལེགས་བཅོས་གཏོང་བ། བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ་བཅས་བྱས་ཐོག་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གཏོང་ལམ་དུ་འགྲོ་རྒྱུའི་ཐད་གོམ་སྟབས་གསར་པ་ཞིག་སྤོ་ཐུབ་པའི་འབད་བརྩོན་བྱེད་དགོས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ལེགས་ཤིང་མྱུར་བའི་སྒོ་ནས་གོང་འཕེལ་གཏོང་དགོས་ཀྱི་ཡོད། སྤྱིའི་བླང་བྱར་གཞིགས་ཏེ་ཕྱོགས་གཅིག་ནས་ཡར་བརྩོན་ཧུར་ཐག་བྱེད་པ་དང་ཕྱོགས་གཞན་ཞིག་ནས་ལག་ལེན་དུ་འཁྱོལ་ཐུབ་པ་བྱེད་རྒྱུའི་རྩ་དོན་ལྟར་2009ལོའི་དཔལ་འབྱོར་གྱི་སྔོན་དཔག་དམིགས་ཚད་གཙོ་བོ་འདོན་རྒྱུ་གཤམ་གསལ།
1. ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་10%ཡན་འཕར་བ་བྱེད་རྒྱུ།
2. ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་འབབ་སྨར་13%ཡན་འཕར་བ་བྱེད་རྒྱུ།
3. ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་20%ཡན་འཕར་བ་བྱེད་རྒྱུ།
4. སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་15%ཡན་འཕར་བ་བྱེད་རྒྱུ།
5. སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་འཚོང་བྱེད་འབོར་15%ཡན་འཕར་བ་བྱེད་རྒྱུ།
6. གྲོང་ཁྱེར་གྲོང་རྡལ་གྱི་ལས་ཞུགས་བྱེད་གནས་ཁྲི་1.9མང་དུ་གཏོང་ཐུབ་པ་བྱེད་རྒྱུ་དང་གྲོང་ཁྱེར་གྲོང་རྡལ་གྱི་ཐོ་འཁོད་ལས་ཤོར་བ་4.3%ཡན་ལ་མི་འཕར་བ་བྱེད་རྒྱུ།
7. གྲོང་མིའི་འཛད་སྤྱོད་རིན་གོང་སྟོན་གྲངས་2008ལོའི་ཚད་གཞི་ལས་མི་འཕར་བ་བྱེད་རྒྱུ།
8. GDPསྒོར་མོ་ཁྲི་རེའི་ནུས་རྒྱུ་ཟད་ཚད་དང་བཙོག་སྐྱོན་གཏོང་ཚད་རྒྱལ་ཁབ་ཀྱིས་བཏོན་པའི་བླང་བྱའི་ནང་ཚོད་འཛིན་ཐུབ་པ་བྱེད་རྒྱུ་བཅས་ཡིན།
གསུམ། 2009ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ལས་འགན་གཙོ་བོ།
(གཅིག ) ནང་མཁོ་རྒྱ་ཆེར་གཏོང་བའི་རྒྱལ་ཁབ་ཀྱི་སྲིད་ཇུས་དང་བྱ་ཐབས་ཁག་དོན་འཁྱོལ་དམ་འཛིན་བྱས་ཏེ་དཔལ་འབྱོར་ལེགས་ཤིང་མྱུར་བའི་སྒོ་ནས་གོང་འཕེལ་གཏོང་དགོས།
1. མ་འཇོག་དོན་འཁྱོལ་དམ་འཛིན་བྱེད་དགོས། ཀྲུང་དབྱང་གི་མ་དངུལ་རག་ཐབས་ཧུར་ཐག་བྱེད་པ་དང་སྦྲགས་རྣམ་གྲངས་རག་ཐབས་དང་དོ་དམ་གྱི་“གཉིས་སྒུལ ”སྒྲིག་སྲོལ་སྔར་བས་ཚགས་ཚུད་དུ་བཏང་ནས་གཅིག་གྱུར་མཐུན་སྦྱོར་དང་གཞོགས་འདེགས་ཧུར་ཐག་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚན་པ་ཁག་དང་འབྲེལ་བ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཐོག་འབྲེལ་མཐུད་བྱེད་རྒྱུ་དང་། སྙན་ཞུ་འབུལ་རྒྱུའི་ལས་ཀ་བྱེད་ཤུགས་ཆེ་རུ་བཏང་སྟེ་རྣམ་གྲངས་རག་ཐབས་དང་མ་དངུལ་དོན་འཁྱོལ་གྱི་ལས་དོན་ནན་ཏན་བསྒྲུབ་ནས “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་རྣམ་གྲངས་180ཚང་མ་ལས་འགོ་འཛུགས་ཐུབ་པ་དང་ཀྲུང་དབྱང་ནས་མ་དངུལ་སྒོར་དུང་ཕྱུར་240རག་ཐུབ་པའི་བརྩོན་ལེན་བྱེད་དགོས། བོད་སྐྱོར་ཞིང་ཆེན་དང་། གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ལ་འབྲེལ་བ་བྱེད་ཤུགས་ཆེ་རུ་བཏང་ནས་ག་སྦྱར་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་20རག་ཐུབ་པའི་བརྩོན་ལེན་བྱེད་དགོས། ཚོང་དང་མ་རྩ་འདྲེན་འགུགས་ཀྱི་གཟིགས་སྐྱོང་སྲིད་ཇུས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་འབྲེལ་《ཚོང་དང་མ་རྩ་འདྲེན་འགུགས་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་གཏན་འབེབས་འགའ་ཞིག 》(བཟོ་བཅོས་འཆར་ཟིན )དང་《ཚོང་དང་མ་རྩ་འདྲེན་འགུགས་ལས་དོན་ལ་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་རྒྱུའི་སྐོར་གྱི་བསམ་འཆར 》འདི་གཉིས་གང་མགྱོགས་བཟོ་དགོས་པ་དང་། ཤང་ཀ་ལི་ལའི་(ལྷ་ས )གསོལ་མགྲོན་ཁང་དང་། རྒྱལ་ཇུས་འབྱུང་འཕྲོད་ཉི་ནུས་གསར་སྤེལ། བོད་ལྗོངས་ཧྭ་ཐའེ་ལུང་ལྕགས་མང་གཏེར་ཁ། དབྱི་ལིས་ཚོགས་པའི་དཀར་ལས་སོགས་ཚོང་དང་མ་རྩ་འདྲེན་འགུགས་ཀྱི་རྣམ་གྲངས་ཁག་ལ་རྗེས་འདེད་ཞབས་ཞུའི་ལས་ཀ་ནན་ཏན་བྱས་ཏེ་ཚོང་དང་མ་རྩ་འདྲེན་འགུགས་ཀྱི་གཞི་ཁྱོན་སྒོར་དུང་ཕྱུར་50ཟིན་ཐུབ་པའི་བརྩོན་ལེན་བྱེད་དགོས།
2.རྨང་གཞིའི་སྒྲིག་བཀོད་གཙོ་གྲས་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་གང་ལེགས་རྒྱག་དགོས། ཤིན་བོད་དང་། མཚོ་བོད། ཁྲོན་བོད་སོགས་ཀྱི་གཞུང་ལམ་ཨ་མ་དང་། གནམ་མཚོ་ནས་དཔལ་མགོན་བར། ཆུ་གཉིས་མདོ་ནས་གོ་འཇོ་བར་སོགས་ཀྱི་རྫོང་མཐུད་སྣུམ་ནག་གཞུང་ལམ། མངའ་རིས་དགུན་ས་གནམ་ཐང་། ཆབ་མདོའི་སྤང་མདའ་གནམ་ཐང་། དངོས་ཨ་ཕྲང་གློག་ཁང་། མ་ནག་དང་། མལ་སྟག ཡར་ཀླུང་། ཡར་ཀླུང་གཙང་པོའི་བྱང་རྒྱུད་སོགས་ཀྱི་གཙོ་གནད་ཞིང་ཆུ་འདྲེན་ཁུལ། མཚོ་བོད་གཞུང་ལམ་གྱི་ནག་ཆུའི་ཟོག་འགྲེམས་ལྟེ་གནས། ཞིང་འབྲོག་སློབ་གླིང་རྒྱ་སྐྱེད་གཏོང་རྒྱུ། ཏེན་ཚྭ་འཚོང་གཉེར་དྲ་རྒྱའི་མ་ལག་སོགས་ལས་བཞིན་པའི་གཙོ་གནད་རྣམ་གྲངས་ལ་སྐུལ་སྤེལ་ཧུར་ཐག་བཏང་ནས་2009ལོའི་ལོ་མཇུག་ཏུ་རྣམ་གྲངས་180ནང་ནས་ཉུང་མཐར་ཡང་120ལེགས་གྲུབ་ཟིན་པ་བྱེད་དགོས། ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་བཟོ་རྒྱུ་དང་། ལྷ་ས་གོང་དཀར་གནམ་ཐང་གི་ཆེད་སྤྱོད་གཞུང་ལམ་བཟོ་རྒྱུ། གཞིས་རྩེའི་ཞི་བདེ་གནམ་ཐང་བཟོ་རྒྱུ། རྫམ་གློག་ཁང་རྒྱག་རྒྱུ། མཚོ་བོད་ཤར་གཏོང་དྲ་རྒྱ་འཛུགས་རྒྱུ། གྲོང་ཁྱེར་གྱི་དྲ་འབྲེལ་འཛུགས་རྒྱུ་དང་བཟོ་བཅོས་བྱེད་རྒྱུ། ཕུ་མདོའི་ཆུ་བེད་ལྟེ་གནས་རྒྱག་རྒྱུ། ལོ་དགུའི་འགན་བབས་སློབ་གསོའི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་རྒྱག་རྒྱུ། རང་སྐྱོང་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་ཁང་རྒྱག་རྒྱུ། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་རྒྱག་རྒྱུ། ལྷ་ས་གྲོང་ཁྱེར་བཙོག་ཆུ་གཙང་གསིང་བཟོ་གྲྭ་རྒྱག་རྒྱུ། ལྷ་ས་རྔ་ཆེན་ཟམ་ཆེན་རྒྱག་རྒྱུ་སོགས་ཀྱི་རྣམ་གྲངས་གསར་པ་ཁག་གཅིག་ལས་འགོ་འཛུགས་རྒྱུ་དམ་འཛིན་བྱེད་དགོས། ནག་ཆུ་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་བཟོ་སྐྲུན་བྱེད་རྒྱུ་དང་། ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་བཟོ་རྒྱུ། ཨ་མདོ་ནས་སེང་གེ་ཁ་འབབ་བར་གྱི་གཞུང་ལམ་བཟོ་རྒྱུ། གོར་མོ་ནས་ལྷ་ས་བར་གྱི་རླངས་འདྲེན་མདོང་ལམ་འཁྲིད་རྒྱུ། ལ་ལྷོ་ཆུ་བེད་ལྟེ་གནས་རྒྱག་རྒྱུ་སོགས་འགྲིམ་འགྲུལ་དང་། ནུས་རྒྱུ། ཆུ་བེད་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་གཙོ་གྲས་དང་གནོད་འཚེ་ཕོག་ཁུལ་བསྐྱར་སྐྲུན་བྱེད་རྒྱུ་སོགས་ཀྱི་རྣམ་གྲངས་ཁག་གི་སྔོན་གྲབས་ལས་ཀ་དམ་འཛིན་བྱེད་དགོས། བོད་ཀྱི་འབྱུང་ཁམས་སྲུང་བཅད་ལེགས་སྐྱོང་དང་། གཞི་རིམ་གྱི་རིག་གནས། གཞི་རིམ་གྱི་ལས་ཤག