དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • སྲིད་གཞུང་ལས་དོན་སྙན་སྒྲོན།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

     བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི།   བྱམས་པ་ཕུན་ཚོགས་ནས།  

        

        ཟླ་  1  ཚེས་  14  ཉིན་གྱི་སྔ་དྲོ་ལྷ་སར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གཉིས་པ་གཟབ་རྒྱས་ངང་འཚོགས་ཤིང་།   འདི་ནི་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བྱམས་པ་ཕུན་ཚོགས་ཀྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བའི་གནས་ཚུལ་ཡིན།

        འཐུས་མི་རྣམ་པ།

        ད་ལྟ་ངས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་ཡོད་པ་ཞུ་རྒྱུ་དང་འབྲེལ་སྲིད་གྲོས་ཨུ་ཡོན་རྣམ་པས་ཀྱང་དགོངས་འཆར་འདོན་རོགས་གནང་།

        2008ལོའི་ལས་དོན་ལ་ཕྱི་མིག་བལྟ་བ།

        2008ལོ་ནི་རང་ལྗོངས་ཀྱི་གོང་འཕེལ་ལོ་རྒྱུས་ཐོག་ཤིན་ཏུ་སྤྱིར་བཏང་མ་ཡིན་པའི་ལོ་ཞིག་རེད།   ལྷ་སའི “གསུམ་པའི་བཅུ་བཞིའི ”དོན་རྐྱེན་དང་།   ས་ཡོམ་དང་ཚབས་ཆེའི་གངས་སྐྱོན་གྱི་གནོད་འཚེ།   དེ་བཞིན་རྒྱལ་ནང་གི་དཔལ་འབྱོར་འཕར་ཤུགས་འགོར་དུ་འགྲོ་བ།   རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་སོགས་ཛ་དྲག་ཆེ་བའི་འགྲན་རྩོད་དང་ཚོད་བགམ་ལ་དམིགས་ཏེ་ང་ཚོས་ཏང་ཀྲུང་དབྱང་དང་།   རྒྱལ་སྲིད་སྤྱི་ཁྱབ་ཁང་།   རང་སྐྱོང་ལྗོངས་ཏང་ཨུད་བཅས་ཀྱི་འགོ་ཁྲིད་འོག་སྔ་བར་ཕྱི་གསུམ་དུ་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཐོག་སེམས་ཐག་གཙང་བཅད་ཀྱི་སྒོ་ནས་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་བྱས་པ་དང་།   རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ནས་བློ་རྩ་བརྟན་པོས་གདོང་ལེན་གྱིས་འགག་གནད་དང་དཀའ་གནད་སེལ་སྒྲོལ་དང་མཐུན་སྒྲིལ་འབད་འཐབ་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་གཙོ་ཆེར་བཞག་ནས་དམ་འཛིན་བྱས་པ་དང་།   གོང་འཕེལ་སླར་གསོ་བྱེད་རྒྱུ་དམ་འཛིན་ཤུགས་ཆེ་བྱས་པ།   ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་འཚོ་བ་ལེགས་སུ་གཏོང་རྒྱུ་དམ་འཛིན་བཅས་བྱས་ནས་དཀའ་ཚེགས་ཆེ་བའི་ཁྲོད་དུ “འགན་ལེན་གསུམ ”ཐུབ་པ་བྱུང་སྟེ་ལྗོངས་ཡོངས་སུ་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གྱི་འཕེལ་ངོ་བཟང་པོ་རྒྱུན་འཁྱོངས་ཐུབ་པ་དང་།   སྤྱི་ཚོགས་ཀྱི་དུས་བབ་རྩ་བའི་ཆར་བརྟན་ལྷིང་བྱུང་བ།   མི་དམངས་ཀྱི་འཚོ་བ་སྔར་བས་ལེགས་སུ་སོང་བ་བཅས་བྱུང་ཡོད།

        གཅིག   བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་གོང་འཕེལ་ཡོང་རྒྱུ་དམ་འཛིན་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་འགྲོ་བའི་འཕེལ་ངོ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད།

        ལོ་གཅིག་རིང་ང་ཚོས་ཀྲུང་དབྱང་གི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་པའི་ཐོག་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་ཕྱོགས་ཀྱི་འཐབ་ཇུས་ལག་བསྟར་ཧུར་ཐག་བྱས་ཏེ་སྲིད་གཞུང་གིས་སྟངས་འཛིན་བྱེད་ཤུགས་ཆེ་རུ་བཏང་བ་དང་ཕན་མེད་ཀྱི་བག་ཆགས་རིགས་ཧུར་ཐག་སེལ་ཏེ་དཔལ་འབྱོར་སྤྱི་ཚོགས་བརྟན་ཞིང་ཅུང་མགྱོགས་པའི་སྒོ་ནས་གོང་འཕེལ་གཏོང་ཐུབ་པ་བྱུང་ཡོད།   སྔོན་དཔག་ལྟར་ན་ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་392འགྲུབ་བཟོ་ཡོད་པས་ལོ་གོང་མ་ལས་10.1%འཕར་རྒྱུ་རེད།   ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་འབབ་སྨར་སྒོར་3170ཟིན་བཟོ་ཡོད་པས་13.7%འཕར་རྒྱུ་རེད།   ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་24.9ཟིན་བཟོ་ཡོད་པས་23.5%འཕར་རྒྱུ་རེད།   ཁྲལ་འབབ་ཁག་སྒོར་དུང་ཕྱུར་29ཟིན་བཟོ་ཡོད་པས་24%འཕར་རྒྱུ་རེད།   དངུལ་རྩའི་ལས་ཁུངས་ལ་དངུལ་བཅོལ་དངུལ་བུན་གྱི་ལྷག་འཕྲོ་ཁག་སོ་སོར་སྒོར་དུང་ཕྱུར་820.9དང་སྒོར་དུང་ཕྱུར་220ཡོད།

        ཐོན་ལས་འཛུགས་སྐྲུན་ལ་བར་ཆད་བྱུང་ཡོད་ཀྱང་བསྐྱར་གསོའི་རང་བཞིན་གྱི་འཕར་སྣོན་བྱུང་བ།   ལྷ་སའི “གསུམ་པའི་བཅུ་བཞིའི ”དོན་རྐྱེན་ཐོན་རྗེས་ཡུལ་སྐོར་ལས་རིགས་ལ་གནོད་སྐྱོན་ཚབས་ཆེ་ཕོག་པ་དང་།   གཏེར་འདོན་ཐོན་ལས་རྩ་བའི་ཆར་ལས་མཚམས་ཆད་པ།   འཛུགས་སྐྲུན་ལས་རིགས་ཀྱི་ལས་སྒོ་ཚང་མ་དུས་ཐོག་ཏུ་སྤེལ་ཐུབ་མེད་པ་བཅས་ལ་བརྟེན་ཐོན་ལས་གོང་འཕེལ་གཏོང་རྒྱུར་དུས་བབ་ཛ་དྲག་པོ་འཕྲད་ཡོད།   ང་ཚོས་སྲིད་ཇུས་ཀྱི་ཐད་ནས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་གོང་འཕེལ་གྱི་འགལ་བ་སེལ་ཐབས་ཧུར་ཐག་བྱས་པར་བརྟེན་ཐོན་ལས་འཛུགས་སྐྲུན་དེ་བར་ཆད་ཀྱི་ཁྲོད་དུ་གོང་འཕེལ་གསར་པ་བྱུང་ཡོད།   ཐོན་ལས་དང་པོའི་ཆུ་ཚད་གོང་མཐོར་གཏོང་རྒྱུའི་འགག་རྩ་དེ་དམ་འཛིན་བྱས་ཏེ་འབྲུ་རིགས་ལ་ཐད་ཀར་ཁ་གསབ་སྤྲོད་རྒྱུ་དང་།   སོན་བཟང་གི་ཁ་གསབ།   ཕྱུགས་ཟོག་བཤས་གཏོང་རྒྱུའི་ཁ་གསབ་སོགས་ཞིང་ལས་ལ་རོགས་རམ་དང་ཞིང་ལས་ལ་ཕན་འདོགས་པའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་དེའི་ཐད་གཏོང་ཆ་ཆེ་རུ་བཏང་བ་དང་།   ཞབས་ཞུར་ཤུགས་སྣོན་བརྒྱབ་པ།   གྲུབ་ཆ་ལེགས་སྒྱུར་བྱས་པ།   ཕྱུགས་ཟོག་བཤས་གཏོང་ཚད་མགྱོགས་སུ་བཏང་བ་བཅས་ཀྱི་ཐོག་ནས་ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་ཆེ་རུ་བཏང་བར་བརྟེན་འབྲུ་རིགས་སྤྱིའི་ཐོན་འབབ་ཀྲོན་ཁྲི་95ཟིན་ཡོད།   ཐོན་ལས་དང་པོར་འཕར་ཐང་སྒོར་དུང་ཕྱུར་58ཙམ་ཡོང་བཟོ་ཡོད་པས་ལོ་གོང་མ་ལས་6.0%འཕར་རྒྱུ་ཡིན་པ་རེད།   ཞིང་འབྲོག་ཁུལ་གྱི་འཛུགས་སྐྲུན་ཇེ་མགྱོགས་སུ་སོང་བ་དང་།   ཞིང་འབྲོག་ལས་ཐད་ཀྱི་ཐོན་འབབ་དང་ཕན་འབྲས་གཉིས་འཕར་བྱུང་བ།   ཞིང་འབྲོག་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་བྱུང་བ་བཅས་ལྗོངས་ཡོངས་ཀྱི་གོང་འཕེལ་དང་བརྟན་ལྷིང་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་པ་རེད།   ཐོན་ལས་གཉིས་པ་གཙོ་གནད་དམ་འཛིན་བྱེད་རྒྱུར་བྲལ་མེད་བསྟུན་ཏེ་ཐོན་ལས་མ་དངུལ་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ལས་རིགས་གལ་ཆེ་རིགས་གཙོ་བོར་བཞག་ཐོག་རྐང་འཛིན་ཁེ་ལས་སྐྱོང་སྤེལ་བྱས་པར་བརྟེན་ཁྱད་ལྡན་གཏེར་འདོན་ཐོན་ལས་དང་ཨར་སྐྲུན་དང་ཨར་སྐྲུན་རྒྱུ་ཆའི་ལས་རིགས་ཐོན་འཕར་ཡོང་རྒྱུ་རིམ་པས་སླར་གསོ་ཐུབ་པའི་ཐོག་མཚོ་བོད་ས་མཐོའི་ས་གཤིས་གཏེར་རྫས་བརྟག་དཔྱད་དང་གདེང་འཇོག་བྱེད་རྒྱུའི་ཆེད་དོན་ལས་ཀ་འགོ་བཙུགས་པ་དང་།   གཡུ་ལུང་ཟངས་གཏེར་ནས་དུས་མཚམས་དང་པོའི་གོམ་རིམ་དང་པོའི་ཐོན་རྫས་དངོས་སུ་འདོན་འགོ་བཙུགས་པ།   མཐོ་བརྩོན་འབེ་ལཱ་སའི་ཀྲོན་ཁྲི་དྲུག་ཅུའི་བཟོ་འཁོར་གྱི་ཐོན་སྐྱེད་བྱེད་འགོ་བཙུགས་པ།   ལྷ་སའི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་འཛུགས་སྐྲུན་བྱེད་རྒྱུར་འགག་སྒྲོལ་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་བཅས།   སྔོན་དཔག་བྱས་པར་གཞིགས་ན།   ཐོན་ལས་གཉིས་པར་འཕར་ཐང་སྒོར་དུང་ཕྱུར་120ཙམ་འགྲུབ་བཟོ་ཡོད་པས་ལོ་གོང་མ་ལས་9.0%འཕར་རྒྱུ་རེད།   ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེ་གཏོང་རྒྱུའི་བླང་བྱ་གཞིར་བཟུང་སྲིད་ཇུས་ཐོག་ནས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་།   གོང་འཕེལ་གྱི་ཁོར་ཡུག་བཟང་དུ་བཏང་བ།   ཁྲོམ་རའི་སེམས་ཤུགས་སླར་ཡང་འཕེལ་ཐབས་བྱས་པ་བཅས་ལ་བརྟེན་ཡུལ་སྐོར་ལས་རིགས་དེ་ལོ་ཧྲིལ་པོར་ཉམས་ཆག་ཆེན་པོ་བྱུང་བ་ནས་རིམ་པས་སླར་གསོ་དང་བསྐྱར་འཕར་མགྱོགས་པོ་བྱུང་བའི་གོང་འཕེལ་གྱི་རྣམ་པ་ཐོན་པ།   ཉོ་འཚོང་འཁོར་རྒྱུག་དང་།   འགྲིམ་འགྲུལ་སྐྱེལ་འདྲེན།   སྦྲག་ལས་འཕྲིན་གཏོང་སོགས་གོང་འཕེལ་མགྱོགས་པོ་བྱུང་ཡོད།   སྔོན་དཔག་བྱས་པར་གཞིགས་ན།   ཐོན་ལས་གསུམ་པར་འཕར་ཐང་སྒོར་དུང་ཕྱུར་214ཙམ་འགྲུབ་བཟོ་ཡོད་པས་ལོ་གོང་མ་ལས་11.8%འཕར་རྒྱུ་རེད།

        གཏན་འཇགས་རྒྱུ་ནོར་ཐད་ལ་གཏོང་རྒྱུའི་མ་དངུལ་བརྟན་པོའི་ངང་འཕར་བ།   ལྷ་སའི “གསུམ་པའི་བཅུ་བཞིའི ”དོན་རྐྱེན་གྱིས་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་གཏོང་རྒྱུར་ཤུགས་རྐྱེན་ངན་པ་བྱུང་བའི་གནས་ཚུལ་ལ་དམིགས་ཏེ་མ་དངུལ་རག་ཐབས་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་སྟབས་རྒྱལ་ཁབ་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་ཀྲུང་དབྱང་གི་མ་དངུལ་སྒོར་དུང་ཕྱུར་160ཙམ་དོན་སྨིན་བྱུང་ཡོད་པས་དུས་མཚུངས་དང་བསྡུར་ན་44.1%འཕར་ཡོད་པ་དང་།   བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་16དོན་འཁྱོལ་བྱུང་ཡོད་པས་ལྡབ་1.9འཕར་ཡོད།   གཟིགས་སྐྱོང་སྲིད་ཇུས་དང་སྤུས་ལེགས་ཞབས་ཞུའི་ཐོག་ནས་དམངས་ཁྲོད་ཀྱི་མ་དངུལ་འདྲེན་འགུག་བྱས་ཡོད་པས་ལོ་ཧྲིལ་པོར་མ་དངུལ་སྒོར་དུང་ཕྱུར་91ཙམ་གཏོང་ཐུབ་བཟོ་ཡོད་པས་ན་ནིང་དང་མཚུངས་པ་ཡོང་རྒྱུ་རེད།   སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་ལ་གཏོང་རྒྱུའི་མ་དངུལ་སྒོར་དུང་ཕྱུར་310ཙམ་བྱུང་ཡོད་པས་དུས་མཚུངས་དང་བསྡུར་ན་14.3%འཕར་ཡོད།   མ་འཇོག་དང་ལྷག་པར་དུ་སྲིད་གཞུང་གིས་མ་འཇོག་བྱས་པ་དེས་དཔལ་འབྱོར་འཕར་ཤུགས་ལ་གལ་ཆེའི་འདེགས་སྐྱོར་གྱི་ནུས་པ་ཐོན་ཡོད།

        གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དང་དོ་དམ་ཐད་ཤུགས་སྣོན་ཐེབས་ཡོད་པ་དང་།   “རྣམ་གྲངས་180”ཁྲོད་ཀྱི་རྣམ་གྲངས་170ལས་འགོ་བཙུགས་ཟིན་པ།   ཤིན་བོད་དང་མཚོ་བོད་སོགས་གཞུང་ལམ་ཨ་མ་དང་།   རྫོང་མཐུད་སྣུམ་ནག་གཞུང་ལམ།   མངའ་རིས་དགུན་ས་གནམ་ཐང་དང་ཆབ་མདོ་སྤང་མདའ་གནམ་ཐང་།   དངོས་ཨ་ཕྲང་ཆུ་ཤུགས་གློག་ཁང་།   ཉིང་ཁྲི་ནས་ལྷ་ས་བར་གྱི་ཆན་ཧྥུ་220ཟིན་པའི་གློག་འཁྲིད་གློག་སྒྱུར་ལས་གྲྭ   མཚོ་བོད་ལྕགས་ལམ་གྱི་ནག་ཆུའི་ཟོག་འགྲེམས་ལྟེ་གནས།   ཞིང་ཆུ་འདྲེན་ཁུལ་ཆེ་འབྲིང་རིགས་ཀྱི་ལེ་ལག་སྒྲིག་བཀོད་བསྒྱུར་བཅོས་བྱེད་རྒྱུ།   རྒྱང་གཞུང་ཆུ་མཛོད་དང་ཉེན་ཁ་ཡོད་པའི་ཆུ་མཛོད་སྒྱུར་བཀོད་བྱེད་རྒྱུ་སོགས་གཙོ་གནད་ལས་གྲྭ་འཛུགས་སྐྲུན་བྱེད་རྒྱུ་ལམ་ལྷོངས་བྱུང་བ།   དེ་བཞིན་སྤྲ་རྨོག་ནས་མེ་ཏོག་བར་གྱི་གཞུང་ལམ་བཟོ་འགོ་བཙུགས་པ།   ལྷ་ས་གོང་དཀར་གནམ་ཐང་གི་འཕུར་སྐྱོད་གློག་སྒྲོན་སྒྱུར་བཀོད་དང་བསྒར་སྒྲིག་བྱེད་རྒྱུ་ལེགས་གྲུབ་ཟིན་པ་དང་།   ཞོལ་ཁ་ཆུ་ཤུགས་གློག་ཁང་གི་འཕྲུལ་འཁོར་བཞི་དང་།   བོད་དབུས་རྒྱུད་གློག་དྲའི་འཕྲལ་བསྟུན་གློག་རྒྱུན་མཐུད་ཁྲིད་བྱེད་རྒྱུ་ཡོངས་རྫོགས་ལེགས་གྲུབ་བྱུང་ནས་གློག་གཏོང་ཐུབ་པ།   གློག་དྲ་གཙོ་བོར་བརྟེན་ནས་རྫོང་ཁག་15ཡི་དུད་ཚང་ཚང་མར་གློག་གཏོང་ཐུབ་པ་བྱུང་ཡོད།   གཞན་ཡང་ལས་གྲྭའི་རྣམ་གྲངས་ཁག་ལ “ལམ་སྲོལ་ལྔ ”ལག་བསྟར་ནན་པོ་བྱས་པར་བརྟེན་རྣམ་གྲངས་ཁག་ལ་དོ་དམ་དང་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་ཐེབས་པ་དང་ལས་གྲྭའི་རྣམ་གྲངས་ལ་རྗེས་འབྲེལ་གདེང་དཔྱད་ལས་དོན་སྤེལ་འགོ་བཙུགས་ཡོད།