གཞི་རིམ་གྱི་རྨང་གཞིའི་སྒྲིག་བཀོད་སོགས་བཟོ་སྐྲུན་བྱེད་རྒྱུའི་འཆར་གཞི་བཟོ་འགོད་དང་དོན་འཁྱོལ་ཡག་པོ་བྱས་ནས་སྒོར་དུང་ཕྱུར་1000ཟིན་པའི་ལག་བསྟར་ཆོག་མིན་ཞིབ་འཇུག་བྱེད་གཞིའི་རྣམ་གྲངས་གྲབས་གསོག་བྱེད་དགོས། མ་དངུལ་གཏོང་བར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ཐོག་སྲིད་གཞུང་གིས་མ་དངུལ་གཏོང་བའི་རྣམ་གྲངས་ཚབ་སྐྲུན་ལམ་ལུགས་ཁྱབ་སྤེལ་བཏང་ནས་རྣམ་གྲངས་ཚབ་སྐྲུན་ལམ་ལུགས་ཚོད་ལྟ་ཧུར་ཐག་བྱེད་དགོས། གཞི་རྩའི་འཛུགས་སྐྲུན་གྱི་གོ་རིམ་ནན་པོ་བཟོས་ནས་རྣམ་གྲངས་ཀྱི་ཁྲིམས་ཚན་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱེད་དགོས། ལས་གྲྭ་མཇུག་འགྲིལ་དུས་ཞིབ་བཤེར་རྩིས་ལེན་བྱེད་རྒྱུ་དམ་དོན་བྱས་ཏེ་རྣམ་གྲངས་གྲུབ་རྗེས་གདེང་འཇོག་བྱེད་རྒྱུའི་ལས་ཀ་ཧུར་ཐག་སྤེལ་དགོས། རྣམ་གྲངས་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་འབྲེལ་ཞིབ་བཤེར་ལམ་ལུགས་སྔར་བས་ཚགས་ཚུད་དུ་བཏང་ནས་མ་དངུལ་གཏོང་བར་གནད་དོན་མི་ལྷག་པ་དང་། ལས་གྲྭའི་སྤུས་ཚད་འགན་ལེན་ཐུབ་པ། འཛུགས་སྐྲུན་ལས་རིམ་མྱུར་དུ་གཏོང་ཐུབ་པ། མ་དངུལ་བཏང་བའི་ཕན་འབྲས་བཟང་དུ་གཏོང་ཐུབ་པ་བཅས་བྱེད་དགོས།
3. འཛད་སྤྱོད་བྱེད་རྒྱུར་སྐུལ་སྤེལ་ཤུགས་ཆེ་གཏོང་དགོས། ཡུལ་སྐོར་ལས་རིགས་གང་མགྱོགས་སླར་གསོ་བྱས་ཏེ་ལྗོངས་ནང་ཁུལ་གྱི་འཛད་སྤྱོད་འཕར་སྣོན་ཡོང་བའི་སྐུལ་ཁྲིད་བྱེད་དགོས། གྲོང་མིའི་འཛད་སྤྱོད་དང་ལྷག་པར་དུ་ཞིང་འབྲོག་ཁུལ་གྱི་འཛད་སྤྱོད་བྱེད་རྒྱ་ཆེ་རུ་ཧུར་ཐག་གཏོང་བ་དང་སྦྲགས་ཞིང་འབྲོག་མང་ཚོགས་ལ་འཛད་སྤྱོད་ཀྱི་གོམས་གཤིས་འགྱུར་ལྡོག་གཏོང་རྒྱུ་དང་འཛད་སྤྱོད་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་རྒྱུའི་ཁྲིད་སྟོན་ཧུར་ཐག་བྱས་ནས་ཞིང་འབྲོག་ཁུལ་གྱི་དར་སོ་ཆེ་བའི་འཛད་སྤྱོད་དར་ཁྱབ་གཏོང་དགོས་པ་དང་། བདེ་འཁོད་ལས་གཞི་སྐྲུན་རྒྱུ་དང་ཟུང་འབྲེལ་གྱིས་བཟོ་ལས་ཐོན་རྫས་གྲོང་གསེབ་ལ་གཏོང་གང་ཐུབ་བྱས་ནས “ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ལ་གཏོང་རྒྱུ ”དང་། དེ་བཞིན་སྤྱོད་ཤེད་ཆེ་བའི་འཛད་སྤྱོད་དངོས་ཟོག་དང་། རིག་གནས། སྨན་ལ་སོགས་པ་གྲོང་གསེབ་ལ་གཏོང་རྒྱུའི་ཚོད་ལྟ་ཡག་པོ་བྱེད་དགོས། གྲོང་ཁྱེར་གྲོང་རྡལ་གྱི་འཛད་སྤྱོད་བརྟན་པོ་བཟོ་བ་དང་མང་དུ་བཏང་ཐོག་གྲོང་ཁྱེར་དང་གྲོང་གསེབ་མང་ཚོགས་ཀྱི་ཡོང་འབབ་འཕར་ཐབས་བྱེད་དགོས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་མང་ཚོགས་ཀྱི་མ་མཐའི་འཚོ་བ་འགན་སྲུང་བྱེད་རྒྱུའི་ཚད་གཞི་དང་། ཁེ་ལས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་རྒན་གསོའི་ཐེབས་རྩའི་ཚད་གཞི་མཐོ་རུ་གཏོང་དགོས། ཉེ་ཆར་ལོ་ཤས་ནང་དར་ཁྱབ་བཏང་བའི་སྡོད་ཁང་དང་མོ་ཊ་སོགས་དར་སོ་ཆེ་བའི་འཛད་སྤྱོད་རིགས་ཉམས་ཆག་མི་འགྲོ་བ་བྱེད་པ་དང་འབྲེལ་འཛད་སྤྱོད་དར་སོ་གསར་པ་གཏོད་གང་ཐུབ་བྱེད་པ། རིག་གནས་དང་། ལུས་སྦྱོང་། རོལ་རྩེད། གྲོང་འདབས་ཡུལ་སྐོར་སོགས་ཀྱི་འཛད་སྤྱོད་དར་སོ་གསར་པའི་རིགས་དར་ཤུགས་ཆེ་རུ་གཏོང་བ། དུས་ཆེན་དང་གུང་གསེང་སྐབས་ཀྱི་འཛད་སྤྱོད་དང་དགུན་དུས་ཀྱི་འཛད་སྤྱོད་ལ་ཕན་སྐུལ་གཏོང་བ་བཅས་བྱེད་དགོས། འཛད་སྤྱོད་ལ་སྐུལ་སྤེལ་གཏོང་བའི་སྲིད་ཇུས་དང་བྱ་ཐབས་ཞིབ་འཇུག་གཏན་འཁེལ་བྱེད་རྒྱུ་དམ་འཛིན་བྱེད་པ་དང་། དངུལ་ཁང་གི་དངུལ་བུན་གྱིས་འཛད་སྤྱོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཕྱོགས་མཚུངས་འཛད་སྤྱོད་ཀྱི་དངུལ་བུན་གཏོང་ལམ་བསྒྱུར་བཅོས་དང་ཚགས་ཚུད་དུ་སྔར་ལས་ལྷག་པ་བཏང་ནས་སྡོད་ཁང་དང་། མོ་ཊ། གྲོང་གསེབ་བཅས་ཀྱི་འཛད་སྤྱོད་ལ་དངུལ་བུན་གཏོང་བའི་ཁྲོམ་ར་རྒྱ་སྐྱེད་ཧུར་ཐག་གཏོང་དགོས། ཁྲོམ་ར་འཛུགས་སྐྱོང་ཇེ་མགྱོགས་སུ་བཏང་ཐོག “གྲོང་ཁྲི་ཤང་སྟོང ”དང་“བརྒྱ་གཉིས ”ཁྲོམ་རའི་ལས་གཞི་ཁྱབ་སྤེལ་ཧུར་ཐག་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཚང་མར་ཁྱབ་པའི་ཁྲོམ་རའི་མ་ལག་རིམ་པས་འཛུགས་སྐྱོང་བྱེད་དགོས། ཁྲོམ་རའི་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་སྟེ་འཛད་སྤྱོད་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་ཤིང་། ལོ་ཧྲིལ་པོར་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་འཚོང་བྱས་འབོར་སྒོར་དུང་ཕྱུར་150ཡན་ཟིན་ནས་15%ཡན་འཕར་ཐུབ་པའི་བརྩོན་ལེན་བྱེད་དགོས།
4.ནང་ཁུལ་དང་ཕྱི་ཕྱོགས་ལ་སྒོ་མོ་དབྱེ་རྒྱ་ཆེ་རུ་གཏོང་གང་ཐུབ་བྱེད་དགོས། ལྗོངས་ཕྱི་ནང་དང་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་ར་གཉིས་དང་ཐོན་ཁུངས་གཉིས་ཀ་གཅིག་གྱུར་འཆར་འགོད་བྱེད་པ་དང་མཐའ་མཚམས་འགག་སྒོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྱོང་ཡག་པོ་བྱས་ནས་མཐའ་མཚམས་ཚོང་དོན་གོང་འཕེལ་ཤུགས་ཆེ་གཏོང་དགོས་པ་དང་། ཕྱིར་གཏོང་ཐད་ཀྱི་རོགས་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་རང་བཟོས་ཐོན་རྫས་ཕྱིར་གཏོང་བྱེད་ཚད་མང་དུ་གཏོང་གང་ཐུབ་བྱེད་དགོས། ས་ཁོངས་དབར་དཔལ་འབྱོར་མཉམ་ལས་དང་སྤེལ་རེས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་ནང་སའི་ཁེ་ལས་ཆེ་གྲས་རིགས་བོད་དུ་འཕེལ་རྒྱས་གཏོང་བར་ཡོང་རྒྱུའི་སྐུལ་ལྕག་ཧུར་ཐག་གཏོང་བ་དང་ལྗོངས་ནང་ཁོངས་ཀྱི་ཞིང་འབྲོག་ཁྱད་ལྡན་ཐོན་རྫས་རྣམས་ནང་སའི་ཁྲོམ་རར་གཏོང་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་བྱེད་དགོས།
(གཉིས ) གྲོང་གསེབ་གསར་པ་སྐྲུན་རྒྱུ་དམ་འཛིན་ལྷོད་མེད་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་ཕན་སྐུལ་གཏོང་དགོས།
1. ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་སྔར་བས་ཡག་ཏུ་གཏོང་དགོས། སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཚོགས་འདུ་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཐོག “རྩ་བའི་ཆར་ཐག་གཅོད་ཐུབ་པ་བྱེད་རྒྱུ་བརྒྱད ”ལ་དམིགས་ནས་ཞིང་འབྲོག་མང་ཚོགས་ཀྱི་བདེ་འཁོད་ལས་གཞི་དང་། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་གནས། དེ་བཞིན་ཕྱོགས་བསྡུས་ལེ་ལག་སྒྲིག་བཀོད་བཅས་སྐྲུན་རྒྱུ་མུ་མཐུད་དོན་འཁྱོལ་ཡག་པོ་བྱས་ཏེ “ལོ་ལྔ་ཚན་བཅུ་གཅིག་པའི་འཆར་འགོད་དུ ”གཏན་འཁེལ་བྱས་པའི་ལྗོངས་ཡོངས་ཀྱི་ཞིང་འབྲོག་དུད་ཚང་ཁྲི་22ལ་བདེ་འཁོད་ལས་གཞིའི་ཁང་པ་རྒྱག་རྒྱུའི་ལས་འགན་ཡོངས་རྫོགས་ལོ་གཅིག་སྔ་བསྣུར་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས། སྒོར་དུང་ཕྱུར་1.9བཀོད་སྒྲིག་བྱས་ཏེ་ལྗོངས་ཡོངས་ཀྱི་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་གནས་དང་དེ་འབྲེལ་ལེ་ལག་སྒྲིག་བཀོད་ཡོངས་རྫོགས་ལེགས་སྒྲུབ་ཐུབ་པ་བྱེད་དགོས། ཤང་གྲོང་19དང་སྲིད་འཛིན་གྲོང་ཚོ་213གྱི་གཞུང་ལམ་བཟོ་རྒྱུ་བཀོད་སྒྲིག་བྱེད་དགོས། རྒྱལ་ཁབ་ནས་མ་དངུལ་གཏོང་ཁྱོན་ཆེ་རུ་གཏོང་བའི་གོ་སྐབས་དམ་འཛིན་བྱས་ཏེ་འབྲོག་པ་གཞིས་ཆགས་བཟོ་རྒྱུ་དང་དེ་འབྲེལ་ལེ་ལག་ཚང་སྒྲིག་བཟོ་རྒྱུ་དམ་འཛིན་ཡག་པོ་བྱེད་དགོས། སྐྱས་སྤོ་རྩྭ་གསོ་བྱེད་རྒྱུ་དང་། གྲོང་གསེབ་ཀྱི་དུད་ཚང་སོ་སོར་རྫབ་རྫིང་རྒྱག་རྒྱུ། ཞིང་འབྲོག་མང་ཚོགས་ལ་གནོད་མེད་ཆུ་འཐུང་རྒྱུ་ཡོད་པ་བཟོ་རྒྱུ་བཅས་ཀྱི་རྣམ་གྲངས་ཁག་ནུས་ཤུགས་ཡོད་དགུས་དམ་དོན་བྱེད་དགོས། དུད་ཚང་ཁྲི་7ལ་རྫབ་རྫིང་རྒྱག་ཐུབ་པ་དང་། མི་མགོ་ཁྲི་35ལ་གནོད་མེད་ཆུ་འཐུང་རྒྱུ་ཡོད་པ། མི་མགོ་ཁྲི་11.3ལ་གློག་སྤྱོད་རྒྱུ་ཡོད་པ། འབྲོག་པ་དུད་ཚང་ཁྲི་1.4གཞིས་ཆགས་ཐུབ་པ། མང་ཚོགས་ཀྱི་སྡོད་ཁང་སྲ་ཞིང་བརྟན་པ་བཟོས་ནས་ས་ཡོམ་འགོག་ཐུབ་པ་བཟོ་རྒྱུའི་ལས་གཞི་བརྩམས་ཐུབ་པ་བཅས་ཀྱི་བརྩོན་ལེན་བྱེད་དགོས། ཏེན་ཚྭ་འཚོང་གཉེར་མ་ལག་འཛུགས་རྒྱུ་ཁྱབ་སྤེལ་ཧུར་ཐག་བཏང་ནས་ཞིང་འབྲོག་ཁུལ་གྱི་ཏེན་ཚྭའི་གསབ་དངུལ་ཚད་གཞི་དེ་སྤྱི་རྒྱ་རེར་སྒོར་གཉིས་རེ་བར་སྤར་ཏེ་ཞིང་འབྲོག་ཁུལ་དུ་ཏེན་ཚྭ་མི་མགོར་ཁེབས་ཚད་80%ཡན་ཟིན་པ་བྱེད་དགོས།
2. ཞིང་འབྲོག་ལས་ཐོན་སྐྱེད་ལ་ཤུགས་སྣོན་རྒྱག་དགོས། འབྲུ་རིགས་དང་ལྷག་པར་དུ་ནས་ལ་གནས་ཚུལ་མི་ལྷག་པ་བྱེད་དགོས། ཞིང་ཕན་ཞིང་སྐྱོར་སྲིད་ཇུས་ཁག་དོན་འཁྱོལ་ནན་ཏན་བྱས་ཏེ་འབྲུ་རིགས་བསྡུ་ཉོའི་མ་མཐའི་གོང་ཚད་མཐོ་རུ་གཏོང་དགོས་པ་མ་ཟད། འབྲུ་རིགས་ཀྱི་ཐད་ཀའི་གསབ་དངུལ་དང་། རྫས་ལུད། སོན་བཟང་། ཞིང་སྤྱོད་འཕྲུལ་ཆས་སོགས་ཀྱི་ཁ་གསབ་རོགས་དངུལ་རྣམས་དུས་ཐོག་ཏུ་སྤྲོད་དགོས། “གཙང་གཅིག་ཆུ་གཉིས ”རྒྱུག་ཁུལ་དུ་དེང་རབས་ཞིང་ལས་དཔེ་མཚོན་ཁུལ་འཛུགས་རྒྱུ་ཁྱབ་སྤེལ་ཇེ་མགྱོགས་སུ་གཏོང་དགོས། ཁྱབ་གདལ་གཏོང་རྒྱུའི་ཞིང་ལས་ལོ་ཏོག་གཙོ་གྲས་རིགས་མུ་མཐུད་ནས་ཁྱབ་བསྒྲགས་དང་འོས་སྦྱོར་བྱས་ཏེ་ལོ་ཏོག་གཙོ་གྲས་རིགས་འདེབས་ཁྱོན་ཆེ་རུ་གཏོང་དགོས། ཚན་རྩལ་གྱི་འདེགས་སྐྱོར་བྱེད་ནུས་ཆེ་རུ་གཏོང་དགོས་ཤིང་། གཞི་རིམ་ཞིང་འབྲོག་ཁུལ་ལ་ཚན་རྩལ་མངག་གཏོང་པ་1000མང་དུ་བཏང་ནས་འབྲུ་རིགས་དང་པད་ཁའི་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་རྒྱུའི་ལས་ཀ་གཏིང་ཟབ་བྱེད་པ་དང་། དེ་བཞིན་ས་དཔྱད་ལུས་སྦྱོར་དང་ས་ཞིང་གི་སྤུས་ཚད་ཡག་ཏུ་གཏོང་བའི་གོ་ཆོད་ལག་རྩལ་ཁྱབ་གདལ་གཏོང་རྒྱུ་དམ་འཛིན་བྱས་ཐོག་ཞིང་འབྲོག་ལས་ཚད་ལྡན་ཅན་གྱི་ཐོན་སྐྱེད་བྱེད་རྒྱུ་དང་ཐོན་མཐོའི་དཔེ་མཚོན་འཛུགས་རྒྱུ་ཁྱབ་སྤེལ་ཤུགས་ཆེ་གཏོང་བའི་བྱེད་སྒོ་དེ་འབྲུ་རིགས་ཐོན་སྐྱེད་ཀྱི་གཙོ་གནད་རྫོང་ཁག་25ཚང་མར་ཁྱབ་སྤེལ་གཏོང་ཐུབ་པ་བྱེད་དགོས། ཕྱུགས་ལས་གོང་འཕེལ་ཤུགས་ཆེ་བཏང་ནས་ཕག་པ་དང་གཞོན་མ་གསོ་ཚགས་རྭ་བ་རྣམས་ཚད་ལྡན་གཞི་རྒྱ་ཅན་དུ་འཛུགས་སྐྱོང་བྱེད་རྒྱུར་གཙོ་གནད་དུ་རྒྱབ་སྐྱོར་བྱེད་དགོས། ཕྱུགས་རྒྱུད་བཟང་དུ་གཏོང་རྒྱུ་དམ་འཛིན་བྱས་ནས་ཕྱུགས་ལས་གསོ་ཚགས་བྱེད་སྟངས་ལེགས་སྒྱུར་བྱེད་དགོས། རྩྭ་ར་ལག་འདེབས་བྱེད་ཁྱོན་ཆེ་རུ་གཏོང་བ་དང་ལོ་ཏོག་གི་གཟན་པའི་རིགས་ཕྱོགས་བསྡུས་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས། ཕྱུགས་རིགས་བཤས་གཏོང་ཚད་མང་དུ་བཏང་ནས་ལོ་རེར་ཆ་སྙོམས་30%ཡན་ཟིན་པ་བྱེད་དགོས། སྲོག་ཆགས་ཀྱི་རིམས་ནད་ཆེ་རིགས་འགོག་བཅོས་ཚོད་འཛིན་བྱེད་རྒྱུ་དམ་འཛིན་ནན་པོ་བྱས་ཐོག་རིམས་འགོག་བྱེད་ཚད་དང་སྤུས་ཚད་མཐོ་རུ་གང་ལེགས་བཏང་ནས་ཕྱུགས་ལས་སྐྱོན་བྲལ་ངང་གོང་འཕེལ་འགྲོ་བའི་འགན་ལེན་བྱེད་དགོས།
3. ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་གོང་འཕེལ་ཤུགས་ཆེ་གཏོང་དགོས། རྟེན་གཞི་དང་བཟོ་སྣོན་འཚོང་གཉེར་རིགས་རྒྱ་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས་ཁྱད་ལྡན་ཞིང་འབྲོག་ལས་གོང་འཕེལ་གཏོང་རྒྱུའི་བང་རིམ་དང་ཕན་འབྲས་མཐོ་རུ་གཏོང་དགོས། ཚད་ལྡན་ཅན་དང་། ཆེད་ལས་ཅན། གཞི་རྒྱ་ཅན། ཁྲོམ་ར་ཅན་བཅས་ཁ་ཕྱོགས་སུ་བཟུང་ནས་དགེ་སྟོབས་ཆེ་བའི་ཞིང་ཕྱུགས་ཐོན་རྫས་ཁག་གཅིག་དང་དགེ་སྟོབས་ཆེ་བའི་ཐོན་ལས་ཁུལ་ཁག་གཅིག་གཙོ་གནད་དུ་འཛུགས་སྐྱོང་བྱས་ཏེ་འགྲན་རྩོད་ནུས་པ་ཆེ་ཙམ་ལྡན་པའི་ཞིང་ཕྱུགས་ཐོན་རྫས་ཁག་གཅིག་དང་ཐོན་ལས་ཁུལ་ཁག་གཅིག་རྒྱ་སྟོབས་ཆེ་རུ་གཏོང་དགོས། སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་རྟེན་གཞི་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་གང་ལེགས་རྒྱག་དགོས་ཤིང་། བོད་ནུབ་བྱང་རྒྱུད་ཀྱི་ཁུལ་བཟང་ར་དང་། བོད་ཤར་རྒྱུད་ཀྱི་འབྲི་གཡགབོད་ཀྱི་ཡུལ་ལུག་ལ་སོགས་པའི་ཐོན་ལས་ཁུལ་བདུན་འཛུགས་སྐྱོང་བྱེད་རྒྱུ་དམ་འཛིན་བྱེད་དགོས། ཁྱད་ལྡན་ཞིང་འབྲོག་ལས་ཀྱི་སྣེ་འདྲེན་ཁེ་ལས་ལ་རོགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས། ཀུང་སི་+རྟེན་གཞི་+ཞིང་དུད་བཅས་ཀྱི་ཁེ་ཕན་མཉམ་སྦྲེལ་སྒྲིག་སྲོལ་ཚགས་ཚུད་དུ་བཏང་ནས་སྣེ་འདྲེན་ཁེ་ལས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་རྒྱུ་སྐུལ་ཁྲིད་ཐུབ་པ་བྱེད་དགོས།
4. ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་ཡངས་པོར་བཤང་དགོས། རྒྱལ་ཁབ་ནས་ནང་མཁོ་རྒྱ་ཆེར་གཏོང་བའི་གོ་སྐབས་བཟང་པོ་དམ་འཛིན་བྱས་ནས་ངལ་ནུས་དཔལ་འབྱོར་གོང་འཕེལ་ཤུགས་ཆེ་བཏང་ཐོག་ཞིང་འབྲོག་མང་ཚོགས་ལས་གྲྭའི་འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་ལྕག་དང་སྒྲིག་འཛུགས་བྱེད་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་ཨར་ལས་རུ་ཁག་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཆ་རྐྱེན་གཅིག་མཚུངས་སྐབས་སྔོན་ལ་ཞིང་འབྲོག་མང་ཚོགས་ཀྱི་ཨར་ལས་རུ་ཁག་འདེམས་དགོས། ཞིང་འབྲོག་མང་ཚོགས་ཀྱི་མཉམ་ལས་དཔལ་འབྱོར་གྱི་ཆེད་ལས་སྒྲིག་འཛུགས་ལ་རོགས་སྐྱོར་ཤུགས་ཆེ་བྱེད་པ་དང་དེ་རིགས་འཛུགས་སྐྱོང་ཤུགས་ཆེ་བྱེད་པ། ཞིང་འབྲོག་མང་་ཚོགས་ལ་རྩལ་ནུས་ཀྱི་སྦྱོང་བརྡར་སྤྲོད་ཤུགས་ཆེ་རུ་གཏོང་བ། ཞིང་འབྲོག་མང་ཚོགས་ཀྱི་བར་གཉེར་བའི་དཔུང་ཁག་འཛུགས་སྐྱོང་ཧུར་ཐག་བྱེད་པ། ཞིང་འབྲོག་མང་ཚོགས་ཀྱི་ཕྱོགས་བསྡུས་བྱང་ཚད་དང་ཁོང་ཚོ་སྒྲིག་འཛུགས་ཅན་ལ་འགྱུར་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས་པ་མ་ཟད། དོ་དམ་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།
(གསུམ )དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་རྒྱུ་དམ་འཛིན་བྱས་ནས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།