        སྤྱི་ཚོགས་ཀྱི་འཛད་སྤྱོད་བརྟན་པོའི་ངང་ནས་བསྐྱར་འཕར་བྱུང་བ།   ལྷ་སའི “གསུམ་པའི་བཅུ་བཞིའི ”དོན་རྐྱེན་ཐོན་རྗེས་འཛད་སྤྱོད་ཁྲོམ་ར་ཉམས་རྒུད་ཤུགས་ཆེ་སོང་བའི་གནས་ཚུལ་ལ་དམིགས་ཏེ་ང་ཚོས་འཛད་སྤྱོད་ཀྱི་སེམས་ཤུགས་འཕེལ་ཐབས་བྱེད་རྒྱུར་དོ་སྣང་བྱས་ཏེ་ཁྲལ་རིགས་འཕྲི་ཆག་གཏོང་རྒྱུ་དང་།   གཞན་ཡང་སྨན་བཅོས་དང་།   ལས་ཤོར།   འཚོ་བ་བཅས་ཀྱི་ཐད་ལ་རོགས་སྐྱོབ་བྱེད་རྒྱུ།   དེ་བཞིན་ཡུལ་སྐོར་བྲིན་ཚོང་སོགས་ཀྱི་ཐད་ཁྲོམ་ར་བརྟན་ལྷིང་དང་འཛད་སྤྱོད་ལ་ངར་སྐུལ་བྱེད་རྒྱུའི་སྲིད་ཇུས་བྱ་ཐབས་རབ་དང་རིམ་པ་བཏོན་ཡོད་པས་འཛད་སྤྱོད་ཁྲོམ་ར་མགྱོགས་མྱུར་སླར་གསོ་འཕར་སྣོན་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།   གྲོང་ཁྱེར་གྲོང་རྡལ་གྱི་འཛད་སྤྱོད་སྔར་བས་བརྟན་དུ་སོང་བ་དང་།   ཞིང་འབྲོག་ཁུལ་གྱི་འཛད་སྤྱོད་ཟམ་མི་ཆད་པར་ཆེ་རུ་སོང་ནས “གྲོང་ཁྲི་ཤང་སྟོང ”གི་ཁྲོམ་རའི་ལས་གཞི་དང “བརྒྱ་གཉིས ”ལས་གཞི་སྐྱོང་སྤེལ་བྱེད་རྒྱུ་མགྱོགས་སུ་བཏང་བར་བརྟེན་ལོ་ཧྲིལ་པོར་སྤྱི་ཚོགས་འཛད་སྤྱོད་ཀྱི་སིལ་ཚོང་སྤྱི་འབོར་སྒོར་དུང་ཕྱུར་129ཟིན་ཡོད་པས་དུས་མཚུངས་ལས་15%འཕར་ཡོད།   ང་ཚོས་ལྗོངས་ཡོངས་ཀྱི་ཁྱོན་དུ་གནས་སྐབས་ཀྱི་རིན་གོང་ཐེ་ཇུས་བྱ་ཐབས་སྤེལ་ཏེ་ཚོང་ཟོག་བཀར་འཇུག་རྒྱག་པ་དང་ཁྲོམ་རའི་སྒྲིག་ལམ་དཀྲུགས་པའི་བྱ་སྤྱོད་རིགས་ལ་རྡུང་རྡེག་ནན་པོ་བཏང་ཐོག་ཁྲོམ་རའི་མཁོ་སྤྲོད་ལྡེང་ངེས་བྱས་པ་དང་ཟོག་གོང་ཆེ་ཆུང་འཛད་སྤྱོད་པས་ཉོ་ཐུབ་ཚོད་ཀྱི་ཚད་དུ་ཚོད་འཛིན་བྱས་པར་བརྟེན་གྲོང་མིའི་འཛད་སྤྱོད་ཀྱི་རིན་གོང་འཕར་ཚད་5.8%ལ་གནས་བཟོ་ཡོད།   འཛད་སྤྱོད་ཀྱིས་དཔལ་འབྱོར་འཕེལ་ཚད་ཇེ་མགྱོགས་སུ་གཏོང་རྒྱུར་གལ་ཆེའི་ལེགས་སྐྱེས་ཕུལ་ཡོད་པ་དང་།   མ་འཇོག་དང་འཛད་སྤྱོད་གཉིས་མཉམ་སྒྲིག་ཐོག་ནས་དཔལ་འབྱོར་གོང་དུ་འཕེལ་རྒྱུའི་རྣམ་པར་འགྱུར་ལྡོག་བྱུང་མེད།

        སྲིད་གཞུང་གི་སྟངས་འཛིན་བྱེད་ནུས་མངོན་གསལ་དོད་པོས་ཆེ་རུ་སོང་བ།   ལྷ་སའི “གསུམ་པའི་བཅུ་བཞིའི ”དོན་རྐྱེན་དང་།   རྒྱལ་སྤྱིའི་ཐོག་གི་དངུལ་རྩའི་ཉམས་ཉེན།   རྒྱལ་ནང་དཔལ་འབྱོར་འཕེལ་རྒྱས་འགྲོ་འགོར་བ།   ཚབས་ཆེའི་རང་བྱུང་གནོད་འཚེ་སོགས་ཀྱི་བར་ཆད་ལ་ཁ་གཏད་ནུས་ལྡན་གཅག་པ་དང་འབྲེལ་ང་ཚོས་སྟངས་འཛིན་གྱི་ཁ་ཕྱོགས་དང་།   གཙོ་གནད།   ཤུགས་ཚད།   མགྱོགས་ཚད་བཅས་དམ་འཛིན་གནད་ལ་འཁེལ་པོ་བྱས་ཏེ་སྐབས་འཕྲལ་དུ་དཔལ་འབྱོར་སྟངས་འཛིན་བྱེད་རྒྱུའི་སྲིད་ཇུས་དང་བྱ་ཐབས་སྔ་རྗེས་ཐེངས་བཞི་བཏོན་ནས་དཔལ་འབྱོར་དང་སྤྱི་ཚོགས་བརྟན་ཞིང་ཅུང་མགྱོགས་པོའི་སྒོ་ནས་གོང་འཕེལ་འགྲོ་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད།   ལྷ་སའི “གསུམ་པའི་བཅུ་བཞིའི ”དོན་རྐྱེན་བྱུང་རྗེས་ང་ཚོས་བློ་རྩ་བརྟན་པོས་གདོང་ལེན་གྱིས་ཁྲལ་རིན་དང་གནས་གླ་འཕྲི་ཆག་དང་།   མ་དངུལ་བསྡུ་གཏོང་དང་དངུལ་བུན་གཏོང་སྤྲོད།   ཟོག་གོང་ལ་གནས་སྐབས་ཀྱི་ཐེ་ཇུས་བྱེད་པ་སོགས་ཀྱི་རོགས་སྐྱོར་སྲིད་ཇུས་དང་བྱ་ཐབས་དུས་ཐོག་ཏུ་བཏོན་ནས་གྱོང་གུན་ཕོག་པའི་ཚོང་དུད་ལ་རོགས་སྐྱོར་བྱས་པ་དང་།   ཁྲོམ་རའི་དངོས་ཟོག་གི་རིན་གོང་བརྟན་པོ་བཟོས་པ།   འཛད་སྤྱོད་ཀྱི་སེམས་ཤུགས་མི་ཉམས་པ་བཅས་བྱས་ནས་རྒྱུན་གཏན་གྱི་ཐོན་སྐྱེད་དང་གཉེར་སྐྱོང་གི་སྒྲིག་ལམ་མགྱོགས་མྱུར་སླར་གསོ་ཐུབ་པ་བྱུང་ཡོད།   ཟླ་བདུན་པའི་ནང་ལོ་སྟོད་ཀྱི་དཔལ་འབྱོར་དམིགས་ཚད་གཙོ་བོ་ཆག་ཤུགས་མངོན་གསལ་ཆེ་བའི་གནས་ཚུལ་ལ་དམིགས་ཏེ་ང་ཚོས་ཚན་རིག་དང་མཐུན་པའི་རིག་དཔྱད་དང་འཕྲལ་ཐག་ཆོད་པོས་ཇུས་ཐག་བཅད་དེ “འགན་ལེན་གསུམ ”གྱི་དམིགས་ཚད་དུས་ཐོག་ཏུ་ལེགས་སྒྲིག་བྱས་ནས་བཏོན་པ་དང་འབྲེལ་དཔལ་འབྱོར་འཕེལ་རྒྱུར་ངར་སྐུལ་བྱེད་རྒྱུའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཏོན་ཡོད།   ཟླ་དགུ་པའི་ཟླ་མཇུག་ཏུ་ལྗོངས་ཡོངས་ཀྱི་ལོ་ཧྲིལ་པོའི་ཐོན་སྐྱེད་སྤྱིའི་རིན་ཐང་གྲངས་གནས་གཉིས་ཡན་འཕར་བའི་འགན་ལེན་བྱེད་ཆེད་ང་ཚོས་ཤུགས་ཚད་ཆེ་རུ་བཏང་ནས་གཏན་འཇགས་རྒྱུ་ནོར་ཐད་ལ་མ་རྩ་གཏོང་ཚད་རྒྱ་ཆེར་གཏོང་རྒྱུ་དང་།   ཐོན་ལས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ།   ནོར་སྲིད་ནས་སྤྱི་པའི་ཞབས་ཞུའི་ཐད་ཀྱི་སྤྱིར་བཏང་འགྲོ་གྲོན་གཏོང་ཤུགས་ཆེ་རུ་གཏོང་རྒྱུ།   སྲིད་གཞུང་གི་ཉོ་སྒྲུབ་རང་བཞིན་གྱི་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་སོགས་ཀྱི་བྱ་ཐབས་དུས་ཐོག་ཏུ་བཏོན་པར་བརྟེན་ལྗོངས་ཡོངས་ཀྱི་དཔལ་འབྱོར་མུ་མཐུད་འཕེལ་རྒྱུ་སླར་གསོ་བྱུང་ཡོད།   ཟླ་བཅུ་གཅིག་པའི་ནང་སྔར་ལས་ལྷག་པའི་སྒོ་ནས་ནང་མཁོ་རྒྱ་ཆེར་གཏོང་དགོས་པ་དང་དཔལ་འབྱོར་བརྟན་ཞིང་ཅུང་མགྱོགས་པོའི་སྒོ་ནས་འཕེལ་ཐབས་བྱེད་དགོས་པའི་ཀྲུང་དབྱང་གི་མཛད་ཇུས་བཀོད་སྒྲིག་གཞིར་བཟུང་ང་ཚོས་གོ་སྐབས་དམ་འཛིན་དང་དུས་བབ་ལ་བསྟུན་ནས་མདུན་སྐྱོད་བྱས་ཏེ་མ་འཇོག་བྱེད་རྒྱུ་རྒྱ་ཆེར་གཏོང་རྒྱུ་དང་འཛད་སྤྱོད་ལ་ངར་སྐུལ་བྱེད་རྒྱུའི་སྲིད་ཇུས་དང་བྱ་ཐབས་དུས་ཐོག་ཏུ་བཏོན་ཐོག་ནོར་སྲིད་ཀྱི་གཏོང་ཆ་ཆེ་རུ་བཏང་ནས་མ་དངུལ་སྒོར་དུང་ཕྱུར་185ཙམ་བཀོད་སྒྲིག་བྱས་ཏེ་འདི་ལོ་དང་གོམ་སྟབས་རྗེས་མའི་དཔལ་འབྱོར་འཕེལ་རྒྱུར་སྟོབས་དང་ལྡན་པའི་འདེགས་སྐྱོར་མཁོ་འདོན་བྱས་ཡོད།   དངུལ་རྩའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ནུས་ལྡན་གྱི་དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་ནས་དཔལ་འབྱོར་སླར་གསོ་དང་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད།

        སྟངས་འཛིན་བྱེད་ཤུགས་ཆེ་རུ་བཏང་བ་དང་སྲིད་ཇུས་དང་བྱ་ཐབས་སྣ་ཚོགས་ཕྱོགས་བསྡུས་ཀྱི་སྒོ་ནས་བཏོན་པ་དེས་ལྗོངས་ཡོངས་ཀྱི་དཔལ་འབྱོར་གྲངས་གནས་གཉིས་འཕར་སྣོན་ཡོང་རྒྱུར་འགན་ལེན་བྱས་པ་དང་།   ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་འབབ་སྨར་13%ཡན་འཕར་རྒྱུར་འགན་ལེན་བྱས་པ།   གྲོང་མིའི་འཛད་སྤྱོད་རིན་གོང་གི་སྤྱིའི་ཆུ་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་དམའ་བ་ཡོང་རྒྱུར་འགན་ལེན་བཅས་བྱས་ཡོད།   ང་ཚོས་ལག་བསྟར་བྱས་པའི་སྟངས་འཛིན་གྱི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་རྣམས་ཚགས་ཚུད་ནུས་ལྡན་ཡིན་པ་དང་།   དུས་ཐོག་ཏུ་འཁེལ་བ་དང་ཕན་འབྲས་ལྡན་པ་ཞིག་བྱུང་ཡོད་པ་རེད།   འགྲན་རྩོད་དྲག་པོ་དང་གལ་ཆེའི་ཚོད་བགམ་བརྒྱུད་སྲིད་གཞུང་གི་དོ་དམ་ཆུ་ཚད་དང་།   ཁྲོམ་རའི་དཔལ་འབྱོར་ལ་ཁྱབ་བཀོད་བྱེད་ནུས་ལེགས་སུ་སོང་བ་ལག་ལེན་གྱི་ཐོག་ནས་ར་སྤྲོད་བྱུང་ཡོད།

        སྤྱི་ཚོགས་གོང་འཕེལ་མངོན་གསལ་དོད་པོས་མགྱོགས་སུ་སོང་བ།   ང་ཚོས་སེམས་ནུས་དང་མ་དངུལ་གང་མང་རྣམས་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ཐད་འཁྱོགས་གང་ཐུབ་བྱས་ཤིང་།   ལོ་ཧྲིལ་པོར་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་བྱ་གཞག་ཐད་མ་དངུལ་སྒོར་དུང་ཕྱུར་80ཙམ་བཏང་ནས་སྤྱི་ཚོགས་ཀྱི་བྱ་གཞག་གོང་འཕེལ་མགྱོགས་པོ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།   སློབ་གསོ་དེ་གཞན་གྱི་སྔོན་ལ་གོང་འཕེལ་བཏང་བ།   སློབ་གཉེར་གྱི་ཆ་རྐྱེན་ཟམ་མི་ཆད་པའི་སྒོ་ནས་ལེགས་སུ་བཏང་ཞིང་།   “འགན་ལེན་གསུམ ”གྱི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་པ་དང་འབྲེལ “ལོ་དྲུག་ཁྱབ་གདལ ”གཏོང་རྒྱུ་དང་གཞོན་ནུ་དང་དར་མའི་ཡིག་རྨོངས་ཕྱོགས་ཡོངས་ནས་སེལ་ཐུབ་པ་མ་ཟད།   སླར་ཡང་རྫོང་ཁག་བདུན་ལ “ལོ་དགུའི་ཁྱབ་གདལ ”གཏོང་རྒྱུ་ལེགས་གྲུབ་བྱུང་ཡོད།   སློབ་ཞུགས་གོང་གི་སློབ་གསོར་མཐོང་ཆེན་བྱས་པར་བརྟེན་རྫོང་ཁག་ཕལ་ཆེ་བར་བུ་བཅོལ་ཁང་འཛུགས་རྒྱུའི་དམིགས་ཚད་མངོན་གྱུར་ཐུབ་ཡོད།   དེ་བཞིན་གྲུམ་བུ་ཚིགས་ཆེན་གྱི་ཡུལ་ནད་ཐོན་ཁུལ་གྱི་སློབ་ཕྲུག་རྣམས་ས་གནས་གཞན་ལ་རུབ་བསྡུས་ཀྱིས་སློབ་སྦྱོང་བྱེད་རྒྱུའི་ལས་འགན་རྩ་བའི་ཆར་ལེགས་གྲུབ་ཟིན་པ།   ནང་སར་མཐོ་རིམ་སློབ་འབྲིང་སློབ་མ་བསྡུ་རྒྱ་སྔར་བས་ཆེ་རུ་བཏང་ཡོད།   ལས་རིགས་སློབ་གསོ་གོང་འཕེལ་མགྱོགས་པོ་བྱུང་བ།   མཐོ་རིམ་སློབ་གསོའི་སྤུས་ཚད་སྔར་བས་ལེགས་སུ་སོང་ཞིང་།   བོད་ལྗོངས་སློབ་གྲྭ་ཆེ་མོ་རྒྱལ་ཡོངས་ཀྱི “211”ལས་གཞིའི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་གྲས་སུ་ཚུད་ཡོད།   སྤྱི་པའི་འཕྲོད་བསྟེན་བྱ་གཞག་གོང་འཕེལ་མགྱོགས་པོ་བྱུང་བ།   མ་དངུལ་སྒོར་དུང་ཕྱུར་1.2ཙམ་བཏང་ནས་ས་གནས་ཀྱི་མ་བུའི་འཕྲོད་སྦྱོར་སྨན་ཁང་དང་མི་དམངས་སྨན་ཁང་ཁག་5རེ་རྒྱས་སྐྲུན་བྱས་པ་དང་།   དེ་བཞིན་རྫོང་སྨན་རྩིས་ཁང་20  རྫོང་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་2  རྫོང་རིམ་པའི་རིམས་ནད་ཚོད་འཛིན་ལྟེ་གནས་6བཅས་བཙུགས་པའི་ཁར་ཞིང་འབྲོག་མང་ཚོགས་ཀྱི་སྨན་རིན་མི་དགོས་པའི་སྨན་བཅོས་ཁ་གསབ་རོགས་དངུལ་ཚད་གཞི་དེ་སྒོར་140ལ་སྤར་བ་དང་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་དཔུང་ཁག་སྔར་བས་ཁ་སྐོང་བྱས་ཡོད།   གྲུམ་བུ་ཚིགས་ཆེན་གྱི་ཡུལ་ནད་ཐོན་ཁུལ་གྱི་མང་ཚོགས་གནས་སྤོ་བྱེད་རྒྱུ་དང་“ཏན་ཚྭ་ཁྱིམ་དུ་སླེབས་པའི་བྱ་བ ”ལག་བསྟར་ཧུར་ཐག་བྱས་ནས་འགོས་ནད་དང་ཡུལ་ནད་འགོག་བཅོས་བྱེད་རྒྱུའི་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་དང་སྤྱི་པའི་འཕྲོད་བསྟེན་ཐད་འཕྲལ་བསྟུན་བྱེད་ནུས་མངོན་གསལ་དོད་པོས་ཆེ་རུ་སོང་བ།   མི་འབོར་དང་ལེགས་བཙའ་ལེགས་གསོ་བྱེད་རྒྱུའི་ལས་དོན་ལ་ཤུགས་སྣོན་སྔར་ལས་ལྷག་པ་བརྒྱབ་ཡོད།   ཚན་རིག་གི་འདེགས་སྐྱོར་བྱེད་ནུས་སྔར་བས་ཆེ་རུ་སོང་བ།   “གསེར་གྱི་འབྲི་གཡག་དང་གསེར་གྱི་ཉི་མའི་ཚན་རྩལ་ལས་གཞི ”སོགས་ཚན་རྩལ་རྣམ་གྲངས་ལག་བསྟར་བྱས་པ་དང་།   ཚན་རྩལ་གྱི་འབྲས་བུ་རྣམས་དངོས་ཡོད་ཀྱི་ཐོན་སྐྱེད་ནུས་ཤུགས་སུ་བསྒྱུར་རྒྱུ་ཇེ་མགྱོགས་སུ་བཏང་ནས་ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་རྒྱུ་དང་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་གལ་ཆེའི་ནུས་པ་ཐོན་ཡོད།   ཚན་རྩལ་གྱི་དམིགས་བསལ་མངག་གཏོང་པའི་ལས་ཀ་མུ་མཐུད་སྤེལ་རྒྱུ་དང་ཚན་རིག་ཁྱབ་གདལ་ལས་དོན་མུ་མཐུད་གཏིང་ཟབ་ཏུ་བཏང་ཡོད།   ཤེས་བྱའི་བདག་དབང་ལ་སྲུང་སྐྱོབ་བྱེད་རྒྱུའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ཡོད།   རིག་གནས་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་བྱུང་བ།   གཞི་རིམ་གྱི་རིག་གནས་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་རྫོང་གི་ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ལྟེ་གནས་ཁག་11དང་།   ཤང་གྲོང་གི་ཕྱོགས་བསྡུས་རིག་གནས་ས་ཚུགས་ཁག་30  ཞིང་དུད་དེབ་ཁང་20བཅས་བཙུགས་ཡོད།   བོད་ཤིན་ལས་གཞི་དང་།   རླུང་འཕྲིན་བཪྙན་འཕྲིན་གྲོང་ཚོ་ཀུན་ཁྱབ་ལས་གཞི།   རིག་གནས་ཆ་འཕྲིན་གྱི་ཐོན་ཁུངས་མཉམ་སྤྱོད་ལས་གཞི་སྤེལ་རྒྱུ་སོགས་ལམ་ལྷོངས་བྱུང་ཡོད།   དེ་བཞིན་བོད་དུ་བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་སུམ་ཅུའི་རིང་གི་གནས་ཚུལ་དང་ཨའོ་རྩལ་འགྲན་ཚོགས་ལ་བསུ་བ་ཞུ་རྒྱུ་བརྗོད་དོན་གཙོ་བོར་བྱེད་པའི་ཕུལ་བྱུང་རིག་གནས་ཐོན་དངོས་ཁག་གཅིག་བཏོན་ཡོད་པ་དང་།   རིག་གནས་ཐོན་ལས་གོང་འཕེལ་བརྟན་པོ་བྱུང་ཡོད།   “རིག་དངོས་ཆེ་གྲས་གསུམ ”སྲུང་སྐྱོབ་དང་ཉམས་གསོའི་ལས་གྲྭ་རྩ་བའི་ཆར་ལེགས་གྲུབ་ཟིན་པ་དང་འབྲེལ “ལོ་ལྔ་ཚན་བཅུ་གཅིག ”པའི་རིང་གཙོ་གནད་རིག་དངོས་སྲུང་སྐྱོབ་ཀྱི་ལས་གཞི་ཟམ་མི་ཆད་པར་སྤེལ་ནས་རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་བཤེར་ཐེངས་གསུམ་པ་དང་མངོན་མིན་རིག་གནས་ཤུལ་བཞག་ཡོངས་བཤེར་སྲུང་སྐྱོབ་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་བཙུགས་ཡོད།   གཞན་ཡང་གྲོང་གསེབ་119ལ་ལུས་རྩལ་སྦྱོང་བརྡར་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་བྱེད་རྒྱུ་ལེགས་གྲུབ་ཟིན་ཡོད།

        འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་ཐོག 《བོད་ཀྱི་འབྱུང་ཁམས་སྲུང་བཅད་སྲུང་སྐྱོབ་དང་འཛུགས་སྐྲུན་འཆར་འགོད 》ལ་ཚོད་སྐོར་སྙན་སེང་ཞུ་རྒྱུའི་ལས་དོན་དང་བོད་ཀྱི་འབྱུང་ཁམས་སྐྱོང་གསབ་ཀྱི་ཞིབ་འཇུག་ལས་དོན་ལེགས་གྲུབ་བྱུང་བའི་ཐོག་རང་བྱུང་ནགས་ཚལ་སྲུང་སྐྱོབ་ལས་གཞི་དང་།   རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་དང་གཤེར་ས་སྲུང་སྐྱོབ་ལས་གཞི་བརྟན་པོའི་ངང་སྤེལ་བ།   ནགས་ཚལ་འབྱུང་ཁམས་ཀྱི་ཕན་འབྲས་སྐྱོང་གསབ་བྱེད་ཡུལ་རྒྱ་ཆེར་གཏོང་རྒྱུའི་ལས་ཀ་ཇེ་མགྱོགས་སུ་བཏང་བ།   ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་གི་ལས་དོན་ཏན་ཏིག་ངང་སྤེལ་བཞིན་ཡོད་པ།   འཐུང་ཆུའི་ཆུ་རྩའི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་པ།   ཞིང་འབྲོག་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུར་མཐོང་ཆེན་བྱས་པ།   ཁོར་ཡུག་སྲུང་སྐྱོབ་ཐད་ཁྲིམས་སྒྱུར་ལྟ་འདོམས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ།   ལྗོངས་ཡོངས་ཀྱི་བཙོག་སྐྱོན་ཡོང་གཞིར་ཡོངས་བཤེར་ཐེངས་དང་པོ་བྱེད་རྒྱུའི་ལས་དོན་རྩ་བའི་ཆར་ལེགས་གྲུབ་ཟིན་པ།   ཐེངས་གཉིས་པའི་ས་ཆ་བརྟག་དཔྱད་དང་མཚོ་བོད་ས་མཐོའི་སྤྱི་ཕན་རང་བཞིན་གྱི་ས་གཤིས་བརྟག་དཔྱད་ལས་དོན་བརྟན་པོའི་ངང་སྤེལ་བ།   རྒྱུན་བསྲིང་གོང་འཕེལ་གཏོང་རྒྱུའི་ནུས་པ་སྔར་བས་ཆེ་རུ་སོང་བ་བཅས་བྱུང་ཡོད།

        ཐེངས་གཉིས་པའི་ལྗོངས་ཡོངས་ཀྱི་ཞིང་ལས་ཡོངས་བཤེར་ལེགས་གྲུབ་འཐུས་ལེགས་བྱུང་བའི་ཐོག་ལྗོངས་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་ལམ་ལྷོངས་ངང་སྤེལ་ཐུབ་པ་བྱུང་བ་དང་།   བསྡོམས་རྩིས་ལས་དོན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་ཞབས་འདེགས་ཞུ་ནུས་སྔར་བས་ཆེ་རུ་སོང་བ་བཅས་བྱུང་ཡོད།   གཞན་ཡང་གཉིས་བཀུར་ལས་དོན་གཏིང་ཟབ་སྤེལ་བ།   མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་དང་།   རྩིས་བཤེར།   མི་དམངས་མཁའ་ཟོན།   གནམ་དཔྱད།   དབང་པོ་སྐྱོན་ཅན།   བུད་མེད་དང་ཕྲུ་གུ་དམར་འབྱར།   རྒན་རྒོན་སོགས་ཀྱི་བྱ་གཞག་ཚང་མར་གྲུབ་འབྲས་གསར་པ་ཐོབ་ཡོད།

        བསྒྱུར་བཅོས་སྒོ་དབྱེ་མུ་མཐུད་གཏིང་ཟབ་ཏུ་སོང་བ།   དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ཐད་དཀའ་ངལ་འདྲ་མིན་མང་པོ་འཕྲད་པའི་འགག་རྩའི་དུས་སྐབས་སུ་ང་ཚོས་བསྒྱུར་བཅོས་སྒོ་དབྱེ་བྱེད་རྒྱུར་སྔར་ལས་ལྷག་པའི་མཐོང་ཆེན་བྱས་ནས་ལམ་སྲོལ་བྱེད་ཐབས་གསར་གཏོད་ཀྱིས་སྒོ་དབྱེའི་བང་རིམ་མང་དུ་བཏང་བར་བརྟེན་གོང་འཕེལ་གྱི་གསོན་ཤུགས་སྔར་བས་ཆེ་རུ་སོང་ཡོད།

        བསྒྱུར་བཅོས་ཁག་ཟམ་མི་ཆད་པའི་སྒོ་ནས་གཏིང་ཟབ་ཏུ་སོང་བ།   ཞིང་འབྲོག་ཁུལ་གྱི་ཕྱོགས་བསྡུས་བསྒྱུར་བཅོས་ཀྱི་ཚོད་ལྟའི་ལས་དོན་ཧུར་ཐག་སྤེལ་བ་དང “ཡུན་རིང་འགྱུར་བ་མི་གཏོང་རྒྱུ་གསུམ ”གྱི་གཞི་རྩའི་སྲིད་ཇུས་རྒྱུན་ཆད་མེད་པར་ལེགས་སུ་བཏང་བའི་ཐོག་ནགས་ཚལ་བདག་དབང་མཉམ་སྡེབ་ལ་དབང་བའི་ལམ་ལུགས་བསྒྱུར་བཅོས་ཚོད་ལྟའི་ལས་དོན་སྤེལ་འགོ་བཙུགས་པ།   ས་ཞིང་སྲུང་སྐྱོབ་དང་ས་ཞིང་གྲོན་ཆུང་དང་ལེགས་འདེབས་བྱེད་ལམ་ལག་བསྟར་ནན་པོ་བྱས་པ།   འབྲུ་རིགས་འཁོར་རྒྱུགས་ལམ་སྲོལ་བསྒྱུར་བཅོས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བ།   གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་བྱེད་རྒྱུ་བརྟན་པོའི་ངང་སྤེལ་ནས་ཁེ་ལས་ཁོངས་སྒྲིལ་བྱེད་རྒྱུ་དང་།   བུན་སྟོངས་སུ་གཏོང་རྒྱུ།   བསྐྱར་སྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་ལ་གོམ་པ་གསར་པ་ཞིག་སྤོས་ཡོད།   གཞུང་ཁོངས་རྒྱུ་ནོར་ལ་ལྟ་འདོམས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་གཞུང་ཁོངས་ཁེ་ལས་ཚོགས་ཚོ་ཅན་དང་གཞི་ཁྱོན་ལྡན་པ་ཡོང་བ་བྱེད་རྒྱུར་གྲུབ་འབྲས་ལེགས་པོ་ཐོབ་ཡོད།   རྟགས་ལེགས་སྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ནས་ཀྲུང་གོའི་སྐད་གྲགས་ཆོད་པའི་ཚོང་རྟགས་1བྱུང་ཡོད་པ་དང་།   བོད་ཀྱི་གྲགས་ཅན་ཚོང་རྟགས་10ཁས་ལེན་ཆ་འཇོག་བྱུང་བ།   ལྗོངས་ཡོངས་ཀྱི་མ་རྩའི་ཁྲོམ་ར་རྒྱུན་ཆད་མེད་པར་གོང་འཕེལ་དང་སྟོབས་ཆེར་སོང་བ་དང་འབྲེལ་ཚད་ལྡན་ཅན་དུ་བསྒྱུར་རྒྱུའི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་སོང་བ།   འགན་བཅོལ་ལས་དོན་ཡང་རིམ་པས་སྤེལ་ཡོད།   བོད་ལྗོངས་ཡིད་རྟོན་མངགས་བཅོལ་མ་འཇོག་ཚད་ཡོད་ཀུང་སི་ལུགས་སྒྱུར་བསྐྱར་སྒྲིག་བྱེད་རྒྱུ་ལེགས་གྲུབ་བྱུང་བ་དང་།   བོད་ལྗོངས་ཆེས་བྲིན་བོད་སྨན་ཁྲོམ་འགྲེམས་བྱེད་རྒྱུ་དེ་ཀྲུང་གོ་འཛིན་ལོར་ལྟ་ཞིབ་ཚོགས་པས་ཞིབ་དཔྱད་ཟིན་པ།   སྦྲག་ལས་གསོག་འཇོག་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་དང་བཟོ་ཚོང་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གཉིས་དངོས་སུ་བཙུགས་པ།   ཁྲལ་རིགས་བསྡུ་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་མི་སྒེར་གྱི་འབབ་ཁྲལ་དང་ས་ཞིང་བཟུང་སྤྱོད་ཀྱི་དཔྱ་ཁྲལ་བསྒྱུར་བཅོས་བྱེད་རྒྱུ་དེ་རྒྱལ་ཡོངས་དང་མཉམ་དུ་ལག་བསྟར་བྱེད་ཐུབ་པ།   སྤྱི་དོན་འཛད་སྤྱོད་ཐད་བསྒྱུར་བཅོས་བྱེད་རྒྱུའི་ལས་དོན་སྤེལ་འགོ་བཙུགས་པ་བཅས་བྱས་ཡོད།

        ཕྱི་ནང་གཉིས་ཀར་སྒོ་མོ་འབྱེད་རྒྱུ་མུ་མཐུད་རྒྱ་ཆེར་བཏང་བ།   ཁུལ་ཁོངས་དཔལ་འབྱོར་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་པར་བརྟེན་སྒོ་དབྱེའི་རྣམ་པ་གསར་པ་ཞིག་ཐོན་བཞིན་ཡོད།   ལྗོངས་ཡོངས་སུ་ཚོང་དང་མ་རྩ་འདྲེན་འགུག་བྱས་པའི་མ་དངུལ་སྒོར་དུང་ཕྱུར་48དངོས་སུ་དོན་སྨིན་བྱུང་བས་3.0%འཕར་ཡོད།   འགག་སྒོའི་དཔལ་འབྱོར་གོང་འཕེལ་ཧུར་ཐག་བཏང་བར་བརྟེན་ཕྱི་ཕྱོགས་ཉོ་ཚོང་མགྱོགས་པོ་འཕར་ཐུབ་པ་བྱུང་ནས་ལྗོངས་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་ལ་བསྡོམས་ཨ་སྒོར་དུང་ཕྱུར་5བརྒལ་ཡོད་པས་27%  ཡན་འཕར་ཡོད།   རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་གོང་འཕེལ་གཏོང་ཡུལ་རྒྱ་ཆེར་གཏོད་ནས་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྔར་བས་སྟོབས་ཆེར་སོང་བར་བརྟེན་ལས་ཞུགས་མང་དུ་གཏོང་རྒྱུ་དང་།   ཡོང་འབབ་འཕར་བ་བྱེད་རྒྱུ།   གོང་འཕེལ་གཏོང་རྒྱུ་བཅས་ཀྱི་ཐད་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད།

        གཉིས།   དར་ཆ་གསལ་སྟོན་གྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱས་ཏེ་སྤྱི་ཚོགས་ཀྱི་དུས་བབ་རྩ་བའི་ཆར་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་ཡོད།

        ལོ་གཅིག་རིང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྣོ་ངར་དང་ཪྙོག་འཛིང་ཆེ་བའི་དུས་བབ་ཀྱི་མདུན་དུ་ང་ཚོས་བརྟན་ལྷིང་ནི་མཐའ་དག་ལས་ལྷག་པའི་བསམ་བློ་རྒྱུན་འཁྱོངས་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་གཏིང་ཟབ་སྤེལ་ཏེ་དུས་བབ་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་རྒྱུའི་ལས་དོན་གྱི་བྱེད་ཐབས་འཐུས་ལེགས་སུ་བཏང་ནས་སྤྱི་ཚོགས་ཀྱི་འགོག་ཟོན་དང་སྤྱི་ཚོགས་ལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་སྟེ་སྤྱི་ཚོགས་ཀྱི་དུས་བབ་རྩ་བའི་ཆར་བརྟན་ལྷིང་འགན་ལེན་བྱས་ཡོད།

        ལྷ་སའི “གསུམ་པའི་བཅུ་བཞིའི ”དོན་རྐྱེན་ཐག་གཅོད་འོས་འཚམ་བྱེད་ཐུབ་པ།   ལྷ་སའི “གསུམ་པའི་བཅུ་བཞིའི ”དོན་རྐྱེན་ཐོན་པ་དེས་བོད་ཀྱི་གོང་འཕེལ་དང་བརྟན་ལྷིང་གི་རྣམ་པ་བཟང་པོར་གཏོར་བཤིག་ཚབས་ཆེ་ཕོག་ཡོད་པས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གུན་ཧ་ཅང་ཆེན་པོ་བཟོས་ཡོད།   དོན་རྐྱེན་དེ་ནི་ཏཱ་ལའི་རུ་ཚོགས་ཀྱིས་སྔ་ས་ནས་ངན་ཇུས་བཤམས་ཏེ་ཡུན་རིང་སོང་བ་དང་།   གྲ་སྒྲིག་བྱས་ནས་ཡུན་རིང་སོང་བ།   ཇུས་བཀོད་ཞིབ་ཚགས་བཅས་བྱས་པ་ལས་བྱུང་བའི་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་ཅིག་རེད་ལ་ནུབ་ཕྱོགས་དགྲ་འཛིན་ཕྱོགས་གཏོགས་ཀྱིས་ཀྲུང་གོར་བཀག་སྡོམ་བྱེད་པ་དང་།   དུས་ཡུན་རིང་པོའི་ནང་ཏཱ་ལའི་རུ་ཚོགས་ལ་རྒྱབ་སྐྱོར་དང་འགེབས་སྲུང་བྱས་པའི་འབྲས་བུ་ཞིག་ཀྱང་རེད།   དོན་རྐྱེན་ཐོན་རྗེས་ཀྲུང་དབྱང་གིས་དུས་ཐོག་ཏུ་རང་ལྗོངས་ཀྱི་གོང་འཕེལ་དང་བརྟན་ལྷིང་ལས་དོན་ཐད་ལས་དོན་ཚོགས་ཆུང་མངག་གཏོང་གིས་མཛུབ་ཁྲིད་བྱས་ཡོད་པ་དང་།   དུས་ཐོག་ཏུ་དམིགས་བསལ་གྱི་རོགས་སྐྱོར་སྲིད་ཇུས་ཀྱང་རབ་དང་རིམ་པ་བཏོན་ཡོད།   རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་གི་མཛད་ཇུས་བཀོད་སྒྲིག་གཞིར་བཟུང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་།   སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་སྲུང་སྐྱོང་།   མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བཅས་བྱེད་རྒྱུའི་དར་ཆ་མཐོན་པོར་བསྒྲེངས་ཐོག་བློ་ཐག་ཆོད་པོའི་བྱ་ཐབས་སྤྱད་ནས་ཁྲིམས་ལུགས་གཞིར་བཟུང་ཟིང་ཆ་ལྷིང་འཇགས་བཏང་སྟེ་ཐེངས་འདིའི་འཐབ་རྩོད་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཆེན་པོ་བླངས་ནས་ཟིང་ཆ་བསྐྱར་ལངས་མི་ཡོང་བ་དང་ཁྱབ་མཆེད་དུ་མི་འགྲོ་བ་འགན་ལེན་བྱས་ཡོད།   གནོད་འཚེ་ཕོག་པའི་མང་ཚོགས་དང་སློབ་ཕྲུག་རྣམས་ལ་བཀོད་སྒྲིག་འོས་འཚམ་བྱས་ཏེ་སྐྱོན་ཆག་བྱུང་བའི་སྒྲིག་བཀོད་རྣམས་འཕྲལ་མར་ཉམས་གསོ་བྱས་པ་དང་།   རྨས་སྐྱོན་བྱུང་བའི་མང་ཚོགས་རྣམས་ལ་དུས་ཐོག་ཏུ་སྨན་བཅོས་བྱས་པ་མ་ཟད་སྨན་ཡོན་ཡོངས་རྫོགས་གཞུང་ནས་རྩིས་ཞུ་བྱས་པ་དང།   གྱོང་གུན་ཕོག་པའི་ཚོང་དུད་དང་དོ་ཕོག་བྱུང་བའི་ལས་རིགས་ཁག་ལ་རོགས་སྐྱོབ་དང་རོགས་སྐྱོར་བྱེད་རྒྱུའི་སྲིད་ཇུས་དུས་ཐོག་ཏུ་བཏོན་ཡོད་པར་བརྟེན་སྤྱི་ཚོགས་ཀྱི་སྒྲིག་ལམ་མགྱོགས་མྱུར་སླར་གསོ་ཐུབ་པ་བྱུང་ཡོད།   གྱོད་གཞི་མྱུལ་ཞིབ་མཐིལ་བརྟོལ་བྱེད་ཤུགས་ཆེ་རུ་བཏང་ནས་བག་ཆགས་ཆེ་རིགས་དང་།   གནོད་ཚབས་ཆེ་བ།   སྤྱི་ཚོགས་ལས་རིགས་ཁག་ཚང་མས་ཡོངས་ཁྱབ་ཏུ་དོ་སྣང་ཆེན་པོ་བྱེད་པ་བཅས་ཀྱི་མེ་བརྒྱབ་པ་དང་འཕྲོག་བཅོམ་བྱས་པའི་གྱོད་གཞི་མགྱོགས་མྱུར་རྩད་ཞིབ་ཐུབ་ནས་ཉེས་ཅན་པར་ཁྲིམས་ལུགས་གཞིར་བཟུང་ཉེས་ཆད་བཏང་ཡོད།   ཐེངས་འདིའི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང་རིམ་ཁག་རྩ་འཛུགས་དང་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་མཛད་ཇུས་བཀོད་སྒྲིག་ལ་སེམས་ཐག་གཙང་བཅད་ཀྱིས་བརྩི་བཀུར་ཞུས་ནས་ལངས་ཕྱོགས་བརྟན་པོ་དང་དར་ཆ་གསལ་སྟོན་གྱིས་བྱ་སྤྱོད་ངོ་མའི་ཐོག་ནས་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོང་རྒྱུའི་རེ་ངན་ལ་ཕར་རྒོལ་ནུས་ལྡན་བྱས་ཡོད་པ་རེད།

        ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ།   ཏཱ་ལ་རུ་ཚོགས་ལ་འཐབ་རྩོད་བྱེད་རྒྱུའི་ཀྲུང་དབྱང་གི་མཛད་ཕྱོགས་རབ་དང་རིམ་པ་སེམས་ཐག་གཙང་བཅད་ཀྱིས་ལག་བསྟར་བྱས་ནས་ཏཱ་ལའི་རུ་ཚོགས་དང་རྒྱལ་ཁབ་ཕྱི་རོལ་གྱི་དགྲ་འཛིན་ཕྱོགས་གཏོགས་ཀྱི་སིམ་འཛུལ་གཏོར་བཤིག་གི་བྱེད་སྒོ་སྣ་ཚོགས་ལ་དོགས་ཟོན་ཆེ་སྐྱེད་དང་རྡུང་རྡེག་ཚ་ནན་བཏང་ཡོད།   “བརྟན་ལྷིང་སྲུང་སྐྱོང་དང་།   ཁ་ཕྲལ་ལ་ངོ་རྒོལ།   གོང་འཕེལ་ལ་སྐུལ་སྤེལ་བཅས་གཏོང་རྒྱུའི ”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་ཧུར་ཐག་སྤེལ་ཐོག “བོད་ལྗོངས་ཀྱི་གནའ་དེང ”ཞེས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་གཉེར་ནས་ཏཱ་ལའི་ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་དང་།   ཆོས་ལུགས་ཐོག་གི་གཡོ་རྫུས་རང་བཞིན།   བྱ་ཐབས་ཐོག་གི་མགོ་སྐོར་རང་བཞིན་བཅས་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་པར་བརྟེན་མི་རིགས་ཁག་གི་མང་ཚོགས་ཚོས་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་རང་རྟོགས་རང་བཞིན་གོང་མཐོར་སོང་ཡོད།   མཐའ་མཚམས་ལ་དམ་བསྒྲགས་དང་མཐའ་མཚམས་ནས་འགྲོ་འོང་བྱེད་མཁན་ལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཏཱ་ལའི་རུ་ཚོགས་ཀྱིས་སྒྲིག་འཛུགས་ཡོད་པའི་སྒོ་ནས “འགག་སྒོ་བརྒལ་བགྲོད ”བྱེད་རྒྱུ་དང་མཐའ་མཚམས་ས་ཁུལ་དུ་གཏོར་བཤིག་གཏོང་རྒྱུའི་བྱེད་སྒོའི་རེ་ངན་ཐལ་བའི་རྡུལ་དུ་བརླགས་ནས་རྒྱལ་ཁབ་ཀྱི་མངའ་ཁོངས་ས་ཆའི་བདག་དབང་དང་མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་ལ་སྲུང་སྐྱོབ་ནུས་ལྡན་བྱས་ཡོད།   དེ་བཞིན་བོད་དོན་དང་འབྲེལ་བ་ཡོད་པའི་ཀྲུང་དབྱང་གི་ཕྱི་འབྲེལ་ལས་ཀའི་སྤྱི་ཡོངས་ལ་དམ་པོར་དམིགས་ཏེ་ཕྱི་འབྲེལ་དང་ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་ཧུར་ཐག་སྤེལ་བ་དང་ཕྱི་ཕྱོགས་དང་འབྲེལ་རིགས་ལ་དོ་དམ་བྱེད་རྒྱུ་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཏཱ་ལའི་རུ་ཚོགས་ཀྱི་རྒྱལ་སྤྱིའི་བྱེད་སྒོ་སྤེལ་ཡུལ་ཆུང་དུ་བཏང་ཡོད།