1. སློབ་གསོའི་བྱ་གཞག་སྔོན་ལ་གོང་འཕེལ་གཏོང་དགོས། སློབ་གྲྭ་འབྲིང་ཆུང་གི་རྨང་གཞིའི་སྒྲིག་བཀོད་བཟོ་སྐྲུན་བྱེད་རྒྱུ་མུ་མཐུད་དམ་འཛིན་བྱེད་པ་དང་། དེ་བཞིན་མཐའ་མཚམས་དང་མི་རིགས་ཉུང་ཤས་ས་ཁུལ་གྱི་རྨང་གཞིའི་སློབ་གསོར་རོགས་སྐྱོར་ཤུགས་ཆེ་བྱེད་པ། “གཞི་རྩའི་ཆ་གཉིས ”ཀྱི་འགག་སྒྲོལ་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ། འགན་བབས་སློབ་གསོ་ཆ་སྙོམས་གོང་འཕེལ་གཏོང་བ། རྫོང་ཁག་བཞིའི་“ལོ་དགུའི་ཁྱབ་གདལ ”ལེགས་སྒྲུབ་ཐུབ་པ་བཅས་བྱེད་དགོས། མཐོ་རིམ་སློབ་འབྲིང་དཀྱུས་གྲས་འཛུགས་སྐྱོང་བྱེད་རྒྱུ་མགྱོགས་སུ་གཏོང་བ་དང་། མཐོ་རིམ་སློབ་གྲྭ་ཆེ་ཁག་གི་སློབ་གཉེར་ཆ་རྐྱེན་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས། འབྲིང་རིམ་དང་མཐོ་རིམ་གྱི་ལས་རིགས་སློབ་གསོ་དེ་བཞིན་དམིགས་བསལ་སློབ་གསོ་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས། སློབ་གསོའི་རོགས་སྐྱོར་སྲིད་ཇུས་ཁག་དོན་འཁྱོལ་བྱས་ཏེ་“འགན་གཙང་གསུམ ”གྱི་འགྲོ་གྲོན་ཚད་གཞི་སྔར་བས་མཐོ་རུ་གཏོང་བ་དང་ཁེབས་རྒྱ་སྔར་བས་ཆེ་རུ་གཏོང་བ། འགན་བབས་སློབ་གསོའི་དུས་ཀྱི་སློབ་མར་གཞུང་ནས་གཏོང་བའི་འགྲོ་གྲོན་ཚད་གཞི་དེ་སློབ་ཆུང་སློབ་མར་ལོ་རེར་ཆ་སྙོམས་སྒོར་300རེ་དང་། སློབ་འབྲིང་སློབ་མར་ལོ་རེར་ཆ་སྙོམས་སྒོར་500རེ་ལ་སྤར་ནས་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མའི་སློབ་གསོའི་ཁེ་དབང་འགན་སྲུང་ཐུབ་པ་བྱེད་དགོས། གཞན་ཡང་སློབ་གསོའི་བོད་སྐྱོར་ལས་དོན་ནན་ཏན་སྒྲུབ་དགོས།
2.སྨན་བཅོས་འཕྲོད་བསྟེན་བྱ་གཞག་གོང་འཕེལ་ཇེ་མགྱོགས་སུ་གཏོང་དགོས། རྫོང་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱི་ལེ་ལག་སྒྲིག་བཀོད་མུ་མཐུད་ཆ་ཚང་དུ་གཏོང་བ་དང་། ཤང་གྲོང་འཕྲོད་བསྟེན་ཁང་རྒྱག་རྒྱུ་མགྱོགས་སུ་བཏང་ནས་རྫོང་གིས་ཤང་མཉམ་ཁྲིད་ཐུབ་པའི་ཞིང་འབྲོག་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་མ་ལག་རྩ་བའི་ཆར་འཛུགས་ཐུབ་པ་བྱེད་དགོས། གྲོང་ཁྱེར་གྲོང་རྡལ་དང་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྱོང་ཇེ་མགྱོགས་སུ་གཏོང་དགོས། སྤྱི་པའི་སྨན་བཅོས་འཕྲོད་བསྟེན་གྱི་འགྲོ་གྲོན་འགན་སྲུང་བྱེད་ལམ་རིམ་པས་ཚགས་ཚུད་དུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ཚང་མར་ཁེབས་པའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་དང་། སྨན་བཅོས་ཞབས་ཞུ། སྨན་བཅོས་འགན་སྲུང་། སྨན་མཁོ་འདོན་བཅས་འགན་སྲུང་བཞིའི་མ་ལག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས། རྫོང་ཁག་བཞིའི་རིམས་ནད་འགོག་བཅོས་ལྟེ་གནས་དང། ཤང་གྲོང་93གྱི་འཕྲོད་བསྟེན་ཁང་གི་ལས་ཁང་། རྫོང་70ཡི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱི་ལེ་ལག་སྒྲིག་བཀོད་བཅས་བཟོ་སྐྲུན་ཟིན་པ་བྱེད་དགོས། ཞིང་འབྲོག་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཐོག་ཞིང་འབྲོག་ཁུལ་དུ་སྨན་པ་དཀོན་པའི་གནད་དོན་ཐག་གཅོད་བྱེད་གང་ཐུབ་བྱེད་པ་དང་། གཞི་རིམ་དུ་ལས་ཀ་བྱས་ནས་ཡུན་རིང་སོང་བའི་སྨན་བཅོས་འཕྲོད་བསྟེན་མི་སྣའི་ཐོབ་ཐང་ཡག་ཏུ་གཏོང་དགོས་ཤིང་། གྲོང་ཚོ་རིམ་པའི་སྨན་པའི་འཚོ་དོད་དེ་གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་ནང་གཅིག་གྱུར་བཀོད་སྒྲིག་བྱེད་དགོས།
3. རིག་གནས་བྱ་གཞག་གོང་འཕེལ་ཤུགས་ཆེ་གཏོང་དགོས། ཞིང་འབྲོག་ཁུལ་གྱི་རིག་གནས་བྱེད་སྒོ་སྤེལ་གནས་དང་རིག་གནས་སྒྲིག་བཀོད་བཟོ་སྐྲུན་བྱེད་རྒྱུར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཐོག་རྫོང་དང་ཤང་གི་ཕྱོགས་བསྡུས་རིག་གནས་སྒྲིག་བཀོད་བཟོ་སྐྲུན་བྱེད་རྒྱུར་སྐུལ་སྤེལ་ཤུགས་ཆེ་བཏང་ནས་རིག་གནས་ཆ་འཕྲིན་གྱི་ཐོན་ཁུངས་མཉམ་སྤྱོད་བྱེད་རྒྱུ་དང་གྲོང་ཚོ་ཁྲི་ལ་དཔེ་མཛོད་ཁང་རྒྱག་རྒྱུའི་ལས་གཞི་རིམ་པས་ཁྱབ་སྤེལ་གཏོང་དགོས། “བོད་ཤིན་ལས་གཞི ”དང་རླུང་འཕྲིན་བཪྙན་འཕྲིན་གྲོང་ཚོ་ཀུན་ཁྱབ་ལས་གཞི། གྲོང་གསེབ་ལ་གློག་བཪྙན་སྟོན་རྒྱུའི་ལས་གཞི། རིག་གནས་ཆ་འཕྲིན་གྱི་ཐོན་ཁུངས་མཉམ་སྤྱོད་ལས་གཞི་བཅས་ཧུར་ཐག་སྤེལ་དགོས་པ་དང་། གྲངས་འཛིན་བཪྙན་འཕྲིན་ཁྱབ་གདལ་གཏོང་དགོས། གསར་འགྱུར་དཔེ་སྐྲུན་དང་། རིག་གནས་སྒྱུ་རྩལ་གྱིས་གྲོང་གསེབ་ལ་ཞབས་འདེགས་ཞུ་རྒྱུ་དར་སྤེལ་ཤུགས་ཆེ་གཏོང་བ་དང་དེར་རྒྱབ་སྐྱོར་ཧུར་ཐག་བྱེད་པ་དང་སྦྲགས་གཞི་རིམ་མང་ཚོགས་ཀྱི་རིག་གནས་ཚོགས་པ་ཁག་གཅིག་ལ་རོགས་སྐྱོར་ཧུར་ཐག་བྱས་ནས་གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་ཕྱོགས་ཡོངས་ནས་འཛུགས་ཐུབ་པ་བྱེད་དགོས། རིག་གནས་ཤུལ་བཞག་དང་དེ་བཞིན་ལོ་རྒྱུས་དང་གསར་བརྗེའི་རིག་དངོས་གཙོ་གནད་རིགས་ལ་བརྟག་དཔྱད་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་གཙོ་གནད་རིག་དངོས་དང་། ལོ་རྒྱུས་དང་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར། རང་བྱུང་ཤུལ་བཞག་ས་ཆ་བཅས་སྲུང་སྐྱོབ་ཀྱི་སྒྲིག་བཀོད་བཟོ་སྐྲུན་མུ་མཐུད་བྱེད་དགོས།
4. ཚན་རྩལ་བྱ་གཞག་གོང་འཕེལ་ཧུར་ཐག་གཏོང་དགོས། ཞིང་འབྲོག་ལས་ཀྱི་སྔོན་ཐོན་གོ་ཆོད་ལག་རྩལ་ནང་འདྲེན་དང་ཁྱབ་གདལ་གཏོང་རྒྱུ་མུ་མཐུད་ཇེ་མགྱོགས་སུ་བཏང་ནས་ཞིང་འབྲོག་ལས་ཀྱི་ཚན་རྩལ་ཞབས་ཞུའི་མ་ལག་འཛུགས་པ་དང་ཡོད་པ་འཐུས་སྒོ་ཚང་དུ་ཟམ་མི་ཆད་པར་གཏོང་དགོས། ས་མཐོའི་རིམས་ནད་ཆེ་རིགས་དང་འགོས་ནད་རིགས་ལ་ཚན་རྩལ་ཞིབ་འཇུག་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་དང་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ཤེས་ལྡན་པར་བརྟེན་ནས་རང་ལྗོངས་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ཏེ་ཆེད་དོན་ཤེས་ལྡན་པ་དང་གནས་ཚད་མཐོ་བའི་ཤེས་ལྡན་པ་གཙོ་གནད་དུ་གསོ་སྐྱོང་དང་ནང་འདྲེན་བྱས་ནས་ཚན་ཞིབ་ལས་ཁུངས་དང་ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཚན་རྩལ་འབྲས་བུ་ཐོན་སྐྱེད་ནུས་ཤུགས་ལ་སྒྱུར་བའི་གོམ་སྟབས་མགྱོགས་སུ་བཏང་ནས་དཔལ་འབྱོར་འཕར་རིམ་ནང་ཚན་རྩལ་གྱི་ལེགས་སྐྱེས་འབུལ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ཚན་རྩལ་ཆེད་མངག་པ་གཏོང་རྒྱུའི་ལས་ཀར་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ལྗོངས་ཡོངས་ཀྱི་ཚན་རྩལ་ཆེད་མངག་པ་2000ཟིན་པའི་བརྩོན་ལེན་བྱེད་དགོས། ཚན་རྩལ་ཁྱབ་གདལ་གྱི་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ཏེ་ཚན་རྩལ་གཤམ་སྤེལ་དང་ཚན་རྩལ་གྱི་དབུལ་སྐྱོར་ལ་སོགས་པའི་བྱེད་སྒོ་ཡག་པོ་སྤེལ་དགོས།
5. སྤྱི་ཚོགས་འགན་སྲུང་གི་མ་ལག་འཐུས་ཚང་འཛུགས་དགོས། ན་ཚོད་མ་ལོན་པའི་འཁྱམས་པོའི་རིགས་སྲུང་སྐྱོང་བྱེད་རྒྱུ་དང་། དེ་བཞིན་བྱིས་པའི་ཕན་བདེ། དབང་པོ་སྐྱོན་ཅན་གྱི་ཕྱོགས་བསྡུས་ཞབས་ཞུ། སྡེ་ཁུལ་གྱི་ཕྱོགས་བསྡུས་ཞབས་ཞུ་བཅས་ཀྱི་སྒྲིག་བཀོད་བཟོ་སྐྲུན་བྱེད་རྒྱུ་མུ་མཐུད་དམ་དོན་བྱས་ཏེ་སྤྱི་ཚོགས་ཀྱི་ཕན་བདེ་དང་སྤྱི་ཚོགས་ཀྱི་རོགས་སྐྱོབ་བྱེད་ལམ་ཡག་ཏུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བ་འགན་སྲུང་བྱེད་ལམ་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། ཞིང་འབྲོག་ལས་མིར་ལས་རྨས་དང་། སྨན་བཅོས། རྒན་གསོ་བཅས་ཀྱི་འགན་བཅོལ་ཁེབས་རྒྱ་ཆེ་རུ་གཏོང་བ་དང་འབྲེལ་ཁོང་ཚོའི་རྒན་གསོའི་འགན་བཅོལ་ཁུངས་སྒྱུར་འབྲེལ་མཐུད་བྱ་ཐབས་གང་མགྱོགས་བཟོ་དགོས། སྤྱི་ཚོགས་ཀྱི་རོགས་སྐྱོབ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཞིང་འབྲེལ་ཚོང་ལས་འགན་བཅོལ་གྱི་ཚོད་ལྟ་བྱེད་ཁྱོན་ཆེ་རུ་གཏོང་དགོས། ཁང་གླ་ཁེ་བའི་སྡོད་ཁང་རྒྱག་རྒྱུ་དང་གྲོང་གསེབ་ཀྱི་ཉེན་ཆེའི་ཁང་གོག་བཟོ་བཅོས་རྒྱག་རྒྱུ་སོགས་འགན་སྲུང་རང་བཞིན་གྱི་བདེ་འཁོད་ལས་གཞི་སྐྲུན་ཤུགས་ཆེ་རུ་གཏོང་དགོས་པ་དང་ཁང་གླ་ཁེ་བའི་སྡོད་ཁང་འགན་སྲུང་བྱེད་ལམ་དོན་འཁྱོལ་ཧུར་ཐག་བྱེད་དགོས། ཐོན་འབྱེད་རྣམ་པའི་ཁུལ་སྐྱོར་ལས་ཀ་ཤུགས་ཆེ་བྱས་ནས་དབུལ་ཕོངས་རིགས་གྲས་ཀྱི་ལྟོ་གོས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། “མཐའ་དར་དམངས་ཕྱུག ”གི་བྱེད་སྒོ་ཁྱབ་སྤེལ་ཧུར་ཐག་གཏོང་དགོས་ཤིང་། མ་དངུལ་སྒོར་དུང་ཕྱུར་1.5བཀོད་སྒྲིག་བྱས་ནས་མི་འབོར་ཉུང་ཤས་ཀྱི་མི་རིགས་ལ་གོང་འཕེལ་གཏོང་རྒྱུའི་རོགས་སྐྱོར་བྱེད་དགོས།
6. ལས་ཞུགས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་ལས་ཞུགས་གཅིག་གྱུར་འཆར་འགོད་བྱས་ཏེ་རྫོང་ཡན་གྱི་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཏུ་གྱུར་བའི་མི་རྒྱུན་ཡོང་ཁུངས་ཁྲོམ་ར་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་དགོས། ལས་ཞུགས་ཀྱི་མཛུབ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཆེད་ལས་སློབ་གྲྭ་ཆེ་འབྲིང་ཁག་གི་སློབ་མར་ལས་ཞུགས་ཀྱི་ཞབས་ཞུ་བྱེད་རྒྱུ་དང་དམག་ཁོངས་ནས་ཐོན་པའི་དམག་མི་བཀོད་སྒྲིག་བྱེད་རྒྱུའི་ལས་དོན་ཡག་པོ་བསྒྲུབས་ཏེ་ལས་ཞུགས་མེད་པའི་ཁྱིམ་ཚང་ལ་ལས་ཞུགས་པ་ཡོད་པ་བཟོ་དགོས་པ་དང་། སྲིད་གཞུང་གི་སྤྱི་ཕན་རང་བཞིན་གྱི་ལས་གནས་ཁྲི་གཅིག་མང་དུ་གཏོང་དགོས། ལས་སྐྲུན་ཞབས་ཞུ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལས་རིགས་སློབ་གསོའི་སྦྱོང་བརྡར་སྤྲོས་ལམ་འཐུས་ཚང་འཛུགས་དགོས། གྲོང་གསེབ་ཀྱི་ངལ་ནུས་ཐོལ་པ་རྣམས་ལ་ཁ་སྒྱུར་ལས་ཞུགས་ཀྱི་སྦྱོང་བརྡར་སྤྲོས་རྒྱུར་ཤུགས་སྣོན་རྒྱག་པ་དང་ཕྱོགས་མཚུངས་ཞིང་འབྲོག་མང་ཚོགས་རྣམས་རང་ས་དང་ཉེ་སར་ཁ་སྒྱུར་ལས་ཞུགས་བྱེད་རྒྱུར་སྐུལ་ལྕག་བྱེད་པ་མ་ཟད་ཞིང་འབྲོག་ལས་མི་ཚོར་རང་ཡུལ་དུ་ལོག་ནས་ལས་སྐྲུན་བྱེད་རྒྱུར་རྒྱབ་སྐྱོར་བྱེད་དགོས།
7. འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་གང་ལེགས་རྒྱག་དགོས། བོད་ཀྱི་འབྱུང་ཁམས་སྲུང་བཅད་སྲུང་སྐྱོབ་དང་ལེགས་སྐྱོང་འཆར་འགོད་ཀྱི་འབྲེལ་མཐུད་ལས་ཀ་མུ་མཐུད་ཡག་པོ་བྱས་ཏེ་དེ་དོན་རྒྱལ་ཁབ་ནས་སྔ་ཙམ་བཀའ་མཆན་ཐོབ་པའི་བརྩོན་ལེན་བྱས་ནས་ལག་བསྟར་བྱེད་འགོ་འཛུགས་ཐུབ་པ་བྱེད་དགོས། བོད་ཀྱི་འབྱུང་ཁམས་སྐྱོང་གསོའི་ཁ་གསབ་སྤྲོད་ལམ་དོན་འཁྱོལ་ཡག་པོ་བྱེད་པ་དང་འབུད་ཤིང་རྒྱུ་ཚབ་གསར་པ་འདོན་སྤྱོད་ལས་གཞི་དང་ཞིང་འབྲོག་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་ཤུགས་ཆེ་སྤེལ་དགོས། སྐྱས་སྤོ་རྩྭ་གསོ་བྱེད་རྒྱུ་དང་། རང་བྱུང་ནགས་ཚལ་སྲུང་སྐྱོབ་བྱེད་རྒྱུ། རང་བྱུང་སྲུང་སྐྱོབ་ཁུལ་ལེགས་སྐྱོང་བྱེད་རྒྱུ། གཙོ་གནད་ས་ཁོངས་སུ་ནགས་འདེབས་སྔོ་ལྗང་ཅན་དུ་གྱུར་བ་བྱེད་རྒྱུ། ས་ཆུ་ཤོར་རིགས་བཅོས་སྐྱོང་བྱེད་རྒྱུ་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས་པ་དང་། ཁོར་ཡུག་ལ་ཁྲིམས་འཛིན་ལྟ་འདོམས་ནན་པོ་བྱེད་དགོས། ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་གི་བྱ་ཐབས་ཁག་དོན་འཁྱོལ་ནན་ཏན་བྱས་ཐོག་རྣམ་གྲངས་གསར་པའི་རིགས་ལ་ནུས་རྒྱུ་བསྲི་ཚགས་ཐད་ཀྱི་ཚོད་སྐོར་བྱེད་ལམ་ལག་བསྟར་ནན་པོ་བྱེད་པ་དང། གཏེར་ལས་ལ་སོགས་པའི་འབྲེལ་ཡོད་ལས་རིགས་ཀྱིས་འབྱུང་ཁམས་ཁོར་ཡུག་སླར་གསོ་བྱེད་པའི་སྒྲིག་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། བཙོག་སྐྱོན་བཤངས་གཏོང་འཁྲོལ་འཛིན་ལམ་ལུགས་ཁྱབ་སྤེལ་ཧུར་ཐག་གཏོང་བ། ནུས་རྒྱུ་དང་ཆུ་ཟད་སོང་གི་གནས་ཚུལ་ཡོངས་བསྒྲགས་བྱེད་ལམ་ཚགས་ཚུད་དུ་གཏོང་བ་བཅས་བྱེད་དགོས་པ་མ་ཟད་ནུས་རྒྱུ་ཟད་སོང་ཆེ་བའི་ལས་རིགས་བསྒྱུར་བཅོས་བྱེད་རྒྱུ་དང་ཨར་སྐྲུན་ཐད་ནུས་རྒྱུ་བསྲི་ཚགས་ཀྱི་དོ་དམ་བྱེད་རྒྱུ་དམ་འཛིན་ཤུགས་ཆེ་བྱེད་དགོས།
(བཞི ) ཐོན་ལས་ལེགས་སྐྱོང་བྱེད་རྒྱུ་དམ་འཛིན་བྱས་ནས་གོང་འཕེལ་གཏོང་སྟངས་འགྱུར་བ་ཧུར་ཐག་གཏོང་དགོས།
1.ནུས་ཤུགས་ཡོད་རྒུས་ཡུལ་སྐོར་ལས་རིགས་སླར་གསོ་བྱེད་དགོས། ཡུལ་སྐོར་གྱི་འཆར་འགོད་དང་། ཡུལ་སྐོར་གྱི་དོ་དམ། ཁྲོམ་ར་འཛུགས་སྐྱོང་། རྟགས་ལེགས་བཟོ་འདོན། ཁེ་ལས་ལེགས་སྐྱོང་སོགས་ཕྱོགས་ཀྱི་ཐད་ནས་ཡུལ་སྐོར་གོང་འཕེལ་གཏོང་རྒྱུའི་ཐབས་ཇུས་དང་བསམ་གཞི་ལེགས་སྒྲིག་ཧུར་ཐག་བྱེད་དགོས། ཡུལ་སྐོར་གྱི་དྲིལ་བསྒྲགས་དང་ཡུལ་སྐོར་གོང་འཕེལ་གཏོང་རྒྱུའི་ཆེད་སྤྱོད་མ་དངུལ་སྒོར་ཁྲི་5000བཀོད་སྒྲིག་བྱས་ཏེ་ཡུལ་སྐོར་གྱི་མཚན་སྙན་བཟང་གཏོད་ཀྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་རང་ལྗོངས་འདི་ཉིད “བདེ་འཇགས་དང་། ཚུལ་ལྡན། སྐྱོན་བྲལ ”བཅས་ཀྱི་ཡུལ་སྐོར་བྱེད་གནས་ཤིག་ཡིན་པའི་མཚན་སྙན་གཏོད་གང་ཐུབ་བྱེད་དགོས། ཡུལ་སྐོར་ལས་རིགས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་ལེ་ལག་སྒྲིག་བཀོད་བཟོ་སྐྲུན་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས། ཡུལ་སྐོར་ལས་རིགས་ཀྱི་ལས་སྒོ་སླར་གསོ་བྱེད་རྒྱུར་དངུལ་ཁང་ནས་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་དགོས། ཡུལ་སྐོར་ཐོན་རྫས་གསར་གཏོད་ཧུར་ཐག་བྱེད་པ་དང་། དེ་བཞིན་གྲོང་གསེབ་ཀྱི་ཡུལ་སྐོར་དང་གྲོང་འདབས་ཀྱི་ཡུལ་སྐོར་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས། ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་ཤུགས་ཆེ་བྱས་ནས་དོ་དམ་གྱི་ཆུ་ཚད་དང་ཞབས་ཞུའི་ནུས་པ་མཐོ་རུ་གཏོང་དགོས། ཡུལ་སྐོར་ལས་རིགས་གོང་འཕེལ་གཏོང་བར་བརྟེན་ནས་ཁྱད་ཆོས་ལྡན་པའི་དྲན་རྟེན་དངོས་པོ་བཟོ་རྒྱུ་སོགས་མི་རིགས་ལག་ཤེས་བཟོ་ལས་དང་། ཞག་སྡོད། བཟའ་འཐུང་སོགས་ཐོན་ལས་གསུམ་པ་གོང་འཕེལ་མྱུར་པོ་ཡོང་བར་སྐུལ་ཁྲིད་ཐུབ་པ་བྱེད་དགོས།