        སྤྱི་ཚོགས་དོ་དམ་བྱེད་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ།   སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་།   སྤྱི་ཚོགས་ཀྱི་སྔོན་འགོག་བཀག་སྡོམ་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཁྲིམས་འགལ་གྱི་བྱེད་སྒོ་འདྲ་མིན་རིགས་ལ་འགོག་ཟོན་དང་ཁྲིམས་ལུགས་གཞིར་བཟུང་རྡུང་རྡེག་ཚ་ནན་བཏང་སྟེ་སྤྱི་ཚོགས་ཀྱི་རྒྱུན་གཏན་སྒྲིག་ལམ་སྲུང་སྐྱོང་ནུས་ལྡན་བྱས་ཡོད།   མི་དམངས་ནང་ཁུལ་གྱི་འགལ་བ་ཐག་གཅོད་འོས་འཚམ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཁེ་ཕན་དངོས་དང་འབྲེལ་བ་ཡོད་པའི་གླེང་ཆ་ཆེ་བ་དང་དཀའ་གནད་ཆེ་བའི་གནད་དོན་ཁག་གཅིག་ཐག་གཅོད་བྱས་པར་བརྟེན་མི་དཔུང་ཁྱུ་སྒྲིག་གི་དོན་རྐྱེན་རིགས་མི་ཐོན་སྔོན་འགོག་དང་ཐག་གཅོད་ནུས་ལྡན་བྱེད་ཐུབ་ཡོད།   “མཐིལ་རྟོགས་གསལ་པོ་དང་།   གནས་ཚུལ་ཁ་གསལ།   དམ་བསྒྲགས་ནན་པོ།   ཞབས་ཞུ་ལེགས་པོ ”བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་ཀྱིས་ཕྱོགས་འགྲུལ་རིགས་ལ་ཞབས་ཞུ་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ཡོད།   གྲོང་ཁྱེར་གྱི་སྡེ་ཁུལ་དོ་དམ་བྱེད་ལམ་རིམ་པས་ཚགས་ཚུད་དུ་བཏང་བ་དང་།   གྲོང་གསེབ་ཀྱི་སྡེ་ཁུལ་འཛུགས་སྐྲུན་བྱེད་རྒྱུའི་ཚོད་ལྟའི་ལས་དོན་བདེ་བླག་ངང་སྤེལ་ནས་གཞི་རིམ་སྲིད་དབང་དང་གཞི་རིམ་སྲིད་ཁྲིམས་ཀྱི་རྨང་གཞིའི་སྒྲིག་བཀོད་ལ་ཤུགས་སྣོན་བརྒྱབ་ཡོད།   ཉེན་མེད་ཐོན་སྐྱེད་བྱེད་རྒྱུ་དམ་འཛིན་ནན་པོ་བྱས་ཏེ་བཟའ་བཅའ་དང་སྨན་རྫས་གནོད་ཕོག་མེད་པ་བྱེད་རྒྱུར་མཐོང་ཆེན་གྱིས་ཆེད་དོན་བཅོས་སྐྱོང་བྱེད་རྒྱུ་གཏིང་ཟབ་ཏུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་ཉེན་ཁ་མི་ཡོང་བའི་འགན་སྲུང་ནུས་ལྡན་བྱས་ཡོད།

        ལོ་བརྒྱའི་བཀྲ་ཤིས་དོན་ཆེན་པེ་ཅིང་ཨའོ་རྩལ་འགྲན་ཚོགས་གཉེར་བའི་སྐབས་སུ་ང་ཚོས་དེར་གཞོགས་འདེགས་ཧུར་ཐག་དང་།   ནུས་ཤུགས་ཡོད་ཚད་ཀྱིས་རྒྱབ་སྐྱོར་དང་སྒྲིག་འཛུགས་ཚགས་སུ་ཚུད་པ་བྱས་ནས་པེ་ཅིང་ཨའོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཇོ་མོ་གླང་མའི་རི་རྩེ་དང་ལྷ་སར་བརྒྱུད་སྤྲོད་བྱེད་རྒྱུ་ཧ་ཅང་ལེགས་སྒྲུབ་བྱུང་ཡོད་པས།   དེ་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་སྒྲིལ་ཤུགས་དང་བློ་སེམས་ཕྱོགས་ཤུགས་ཆེན་པོ་དེ་གང་ལེགས་མཚོན་ཡོད་པ་མ་ཟད།   བོད་ཀྱི་གཞི་མཐུན་བརྟན་ལྷིང་གི་གཟུགས་བཪྙན་བཟང་པོ་མཚོན་ཡོད་ལ།   བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ཀྱིས་མགྲིན་པ་གཟེངས་སུ་བཏོད་ནས་ཡར་བརྩོན་བྱེད་པའི་བསམ་པའི་ཉམས་འགྱུར་ཡང་མཚོན་པར་བྱས་ཡོད།

        མི་རིགས་དང་ཆོས་ལུགས་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།   མི་རིགས་ཁག་གི་མི་དམངས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་།   ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་རྒྱུའི་བརྗོད་དོན་གཙོ་བོ་དེ་ཁོང་དུ་དམ་པོར་ཆུད་པ་བྱས་ནས “ཁ་བྲལ་ཐབས་མེད་པ་གསུམ ”གྱི་བསམ་བློ་བརྟན་པོ་བཙུགས་ཐོག་ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་གཟེངས་བསྟོད་ཚོགས་ཆེན་ཐེངས་ལྔ་པའི་གོ་སྐབས་དང་བསྟུན་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་གཏིང་ཟབ་སྤེལ་ཏེ་འདྲ་མཉམ་དང་།   མཐུན་སྒྲིལ་རོགས་རེས།   གཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་གོང་འཕེལ་སྔར་ལས་ལྷག་པ་བྱུང་ཡོད།   བོད་སྐད་ཡིག་ལས་དོན་གོང་འཕེལ་གང་འཚམ་བྱུང་ཡོད།   མི་རིགས་ལས་བྱེད་པ་དང་བུད་མེད་ལས་བྱེད་པ་གསོ་སྐྱོང་དང་བེད་སྤྱོད་བྱེད་རྒྱུར་ཕན་ནུས་གསར་པ་ཐོན་ཡོད།   མཐའ་དར་དམངས་ཕྱུག་གི་བྱེད་སྒོ་ཏན་ཏིག་སྤེལ་བར་བརྟེན་མཐའ་མཚམས་ས་ཁུལ་དང་མི་འབོར་ཅུང་ཉུང་བའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་གོང་འཕེལ་འགྲོ་མགྱོགས་སུ་སོང་ཡོད།   “དབྱེ་མཚམས་གསལ་འབྱེད་གཉིས་དང་འགན་འཁྲི་གཅིག་བསྒྲུབ་རྒྱུའི ”སྲིད་ཇུས་ཀྱི་རྩ་དོན་དང་ལས་ཀའི་བླང་བྱ་གཞིར་བཟུང་ཆོས་ལུགས་ཀྱི་བྱ་བ་དང་དགོན་པའི་གྲྭ་བཙུན་རྣམས་ལ་ཁྲིམས་ལུགས་གཞིར་བཟུང་དོ་དམ་བྱས་པ་དང་འབྲེལ 《བོད་རང་སྐྱོང་ལྗོངས་ཀྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་དང་ཕྱི་ནས་དཔེ་ཆ་སློབ་སྦྱོང་བྱེད་པར་ཡོང་མཁན་ལ་དོ་དམ་བྱེད་རྒྱུའི་བྱ་ཐབས (ཚོད་ལྟ )》  འགྲེམས་སྤེལ་ལག་བསྟར་བྱས་ནས་དགོན་པར་དོ་དམ་བྱེད་རྒྱུའི་ལས་དོན་སྔར་བས་ཚད་ལྡན་དུ་བཏང་ཡོད།   དགོན་སྡེར་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་ནས་དུས་ཐོག་ཏུ་ལས་དོན་རུ་ཁག་བཏང་སྟེ་དགོན་པར་བཅའ་སྡོད་ཀྱིས་ལས་དོན་སྤེལ་བར་བརྟེན་རྒྱ་ཆེའི་གྲྭ་བཙུན་རྣམས་ཀྱི་མེས་རྒྱལ་གྱི་ལྟ་བ་དང་།   སྲིད་གཞུང་གི་ལྟ་བ།   ཁྲིམས་ལུགས་ཀྱི་ལྟ་བ།   སྤྱི་དམངས་ཀྱི་འདུ་ཤེས་བཅས་ཟམ་མི་ཆད་པར་ཆེ་རུ་སོང་ནས་ཆོས་ལུགས་ཀྱི་སྒྲིག་ལམ་རིམ་པས་རྒྱུན་གཏན་བཞིན་སླར་གསོ་ཐུབ་ཡོད།

        གསུམ།   བློ་གཅིག་སེམས་གཅིག་གིས་མི་དམངས་ཀྱི་འཚོ་བར་བསམ་བློ་བཏང་བར་བརྟེན་མི་དམངས་མང་ཚོགས་ལ་དངོས་ཕན་དེ་བས་མང་བ་ཐོབ་ཡོད།

        ལོ་གཅིག་རིང་ང་ཚོས་མི་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་རྒྱུ་དེ་ལས་དོན་མཐའ་དག་གི་ཐོག་མའི་དམིགས་ས་དང་དོན་ལ་འབབ་སར་བརྩི་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས “ལས་འགན་ཨང་དང་པོར ”དམ་འཛིན་ལྷོད་མེད་བྱས་ཏེ་སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་འཐུས་ཚང་ཇེ་མགྱོགས་སུ་བཏང་ནས་དཀའ་ངལ་ཡོད་པའི་རིགས་གྲས་ལ་མཐོང་ཆེན་ཚད་མེད་བྱས་ཏེ་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་།   མང་ཚོགས་ལ་ཐད་ཀའི་འབྲེལ་བ་ཆེ་ཤོས་ཡོད་པ།   མང་ཚོགས་ལ་དངོས་ཕན་ཆེ་ཤོས་ཐོབ་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཁག་གཅིག་ཐག་གཅོད་བྱས་པས་འགན་སྲུང་བྱེད་ཤུགས་ཆེ་ཤོས་དང་མི་དམངས་ལ་དངོས་ཕན་མང་ཤོས་ཐོབ་པའི་ལོ་ཞིག་ཡིན།

        ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་མངོན་གསལ་དོད་པོ་བྱུང་བ།   ང་ཚོས་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་རྒྱུ་དེ་མི་དམངས་ཀྱི་འཚོ་བའི་ལས་ཀའི་རྨང་གཞིར་བརྩིས་ཏེ “གཞི་རྩའི་ཆར་ཐག་གཅོད་བྱེད་དགོས་པ་བརྒྱད ”ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་སྐྲུན་པར་གྲུབ་འབྲས་གསར་པ་ཐོབ་ཡོད།   ལོ་ཧྲིལ་པོར་སྒོར་དུང་ཕྱུར་6.8བཀོད་སྒྲིག་བྱས་ནས་ཞིང་འབྲོག་མང་ཚོགས་ཁྱིམ་དུད་ཁྲི་5.78ཀྱི་བདེ་འཁོད་གནད་དོན་ཐག་གཅོད་བྱས་ཤིང་།   སླར་ཡང་ཞིང་འབྲོག་མང་ཚོགས་མི་ཁྲི་31.2ཉེན་མེད་སྤྱོད་གོ་ཆོད་པའི་སྡོད་ཁང་གསར་པར་སྤོ་ཐུབ་པ་བྱུང་བ་དང་།   ཤང་གྲོང་32དང་སྲིད་འཛིན་གྲོང་ཚོ་423ལ་གཞུང་ལམ་གནད་དོན་ཐག་གཅོད་ཐུབ་པ།   གློག་སྤྱོད་མཁན་འཕར་བ་དང་གློག་སྤྱོད་རྒྱུ་ལེགས་སུ་སོང་བའི་མི་གྲངས་ཁྲི་17.7བྱུང་བ།   སླར་ཡང་མི་གྲངས་ཁྲི་25ལ་དྭངས་གཙང་གནོད་མེད་ཀྱི་ཆུ་འཐུང་རྒྱུ་བྱུང་བ།   སྲིད་འཛིན་གྲོང་ཚོ་681ལ་ཁ་པར་འཕར་མ་ཁྲིད་ཐུབ་པ་དང་།   གློག་འཕྲིན་འོད་སྐུད་ལྗོངས་ཡོངས་ཀྱི་ཤང་གྲོང་163ལ་ཁྲིད་ཟིན་པ།   ཞིང་འབྲོག་ཁུལ་ལ་ཏན་ཚྭ་ཁེབས་ཚད་66%ཟིན་པ་བཅས་བྱུང་ཡོད།   འབུད་ཤིང་རྒྱུ་ཚབ་ལས་གཞི་སྐུལ་སྤེལ་གང་མགྱོགས་བྱས་ཏེ་ཁྱོན་བསྡོམས་ཁྱིམ་དུད་ཁྲི་4.3ལ་རྫབ་རླངས་སྐྲུན་པ་དང་།   ཁྱོན་བསྡོམས་ཉི་ཐབ་ཁྲི་40ཉོས་ནས་སྤྲད་པ།   ཞིང་ཁ་དང་རྩྭ་རའི་ཆུ་བེད་རྨང་གཞིའི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ།   ཞིང་ལས་ཕྱོགས་བསྡུས་གསར་སྤེལ་གཏིང་ཟབ་ཏུ་སྤེལ་བ་བཅས་བྱས་པར་བརྟེན་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་ཆ་རྐྱེན་ལ་ལེགས་བཅོས་ཆེན་པོ་བྱུང་ཡོད།

        གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་ཟམ་མི་ཆད་པར་མང་དུ་སོང་བ།   ང་ཚོས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་འཕར་ཐབས་བྱེད་རྒྱུ་དེ་མི་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་རྒྱུའི་སྲོག་ཤིང་དུ་བརྩིས་ནས་ཡོང་འབབ་དམའ་འབྲིང་གི་རིགས་གྲས་དང་ལྷག་པར་དུ་ཞིང་འབྲོག་མང་ཚོགས་གཙོ་བོར་བཟུང་སྟེ་ཏང་གི་དམངས་ཕན་སྲིད་ཇུས་ཀྱི་ཕྱོགས་བསྡུས་ཕན་འབྲས་འདོན་སྤེལ་གང་ལེགས་བྱས་ཐོག་ཡུལ་མིའི་ཡོང་འབབ་བརྟན་པོའི་ངང་འཕར་རྒྱུ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད་ཅིང་།   སྔོན་དཔག་ལྟར་ན།   ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་འབབ་སྨར་སྒོར་3170ཟིན་བཟོ་ཡོད་པ་དེ་ལོ་དྲུག་བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ནས་གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་སྒོར་12300ཟིན་བཟོ་ཡོད་པ་དེ་འཕར་ཚད་10.5%ཟིན་རྒྱུ་རེད།   མ་དངུལ་སྒོར་ཁྲི་5720ལྷག་ཙམ་བཏང་ནས་ཞིང་འབྲོག་མང་ཚོགས་མི་ཐེངས་ཁྲི་25.5ལ་སྦྱོང་བརྡར་སྤྲས་པས་ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བའི་ནུས་པ་སྔར་བས་ཆེ་རུ་སོང་ཡོད།   ཞིང་འབྲོག་ལས་ཐོན་འཕར་འབབ་འཕར་དང་།   ཁྱད་ལྡན་ཐོན་ལས་གསར་སྤེལ།   ངལ་ནུས་ཁ་བསྒྱུར་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་པ་བརྒྱུད་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་ལམ་སྔར་བས་རྒྱ་ཆེར་སོང་ཡོད།   རྩ་འཛུགས་ཅན་དུ་འགྱུར་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཞིང་འབྲོག་མང་ཚོགས་རྣམས་ལས་གྲྭའི་འཛུགས་སྐྲུན་ནང་ཞུགས་རྒྱུར་བསྡུ་འགུགས་གང་ཐུབ་བྱས་ཏེ་ལོ་ཧྲིལ་པོར་ངལ་ལས་ཕྱིར་གཏོང་བྱེད་རྒྱུ་མི་ཐེངས་ཁྲི་70ལྷག་ཙམ་ཐུབ་ནས་ངལ་ལས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་11བྱུང་ཡོད།

        ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་གི་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་པ།   ང་ཚོས་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་གི་ལས་ཀ་དེ་མི་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་རྒྱུའི་རྩ་བར་བརྩིས་ནས་སྤྱི་ཚོགས་ལས་ཞུགས་ལ་སྐུལ་སྤེལ་ཧུར་ཐག་བཏང་ཞིང་།   སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་འཚོ་བ་འགན་སྲུང་ནུས་ལྡན་ཐུབ་ཡོད།   མཐོ་རིམ་སློབ་གྲྭ་ཐོན་པའི་སློབ་མའི་ལས་ཞུགས་བྱེད་རྒྱུའི་ལས་ཀར་མཐོང་ཆེན་ཚད་མེད་བྱས་ཏེ་གཟིགས་སྐྱོང་གི་སྲིད་ཇུས་སྤྱད་དེ་མ་དངུལ་སྒོར་ཁྲི་7000བཏང་ནས་རང་བདག་གསར་གཏོད་བྱེད་རྒྱུར་རྒྱབ་སྐྱོར་དང་།   གཞི་རིམ་དང་ཁེ་ལས་སུ་ལས་ཞུགས་བྱེད་རྒྱུར་སྐུལ་མ་བཏང་བས་མཐོ་རིམ་སློབ་གྲྭ་ཐོན་པའི་སློབ་མ་ལས་ཞུགས་བྱེད་ཚད་90%ཙམ་ཟིན་ཡོད།   མ་དངུལ་སྒོར་ཁྲི་7572.5བཏང་ནས་སྤྱི་ཕན་རང་བཞིན་གྱི་ལས་གནས་ཁག་5700ཉོས་ཏེ་དཀའ་ངལ་ཡོད་པའི་རིགས་གྲས་ཀྱི་ལས་ཞུགས་གནད་དོན་སྔར་བས་ཞི་ལྷོད་དུ་བཏང་ཡོད།   དམག་ཁོངས་ནས་ལོག་པའི་དམག་ལོག་ལས་བྱེད་པའི་རྒན་གསོའི་འགན་བཅོལ་གནད་དོན་ཐག་གཅོད་འོས་འཚམ་བྱས་ནས་དམག་ཁོངས་ནས་ཕྱིར་ལོག་བྱས་པའི་དམག་མིར་ལས་བཀོད་བྱེད་རྒྱུ་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད།   ལྗོངས་ཡོངས་ཀྱི་གྲོང་ཁྱེར་གྲོང་རྡལ་དུ་ལས་ཞུགས་བྱེད་མཁན་མི་ཁྲི་1.9འཕར་བ་དང་།   གྲོང་ཁྱེར་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་4.3%ནང་ཚུན་དུ་ཚོད་འཛིན་བྱས་ཡོད།   མ་མཐའི་གླ་ཕོགས་ཀྱི་ཚད་གཞི་སྔར་བས་མཐོ་རུ་བཏང་བ་དང་ཆུ་ཚོད་རེའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་གཏན་འཁེལ་བྱས་ཡོད།   ཁེ་ལས་ཀྱི་ལས་འཁྱུར་མི་སྣའི་གཞི་རྩའི་རྒན་གསོའི་གྲོན་དངུལ་མི་རེར་ཆ་སྙོམས་སྒོར་151སྤར་བ་དེ་དུས་ཐོག་དང་གྲངས་ཚང་གི་སྒོ་ནས་སྤྲད་ཡོད།   ཚོང་ལས་འགན་བཅོལ་ཁ་སྐོང་བྱེད་ཐབས་གསར་པ་བཟོས་ནས་གྲོང་ཁྱེར་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་སྔར་བས་ཚགས་ཚུད་དུ་བཏང་ཡོད།   ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང་གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཁྱབ་སྤེལ་བཏང་ཡོད།   ལས་ཤོར་འགན་བཅོལ་གྱི་ཚད་གཞི་སྔར་བས་མཐོ་རུ་བཏང་བ་དང་ལས་རྨས་འགན་བཅོལ་དང་སྐྱེས་གསོ་འགན་བཅོལ་གྱི་ལས་དོན་ལ་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་ཡོད།

        དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་ནུས་ལྡན་བྱས་པ།   ང་ཚོས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱེད་རྒྱུ་དེ་མི་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་པའི་གཙོ་གནད་དུ་བརྩིས་ཏེ་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་བ་དང་འགན་སྲུང་གི་ཆུ་ཚད་མཐོ་རུ་བཏང་ཐོག་གྲོང་ཁྱེར་གྲོང་རྡལ་དང་ཞིང་འབྲོག་ཁུལ་གྱི་ལྟོ་རྩ་འཕྱིད་པ་བྱེད་རྒྱུའི་ཚད་གཞི་དེ་ཁག་སོ་སོར་སྒོར་260དང་སྒོར་850བར་སྤར་བ་དང་“འགན་ལེན་ལྔའི ”འཚོ་རྟེན་ཚད་གཞི་དེའང་སྒོར་1600བར་སྤར་ཡོད།   ཟོག་གོང་འཕར་བའི་ཤུགས་རྐྱེན་ཆུང་དུ་གཏོང་ཆེད།   ཡོང་འབབ་དམའ་བའི་རིགས་གྲས་ལ་གནས་སྐབས་རང་བཞིན་གྱི་ཟོག་གོང་ཁ་གསབ་ཐེངས་གཉིས་སྤྲད་པས་ཟོག་གོང་འཕར་བའི་རྐྱེན་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཞན་དུ་ཕྱིན་མེད།   ལྷ་སའི “གསུམ་པའི་བཅུ་བཞིའི ”དོན་རྐྱེན་ནང་གྱོང་གུན་ཚབས་ཆེ་ཕོག་པ་དང་འཚོ་བར་དཀའ་ངལ་བཟོས་པའི་ཚོང་དུད་ལ་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ཐོག་ཆ་རྐྱེན་དང་འཚམ་རིགས་ལ་ལས་ཤོར་རོགས་སྐྱོབ་མ་དངུལ་དང་།   དམིགས་བསལ་གྱི་གུད་གསབ་རོགས་དངུལ།   འཚོ་བའི་རོགས་དངུལ།   སྨན་བཅོས་རོགས་དངུལ་བཅས་ཁྱོན་བསྡོམས་སྒོར་ཁྲི་3850.8སྤྲད་ཡོད།   འགན་སྲུང་རང་བཞིན་གྱི་སྡོད་ཁང་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ནས་ཁང་གླ་ཁེ་བའི་སྡོད་ཁང་ཆ་ཚང་4564དང་ལས་ཤག་ཁྲི་1.4བསྐྲུན་ཡོད།   དཀའ་ངལ་ཡོད་པའི་གཞུང་ཁོངས་ཁེ་ལས་ཀྱི་ལས་བཟོའི་སྡོད་ཁང་གི་ཁ་གསབ་ཞིབ་དཔྱད་སྤྲོད་གཏོང་གི་ལས་ཀ་ལེགས་གྲུབ་བྱུང་བ།   དབུལ་སྐྱོར་ལས་དོན་གཏིང་ཟབ་སྤེལ་ཏེ་གཙོ་གནད་དབུལ་སྐྱོར་བྱ་ཡུལ་མི་འབོར་ཁྲི་3.9ཉུང་དུ་སོང་ཡོད།

        འདས་མ་ཐག་པའི་ལོ་གཅིག་རིང་།   ང་ཚོར་འབྲོང་པ་དང་འདམ་གཞུང་གི་ས་ཡོམ་དང་།   དེ་བཞིན་ལྷོ་ཁ་སོགས་ས་ཁུལ་དུ་བྱུང་བའི་གཞི་རྒྱ་ཆེ་བའི་གངས་སྐྱོན་ཚབས་ཆེ་འཕྲད་ཡོད།   གློ་བུར་དུ་བྱུང་བའི་གནོད་འཚེའི་མདུན་དུ་རིམ་ཁག་འགོ་ཁྲིད་ཀྱིས་གཡུལ་ས་མདུན་མར་བཀོད་འདོམས་ཀྱིས་སྐུལ་སློང་རྒྱ་ཁྱབ་ཏུ་བྱས་ཏེ་བྱ་ཐབས་མྱུར་པོ་སྤེལ་བར་བརྟེན་གནོད་འཚེ་ཁག་ལས་རྣམ་པར་རྒྱལ་ཞིང་།   གནོད་འཚེ་ཕོག་པའི་མང་ཚོགས་ལ་འཕྲལ་མར་སྨན་བཅོས་བྱས་པར་བརྟེན་གནོད་འཚེ་ཕོག་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་བཀོད་སྒྲིག་འོས་འཚམ་བྱུང་བ་དང་།   གནོད་འཚེ་ཕོག་པའི་རྨང་གཞིའི་སྒྲིག་བཀོད་རྣམས་དུས་ཐོག་ཏུ་སླར་གསོ་བྱུང་སྟེ་གནོད་འཚེ་ཕོག་རྗེས་ཀྱི་བསྐྱར་སྐྲུན་ལས་ཀ་ཏན་ཏིག་ངང་སྤེལ་ཐུབ་པ་བྱུང་ཡོད།   གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་ལ་སྤྱི་ཚོགས་རིང་ལུགས་མེས་རྒྱལ་ཁྱིམ་ཚང་ཆེ་མོ་ནི་དྲོ་སྐྱིད་ལྡན་ཤོས་ཡིན་པ་དང་།   མི་དམངས་བུ་ཕྲུག་དམག་ནི་ཆེས་གཅེས་པར་འོས་པ།   ཀྲུང་གོ་གུང་ཁྲན་ཏང་ནི་རླབས་ཆེ་ཤོས་ཡིན་པ་བཅས་ཀྱི་མྱོང་ཚོར་བྱུང་ཡོད།  

              དེ་བས་རྩ་ཆེ་བ་ཞིག་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཕྱོགས་གཅིག་ལ་དཀའ་ངལ་འཕྲད་དུས་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་པའི་སྲོལ་བཟང་དར་སྤེལ་བཏང་སྟེ་རང་རྒྱལ་གྱི་ལྷོ་ཕྱོགས་སུ་བྱུང་བའི་གངས་འཁྱགས་ཀྱི་གནོད་འཚེ་དང་དབུན་ཁྲོན་དུ་བྱུང་བའི་ས་ཡོམ་ཕོག་ཁུལ་དུ་དངུལ་དངོས་ཞལ་འདེབས་ཧུར་ཐག་ཕུལ་ཡོད་པས་དེ་ནི་བྱ་སྤྱོད་མགྱོགས་པ་དང་།   གྲངས་འབོར་ཆེ་བ།   ཐེ་ཞུགས་བྱེད་རྒྱ་ཆེ་བ་བཅས་ཡིན་པས་བོད་ཀྱི་ལོ་རྒྱུས་ཐོག་མཐོང་དཀོན་པ་ཞིག་རེད།   ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་གནོད་འཚེ་ཕོག་ཁུལ་གྱི་མི་དམངས་ལ་བཅངས་པའི་བརྩེ་སེམས་དང་།   ཀྲུང་ཧྭ་མི་རིགས་ལ་བཅངས་པའི་བརྗེད་པར་དཀའ་བའི་བརྩེ་སེམས།   མེས་རྒྱལ་ཁྱིམ་ཚང་ཆེན་མོར་སྙིང་དབུས་ནས་བཅངས་པའི་བརྩེ་སེམས་བཅས་མཚོན་ཡོད།

        ལོ་གཅིག་རིང་།   ང་ཚོས་སྔ་ཕྱི་བར་གསུམ་དུ་དམངས་ལ་ཞབས་འདེགས་དང་།   དམ་པ་དོན་གཉེར།   སྤྱོད་གཙང་གཞུང་དྲང་བཅས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་སྲིད་གཞུང་ལེགས་སྐྱོང་བྱེད་རྒྱུར་གོམ་སྟབས་གལ་ཆེན་པོ་ཞིག་སྤོས་ཡོད།   ང་ཚོས་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་སློབ་སྦྱོང་དང་ལག་ལེན་བྱེད་པའི་བྱེད་སྒོ་ཏན་ཏིག་གི་སྒོ་ནས་གཏིང་ཟབ་སྤེལ་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་ལ་སྐུལ་སྤེལ་གཏོང་རྒྱུའི་ནུས་པ་མངོན་གསལ་དོད་པོས་ཤུགས་ཆེར་སོང་ཡོད་པ་དང་།   ང་ཚོས་ཚན་རིག་དང་མཐུན་པའི་དམངས་གཙོའི་ཇུས་ཐག་གཅོད་རྒྱུ་ཤུགས་ཆེར་བཏང་སྟེ་ཇུས་ཐག་གཅོད་པའི་བྱེད་ཐབས་ཟམ་མི་ཆད་པར་ཚགས་ཚུད་དུ་བཏང་ཐོག་སྲིད་དོན་ཡོངས་བསྒྲགས་ཧུར་ཐག་བྱས་པས་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་སོང་བ།   ང་ཚོས་སྲིད་འཛིན་ཁྲིམས་བཞིན་སྐྱོང་རྒྱུ་ནན་པོ་བཟུང་སྟེ་སེམས་ཐག་གཙང་བཅད་ཀྱིས 《སྲིད་འཛིན་བཀའ་འཁྲོལ་བཅའ་ཁྲིམས 》དང་《ཕྱོགས་ཡོངས་ནས་སྲིད་འཛིན་ཁྲིམས་བཞིན་སྐྱོང་རྒྱུའི་ལག་བསྟར་རྩ་གནད་སྐུལ་སྤེལ་གཏོང་རྒྱུ 》ལག་བསྟར་བྱས་ནས 《སྲིད་གཞུང་གི་ལས་དོན་སྲོལ་ཡིག 》བཟོ་འདོན་བྱས་པ་དང་སྲིད་འཛིན་ཞིབ་མཆན་འགོད་ལམ་བསྒྱུར་བཅོས་བྱེད་རྒྱུའི་ཐད་གྲུབ་འབྲས་གསར་པ་ཐོབ་པར་བརྟེན་སྲིད་གཞུང་གི་ཁྲིམས་སྐྱོང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་བ།   ང་ཚོས་སྲིད་གཙང་འཛུགས་སྐྱོང་བྱེད་རྒྱུ་མངོན་ཆེར་བཟུང་སྟེ་ཁྲིམས་སྒྱུར་ལྟ་ཞིབ་དང་རྩིས་བཤེར་ལྟ་སྐུལ།   སྡེ་ཚན་དང་ལས་རིགས་ཀྱི་ཚུན་མིན་སྤྱོད་ཚུལ་རིགས་ཡོ་བསྲང་སོགས་བྱེད་རྒྱུའི་ལས་དོན་གཏིང་ཟབ་སྤེལ་བར་བརྟེན་སྲིད་གཞུང་གི་སྤྱོད་ཚུལ་དང་ལས་རིགས་ཀྱི་སྤྱོད་ཚུལ་མངོན་གསལ་དོད་པོས་ལེགས་སུ་སོང་ཞིང་།   གཞུང་ལས་པའི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཐེབས་ཡོད།

        འདས་ཟིན་པའི་ལོ་གཅིག་ལ་ཕྱི་མིག་ལྟ་སྐབས་ཪྙོག་འཛིང་ཆེ་བའི་དུས་བབ་དང་།   དམིགས་བསལ་གྱི་དཀའ་ངལ་ཆེ་བའི་འགྲན་རྩོད་ཀྱི་མདུན་དུ་ང་ཚོར་ཚོད་བགམ་དང་སྦྱོང་བརྡར་ཐེབས་ཡོད།   ང་ཚོས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང་ལངས་ཕྱོགས་བརྟན་པོ་བཟུང་ཡོད་པ་སྟེ།   ལྷ་སའི “གསུམ་པའི་བཅུ་བཞིའི ”རྡུང་གཅོག་འཕྲོག་སྲེག་གི་ཚབས་ཆེའི་གཏུམ་སྤྱོད་ཉེས་གསོག་གི་དོན་རྐྱེན་གྱི་འགོག་རྐྱེན་གཏོར་བཤིག་མདུན་དུ་ང་ཚོས་འཕྲལ་ཐག་ཆོད་པོས་བྱ་ཐབས་སྤེལ་བ་དང་།   ཁྲིམས་བཞིན་ཐག་གཅོད་བྱས་པར་བརྟེན་དོན་རྐྱེན་ཞོད་འཇགས་སུ་གཏོང་བ་དང་ཕྱོགས་ཡོངས་ནས་རྒྱུན་གཏན་གྱི་སྤྱི་ཚོགས་སྒྲིག་ལམ་སླར་གསོ་བྱེད་རྒྱུའི་ཐད་གལ་ཆེའི་རྒྱལ་ཁ་ཐོབ་ཡོད།   ང་ཚོས་འགག་སྒྲོལ་དང་དཀའ་ངལ་ཁྱད་བསད་བྱེད་པའི་ཁྲོད་དུ་སྙིང་སྟོབས་ལ་སྦྱོང་བརྡར་ཐེབས་ཡོད་ཅིང་།   ས་ཡོམ་དང་ཚབས་ཆེའི་གངས་སྐྱོན་གྱི་གནོད་འཚེ་བརྒྱུད་དེ་ང་ཚོས་བློ་སྟོབས་གཅིག་སྒྲིལ་ཐོག་དཀའ་ངལ་གྱི་མདུན་དུ་བསྐྱོད་དེ་ཡོམ་འགོག་གེགས་སེལ་གྱི་བརྗིད་ཉམས་ལྡན་པའི་ལོ་རྒྱུས་ཤིག་བརྩམས་ཡོད།   ང་ཚོས་དོན་ཆེན་འབད་སྒྲུབ་བྱེད་པའི་ནང་བློ་སྟོབས་གཅིག་ཏུ་བསྒྲིལ་ཏེ་པེ་ཅིན་ཨའོ་རྩལ་འགྲན་ཚོགས་དང་།   ལྷ་གྲུ་ཨང་བདུན་པ་མཁའ་དབྱིངས་སུ་བཏང་བ།   བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་སུམ་ཅུ་འཁོར་བ་བཅས་ལ་དགའ་སྤྲོའི་རྟེན་འབྲེལ་ཞུ་སྐབས་ང་ཚོས་སྤོབས་པའི་མགྲིན་པ་གཟེངས་སུ་བཏོད་ནས་མཐུན་སྒྲིལ་འབད་འཐབ་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུའི་སེམས་ཤུགས་དང་ཆོད་སེམས་སྔར་བས་བརྟན་དུ་སོང་ཡོད།

        འཐུས་མི་རྣམ་པ།   རང་ལྗོངས་ཀྱི་བསྒྱུར་བཅོས་དང་།   གོང་འཕེལ།   བརྟན་ལྷིང་བཅས་ཀྱི་ཐད་གྲུབ་འབྲས་འདི་ལྟ་བུ་ཐོབ་པ་ནི་ལས་སླ་པོ་ཞིག་གཏན་ནས་མིན།   དེ་ནི་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་ཡོད་པ་དང་རྒྱལ་ཡོངས་མི་དམངས་ཀྱིས་ཤུགས་ཆེའི་རྒྱབ་སྐྱོར་བྱས་པའི་འབྲས་བུ་ཡིན་ལ།   ལྗོངས་ཡོངས་ཀྱི་གོང་འོག་ཀུན་དུ་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་རབ་དང་རིམ་པ་སེམས་ཐག་གཙང་བཅད་ཀྱིས་ལག་ལེན་བསྟར་ཏེ་དར་ཆ་གསལ་སྟོན་གྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་དང་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་གོང་འཕེལ་གྱི་འབྲས་བུ་དམ་འཛིན་བྱས་པའི་འབྲས་བུ་ཡིན་པ་མ་ཟད།   ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་མཐུན་སྒྲིལ་འབད་འཐབ་དང་དཀའ་སྤྱད་འབད་བརྩོན་བྱས་པའི་འབྲས་བུའང་ཡིན།   མཚམས་འདིར་ངས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་དཀའ་སྤྱད་འབད་འབུངས་བྱེད་མཁན་གྱི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་།   རྒྱལ་ཡོངས་མི་དམངས་དང་ལྷག་པར་དུ་ག་སྦྱར་རོགས་སྐྱོར་གནང་མཁན་གྱི་ཞིང་ཆེན་དང་གྲོང་ཁྱེར།   ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་དེ་བཞིན་གཞུང་ཁོངས་ཁེ་ལས་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཞུ་རྒྱུ་དང་།   སྲིད་གཞུང་གི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་གྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་།   སྲིད་གྲོས་ཨུ་ཡོན།   ལས་བྲལ་ལས་འཁྱུར་གྱི་ལས་བྱེད་པ།   བོད་སྡོད་མི་དམངས་བཅིངས་འགྲོལ་དམག   དྲག་ཆས་ཉེན་རྟོག་དཔོན་དམག   སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ།   དེ་བཞིན་རང་ལྗོངས་ཀྱི་བསྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་ཁབ་ཕྱི་ནང་གི་ལས་རིགས་ཁག་གི་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

        དུས་མཚུངས།   ང་ཚོས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་ད་དུང་དཀའ་ངལ་དང་གནད་དོན་མི་ཉུང་བ་ལྷག་ཡོད་པའང་རིག་པ་དྭངས་གསལ་གྱི་སྒོ་ནས་མཐོང་ཐུབ་པ་བྱེད་དགོས།   ང་ཚོས་ཁྲོམ་རྭ་སླར་གསོ་བྱེད་རྒྱུའི་སེམས་ཤུགས་འཕེལ་བའི་ཐད་ལས་ཀ་མང་པོ་བྱས་ཀྱང་དུས་སྐབས་དེ་གའི་འཛད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་དཔལ་འབྱོར་འཕར་ཤུགས་ཆེ་རུ་གཏོང་རྒྱུའི་ཐད་དཀའ་ངལ་སྔར་བཞིན་ཆེན་པོ་ཡོད་པ་དང་ལྷག་པར་དུ་ཡུལ་སྐོར་ལས་རིགས་སླར་གསོ་བྱེད་རྒྱུར་ད་དུང་དུས་ཚོད་ཅུང་རིང་ཙམ་དགོས་ཀྱི་ཡོད།   ང་ཚོས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ཡོད་ཀྱང་ནུས་ཁུངས་དང་ལྷག་པར་དུ་གློག་ཤུགས་ཀྱིས་ཐོན་ལས་གོང་འཕེལ་མགྱོགས་སུ་འགྲོ་བའི་དགོས་མཁོ་སྔར་བཞིན་སྐོང་ཐུབ་ཀྱི་མེད།   ང་ཚོས་སེམས་ནུས་ཡོད་རྒུས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་ཐབས་བྱེད་ཀྱི་ཡོད་མོད།   འོན་ཀྱང་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་ད་དུང་ཚགས་ཚུད་དུ་གཏོང་དགོས་ཀྱི་ཡོད།   ང་ཚོས “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་རྒྱུར་སྐུལ་སྤེལ་ཧུར་ཐག་བཏང་ཡོད་ཀྱང་སྔོན་དཔག་གི་དམིགས་ཚད་ལེགས་གྲུབ་ཡོང་བར་མཇུག་གི་ལོ་གཉིས་ནང་གི་ལས་འགན་སྔར་བཞིན་ཧ་ཅང་དཀའ་ཚེགས་ཆེན་པོ་ཡིན།   ང་ཚོས་བྱ་ཐབས་ཚགས་ཚུད་དུ་གཏོང་བ་དང་དོ་དམ་ཚོད་འཛིན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཀྱང་སྤྱི་ཚོགས་ཀྱི་དོ་དམ་བྱེད་ཤུགས་ད་དུང་ཞན་པོ་ཡོད།   ང་ཚོས་ལྷ་སའི “གསུམ་པའི་བཅུ་བཞིའི ”དོན་རྐྱེན་དུས་ཐོག་ཏུ་ཞོད་འཇགས་བཏང་རུང་།   ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་པོ་ཡོད།   ཕྱོགས་མཚུངས་ང་ཚོས་བསམ་བློར་བཅིངས་འགྲོལ་དང་བསམ་གཞི་གསར་གཏོད་བྱེད་རྒྱུའི་ཐད་བྱེད་སྟངས་ད་དུང་འདང་མེད་ཁར་ད་དུང་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བའི་བསམ་བློ་དང་ལས་ཀའི་བྱེད་ཐབས་དང་མི་འཚམ་པའི་བྱེད་སྟངས་ཁག་གཅིག་གནས་ཡོད་པ་དང་།   མ་འཇོག་ཁོར་ཡུག་ད་དུང་སྔར་བས་ལེགས་སྒྱུར་བྱེད་དགོས་པ་བཅས།   དཀའ་ངལ་དང་གནད་དོན་དེ་དག་ཚང་མ་ངེས་པར་དུ་གོང་འཕེལ་དང་བསྒྱུར་བཅོས་ཀྱི་བྱ་ཐབས་ལ་བརྟེན་ནས་ཐག་གཅོད་དགོས་ཀྱི་ཡོད།

        2009ལོའི་ལས་དོན།

        ད་ལོ་ནི་ཀྲུང་གོ་གསར་པ་དབུ་བཪྙེས་ནས་ལོ་60འཁོར་བ་དང་བོད་དུ་དམངས་གཙོའི་བཅོས་བསྒྱུར་བྱས་ཏེ་ལོ་50འཁོར་བའི་ལོ་ཞིག་ཡིན་ལ “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་བདེ་བླག་ངང་སྤེལ་བའི་འགག་རྩའི་ལོ་ཞིག་ཀྱང་ཡིན།   མདུན་སྐྱོད་ཀྱི་ལམ་བུའི་ཐོག་ང་ཚོར་ཡང་འགྲན་སློང་ནན་པོ་ཐུག་ཡོད་པ་སྟེ།   རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་དང་རྒྱལ་ནང་གི་དཔལ་འབྱོར་འཕེལ་འགོར་དུ་སོང་བ།   དེ་བཞིན་ལྷ་སའི “གསུམ་པའི་བཅུ་བཞིའི ”དོན་རྐྱེན་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱིས་རྐྱེན་པས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་དཀའ་ངལ་དེ་བས་ཆེ་བ་ཡོང་སྲིད།   ཕྱོགས་མཚུངས་ང་ཚོར་ཕན་ལྡན་གྱི་ཆ་རྐྱེན་དང་རྩ་ཆེའི་གོ་སྐབས་མང་པོ་ཡོད་པ་སྟེ།   ཀྲུང་དབྱང་གིས་བོད་ལ་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་རྒྱབ་སྐྱོར་ཡུན་རིང་གནང་བ་མ་ཟད།   རྒྱབ་སྐྱོར་གནང་ཤུགས་ཀྱང་ཟམ་མི་ཆད་པར་ཆེ་རུ་གཏོང་གི་ཡོད་པས་དེ་ནི་ང་ཚོས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་བའི་ནུས་ལྡན་གྱི་འགན་སྲུང་ཞིག་ཡིན།   མིག་སྔར་རྒྱལ་ཁབ་ཀྱིས་ནང་མཁོ་རྒྱ་ཆེར་བཏང་ནས་དཔལ་འབྱོར་འཕར་ཐབས་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་ལག་བསྟར་གནང་བས་ང་ཚོས་མ་རྩ་སྔར་བས་མང་བ་ཡོང་ཐབས་བྱེད་རྒྱུ་དང་གོང་འཕེལ་སྔར་བས་ཆེ་བ་འགྲོ་ཐུབ་པ་བྱེད་རྒྱུ་དེ་ནི་ང་ཚོར་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་ཐོབ་པར་དཀའ་བའི་གོ་སྐབས་ཤིག་ཡིན།   ཪྙོག་འཛིང་ཆེ་བའི་གནས་ཚུལ་ནང་ང་ཚོས་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུར་འགོ་ཁྲིད་བྱེད་ནུས་དང་འཕྲལ་རྐྱེན་ཐག་གཅོད་བྱེད་ནུས་སྦྱོང་བརྡར་ཐེབས་པ་དང་ཤུགས་ཆེར་འགྲོ་བ་དེས་སླད་ཕྱིན་ལས་དོན་སྔར་བས་ལེགས་པོ་བསྒྲུབ་རྒྱུར་རྩ་ཆེའི་ཉམས་མྱོང་མང་པོ་བསགས་ཐུབ་ཡོད།   མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་བརྟན་ལྷིང་བསམ་གཞིགས་དང་།   མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་ཐབས་བྱེད་པ།   འབྱོར་འབྲིང་ཕྱོགས་སུ་བསྐྱོད་པ་བཅས་ཀྱི་བསམ་འདུན་སྔར་བས་ཆེ་རུ་སོང་ཞིང་།   ཡིད་ཆེས་སྔར་བས་བརྟན་དུ་སོང་བ་དེ་ནི་ང་ཚོས་ཚན་རིག་དང་མཐུན་པའི་གོང་འཕེལ་ཡོང་བར་སྐུལ་འདེད་དང་སྤྱི་ཚོགས་གཞི་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བའི་རྨང་གཞི་བརྟན་པོ་ཞིག་ཡིན།   འགྲན་སློང་དང་གོ་སྐབས་མཉམ་གནས་ཡིན་པ་དང་གོ་སྐབས་ནི་འགྲན་སློང་ལས་ཆེ་བ་ཡོད་པས་ང་ཚོས་ངེས་པར་དུ་ཉེན་ཁའི་འདུ་ཤེས་དང་།   རྗེས་ཡོང་སྔོན་དྲན་གྱི་འདུ་ཤེས།   གོ་སྐབས་ཀྱི་འདུ་ཤེས་བཅས་ཤུགས་ཆེར་བཏང་ནས་ཐབས་བརྒྱ་ཇུས་སྟོང་གིས་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་འགྲོ་བའི་འཕེལ་ངོ་བཟང་པོ་རྒྱུན་འཁྱོངས་ཐུབ་པ་དང་།   ཐབས་བརྒྱ་ཇུས་སྟོང་གིས་སྤྱི་ཚོགས་དུས་བབ་རྒྱུན་མཐུད་ངང་བརྟན་ལྷིང་ཡོང་རྒྱུ་རྒྱུན་འཁྱོངས་ཐུབ་པ།   ཐབས་བརྒྱ་ཇུས་སྟོང་གིས་མི་དམངས་ཀྱི་འཚོ་བ་ལེགས་བཅོས་དང་དམངས་སེམས་གཅིག་ཏུ་འགྲིལ་བ་བཅས་བྱས་ཐོག་གོང་འཕེལ་དང་བརྟན་ལྷིང་གི་རྒྱལ་ཁ་གསར་པ་ཐོབ་པའི་འབད་བརྩོན་བཅས་བྱེད་དགོས།

        2009ལོའི་སྲིད་གཞུང་ལས་དོན་གྱི་སྤྱིའི་བླང་བྱ་ནི།   ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ་”གྱི་གལ་ཆེའི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་རྒྱུ་དང་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཇུས་ཐག་བཀོད་སྒྲིག་གཞིར་བཟུང་“ཐོན་ལས་དང་པོ་ཆུ་ཚད་གོང་མཐོར་གཏོང་རྒྱུ་དང་།   ཐོན་ལས་གཉིས་པ་གཙོ་གནད་དམ་འཛིན་བྱེད་རྒྱུ།   ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ ”བཅས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ “ཞིང་གསུམ ”གྱི་རྨང་གཞིར་དམིགས་ཏེ “ལས་འགན་ཨང་དང་པོ ”དམ་འཛིན་ནན་པོ་བྱས་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་དང་།   ནང་མཁོ་རྒྱ་ཆེར་གཏོང་རྒྱུར་དམིགས་ཏེ་མ་འཇོག་དང་འཛད་སྤྱོད་གཉིས་མཉམ་སྒྲིག་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་འགྲོ་བའི་འཕེལ་ངོ་བཟང་པོ་མུ་མཐུད་རྒྱུན་འཁྱོངས་བྱེད་རྒྱུ།   བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་རྒྱུར་དམིགས་ཏེ་བསམ་བློར་བཅིངས་འགྲོལ་དང་ལམ་བཤངས་གསར་གཏོད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་གསོན་ཤུགས་དང་འགུལ་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ།   མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་རྒྱུར་དམིགས་ཏེ་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དཀའ་གནད་དང་གླེང་ཆ་ཆེ་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཏེ་གོང་འཕེལ་གྱི་འབྲས་བུ་རྣམས་མི་དམངས་ལ་མཉམ་སྤྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ།   བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུར་དམིགས་ཏེ་སྤྱི་ཚོགས་ཀྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་གཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་བསྐྲུན་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་འགྲོ་ལམ་ཐོག་གོམ་སྟབས་གསར་པ་ཞིག་བསྐྱོད་རྒྱུར་འབད་བརྩོན་བྱེད་རྒྱུ་བཅས་ཡིན།

        སྔོན་དཔག་གི་དམིགས་ཚད་གཙོ་བོ་ནི།   ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་10%ཡན་འཕར་བ་བྱས་ཏེ་སྒོར་ཁྲི་ཟིན་པའི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་གི་ཟད་གྲོན་དེ་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ནང་ཚུད་དུ་ཚོད་འཛིན་ཐུབ་པ་བྱེད་རྒྱུ་དང་།   ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་འབབ་སྨར་13%ཡན་འཕར་བ་བྱེད་རྒྱུ།   ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་20%ཡན་འཕར་བ་བྱེད་རྒྱུ།   སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་ལ་མ་རྩ་འཇོག་ཚད་15%ཡན་འཕར་བ་བྱེད་རྒྱུ།   སྤྱི་ཚོགས་ཀྱི་འཛད་སྤྱོད་ཐོན་རྫས་སིལ་ཚོང་བསྡོམས་འབོར་15%ཡན་འཕར་བ་བྱེད་རྒྱུ།   གྲོང་མིའི་འཛད་སྤྱོད་རིན་གོང་སྤྱིའི་འཕར་ཚད་ལོ་གོང་མའི་ཆུ་ཚད་ལས་དམའ་བ་ཚོད་འཛིན་ཐུབ་པ་བྱེད་རྒྱུ།   གྲོང་ཁྱེར་གྲོང་རྡལ་གྱི་ཐོ་འཁོད་ལས་ཤོར་བྱེད་ཚད་4.3%  གྱི་ནང་ཚུད་དུ་ཚོད་འཛིན་ཐུབ་པ་བྱེད་རྒྱུ་བཅས་ཡིན།

        གོང་གསལ་གྱི་དམིགས་ཚད་འགྲུབ་པར་ང་ཚོས་གཤམ་གསལ་གྱི་ལས་དོན་གཙོ་གནད་དུ་དམ་འཛིན་བྱེད་དགོས།

        གཅིག   གནད་འཕིགས་སྒོ་ནས་དགོངས་དོན་གྱི་ངོ་བོ་ཁོང་དུ་ཆུད་པ་བྱས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས།

        ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ནི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་མཛུབ་ཁྲིད་མཛད་ཕྱོགས་གལ་ཆེན་ཞིག་ཡིན་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གོང་འཕེལ་གཏོང་རྒྱུར་ངེས་པར་རྒྱུན་འཁྱོངས་དང་ལག་བསྟར་བྱེད་དགོས་པའི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེ་ཞིག་ཀྱང་ཡིན།   ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་སློབ་སྦྱོང་དང་ལག་ལེན་གྱི་བྱེད་སྒོ་དེ་གོ་སྐབས་སུ་བརྩིས་ནས་ནང་དོན་ཁོང་དུ་ཆུད་པ་དང་།   དོན་དངོས་ལ་བསྟུན་པ།   རང་འགུལ་གྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ལག་ལེན་ལ་མཛུབ་ཁྲིད་ཐུབ་པ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུའི་འགྲོ་ལམ་ཐོག་སྐྱོད་ཐུབ་པ་བྱེད་དགོས།

        ལེགས་ཤིང་མྱུར་བའི་སྒོ་ནས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་པ།   དཔལ་འབྱོར་གྱི་སྤྱི་འབོར་ཉུང་བ་དང་གོང་འཕེལ་འགྲོ་རིམ་དམའ་བའི་བོད་ལྟ་བུའི་དར་རྒྱས་དེ་ཙམ་མེད་པའི་ས་ཁུལ་དུ་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་སྔོན་དུ་འཛུགས་པ་དང་དོན་འཁྱོལ་བྱས་ནས་ཕྱོགས་གང་ཐད་ཀྱི་གོང་འཕེལ་མགྱོགས་སུ་གཏོང་བའི་ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས་དང་དེར་སྲུང་སྐྱོབ་བྱས་ཏེ་གོང་འཕེལ་གྱི་མྱུར་ཚད་ཅུང་མགྱོགས་ཙམ་ཡོང་བ་བྱས་ཐོག་སྤྱི་འབོར་ཇེ་མང་དུ་འགྲོ་བ་དང་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མཆོང་སྐྱོང་ལྟ་བུའི་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས།   གོང་འཕེལ་གཏོང་སྟངས་ལ་འགྱུར་ལྡོག་དང་གྲུབ་ཆ་ལེགས་སྒྲིག་མགྱོགས་པོ་བྱེད་རྒྱུར་དམིགས་ཏེ་འབྱུང་ཁམས་དཔལ་ཡོན་དང་སྤྱི་ཚོགས་ལེགས་སྐྱོང་ལ་དེ་བས་དོ་སྣང་བྱས་ཏེ་གོང་འཕེལ་མགྱོགས་སུ་གཏོང་རྒྱུ་དང་གྲུབ་ཆ་ལེགས་སྒྱུར་དང་།   ཕན་ནུས་མཐོ་རུ་གཏོང་རྒྱུ།   ཟད་གྲོན་ཆུང་དུ་གཏོང་རྒྱུ།   ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུ་བཅས་ཟུང་འབྲེལ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ཤིང་མྱུར་བའི་སྒོ་ནས་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།

        གོང་འཕེལ་གྱི་འབྲས་བུ་མི་དམངས་རྣམས་ལ་མཉམ་སྤྱོད་ཐུབ་པ་ཧུར་ཐག་དགོས་པ།   མི་རྩ་བར་འཛིན་རྒྱུ་རྒྱུན་འཁྱོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་དང་ཐོན་སྐྱེད་ཀྱི་ཆ་རྐྱེན་ལེགས་སུ་གཏོང་བ་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བ་བྱེད་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ལས་འགན་ཨང་དང་པོ་ཞིག་ལ་བརྩི་རྒྱུ་དང་།   ཐོག་མཐའ་བར་གསུམ་དུ་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ཡག་པོ་སྒྲུབ་པ་དང་།   སྲུང་སྐྱོང་ཡག་པོ་བྱེད་པ།   གོང་འཕེལ་ཡག་པོ་གཏོང་བ་བཅས་བྱེད་རྒྱུ་དེ་ང་ཚོའི་ལས་དོན་མཐའ་དག་གི་ཐོག་མའི་དམིགས་ས་དང་དོན་ལ་འབབ་སར་བརྩི་རྒྱུ།   གྲོང་ཁྱེར་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་གྲོང་མིའི་དོན་དངོས་དཀའ་ངལ་ཐག་གཅོད་བྱེད་རྒྱུར་ཤུགས་རྒྱག་དགོས་པ་དང་ལྷག་པར་དུ་ཐག་རིང་ས་ཁུལ་དང་།   མཐའ་མཚམས་ས་ཁུལ།   ཡུལ་ནད་ཐོན་མང་བའི་ས་ཁུལ་བཅས་དང་དེ་བཞིན་མི་འབོར་ཅུང་ཉུང་བའི་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་དོ་སྣང་བྱས་ཏེ་སྤྱི་པའི་ཞབས་ཞུ་བྱེད་ཤུགས་ཆེ་རུ་བཏང་ནས་མིའི་ཕྱོགས་ཡོངས་ནས་གོང་འཕེལ་གཏོང་རྒྱུར་ཁོར་ཡུག་བཟང་པོ་ཞིག་མུ་མཐུད་སྐྲུན་ཐུབ་པ་བཅས་བྱས་ཐོག་ཉིན་བཞིན་ཇེ་ཆེར་འགྲོ་བའི་མི་དམངས་ཀྱི་དངོས་པོ་དང་རིག་གནས་ཀྱི་མཁོ་དགོས་སྐོང་ཐུབ་པ་བྱེད་དགོས།

        ཕྱོགས་ཡོངས་དང་མཐུན་སྦྱོར་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས་པ།   བསྒྱུར་བཅོས་གཏིང་ཟབ་དང་སྒོ་མོ་དབྱེ་རྒྱ་ཆེ་རུ་གཏོང་རྒྱུ་དང་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་བའི་སྒུལ་ཤུགས་ཤུགས་ཆེར་བཏང་སྟེ་དཔལ་འབྱོར་འཛུགས་སྐྲུན་དང་།   ཆབ་སྲིད་ལེགས་སྐྱོང་།   རིག་གནས་དར་སྤེལ།   སྤྱི་ཚོགས་འཛུགས་སྐྲུན།   འབྱུང་ཁམས་དཔལ་ཡོན་ལེགས་སྐྱོང་བཅས་བྱེད་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།   གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་སྤྱི་ཚོགས་མཐུན་སྦྱོར་ངང་གོང་འཕེལ་གཏོང་རྒྱུར་དོ་སྣང་དེ་བས་ཆེ་བ་བྱས་ཏེ་གཙོ་གནད་ཞིང་འབྲོག་ཁུལ་དང་ལྷག་པར་དུ་ཞིང་འབྲོག་ཁུལ་གྱི་སྤྱི་ཚོགས་བྱ་གཞག་གོང་འཕེལ་གཏོང་རྒྱུའི་ཐོག་བཞག་ནས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་དང་།   མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་རྒྱུ་གཙོ་གནད་དུ་འཛིན་པའི་སྤྱི་ཚོགས་བྱ་གཞག་གོང་འཕེལ་གཏོང་རྒྱུར་ཤུགས་རྒྱག་དགོས།   འབྱུང་ཁམས་དཔལ་ཡོན་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དཔལ་འབྱོར་གོང་འཕེལ་དང་མི་རྒྱུན་ཐོན་ཁུངས་དང་ཁོར་ཡུག་མཐུན་སྦྱོར་ཡོང་བར་སྐུལ་འདེད་དང་།   མི་དང་རང་བྱུང་ཁམས་གཞི་མཐུན་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས།  

              མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུའི་ཁྲོད་ཀྱི་གལ་ཆེའི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་པ།   སྤྱི་ཡོངས་ལ་ཐུག་པའི་ལས་དོན་གཙོ་བོ་དང་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་མངོན་ཆེའི་གནད་དོན་རིགས་དམ་འཛིན་བྱས་ནས་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོགས་བྱེད་པའི་རྩ་བའི་བྱ་ཐབས་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ཕྱོགས་གང་ཐད་དོན་འཁྱོལ་ཐུབ་པ་བྱེད་དགོས།   “ཕྱོགས་གཉིས་དམ་འཛིན་དང་ཕྱོགས་གཉིས་དམ་ཐག་ཆོད་འཛིན་རྒྱུ ”རྒྱུན་འཁྱོངས་བྱས་ཏེ་དར་ཆ་གསལ་སྟོན་གྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་རྒྱུ་དང་།   བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་གོང་འཕེལ་གཏོང་རྒྱུ་དམ་འཛིན་བྱེད་དགོས།   “སྣེ་གཉིས་དམ་འཛིན་དང་བར་ལ་སྐུལ་འདེད་གཏོང་རྒྱུ ”རྒྱུན་འཁྱོངས་བྱས་ཏེ་ལྗོངས་ཡོངས་མཐུན་སྦྱོར་ངང་གོང་འཕེལ་གཏོང་རྒྱུར་གཅིག་གྱུར་འཆར་འགོད་བྱེད་དགོས།   “ཕྱོགས་གཉིས་ནས་བསྐྱོད་རྒྱུ ”རྒྱུན་འཁྱོངས་བྱས་ནས “ཁ་བྲལ་ཐབས་མེད་པ ”དང་“གཞན་ལ་མི་བརྟེན་པའི ”དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱས་ཏེ་ཀྲུང་དབྱང་གི་ཐུགས་ཁུར་དང་།   རྒྱལ་ཡོངས་ཀྱི་རྒྱབ་སྐྱོར།   རང་ངོས་ནས་དཀའ་སྤྱད་འབད་འཐབ་བྱེད་རྒྱུ་བཅས་ཟུང་འབྲེལ་ཏན་ཏིག་བྱས་ནས་རང་ངོས་གོང་འཕེལ་གཏོང་ནུས་རྒྱུན་ཆད་མེད་པར་ཤུགས་ཆེར་གཏོང་དགོས།

        གཉིས།   ལས་འགན་ཨང་དང་པོར་དམ་པོར་དམིགས་ཏེ་དཔལ་འབྱོར་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཞིག་གཏོད་དགོས།   དཔལ་འབྱོར་འཛུགས་སྐྲུན་བྱེད་རྒྱུའི་ལྟེ་བར་དམ་འཛིན་ལྷོད་མེད་བྱས་ནས་མ་འཇོག་དང་འཛད་སྤྱོད་མཉམ་སྤེལ་བྱེད་རྒྱུར་དམིགས་ཏེ་གོང་འཕེལ་གྱི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ཐོག་གོང་འཕེལ་ཁྲོད་ཀྱི་དཀའ་གནད་སེལ་ནས་རྒྱུན་ཆད་མེད་པར་བསྒྱུར་བཅོས་གསར་གཏོད་བྱས་ཏེ་དཔལ་འབྱོར་བརྟན་ཞིང་ཅུང་མྱུར་བའི་སྒོ་ནས་གོང་འཕེལ་འགྲོ་ཐུབ་པ་བྱེད་དགོས།