2. དགེ་སྟོབས་ཆེ་བའི་གཏེར་ལས་གོང་འཕེལ་ཇེ་མགྱོགས་སུ་གཏོང་དགོས། བོད་ཤར་རྒྱུད་ཀྱི “ཆུ་གསུམ་རྒྱུག་ཁུལ ”གྱི་གཏེར་ཁུལ་དང་། བོད་དཀྱིལ་རྒྱུད་ཀྱི་གངས་ཏི་སི་ནས་གཉན་ཆེན་ཐང་ལྷ་བར་གྱི་གཏེར་ཁུལ། བྲག་ཁོག་མཚོ་ནས་རྒྱ་མོ་རྔུལ་ཆུ་བར་གྱི་གཏེར་ཁུལ་ལ་རྩད་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་རྗེས་གྲབས་ཐོན་ཁུངས་གསོག་འབོར་མང་ལོས་རྩད་ཞིབ་གསལ་པོ་བྱེད་དགོས། གཡུ་ལུང་དང་། རྒྱ་མ། ཆུ་ལུང་། གཤོངས་གྲོང་ཚོ་བཅས་ཀྱི་ཟངས་གཏེར་གཙོ་བོར་བྱེད་པའི་གཏེར་རི་ཆེ་གྲས་ཀྱི་རྣམ་གྲངས་འཛུགས་གཉེར་བྱེད་ཤུགས་ཆེ་རུ་བཏང་ནས་གཡུ་ལུང་ཟངས་གཏེར་དུས་མཚམས་དང་པོའི་ལས་རིམ་གཉིས་པ་དོན་འཁྱོལ་ཡག་པོ་སྤེལ་དགོས་པ་དང་། དགེ་སྟོབས་ཆེ་བའི་གཏེར་རྫས་ཐོན་ཁུངས་བཟོ་སྣོན་ཞིབ་ཚགས་ཀྱི་རྟེན་གཞི་འཛུགས་སྐྱོང་བྱེད་འགོ་བརྩམས་དགོས།
3.འབྱུང་འཕྲོད་བཟའ་བཅའི (བཏུང་བྱ )ལས་རིགས་རྒྱ་སྟོབས་ཆེ་རུ་གཏོང་དགོས། འགོ་འཛུགས་ས་མཐོ་པོ་དང་ཚད་གཞི་མཐོ་པོ་རྒྱུན་འཁྱོངས་བྱས་ཏེ་བཟའ་བཅའི (བཏུང་བྱ )སྤུས་ཚད་ལ་དོ་སྣང་ཤུགས་ཆེ་བྱས་ཐོག་ཐོན་སྐྱེད་བྱེད་ཤུགས་ཆེ་རུ་བཏང་སྟེ་འབྱུང་འཕྲོད་དང་། ཉེན་མེད། བློས་འགེལ་ཆོག་པའི་རྟགས་ལེགས་གཏོད་ནས་ཁྲོམ་རར་འགྲེམས་ཚད་ཆེ་རུ་གཏོང་དགོས། རང་ལྗོངས་ཀྱི་དོན་དངོས་དང་འཚམ་པའི་དཀར་ཆུའི་ཐོན་རྫས་ལས་རིགས་ཁྲོམ་རར་འཛུལ་ཞུགས་ཀྱི་ཆ་རྐྱེན་བཟོ་དགོས།
4. བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས་དམ་འཛིན་ནན་པོ་བྱེད་དགོས། བོད་སྨན་ཀྱི་ཐོན་ཁུངས་སྒྲིལ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས་མུ་མཐུད་བོད་ལུགས་གསོ་རིག་དང་བོད་སྨན་ཁུལ་ཁོངས་ཀྱི་འཛུགས་སྐྱོང་ཇེ་མགྱོགས་སུ་བཏང་སྟེ་བོད་ལུགས་གསོ་རིག་དང་བོད་སྨན་གཞི་ཁྱོན་ཅན་དང་། གཅིག་སྡུད་ཅན་གྱི་ཐོན་སྐྱེད་བྱེད་རྒྱུར་སྐུལ་སྤེལ་གཏོང་དགོས། སྔོན་ཐོན་གྱི་ལག་རྩལ་སྒྲིག་ཆས་ནང་འདྲེན་ཧུར་ཐག་བྱེད་པ་དང་། ཞིབ་འཇུག་གསར་སྤེལ་ཐད་ཀྱི་གཏོང་ཆ་ཆེ་རུ་གཏོང་བ། རང་བརྟེན་གསར་གཏོད་ཀྱི་ནུས་པ་མཐོ་རུ་གཏོང་བ་བཅས་ཐོན་ལས་གང་མགྱོགས་རིམ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།
5. ཨར་སྐྲུན་དང་ཨར་སྐྲུན་རྒྱུ་ཆའི་ལས་རིགས་གོང་འཕེལ་ཧུར་ཐག་གཏོང་དགོས། རྒྱལ་ཁབ་ཀྱིས་མ་འཇོག་གི་གཞི་རྒྱ་ཆེ་རུ་གཏོང་བའི་གོ་སྐབས་དམ་འཛིན་གང་ལེགས་བྱས་ཏེ་ཧྭ་ཤིན་སྦེ་ལཱ་ས་བཟོ་གྲྭའི་རྒྱ་བསྐྱེད་ལས་གྲྭ་དང་ཞོལ་ལན་སྦེ་ལ་བཟོ་གྲྭའི་སྐམ་བཀྲག་བྱ་ཐབས་གསར་པའི་སྦེ་ལཱ་སའི་བཟོ་འཁོར་སོགས་ཀྱི་སྔོན་འགྲོའི་ལས་ཀ་གང་མགྱོགས་ལེགས་གྲུབ་ཡོང་བ་བྱས་ནས་འཛུགས་སྐྲུན་གྱི་ལས་འགོ་གང་མགྱོགས་འཛུགས་དགོས། མཐོ་རྩོད་སྦེ་ལཱ་ས་བཟོ་གྲྭའི་ལོ་རེར་ཀྲོན་ཁྲི་60ཐོན་སྐྱེད་ཐུབ་པའི་སྐམ་ཐབས་གསར་པའི་ལས་སྒྲོམ་ཨང་གཉིས་པའི་ཐོན་སྐྱེད་ཚོད་ལྟའི་ལས་ཀ་དམ་འཛིན་ནན་པོ་བྱེད་དགོས།
6. ཐོན་ལས་ཞབས་ཞུར་ཤུགས་སྣོན་ཆེན་པོ་རྒྱག་དགོས།
འཕར་ཐང་དཔྱ་ཁྲལ་བརྗེ་སྒྱུར་བྱེད་པའི་གོ་སྐབས་བཟང་པོ་བེད་སྤྱོད་བྱས་ཏེ་ཐོན་ལས་གོང་འཕེལ་གཏོང་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། ཐོན་ལས་འཆར་འགོད་བཟོ་རྒྱུ་དམ་འཛིན་བྱེད་པ་དང་། རང་ལྗོངས་ཀྱི་ཐོན་ལས་ཕྱོགས་སྟོན་དཀར་ཆག་གང་མགྱོགས་བཟོས་ཏེ་འགྲེམས་བསྒྲགས་བྱེད་དགོས། ཐོན་ལས་དང་ཁེ་ལས་བསྒྱུར་བཅོས་གོང་འཕེལ་གཏོང་རྒྱུའི་མ་དངུལ་སྒོར་དུང་ཕྱུར་5བབ་བསྟུན་བེད་སྤྱོད་གང་ལེགས་བྱེད་དགོས། ཐོན་ལས་གོང་འཕེལ་གཏོང་བའི་མ་དངུལ་བསྡུ་རུབ་བྱེད་ལམ་ཧུར་ཐག་གཏོད་དེ་ཁྱད་ལྡན་ཐོན་ལས་ལ་ནོར་ཁྲལ་དང་དངུལ་རྩའི་ཐད་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁག་ཐེག་དང་སྐྱེད་སྦྱར་སོགས་ཀྱི་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱེད་དགོས། ལས་རིགས་མཐུན་ཚོགས་དང་ཁྲོམ་རའི་མཚམས་སྦྱོར་བར་འགྲིམ་རྩ་འཛུགས་ལ་ཆེད་དོན་བཅོས་སྒྲིག་བྱེད་རྒྱུ་དམ་འཛིན་ནན་པོ་བྱེད་དགོས།
(ལྔ ) གཞི་ཆེའི་སྟངས་འཛིན་ལ་དམ་འཛིན་བྱས་ཏེ་དཔལ་འབྱོར་དོ་སྙོམས་ངང་འཁོར་རྒྱུགས་བྱེད་རྒྱུར་སྐུལ་འདེད་གཏོང་དགོས།
1. གོང་འཕེལ་གཏོང་རྒྱུའི་ནང་རྐྱེན་ལེགས་བཅོས་ཏན་ཏིག་བྱེད་དགོས། ཁྲོམ་རའི་ཐོན་ཁུངས་བགོ་སྒྲིག་གི་ནུས་པ་འདོན་སྤེལ་བྱེད་རྒྱུར་སྣང་ཆེན་བྱས་ཏེ་གཞི་ཆེའི་སྟངས་འཛིན་ལ་ཤུགས་སྣོན་དང་ལེགས་བཅོས་ཀྱིས་ནོར་ཁྲལ་དང་། ཟོག་གོང་། དངུལ་རྩ་སོགས་ཀྱི་དཔལ་འབྱོར་བྱ་ཐབས་དང་ཁྲིམས་ལུགས་ཀྱི་བྱ་ཐབས་སྤྱོད་རྒྱུར་སྣང་ཆེན་བྱས་ཏེ་དཔལ་འབྱོར་སྟངས་འཛིན་བྱེད་ནུས་དང་སྲིད་དོན་ཁྲིམས་བཞིན་སྒྲུབ་ནུས་མཐོ་རུ་གཏོང་དགོས། ཞབས་ཞུ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་དགོས། ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་ལམ་བཅོས་སྒྲིག་དང་ཚད་ལྡན་ཧུར་ཐག་བཟོས་ནས་ཁྲོམ་རའི་ལྟ་སྡོམ་ལ་ཤུགས་སྣོན་བརྒྱབ་སྟེ་བརྡ་ཁྱབ་རྫུན་མ་དང་། རྫུན་བཟོ་རྫུན་འཚོང་། ཚོང་ལས་མགོ་སྐོར། ཉོ་འཚོང་བཙན་ཤེད་སོགས་ཀྱི་བྱེད་སྤྱོད་རིགས་ལ་ཁྲིམས་བཞིན་ཆད་གཅོད་བྱས་ནས་སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།
2. གཞི་ཆེའི་དཔལ་འབྱོར་ལྟ་སྐུལ་དང་ཉེན་ཟོན་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། གཞི་ཆེའི་སྟངས་འཛིན་དང་དཔལ་འབྱོར་དོ་དམ་ཕྱོགས་བསྡུས་སྡེ་ཚན་གྱི་ལས་ཀའི་མཐུན་སྦྱོར་བྱེད་སྟངས་སྔར་བས་ཚགས་ཚུད་དུ་གཏོང་དགོས་པ་དང་རྒྱལ་ནང་དཔལ་འབྱོར་གྱི་དུས་བབ་དང་རྒྱལ་ཁབ་ཀྱི་གཞི་ཆེའི་སྟངས་འཛིན་སྲིད་ཇུས་ཀྱི་འགྱུར་ལྡོག་ལ་དེ་བས་དོ་སྣང་ཆེན་པོ་བྱས་ནས་དཔལ་འབྱོར་འཁོར་རྒྱུག་དང་དབྱེ་ཞིབ་ལས་ཀ་བྱེད་ཤུགས་ཆེ་རུ་བཏང་སྟེ་དཔལ་འབྱོར་འཁོར་རྒྱུག་ཁྲོད་དུ་ཐོན་པའི་སྐྱོན་ཆ་ཡོད་པ་དང་བརྟན་པོ་མེད་པའི་རྒྱུ་རྐྱེན་རིགས་ལ་དོ་ཁུར་དམ་ཟབ་བྱེད་དགོས་པ་དང་ལྷག་པར་དུ་དུས་ཚིགས་དང་། ལོ་ཕྱེད་ཀྱི་དཔལ་འབྱོར་གྱི་གནས་ཚུལ་དང་གོང་འཕེལ་གཏོང་རིམ་ནང་ཐོན་ངོ་ཡོད་པའི་གནད་དོན་གསར་པའི་རིགས་ཀྱི་གནས་ཚུལ་སྔ་ཙམ་ཤེས་རྟོགས་ཐུབ་པ་དང་། བྱ་སྤྱོད་གང་མགྱོགས་སྤེལ་ཐུབ་པ། འཕྲལ་ཐག་ཆོད་པོས་ཁ་གཏད་གཅོག་ཐུབ་པ་བཅས་བྱས་ཏེ་དཔལ་འབྱོར་འཕར་ཆག་ཆེན་པོ་མི་ཡོང་བའི་སྔོན་འགོག་བྱེད་དགོས།
3.གོང་ཚད་སྟངས་འཛིན་ལེགས་སྒྲིག་དང་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། “མཁོ་འདོན་འགན་ལེན་དང་གོང་ཚད་བརྟན་པོ ”ཡོང་རྒྱུའི་ལས་ཀར་ཤུགས་སྣོན་སྔར་བས་ཆེ་བ་བརྒྱབ་སྟེ་གོང་ཚད་གི་སྤྱིའི་ཆུ་ཚད་དེ་ལུགས་མཐུན་གྱི་མཚམས་སུ་གནས་པ་བྱེད་དགོས། གོང་ཚད་གི་གནས་ཚུལ་ལ་དབྱེ་ཞིབ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱལ་ནང་ཁྲོམ་ར་དང་རང་ལྗོངས་ཁྲོམ་ར། སྤུས་རིམ་མཐོ་བའི་ཐོན་རྫས་དང་། སྤུས་རིམ་དམའ་བའི་ཐོན་རྫས། འབྲེལ་ཡོད་ཐོན་རྫས་དང་ཚབ་བྱེད་ཐོན་རྫས་བཅས་དབར་གྱི་གོང་ཚད་གི་འབྲེལ་བར་ཞིབ་འཇུག་བྱས་ཏེ་གོང་ཚད་གི་སྤྱིའི་ཆུ་ཚད་དང་ཚོང་ཟོག་གི་གོང་ཚད་འགྱུར་ལྡོག་འགྲོ་ཕྱོགས་ལ་སྔོན་དཔག་བྱས་ཐོག་ཁྲོམ་རར་སྟངས་འཛིན་དང་གོང་ཚད་བརྟན་པོ་ཡོང་བའི་སྲིད་ཇུས་བཟོ་རྒྱུའི་གྲོས་འཆར་འདོན་རྒྱུ་དང་ཁྲོམ་རའི་གོང་ཚད་ལྟ་སྡོམ་དང་གོང་ཚད་དང་གླ་རིན་ཚད་ལྡན་བཟོ་རྒྱུར་ཤུགས་སྣོན་རྒྱག་དགོས། གོང་ཚད་ཀྱི་གནས་ཚུལ་ལ་དབྱེ་ཞིབ་བྱེད་ཤུགས་ཆེ་རུ་བཏང་སྟེ་གོང་ཚད་སྔོན་དཔག་གི་ཉིན་རེའི་སྙན་ཞུ་དང་། གཟའ་འཁོར་སྙན་ཞུ། ཟླ་རེའི་སྙན་ཞུ་བཅས་ཀྱི་ལམ་ལུགས་ཚགས་ཚུད་དུ་བཏང་ཐོག་ཤ་དང་། སྒོ་ང་། མར། དཀར་ཆུ། བཅོས་སྣུམ། སོལ་རླུང་། ཨར་རྒྱུ་སོགས་གལ་ཆེའི་ཚོང་ཟོག་ལ་ཞིབ་དཔྱོད་སྔོན་དཔག་ལས་དོན་ཏན་ཏག་གི་སྒོ་ནས་ཡག་པོ་བྱེད་དགོས། འབྲུ་རིགས་དང་ཞོར་ཟས་གྲབས་གསོག་གི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ་བཅོས་སྣུམ་དང་སོལ་རླངས་སོགས་གལ་ཆེའི་ཚོང་ཟོག་ཉར་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲོམ་རའི་གོང་ཚད་བརྟན་པོ་ཡོང་བ་བྱེད་དགོས།