        (གཅིག )“ཞིང་གསུམ ”ལས་དོན་ཡག་པོ་བསྒྲུབས་ནས་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་པ།

        ལས་འགན་ཨང་དང་པོ་དམ་འཛིན་ནན་པོ་བྱེད་དགོས་པ་དང་།   ཕྱོགས་ཡོངས་ནས་བདེ་འཁོད་ལས་གཞི་སྤེལ་རྒྱུ་དེ་འགག་གནད་སྒྲོལ་སར་བརྩིས་ཏེ “རྩ་བའི་ཆར་ཐག་གཅོད་བྱེད་དགོས་པ་བརྒྱད ”ལ་སྐུལ་འདེད་གཏོང་དགོས་པ།   སྔོན་ཚུད་ནས་བཀོད་སྒྲིག་བྱས་ཏེ་ལོ་གཉིས་རིང་འབད་བརྩོན་བྱས་པ་བརྒྱུད་ཞིང་འབྲོག་མང་ཚོགས་ཚང་མ་ཉེན་མེད་གོ་ཆོད་ཀྱི་ཁང་པར་སྡོད་རྒྱུ་ཡོད་པ་བཟོ་དགོས་པ་།   མ་དངུལ་སྒོར་དུང་ཕྱུར་1.9བཀོད་སྒྲིག་བྱས་ནས་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་གནས་རྒྱག་རྒྱུའི་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་ཐུབ་པ་བྱེད་དགོས་པ།   ཤང་གྲོང་ཁག་19དང་སྲིད་འཛིན་གྲོང་ཚོ་213གྱི་གཞུང་ལམ་བཟོ་རྒྱུ་བཀོད་སྒྲིག   ཞིང་འབྲོག་ཁུལ་གྱི་འགྲུལ་སྐྱེལ་ས་ཚིགས་ཁག་59འཛུགས་སྐྲུན་བྱེད་རྒྱུ།   ཤང་གྲོང་ཁག་260ཡི་འོད་སྐུད་འཛུགས་སྐྲུན་བྱེད་རྒྱུ།   སྲིད་འཛིན་གྲོང་ཚོའི་ཁ་པར་ངོ་གྲངས་320གསར་དུ་ཁྲིད་པ།   ཞིང་འབྲོག་མང་ཚོགས་ཁྲི་35ཡི་འཐུང་ཆུ་ཉེན་མེད་གནད་དོན་ཐག་གཅོད།   ཞིང་འབྲོག་མང་ཚོགས་ཁྲི་11.3གྱི་གློག་སྤྱོད་རྒྱུའི་གནད་དོན་ཐག་གཅོད་བཅས་བྱེད་དགོས།   ཏན་ཚྭ་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་ཁུལ་དུ་ཏན་ཚྭའི་ཁ་གསབ་ཚད་གཞི་དེ་སྤྱི་རྒྱ་རེར་སྒོར་2རེ་མཐོ་རུ་བཏང་ནས་ཞིང་འབྲོག་ཁུལ་གྱི་མི་འབོར་ལ་ཏན་ཚྭ་ཁེབས་ཚད་80%ཡན་ཟིན་པའི་འགན་ལེན་བྱེད་དགོས།   འབུད་ཤིང་རྒྱུ་ཚབ་ལས་གཞི་ལག་བསྟར་ཤུགས་ཆེ་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་ཟམ་མི་ཆད་པར་གཏོང་དགོས།   “རྨང་གཞི་གཅིག་བརྟན་འཛུགས་དང་།   འཁོར་གཉིས་ལེགས་སྐོར།   ལས་སྟེགས་གཅིག་སྐྲུན་རྒྱུ ”བཅས་ཀྱི་བླང་བྱ་གཞིར་བཟུང་ཞིང་འབྲོག་ལས་ཀྱི་རྨང་གཞི་བརྟན་དུ་བཏང་ནས་ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་མཐོ་རུ་གཏོང་རྒྱུ་དང་།   ཁྱད་ལྡན་ཞིང་འབྲོག་ལས་དང་དེ་བཞིན་བཟོ་སྣོན་ལས་རིགས་གོང་འཕེལ་ཤུགས་ཆེ་གཏོང་དགོས།   ངལ་ནུས་ཕྱིར་གཏོང་ཟམ་མི་ཆད་པར་རྒྱ་ཆེར་བཏང་ནས་སྤྱི་པའི་ཞབས་ཞུའི་ལས་ཁུངས་ལ་བརྟེན་པ་དང་།   ཆེད་ལས་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་རྨང་གཞི་བྱེད་པ།   ཚན་རྩལ་ཞབས་ཞུས་འདེགས་སྐྱོར་བྱེད་པ་བཅས་ཀྱི་ཞིང་འབྲོག་ལས་ཀྱི་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་གསར་པ་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ཐོག་འབབ་འཕར་ནུས་པ་རྒྱུན་ཐོན་གྱི་བྱེད་ཐབས་བཙུགས་ཏེ་ཞིང་འབྲོག་མང་ཚོགས་རྣམས་མ་རྩ་འཇོག་མཁན་གྱི་གཙོ་ཤུགས་དང་།   གཉེར་སྐྱོང་བྱེད་མཁན་གྱི་གཙོ་ཤུགས།   དངོས་ཕན་ཐོབ་མཁན་གྱི་གཙོ་བོ་བཅས་སུ་འགྱུར་བ་བྱས་ནས་ལོ་ཧྲིལ་པོར་ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་འབབ་སྨར་སྒོར་3580ཟིན་པའི་བརྩོན་ལེན་བྱེད་དགོས།   གྲོང་གསེབ་ཀྱི་ཞབས་ཞུའི་མ་ལག་འཐུས་ཚང་ཟམ་མི་ཆད་པ་གཏོང་དགོས་ཤིང་།   གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུ་བྱེད་མཁན་གྱི་མི་རེའི་ཆ་སྙོམས་ཁ་གསབ་ཚད་གཞི་དེ་སྒོར་60བར་མཐོ་རུ་གཏོང་དགོས།   མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱི་ཕྱོགས་བསྡུས་ཞབས་ཞུ་རུ་ཁག་ལ་རོགས་སྐྱོར་ཧུར་ཐག་དང་།   ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་ཕན་སྒྲིག་བཀོད་ཀྱི་དོ་དམ་ལ་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས།

        ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་མཐོ་རུ་གཏོང་དགོས།   ཞིང་དར་ཞིང་ཕན་གྱི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་ཏན་ཏིག་བྱས་ནས་འགོ་ཁྲིད་ཀྱི་སེམས་ནུས་དང་།   མ་རྩ་འཇོག་ཕྱོགས།   རྣམ་གྲངས་བཀོད་སྒྲིག་བྱེད་ཕྱོགས་སོགས་གང་ཅིའི་ཐད་ནས “ཞིང་གསུམ ”ལ་འཕར་གཟིགས་བྱེད་དགོས་ཤིང་།   དེའི་ཐད་གཏོང་ཆ་མང་དུ་བཏང་ནས་རང་སྐྱོང་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་28.6བཀོད་སྒྲིག་བྱས་ཏེ་ཞིང་འབྲོག་ཁུལ་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།   ས་ཞིང་དང་རྩྭ་ར་སྲུང་སྐྱོང་དང་ས་ཆ་གྲོན་ཆུང་ཞིབ་བསྡུ་བྱེད་པའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་འདེབས་འཛུགས་ལས་རིགས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་ལེགས་སྒྱུར་དང་།   འབྲུ་རིགས་རིན་གོང་དམའ་ཤོས་ཀྱི་ཉོ་སྒྲུབ་བྱེད་རྒྱུའི་རིན་གོང་མཐོ་རུ་བཏང་སྟེ་ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་གོང་མཐོར་ཟམ་མི་ཆད་པར་གཏོང་དགོས།   ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ལ་ཤུགས་སྣོན་བརྒྱབ་སྟེ “གཙང་གཅིག་ཆུ་གསུམ ”རྒྱུག་ཁུལ་གྱི་དེང་རབས་ཞིང་ལས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་ཇེ་མགྱོགས་སུ་བྱེད་རྒྱུར་སྐུལ་འདེད་གཏོང་དགོས།   རྩྭ་གསོ་ལས་སྐྱོང་དང་རྩྭ་ལས་སྔོན་འགྲོ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་སྐྱས་སྤོས་རྩྭ་གསོའི་ལས་གཞི་སྤེལ་རྒྱུ་དང་།   ཞིང་ཁུལ་གྱི་གཟན་ཆག་དང་གཟན་རྩྭ་འདེབས་འཛུགས་ཤུགས་ཆེ་གཏོང་རྒྱུ།   ཞིང་ཁུལ་གྱི་ཕྱུགས་ལས་གོང་འཕེལ་ཤུགས་ཆེ་གཏོང་བར་བརྟེན་ནས་ལྗོངས་ཡོངས་ཀྱི་ཕྱུགས་ལས་ཀྱི་ཆུ་ཚད་གོང་མཐོར་འགྲོ་ཐུབ་པ་བྱེད་དགོས།   རྩྭ་ར་འགན་གཙང་བླངས་པའི་ལས་ཀར་མུ་མཐུད་ཤུགས་སྣོན་དང་ས་གནས་ཀྱི་ཕྱུགས་རྒྱུད་འདེམས་གསོ་ཁྱབ་སྤེལ་གཏོང་དགོས་པ་དང་།   སྲོལ་རྒྱུན་གྱི་གསོ་ཚགས་བྱེད་སྟངས་འགྱུར་ལྡོག་བཏང་ནས་ཕྱུགས་ཟོག་བཤས་གཏོང་ཚད་དང་ཚོང་སྒྱུར་བྱེད་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།   “ཐོན་སློབ་ཞིབ ”གསུམ་ཟུང་འབྲེལ་བྱེད་པའི་ཞིང་འབྲོག་ལས་ཀྱི་ཚན་རྩལ་ཞིབ་འཇུག་དང་གསར་སྤེལ་བྱེད་ཐབས་བཙུགས་ནས་འགག་རྩའི་ལག་རྩལ་ཞིབ་འཇུག་བྱེད་རྒྱུར་ཤུགས་སྣོན་གྱིས་ཞིང་འབྲོག་ལས་ཀྱི་ལས་དོན་ཚད་གཞི་ཅན་དུ་འགྱུར་རྒྱུའི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས།   སྲོག་ཆགས་ཀྱི་རིམས་ནད་འགོག་བཅོས་མ་ལག་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྲོག་ཆགས་ཀྱི་རིམས་ནད་ཆེ་གྲས་འགོག་བཅོས་དང་ཚོད་འཛིན་ལས་ཀ་གཙོ་གནད་དུ་དམ་འཛིན་བྱེད་དགོས།   གནོད་འཚེར་བརྟག་དཔྱད་ཚད་ལེན་བྱེད་རྒྱ་ཆེ་རུ་བཏང་ནས་ཞིང་འབྲོག་ལས་ཐད་ཀྱི་གནོད་འགོག་གེགས་སེལ་གྱི་བྱེད་ནུས་སྔར་བས་མཐོ་རུ་གཏོང་དགོས།

        མཉམ་སྡེབ་དཔལ་འབྱོར་ཕན་ལྡན་ཡོང་རྒྱུར་འཚོལ་ཞིབ་ཧུར་ཐག་བྱེད་དགོས།   ཞིང་འབྲོག་མང་ཚོགས་ལ་ཞབས་ཞུ་དང་།   གང་འོས་རང་མོས།   ཁེ་དབང་འདྲ་མཉམ།   དོ་དམ་དམངས་གཙོ་བཅས་ཀྱི་བླང་བྱ་གཞིར་བཟུང་།   ཞིང་འབྲོག་ཁྱིམ་དུད་མཉམ་འབྲེལ་དང་མཉམ་ལས་བྱེད་རྒྱུར་སྐུལ་ལྕག་བཏང་སྟེ་ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་དཔལ་འབྱོར་སྒྲིག་འཛུགས་གོང་འཕེལ་ཤུགས་ཆེ་བཏང་སྟེ་མཉམ་སྡེབ་ཀྱི་ངོ་བོ་ལྡན་པའི་དངོས་གཞིའི་ཁེ་ལས་ལ་རོགས་སྐྱོར་ཧུར་ཐག་བྱས་ནས་མཉམ་སྡེབ་དཔལ་འབྱོར་གྱི་སྟོབས་ཤུགས་དང་ཞབས་ཞུ་བྱེད་ནུས་ཤུགས་ཆེར་གཏོང་དགོས་པ་དང་།   མཉམ་སྡེབ་དཔལ་འབྱོར་གོང་འཕེལ་དང་སྟོབས་ཆེར་འགྲོ་བ་བྱས་ཏེ་གཞི་རིམ་གྱི་རྨང་གཞི་སྲ་བརྟན་དུ་བཏང་ནས་གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་ཀྱི་བག་ཆགས་འཇོག་ཤུགས་དང་།   འབོད་སྐུལ་བྱེད་ཤུགས།   གོང་བུ་སྒྲིལ་ཤུགས་བཅས་ཆེ་རུ་འགྲོ་བ་བྱེད་དགོས།   གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་དང་།   དོ་དམ།   ཁྲིད་སྟོན་བཅས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གྲོང་གསེབ་འགོ་ཁྲིད་ཚན་ཁག་གིས་མཉམ་སྡེབ་དཔལ་འབྱོར་གོང་འཕེལ་གཏོང་བའི་ནུས་པ་མཐོ་རུ་གཏོང་དགོས།

        ཞིང་པ་དང་འབྲོག་པ་གསར་པ་གསོ་སྐྱོང་ཤུགས་ཆེ་བྱེད་དགོས།   ཚན་རིག་ལ་དད་ཞེན་དང་།   དཔལ་ཡོན་བརྩོན་གཉེར་བྱེད་རྒྱུ་ཁ་ཕྱོགས་སུ་བརྩིས་ཏེ་གོ་ཆོད་ལག་རྩལ་དང་ངལ་རྩོལ་གྱི་ནུས་རྩལ་གཙོ་གནད་དུ་བཞག་ནས་མུ་མཐུད་གཏོང་ཆ་ཆེ་རུ་བཏང་སྟེ་ཞིང་འབྲོག་མང་ཚོགས་ལ་སློབ་གསོ་གཏོང་རྒྱུ་དང་སྦྱོང་བརྡར་སྤྲོས་རྒྱུར་ཤུགས་སྣོན་དང་།   ཞིང་འབྲོག་མང་ཚོགས་ཀྱི་རྒྱུ་ནོར་ལྟ་བ་འགྱུར་ལྡོག་བཏང་སྟེ་ཚོང་ཟོག་གི་འདུ་ཤེས་དང་འགྲན་རྩོད་ཀྱི་འདུ་ཤེས་འཛུགས་རྒྱུ།   གོ་རྟོགས་ཡོད་པ་དང་།   རིག་གནས་ཡོད་པ།   ལག་རྩལ་ཤེས་པ།   གཉེར་སྐྱོང་བྱེད་མཁས་པ་བཅས་ཀྱི་ཞིང་པ་དང་འབྲོག་པ་གསར་པ་ཞིག་གསོ་སྐྱོང་བྱེད་རྒྱུར་ཤུགས་རྒྱག་དགོས།

        གྲོང་གསེབ་བསྒྱུར་བཅོས་དང་གསར་གཏོད་གཏིང་ཟབ་བྱེད་དགོས།   《གྲོང་གསེབ་ཀྱི་བསྒྱུར་བཅོས་དང་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་གལ་ཆའི་གནད་དོན་འགའ་ཞིག་སྐོར་གྱི་ཀྲུང་དབྱང་གི་གཏན་འབེབ 》ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཁྲིམས་བཞིན་དང་།   རང་མོས།   རིན་ཡོད་བཅས་ཀྱི་རྩ་དོན་གཞིར་བཟུང་གཞི་རྒྱ་འོས་འཚམ་ལྡན་པའི་སྣ་མང་གཉེར་སྐྱོང་གོང་འཕེལ་གཏོང་དགོས།   ཁ་གསབ་བྱེད་ལམ་སྣ་ཚོགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་ཤིང་།   སྒོར་དུང་ཕྱུར་1བཀོད་སྒྲིག་བྱས་ནས་རྩྭ་ཐང་གི་འབྱུང་ཁམས་སྐྱོང་གསབ་བྱེད་ལམ་གྱི་ཚོད་ལྟའི་ལས་དོན་ཐད་སྤྱོད་རྒྱུ་དང་།   ཞིང་ཁ་འདེབས་མཁན་གྱི་ཞིང་པར་ཐད་ཀར་ཁ་གསབ་སྤྲོད་ཚད་དེ་མུའུ་རེར་སྒོར་24ཡིན་པ་ནས་སྒོར་30ལ་སྤར་རྒྱུ།   ཞིང་འཕྲུལ་དང་།   རྫས་ལུད།   ཞིང་སྨན་སོགས་ཀྱི་ཁ་གསབ་ཚད་གཞི་སྔར་བས་མཐོ་རུ་གཏོང་རྒྱུ།   ས་ཞིང་ཤོར་བའི་ཞིང་པར་ས་ཆ་བསྡུ་སྤྱོད་ཀྱི་རིན་ཐང་འཕར་མའི་ཕན་འབྲས་མཉམ་སྤྱོད་བྱེད་ཐབས་འཛུགས་རྒྱུ་འཚོལ་ཞིབ་བྱས་ཏེ་ས་ཞིང་ཤོར་བའི་ཞིང་པའི་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས།   མཉམ་སྡེབ་ཀྱི་ནགས་ཚལ་དབང་ཆའི་ལམ་ལུགས་བསྒྱུར་བཅོས་ཇེ་མགྱོགས་སུ་བཏང་ཐོག་འགན་འཁྲི་ཁ་གསལ་དང་བྱ་ཐབས་ཞིབ་ཕྲའི་སྒོ་ནས་རང་སྐྱོང་ལྗོངས་ཀྱི “ཞིང་གསུམ ”ལས་དོན་ལ་དངུལ་རྩའི་ཐོག་ནས་ཞབས་ཞུ་བྱེད་རྒྱུར་ཤུགས་སྣོན་དང་ལེགས་བཅོས་བྱེད་རྒྱུའི་ལས་དོན་སྐོར་གྱི་བསམ་འཆར་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས།   ཞིང་འབྲོག་ཁུལ་གྱི་ཕྱོགས་བསྡུས་བསྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་གཞི་རིམ་རྩ་འཛུགས་ཀྱི་སྤྱི་ཚོགས་དོ་དམ་དང་སྤྱི་པར་ཞབས་ཞུ་བྱེད་པའི་འགན་ནུས་སྔར་བས་ཤུགས་ཆེར་འགྲོ་བ་བྱེད་དགོས།

        (གཉིས )  མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་རྣམ་གྲངས་འཛུགས་སྐྲུན་བྱེད་རྒྱུར་དམ་འཛིན་ནན་པོ་བྱས་ཏེ་གོང་འཕེལ་གྱི་རྨང་གཞི་བརྟན་དུ་གཏོང་རྒྱུར་ཤུགས་རྒྱག་དགོས་པ།

        ཕྱོགས་གང་སར་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་དགོས་པ།   རྒྱལ་ཁབ་ཀྱི་ནང་མཁོ་རྒྱ་ཆེར་གཏོང་བའི་ཐོབ་པར་དཀའ་བའི་གོ་སྐབས་དེ་དམ་འཛིན་ལྷོད་མེད་བྱས་ནས་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་།   རྣམ་གྲངས་ཁག “180”དང་ལོ་ལྔ་ཚན་བཅུ་གཅིག་པའི་འཆར་འགོད་ཀྱི་གསར་འཕར་རྣམ་གྲངས་ཀྱི་མ་དངུལ་དོན་འཁྱོལ་གང་མགྱོགས་བྱས་ཏེ་ཀྲུང་དབྱང་གི་མ་དངུལ་སྒོར་དུང་ཕྱུར་240རག་ཐབས་བྱེད་དགོས།   བོད་སྐྱོར་ཞིང་ཆེན་དང་།   གྲོང་ཁྱེར།   དེ་བཞིན་ཀྲུང་དབྱང་ནས་ཐད་གཏོགས་དོ་དམ་བྱེད་པའི་ཁེ་ལས་བཅས་མཐུན་སྦྱོར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་20རག་ཐབས་བྱེད་དགོས།   ཞབས་ཞུར་ཤུགས་སྣོན་དང་།   ཁོར་ཡུག་བཟང་སྒྱུར་ཡོང་བ་བྱས་ཏེ་སྲིད་གཞུང་ནས་མ་འཇོག་བྱེད་པའི་ཁྲིད་སྟོན་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དམངས་ཁྲོད་ཀྱི་མ་འཇོག་ལ་སྐུལ་སློང་སྔར་ལས་ལྷག་པ་བྱེད་དགོས།