4. “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་བཟོ་རྒྱུའི་འབྲེལ་ཡོད་ལས་འགོ་གང་མགྱོགས་འཛུགས་དགོས། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་སློབ་སྦྱོང་དང་ལག་ལེན་བྱེད་རྒྱུའི་ནང་བཏོན་པའི “ལག་བསྟར་གཅིག་དང་། རྒྱུན་འཁྱོངས་གསུམ། སྐུལ་སྤེལ་གཉིས ”ཀྱི་བླང་བྱ་གཞིར་བཟུང “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་བཟོ་རྒྱུའི་སྔོན་འགྲོའི་ཞིབ་འཇུག་ལས་དོན་ཧུར་ཐག་སྤེལ་དགོས། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་གལ་ཆེའི་འཐབ་ཇུས་ཀྱི་གནད་དོན་ལ་དམིགས་ཏེ་གོང་འཕེལ་གྱི་བསམ་གཞི་འདོན་རྒྱུའི་སྔོན་འགྲོའི་ཞིབ་འཇུག་བྱས་ཐོག་འཛུགས་སྐྲུན་རྣམ་གྲངས་ཞིབ་འཇུག་དང་རིགས་སྒྲུབ་ཁུངས་སྐྱེལ་བྱེད་རྒྱུ་དམ་འཛིན་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གྱི་རྣམ་པ་རྒྱུན་འཁྱོངས་ཀྱིས་གོ་རིམ་ལྡན་པའི་སྒོ་ནས་ལོ་ལྔའི་འཆར་འགོད་འབྲེལ་མཐུད་ཡོང་རྒྱུར་རྨང་གཞི་འདིང་དགོས།
(དྲུག ) སྒྲིག་གཞི་བསྒྱུར་བཅོས་དམ་འཛིན་ནན་པོ་བྱས་ཏེ་གོང་འཕེལ་གཏོང་བའི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།
1.གྲོང་གསེབ་ཀྱི་ཕྱོགས་བསྡུས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས། མུ་མཐུད “ཡུན་རིང་འགྱུར་བ་མི་གཏོང་རྒྱུ་གསུམ ”གྱི་སྲིད་ཇུས་མཐའ་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་རྩྭ་ར་འགན་གཙང་བླངས་ནས་གཉེར་སྐྱོང་བྱེད་པའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་དང་འཐུས་སྒོ་ཚང་དུ་བཏང་ནས་རྩྭ་ཕྱུགས་ག་འཛོལ་མི་ཤོར་བ་བྱེད་རྒྱུའི་སྲིད་ཇུས་དང་བྱ་ཐབས་འཚོལ་ཞིབ་བྱས་ཏེ་བཟོ་དགོས། ས་ཆ་འགན་གཙང་བླངས་ནས་གཉེར་སྐྱོང་བྱེད་པའི་དབང་ཆ་སྔར་བས་ཚགས་ཚུད་དུ་བཏང་ཐོག་ཞིང་འབྲོག་མང་ཚོགས་ཀྱི་ས་ཆ་བདག་བཟུང་བེད་སྤྱོད་བྱེད་རྒྱུ་དང་ཕན་འབྲས་བདག་སྤྱོད་བྱེད་རྒྱུའི་དབང་ཆ་འགན་ལེན་བྱེད་དགོས། གྲོང་གསེབ་ས་ཆ་འགན་གཙང་བླངས་ནས་གཉེར་སྐྱོང་བྱེད་པའི་དབང་ཆ་བདག་རེས་བྱེད་ལམ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། ས་ཆ་འགན་གཙང་བླངས་ནས་གཉེར་སྐྱོང་བྱེད་པའི་དབང་ཆ་ཁྲིམས་བཞིན་བདག་རེས་བྱེད་ཐུབ་པ་བཟོ་དགོས། ཞིང་འབྲོག་ལས་ཀྱི་རྒྱབ་སྐྱོར་དང་སྲུང་སྐྱོབ་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཇེ་མགྱོགས་སུ་བཏང་ནས་ཞིང་འབྲོག་ལས་ཀྱི་གཏོང་སྒོ་འགན་ལེན་བྱེད་པའི་ལམ་ལུགས་ཚགས་ཚུད་དུ་གཏོང་དགོས། དངུལ་རྩའི་སྒྲིག་གཞིས་གྲོང་གསེབ་ལ་ཞབས་འདེགས་ཞུ་བའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་གྲོང་གསེབ་ཀྱི་འགན་བཅོལ་བྱ་གཞག་གོང་འཕེལ་ཇེ་མགྱོགས་སུ་བཏང་ནས་རིམ་བཞིན་སྲིད་ཇུས་རང་བཞིན་གྱི་ཞིང་འབྲོག་ལས་འགན་བཅོལ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། ཕྱོགས་ཡོངས་ནས་གྲོང་གསེབ་ཀྱི་དངུལ་རྩའི་སྒྲིག་གཞི་དང་ནགས་ཚལ་གྱི་བདག་དབང་ལམ་ལུགས་བསྒྱུར་བཅོས་བྱེད་དགོས། ཤང་གྲོང་སྒྲིག་གཞི་དང་། གྲོང་གསེབ་ཀྱི་འགན་བབས་སློབ་གསོ། རྫོང་དང་ཤང་ནོར་སྲིད་དོ་དམ་ལམ་ལུགས་བཅས་ཀྱི་བསྒྱུར་བཅོས་མུ་མཐུད་ནས་གཏིང་ཟབ་ཏུ་གཏོང་དགོས།
2. གོང་ཚད་བསྒྱུར་བཅོས་བྱེད་རྒྱུར་ཧུར་ཞིང་བརྟན་པའི་སྒོ་ནས་སྐུལ་སྤེལ་གཏོང་དགོས། བཅོས་སྣུམ་གྱི་གོང་ཚད་དང་དཔྱ་ཁྲལ་བསྒྱུར་བཅོས་བྱ་ཐབས་དོན་འཁྱོལ་ནན་ཏན་བྱེད་པ་དང་། དེ་བཞིན་ཆུ་དང་གློག་སོགས་རྨང་གཞིའི་ནུས་རྒྱུ་དང་། སྤྱི་པའི་ལས་སྒོའི་གོང་ཚད། ཁོར་ཡུག་སྲུང་སྐྱོབ་ཀྱི་གླ་རིན་བཅས་དབར་གྱི་འགལ་ཟླ་སེལ་དགོས། བཙོག་སྐྱོན་དང་། བཙོག་ཆུ་། གད་ཪྙིགས་བཅས་གཙང་སེལ་བྱེད་པ་སོགས་ཁོར་ཡུག་སྲུང་སྐྱོབ་ཀྱི་རིན་བསྡུའི་ཚད་གཞི་བཟོ་དགོས།
3.གཞུང་ཁོངས་ཁེ་ལས་ཀྱི་བསྒྱུར་བཅོས་ལ་སྐུལ་སྤེལ་གཏོང་དགོས། 《རང་ལྗོངས་ཀྱི་གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུའི་སྐོར་གྱི་བསམ་འཆར 》དོན་འཁྱོལ་ཏན་ཏིག་བྱས་ཏེ་ཁྲིམས་ཚན་གྱིས་བཅོས་སྒྲིག་བྱེད་པའི་གྲུབ་ཆ་འཐུས་སྒོ་ཚང་དུ་བཏང་ནས་དེང་རབས་ཀྱི་ཁེ་ལས་ལམ་ལུགས་ཚགས་ཚུད་དུ་གཏོང་བ་དང་། གཞུང་ཁོངས་རྒྱུ་ནོར་བདག་དབང་ལམ་ལུགས་བཅོས་སྒྲིག་བྱེད་རྒྱུ་ཁྱབ་སྤེལ་བརྟན་པོ་བཏང་ནས་གཞུང་ཁོངས་ཁེ་ལས་ཀྱི་འཕེལ་ཤུགས་ཆེ་རུ་བཏང་སྟེ་གཞུང་ཁོངས་རྒྱུ་ནོར་གྱི་རིན་ཐང་མི་ཆག་པའི་ཐོག་འཕར་སྣོན་ཡོང་བ་བྱེད་དགོས། གཞུང་ཁོངས་རྒྱུ་ནོར་ལྟ་སྡོམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས།
4.སྲིད་འཛིན་དོ་དམ་ལམ་སྲོལ་དང་། མ་དངུལ་བསྡུས་གཏོང་ལམ་སྲོལ། ནོར་ཁྲལ་ལམ་སྲོལ་བཅས་ཀྱི་བསྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས། སྒྲིག་གཞི་བསྒྱུར་བཅོས་སྐུལ་སྤེལ་བརྟན་པོའི་ངང་གཏོང་དགོས། སྲིད་གཞུང་གི་འགན་ནུས་བརྗེ་སྒྱུར་གང་མགྱོགས་བྱས་ཏེ་སྲིད་འཛིན་དོ་དམ་བྱ་ཐབས་བསྒྱུར་བཅོས་དང་སྲིད་འཛིན་བཀའ་ཁྲོལ་ལས་རིམ་བསྡུས་སུ་བཏང་ནས་འགན་དབང་གཅིག་གྱུར་དང་། ལས་བགོས་ལུགས་མཐུན། ཇུས་ཐག་ཚན་རིག་དང་མཐུན་པ། ལག་བསྟར་ལམ་ལྷོངས། ལྟ་སྐུལ་ནུས་ལྡན་བཅས་ཡོང་བ་བྱེད་དགོས། རྒྱལ་ཁབ་ཀྱི་གནས་ཐང་འཕར་ཁྲལ་སྒྱུར་བའི་བྱ་ཐབས་ལག་ལེན་ནན་ཏན་བསྟར་དགོས། མ་འཇོག་དོ་དམ་ཀྱི་ལས་རིམ་ཚད་ལྡན་བཟོ་བ་དང་ལེགས་སྒྲིག་བྱས་ཏེ་སྲིད་གཞུང་གི་མ་འཇོག་ལ་དོ་དམ་བྱེད་ལམ་འཐུས་སྒོ་ཚང་དུ་གཏོང་དགོས། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུར་སྐུལ་ལྕག་རོགས་སྐྱོར་དང་ཁྲིད་སྟོན་བྱས་ཐོག་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་བྱ་གཞག་གསར་གཏོད་དང་། ཁྲོམ་ར་ཆེར་གཏོད། གྲུབ་ཆ་ལེགས་སྒྲིག་སོགས་ལ་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་སྲིད་ཇུས་སྔར་བས་ཚགས་ཚུད་དུ་གཏོང་བ་དང་དོན་འཁྱོལ་བྱེད་དགོས། ཁེ་ལས་འབྲིང་ཆུང་ལ་དངུལ་བུན་གཏོང་བ་དང་བསྡུ་རུབ་བྱེད་རྒྱུར་ཞབས་འདེགས་ཀྱི་ལས་སྟེགས་འཐུས་སྒོ་ཚང་དུ་བཏང་ནས་བང་རིམ་མང་བའི་ཁེ་ལས་འབྲིང་ཆུང་ལ་དངུལ་བུན་གཏོང་རྒྱུའི་ཁག་ཐེག་ཐེབས་རྩའི་མ་དངུལ་དང་། ཁག་ཐེག་ལས་ཁུངས་བང་རིམ་འདྲ་མིན་བཙུགས་ནས་ཁེ་ལས་འབྲིང་ཆུང་གི་དངུལ་བུན་གཏོང་བའི་བསྡུར་ཚད་མཐོ་རུ་བཏང་ཐོག་ཆ་རྐྱེན་ཚང་བའི་ཁེ་ལས་འབྲིང་ཆུང་གི་ཡིད་རྟོན་ཁག་ཐེག་ལས་ཁུངས་ལ་ལས་གཉེར་འབབ་ཁྲལ་ཆག་ཡང་གཏོང་དགོས། གྲོང་གསེབ་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ཇེ་མགྱོགས་སུ་གཏོང་དགོས། དངུལ་རྩས་དཔལ་འབྱོར་གོང་འཕེལ་ལ་སྐུལ་སྤེལ་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་དང་བྱ་ཐབས་ནན་ཏན་གྱིས་དོན་འཁྱོལ་བྱས་ནས་དངུལ་རྩའི་ལས་ཁུངས་ཀྱི་བཅོལ་དངུལ་དང་དངུལ་བུན་མགོ་ཐུག་བཏང་བའི་ལྷག་གྲངས་ཡོད་པ་སྒོར་དུང་ཕྱུར་600བེད་སྤྱོད་གང་ལེགས་བྱས་ཏེ་དངུལ་རྩས་དཔལ་འབྱོར་གོང་འཕེལ་ལ་སྐུལ་སྤེལ་གཏོང་བའི་ནུས་པ་ཆེ་རུ་གཏོང་དགོས།
(བདུན ) སྤྱི་པའི་ཞབས་ཞུའི་ནུས་པ་འཛུགས་སྐྱོང་བྱེད་རྒྱུ་དམ་འཛིན་ནན་པོ་བྱས་ནས་སྤྱི་ཚོགས་གཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།
1.གནོད་འཚེ་ཕོག་རྗེས་ཀྱི་བསྐྱར་སྐྲུན་ལས་དོན་གང་མགྱོགས་སྤེལ་དགོས། རྒྱལ་ཁབ་ཀྱི་མ་དངུལ་དོན་འཁྱོལ་གང་མགྱོགས་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་གང་ལེགས་བྱས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་སྡོད་ས་ཡོད་པ་དང་། བཟའ་རྒྱུ་ཡོད་པ། གྱོན་རྒྱུ་ཡོད་པ། སྨན་པ་བསྟེན་ས་ཡོད་པ་བཅས་བྱེད་དགོས། མ་མཐའི་འཚོ་བ་དང་སྤྱི་པའི་ཞབས་ཞུའི་རིགས་སྔོན་ལ་བཀོད་སྒྲིག་བྱེད་དགོས་པ་དང་ཐོན་སྐྱེད་དང་འབྲེལ་བ་ཡོད་པའི་མ་འཇོག་རྣམ་གྲངས་རིགས་གོ་རིམ་ལྡན་པའི་སྒོ་ནས་དོན་ཐོག་ཏུ་འཁྱོལ་བ་བྱེད་རྒྱུའི་བསམ་གཞི་བཞིན་གནོད་འཚེ་ཕོག་རྗེས་ཀྱི་བསྐྱར་སྐྲུན་ཐད་མ་དངུལ་གཏོང་རྒྱུ་བཀོད་སྒྲིག་ལུགས་མཐུན་བྱེད་དགོས་པ་དང་། གནོད་འཚེ་ཕོག་པའི་སློབ་གྲྭ་དང་སྨན་ཁང་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་དང་མང་ཚོགས་ཀྱི་ཁང་པ་བརྟན་དུ་གཏོང་རྒྱུ་དང་བསྐྱར་སྐྲུན་བྱེད་རྒྱུ་སོགས་ཀྱི་མ་མཐའི་འཚོ་བའི་སྒྲིག་ཆས་སྔོན་ལ་སླར་གསོ་བྱེད་དགོས། 2009ལོའི་ཟླ་6པའི་ཟླ་མཇུག་ཏུ་རྩ་བའི་ཆར་བསྐྱར་སྐྲུན་ལས་འགན་ལེགས་གྲུབ་ཐུབ་པའི་འབད་བརྩོན་བྱེད་དགོས།
2.འཕྲལ་སྡོམ་མ་ལག་འཛུགས་སྐྱོང་བྱེད་རྒྱུ་ཚགས་ཚུད་དུ་གཏོང་དགོས། རང་ལྗོངས་ཀྱི་སྤྱིའི་འཕྲལ་སྡོམ་སྔོན་ཇུས་དང་ཆེད་དོན་འཕྲལ་སྡོམ་སྔོན་ཇུས་སྔར་བས་ཚགས་ཚུད་དུ་གཏོང་དགོས། དེ་ཡང་གནོད་འགོག་གེགས་སེལ་གྱི་མ་ལག་སྐོར་གྱི་འཆར་འགོད་བཟོ་རྒྱུ་མགྱོགས་སུ་གཏོང་དགོས་པ་དང་། གནོད་འཚེའི་སྔོན་བརྡ་གཏོང་བའི་འཕྲལ་སྡོམ་ལམ་སྲོལ་ཚགས་ཚུད་དུ་གཏོང་དགོས་པ། གནོད་འགོག་གེགས་སེལ་གྱི་ལས་ཀར་ཤུགས་སྣོན་རྒྱག་དགོས་པ། གེགས་སེལ་དངོས་རྫས་གྲབས་གསོག་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་བཅས་བྱས་ཏེ་གནོད་འཚེ་ཐོན་སླ་བའི་རྫོང་དང་གནོད་འཚེ་ཐོན་སླ་བའི་ཤང་གྲོང་32ལ་འཕྲལ་མཁོའི་གནོད་འགོག་གེགས་སེལ་གྱི་དངོས་རྫས་གྲབས་གསོག་མཛོད་ཁང་རྒྱག་རྒྱུ་ཇེ་མགྱོགས་སུ་གཏོང་དགོས་པ་དང་ཕྱུགས་ཟོག་གི་དྲོད་ཁང་རྒྱག་རྒྱུ་ཇེ་མགྱོགས་སུ་གཏོང་དགོས། འཕྲལ་སྡོམ་དངོས་རྫས་གྲབས་གསོག་མ་ལག་འཛུགས་པ་དང་ཚགས་ཚུད་དུ་བཏང་ཐོག་འཕྲལ་སྡོམ་རོགས་སྐྱོབ་དངོས་པོ་འགན་སྲུང་བྱེད་པའི་ནུས་པ་མཐོ་རུ་གཏོང་དགོས།
3.བརྟན་ལྷིང་སྲུང་སྐྱོང་བྱེད་ནུས་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། “ཕྱོགས་གཉིས་དམ་འཛིན་དང་ཕྱོགས་གཉིས་ཀ་དམ་ཐག་ཆོད་འཛིན་རྒྱུ ”རྒྱུན་འཁྱོངས་བྱས་ཏེ་མ་དངུལ་གཏོང་ཤུགས་ཐད་སྔར་བས་ཆེ་རུ་གཏོང་དགོས་པ་དང་ནུས་ཤུགས་བཀོད་ཁྱབ་དང་། ལག་རྩལ་གྱི་བྱ་ཐབས། བཀོད་འདོམས་མ་ལག་བཅས་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་དོ་དམ་བྱེད་སྟངས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ཀྱི་ལྟ་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ། དམག་འཐབ་ཀྱི་ནུས་པ་མཐོ་རུ་གཏོང་བ། གོང་བུ་སྒྲིལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ཤང་དང་གྲོང་རྡལ་གྱི་སྤྱི་བདེ་མངག་གཏོང་ཁང་དང་། གྲོང་ཁྱེར་གྱི་སྡེ་ཁུལ་དོ་དམ་ཞབས་ཞུའི་མ་ལག་གནམ་དྲའི་ལས་གཞི་སོགས་ཀྱི་འཛུགས་སྐྲུན་རྣམ་གྲངས་དོན་འཁྱོལ་ཧུར་ཐག་བྱས་ནས་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་ཕྱིར་འདེགས་སྐྱོར་ཤུགས་ཆེ་བྱེད་དགོས།
4.ཉེན་མེད་ཐོན་སྐྱེད་བྱེད་རྒྱུར་དམ་འཛིན་ནན་པོ་བྱེད་དགོས། ཉེན་མེད་ཐོན་སྐྱེད་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་ཉེན་མེད་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱེད་པ་དང་བདེ་འཇགས་ཀྱི་ལས་འཛོལ་ཆེ་རིགས་འཕྲལ་སྡོམ་བྱེད་ལམ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་དང་། མེ་ཟོན་མེ་གསོད་བདེ་འཇགས། བཟོ་ལས་ཐོན་སྐྱེད་བདེ་འཇགས་སོགས་ཀྱི་གལ་ཆེའི་ལས་ཀ་དམ་འཛིན་ཏན་ཏིག་བྱས་ནས་བདེ་འཇགས་ལྟ་སྡོམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་ལྷག་པར་དུ་བཟའ་བཅའི་གནོད་མེད་ལྟ་སྡོམ་ལ་ཤུགས་སྣོན་བརྒྱབ་སྟེ་བཟའ་བཅའ་དང་སྨན་རྫས་ལ་གནོད་གཞི་ཡོད་མེད་ཀྱི་ཞིབ་བཤེར་ཆེ་མོ་བྱས་ནས་ཚད་གཞི་མ་ལོན་པའི་ཐོན་རྫས་ཁྲོམ་རར་གཏོང་མི་ཆོག་པ་བཟོ་དགོས་པ་དང་། འགན་འཁྲི་བདའ་འདེད་གཏོང་བའི་ལམ་ལུགས་ནན་པོ་སྐྱོང་དགོས།
འཐུས་མི་རྣམ་པ། 2009ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ལས་དོན་ཡག་པོ་སྒྲུབ་རྒྱུའི་ལས་འགན་ལྕི་བ་དང་དོན་སྙིང་ཟབ་པས་ང་ཚོས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པས་མཛུབ་ཁྲིད་བྱས་ཐོག་ཕྱོགས་ཡོངས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་དང་དོན་འཁྱོལ་བྱས་ནས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གཏོང་ལམ་དུ་བསྐྱོད་པ་དང་། དུས་བདེའི་བོད་ལྗོངས་དང་། འབྱོར་འབྲིང་བོད་ལྗོངས། གཞི་མཐུན་བོད་ལྗོངས་བཅས་སྐྲུན་རྒྱུར་སྐུལ་འདེད་གཏོང་བ། རང་འགུལ་ངང་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་མཛུབ་ཁྲིད་དང་ལེན་ཞུ་བ། མི་དམངས་སྲིད་གྲོས་ཀྱི་བསམ་འཆར་དང་གྲོས་འཆར་ནན་ཏན་གྱིས་ཉན་འཇོག་བྱེད་པ་དང་བཅས་ཡིད་ཆེས་བརྟན་པོ་དང་། སྙིང་སྟོབས་ཆེར་བསྐྱེད། འབད་འབུངས་ཡར་བརྩོན། ལས་ཀ་ནན་ཏིག་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་དམིགས་ཚད་མངོན་གྱུར་ཡོང་བ་དང་ལེགས་ཤིང་མྱུར་བའི་སྒོ་ནས་གོང་འཕེལ་གཏོང་ཕྱིར་འབད་བརྩོན་ལྷོད་མེད་བྱེད་དགོས།
(བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གཉིས་པའི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས )
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