        གཙོ་གནད་རྣམ་གྲངས་ཀྱི་འཛུགས་སྐྲུན་དང་སྔོན་གྲབས་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ།   ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་དང་།   ལྷ་ས་ནས་གོང་དཀར་གནམ་ཐང་བར་གྱི་ཆེད་སྤྱོད་གཞུང་ལམ།   གཞིས་རྩེའི་ཞི་བདེ་གནམ་ཐང་།   རྫམ་གློག་ཁང་།   མཚོ་བོད་ཐད་གཏོང་གློག་རྒྱུན་དྲ་འབྲེལ།   གྲོང་ཁྱེར་གྱི་གློག་དྲ་འཛུགས་སྐྲུན་དང་བསྒྱུར་བཀོད།   ཕོད་མདོའི་ཆུ་བེད་ལྟེ་གནས།   རང་སྐྱོང་ལྗོངས་ཀྱི་རང་བྱུང་ཚན་རིག་བཤམས་སྟོན་ཁང་སོགས་གཙོ་གནད་རྣམ་གྲངས་ཁག་ལས་འགོ་འཛུགས་རྒྱུར་དམ་འཛིན་བྱས་ཏེ་རྣམ་གྲངས་ཁག “180”ཡོངས་རྫོགས་ལས་འགོ་སྤེལ་ཐུབ་པ་བྱེད་དགོས།   ཁྲོན་བོད་དང་།   ཤིན་བོད།   མཚོ་བོད་སོགས་ཀྱི་གཞུང་ལམ་ཨ་མ་དང་།   རྫོང་མཐུད་སྣུམ་ནག་ལམ།   མངའ་རིས་དགུན་ས་གནམ་ཐང་།   ཆབ་མདོ་སྤོམ་མདའ་གནམ་ཐང་།   དངོས་ཨ་འཕྲང་གློག་ཁང་།   གློག་མེད་པའི་ས་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན།   ཞིང་ཆུ་འདྲེན་ཁུལ་ཆེ་འབྲིང་།   མཚོ་བོད་ལྕགས་ལམ་གྱི་ནག་ཆུའི་ཟོག་འགྲེམས་ལྟེ་གནས་སོགས་སྐྲུན་བཞིན་པའི་གཙོ་གནད་ལས་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ།   ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་དང་།   ཨ་མདོ་ནས་སེང་གེ་ཁ་བབ་བར་གྱི་གཞུང་ལམ།   གོར་མོ་ནས་ལྷ་སའི་བར་གྱི་རླངས་འདྲེན་མདོང་ལམ།   ལ་ལྷོའི་ཆུ་བེད་ལྟེ་གནས་དང་དེ་བཞིན་གྲོང་ཁྱེར་གྲོང་བརྡལ་ལ་དྲོད་གཏོང་རྒྱུ་སོགས་གལ་ཆེའི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཀྱི་སྔོན་གྲབས་ལས་ཀ་ཇེ་མགྱོགས་སུ་སྤེལ་ནས་ལོ་ལྔའི་འཆར་འགོད་བཅུ་གཉིས་པའི་དུས་འགོའི་གྲ་སྒྲིག་དང་རྣམ་གྲངས་ཀྱི་གྲ་སྒྲིག་ལས་ཀ་ནན་ཏན་ངང་ཡག་པོ་སྒྲུབ་དགོས།   སྲིད་གཞུང་ནས་མ་འཇོག་གི་རྣམ་གྲངས་ཚབ་སྐྲུན་བྱེད་ལམ་བརྟན་པོའི་ངང་ནས་སྤེལ་རྒྱུ།   རྣམ་གྲངས་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་ལས་གྲྭའི་སྤུས་ཚད་དང་མ་འཇོག་གི་ཕན་འབྲས་ལ་འགན་ལེན་བྱེད་དགོས།

        (གསུམ )  འཛད་སྤྱོད་བྱེད་ཤུགས་ཆེ་རུ་ཧུར་ཐག་བཏང་ནས་དཔལ་འབྱོར་རྒྱུན་མཐུད་ངང་འཕར་རྒྱུར་སྐུལ་སྤེལ་གཏོང་དགོས་པ།

        འཛད་སྤྱོད་ལ་ངར་སྐུལ་བྱེད་པའི་སྲིད་ཇུས་བྱ་ཐབས་ཞིབ་འཇུག་གཏན་འཁེལ་བྱེད་རྒྱུར་དམ་འཛིན་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་འཛད་སྤྱོད་ལ་ངར་སྐུལ་བྱེད་པའི་ནོར་ཁྲལ་དངུལ་རྩའི་སྲིད་ཇུས་སྔར་བས་ཚགས་ཚུད་དུ་བཏང་ཐོག་སྡོད་ཁང་གི་སྤྱི་གསོག་མ་དངུལ་དང་།   ཁྲལ་རིན་སྲིད་ཇུས།   དངུལ་བུན་སྐྱེད་སྦྱར་དང་ཁ་གསབ་བྱེད་རྒྱུ་སོགས་ཀྱི་བྱ་ཐབས་གང་ལེགས་སྤྱད་དེ་ལྷ་སའི “གསུམ་པའི་བཅུ་བཞིའི ”དོན་རྐྱེན་གྱིས་འཛད་སྤྱོད་ཁྲོམ་རར་བཟོས་པའི་ཤུགས་རྐྱེན་ངན་པ་དེ་གང་མགྱོགས་སེལ་ནས་འཛད་སྤྱོད་ཁྲོམ་རའི་སེམས་ཤུགས་བསྐྱར་དུ་འཕེལ་ཐུབ་པ་བྱས་ཏེ་འཛད་སྤྱོད་ཀྱི་དགོས་མཁོ་དང་ལྷག་པར་དུ་གྲོང་མིའི་འཛད་སྤྱོད་ཀྱི་དགོས་མཁོ་ཆེ་རུ་ཤུགས་ཆེ་གཏོང་དགོས།   བདེ་འཁོད་ལས་གཞི་སྐྲུན་རྒྱུ་དང་ཟུང་འབྲེལ་གྱིས “ཁྱིམ་སྤྱོད་གློག་ཆས་དང་།   ཁྱིམ་ཆས།   ཞིང་འཕྲུལ་བཅས་གྲོང་གསེབ་ཏུ་གཏོང་རྒྱུའི ”ཚོད་ལྟའི་ལས་ཀ་དང་སྤྱོད་ཤེད་ཆེ་བའི་འཛད་སྤྱོད་དངོས་རྫས་དང་།   རིག་གནས།   སྨན་རྫས་སྨན་བཅོས་བཅས་གྲོང་གསེབ་ཏུ་གཏོང་རྒྱུའི་བྱེད་སྒོ་སྤེལ་ནས་ཞིང་འབྲོག་ཁུལ་གྱི་དར་སོ་ཆེ་བའི་འཛད་སྤྱོད་རིགས་འཕེལ་རྒྱས་ཧུར་ཐག་གཏོང་དགོས།   གྲོང་ཁྱེར་གྱི་འཛད་སྤྱོད་བརྟན་དུ་ཧུར་ཐག་བཏང་སྟེ་འཛད་སྤྱོད་ཀྱི་ཡིད་རྟོན་དངུལ་བུན་ལམ་ལུགས་བསྒྱུར་བཅོས་དང་ཚགས་ཚུད་དུ་བཏང་ཐོག་སྡོད་ཁང་དང་།   མོ་ཊ།   དྲ་རྒྱ་བཅས་ཀྱི་འཛད་སྤྱོད་སོགས་དར་སོ་ཆེ་བའི་འཛད་སྤྱོད་རིགས་མུ་མཐུད་གསོ་སྤེལ་བྱས་ཏེ་དུས་ཆེན་དང་གུང་སེང་དུས་ཀྱི་འཛད་སྤྱོད་དང་དགུན་དུས་ཀྱི་ཡུལ་སྐོར་འཛད་སྤྱོད་རིགས་ཁྱབ་སྤེལ་ཧུར་ཐག་གཏོང་རྒྱུ།   སྡོད་ཁང་གི་སྤྱི་གསོག་མ་དངུལ་དོ་དམ་ལམ་ལུགས་ཚགས་ཚུད་དུ་བཏང་སྟེ་དངུལ་བུན་གཏོང་ཚད་དང་ལོ་ཚད་མཐོ་རུ་འོས་འཚམ་གཏོང་རྒྱུ།   མ་དངུལ་གྱི་གཏོང་ཆ་མང་དུ་བཏང་སྟེ “གྲོང་ཁྲི་ཤང་སྟོང་དང་བརྒྱ་གཉིས ”ཁྲོམ་རའི་ལས་གཞི་ལག་བསྟར་ཧུར་ཐག་བྱེད་རྒྱུ།   ཁྲོམ་རར་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་སྟེ་དངོས་ཟོག་རྫུན་མ་བཟོས་པ་དང་བཙོངས་པ།   ཚོང་ལས་ཀྱི་མགོ་སྐོར་བཏང་བ།   བཙན་བཤེད་ཀྱིས་ཉོ་རུ་བཅུག་པ་དང་བཙོངས་པ་སོགས་ཀྱི་བྱེད་སྤྱོད་རིགས་ལ་ཁྲིམས་ལུགས་གཞིར་བཟུང་ཉེས་ཆད་བཅད་དེ་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ནས་འཛད་སྤྱོད་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།   ལོ་ཧྲིལ་པོར་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་འཚོང་སྤྱི་འབོར་སྒོར་དུང་ཕྱུར་150ལས་བརྒལ་བ་བྱས་ཏེ་འཕར་ཚད་15%ཡན་ཟིན་ཐུབ་པ་བྱེད་དགོས།

        (བཞི )  ཐོན་ཁུངས་ཀྱི་ཁྱད་ཡོན་ལ་དམིགས་ཏེ་ཁྱད་ལྡན་ཐོན་ལས་འཛུགས་སྤེལ་དང་གོང་འཕེལ་གཏོང་རྒྱུ་ཇེ་མགྱོགས་སུ་གཏོང་དགོས་པ།

        ཁྱད་ཆོས་དང་གཞི་ཁྱོན་ལ་དོ་སྣང་དང་།   ཁྲིད་སྟོན་རོགས་སྐྱོར་བྱེད་རྒྱུར་དོ་སྣང་།   འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུར་དོ་སྣང་།   ཞིང་འབྲོག་མང་ཚོགས་སྣེ་ཁྲིད་བྱས་ཏེ་ཐོན་ལས་གོང་འཕེལ་གཏོང་རྒྱུར་དོ་སྣང་བཅས་བྱེད་པའི་མཛུབ་ཁྲིད་རྩ་དོན་མཐའ་འཁྱོངས་བྱས་ནས་ཁྱད་ལྡན་དཔལ་འབྱོར་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།   ཐོན་ལས་་གོང་འཕེལ་གཏོང་རྒྱུའི་བླང་བྱ་ཁ་གསལ་བཟོ་དགོས་པ།   ཁྱད་ལྡན་ཞིང་འབྲོག་ལས་ཐད་ལེགས་སྐྱོར་ཆེ་སྐྱོར་བྱེད་རྒྱུ་མངོན་ཆེར་འཛིན་དགོས་པ་དང་།   ཁྱད་ལྡན་གཏེར་ལས་ཐད་ཆེ་བར་དམ་འཛིན་དང་ཆུང་བར་ཚོད་འཛིན་བྱེད་རྒྱུ་མངོན་ཆེར་འཛིན་དགོས་པ།   ཡུལ་སྐོར་ལས་རིགས་ཐད་སྤུས་རིམ་གཉིས་བརྩོན་བྱེད་རྒྱུ་མངོན་ཆེར་འཛིན་དགོས་པ།   བོད་ལུགས་གསོ་རིག་དང་སྨན་ལས་ཐད་རྒྱུན་འཛིན་གསར་གཏོད་བྱེད་རྒྱུ་མངོན་ཆེར་འཛིན་དགོས་པ།   ཨར་སྐྲུན་རྒྱུ་ཆའི་ལས་རིགས་དང་།   མི་རིགས་ལག་ཤེས་བཟོ་ལས།   འབྱུང་འཕྲོད་བཟའ་བཅའི (འཐུང་བྱ )ལས་རིགས་བཅས་སྒྲིལ་བཅོས་ཀྱིས་སྟོབས་ཆེར་གཏོང་རྒྱུ་མངོན་ཆེར་འཛིན་དགོས།   ཐོན་ལས་ལ་མ་དངུལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ།   རང་སྐྱོང་ལྗོངས་ཀྱིས་ཁྱད་ལྡན་ཞིང་འབྲོག་ལས་གོང་འཕེལ་གཏོང་རྒྱུའི་ཐད་མ་དངུལ་སྒོར་དུང་ཕྱུར་5དང་།   ཐོན་ལས་དང་ཁེ་ལས་བསྒྱུར་བཅོས་གོང་འཕེལ་གཏོང་རྒྱུའི་ཐད་མ་དངུལ་སྒོར་དུང་ཕྱུར་5ཡུལ་སྐོར་ལ་བརྟེན་ནས་ཚོང་ཟོག་བྲིན་སྐུལ་བྱེད་རྒྱུ་དང་ཡུལ་སྐོར་གོང་འཕེལ་གཏོང་རྒྱུའི་ཐད་ཆེད་སྤྱོད་མ་དངུལ་སྒོར་ཁྲི་5000བཅས་བཀོད་སྒྲིག་བྱས་ཏེ་ཁྱད་ལྡན་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།   ཐོན་ཁུངས་སྒྲིལ་བཅོས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཐོན་སྐྱེད་ཀྱི་རྒྱུ་གཙོ་དེ་ཁྱད་ལྡན་སྣེ་འདྲེན་ཁེ་ལས་ཐོག་གཅིག་སྡུད་བྱེད་རྒྱུར་ཁྲིད་སྟོན་གྱིས་ཐོན་ལས་གོང་འཕེལ་གཏོང་བའི་གཞི་ཁྱོན་དང་ཁེ་ལས་ཀྱི་འགྲན་རྩོད་བྱེད་ནུས་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།   ཐོན་ལས་གོང་འཕེལ་གཏོང་རྒྱུའི་རྟགས་ལེགས་གཏོད་དགོས་པ།   བོད་ལྗོངས་ས་མཐོའི་འབྱུང་འཕྲོད་ཀྱི་ཐུན་མོང་མ་ཡིན་པའི་དགེ་སྟོབས་དེ་མངོན་གསལ་དོད་པོ་ཡོང་བ་བྱས་ཐོག་འཛུགས་སྤེལ་དང་།   རོགས་སྐྱོར།   སྲུང་སྐྱོབ་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་།   ལས་ཚབ་ལམ་སྲོལ་ཚགས་ཚུད་དུ་བཏང་སྟེ “སྲིད་གཞུང་གིས་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་།   ཁེ་ལས་ཀྱིས་རང་འགུལ་ལས་གཉེར་བྱེད་པ།   སྡེ་ཚན་གྱིས་རྒྱབ་སྐྱོར་ཤུགས་ཆེ་བྱེད་པ།   མང་ཚོགས་ཀྱིས་རྒྱ་ཁྱབ་ངང་ཐེ་ཞུགས་བྱེད་པ ”བཅས་ཀྱི་རྟགས་ལེགས་གོང་འཕེལ་གཏོང་བའི་རྣམ་པ་ཞིག་ཆགས་པ་བྱས་ཐོག་བོད་ལྗོངས་ས་མཐོའི་འབྱུང་འཕྲོད་ཀྱི་རྟགས་ལེགས་སྐད་གྲགས་ཐོན་པ་བྱེད་དགོས།   ཐོན་ལས་གོང་འཕེལ་གཏོང་རྒྱུར་ཞབས་ཞུ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ།   སྒྲིག་འཛུགས་དང་ཁྲིད་སྟོན་བྱེད་རྒྱུར་ཤུགས་སྣོན་དང་།   ཞབས་ཞུ་བྱེད་སྟངས་ལེགས་བཅོས།   ཞབས་ཞུའི་ལས་ཆོད་ཆེ་རུ་བཅས་བཏང་སྟེ་ཐོན་ལས་ལེགས་སྐྱོང་བྱེད་རྒྱུར་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།   ཐོན་ལས་ལ་ཁྲིད་སྟོན་བྱེད་རྒྱུ་མངོན་ཆེར་བཟུང་ནས་གཟིགས་སྐྱོང་སྲིད་ཇུས་ཀྱི་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བ་དང་།   ཁེ་ལས་ཀྱི་ཁྲལ་རིན་སྔར་བས་ཆག་ཡང་དང་རྩ་ཆག་བཏང་སྟེ་ཁེ་ལས་ཀྱི་ཁུར་པོ་ཡང་དུ་ཏན་ཏིག་བཏང་ཐོག་ཁེ་ལས་གོང་འཕེལ་གཏོང་རྒྱུའི་གསོན་ཤུགས་ཆེ་རུ་འགྲོ་བ་བྱེད་དགོས།   ཁེ་ལས་ཀྱི་ཡིད་རྟོན་འཕེར་བའི་གཉེར་སྐྱོང་བྱེད་རྒྱུར་ཁྲིད་སྟོན་བྱས་ཏེ་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་ཤུགས་ཆེར་གཏོང་དགོས།   ཐོན་ལས་གོང་འཕེལ་གཏོང་རྒྱུའི་མ་དངུལ་བསྡུ་གཏོང་བྱེད་ལམ་རྒྱ་ཆེར་ཧུར་ཐག་བཏང་སྟེ་སྲིད་གཞུང་ནས་མ་འཇོག་བྱེད་པའི་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་དམངས་ཁྲོད་ཀྱི་མ་དངུལ་ཐོན་ལས་ཀྱི་འཛུགས་སྐྲུན་ཐོག་གཏོང་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ནས་ཐོན་ལས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འདུས་ཤུགས་སྟོབས་དང་ལྡན་པ་ཞིག་ཆགས་པ་བྱེད་དགོས།

        ཡུལ་སྐོར་ལས་རིགས་གོང་འཕེལ་ཇེ་མགྱོགས་སུ་གཏོང་དགོས།   ཁྱད་ལྡན་མངོན་ཆེར་འཛིན་རྒྱུ་གཙོ་གནད་བྱེད་པ་དང་།   རྩེ་གྲ་གཏོད་རྒྱུ་ཁ་ཕྱོགས་སུ་བྱས་ཏེ་ཡུལ་སྐོར་གྱི་སྤུས་རིམ་ཟམ་མི་ཆད་པར་མཐོ་རུ་བཏང་ནས་བདེ་འཇགས་དང་ཤེས་དཔལ་ལྡན་པའི་བོད་ཀྱི་ཡུལ་སྐོར་སྤེལ་གནས་ཀྱི་གཟུགས་བཪྙན་གསར་དུ་བཏོད་ཐོག་དུས་ཚོད་ལྡིག་གི་ཡུལ་སྐོར་གང་མགྱོགས་སླར་གསོ་དང་།   དགུན་དུས་ཀྱི་ཡུལ་སྐོར་གོང་འཕེལ་ཧུར་ཐག་བཏང་ནས་ཡུལ་སྐོར་ལས་རིགས་ཕྱོགས་ཡོངས་ནས་སླར་གསོ་དང་གོང་འཕེལ་ཇེ་མགྱོགས་སུ་གཏོང་དགོས།   ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལྷ་སས་ལྟེ་བ་བྱེད་པའི་གཞུང་ལམ་དང་།   ལྕགས་ལམ།   མཁའ་ལམ་བཅས་གནམ་ས་གང་ནས་འགྲོ་ས་ཡོད་པའི་ཡུལ་སྐོར་འགྲིམ་འགྲུལ་དྲ་རྒྱ་གང་མགྱོགས་སྐྲུན་དགོས།   ཡུལ་སྐོར་དང་རིག་གནས་ཟུང་འབྲེལ་དམ་ཟབ་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་ཞིང་འབྲོག་མང་ཚོགས་ཀྱིས་བཅོས་མེད་སྔར་སྲོལ་གྱི་མི་རིགས་ཞབས་བྲོ་དང་།   དམངས་སྲོལ་གྲོང་ཚོ།   བོད་ཁྱིམ་སྤྲོ་ཁང་སོགས་ཁྱད་ལྡན་རྣམ་གྲངས་གཉེར་རྒྱུའི་ནང་ཞུགས་རྒྱུར་སྐུལ་མ་གཏོང་དགོས།   ཁྱད་ལྡན་ཡུལ་སྐོར་ཐོན་ཟོག་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཡུལ་སྐོར་གྱི་ཐོན་ལས་འཁོར་འབྲེལ་བསྣུར་བསྲིང་བྱེད་དགོས།

        (ལྔ )བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་བཏང་སྟེ་གོང་འཕེལ་གྱི་གསོན་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ།

        བསྒྱུར་བཅོས་དང་གསར་གཏོད་ཤུགས་ཆེར་བཏང་སྟེ་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུར་ཕན་ཐོགས་ཡོད་པའི་ལམ་སྲོལ་གྱི་བྱེད་ཐབས་བཙུགས་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་གསོན་ཤུགས་དང་འགུལ་ཤུགས་ཆེ་རུ་འགྲོ་བ་བྱེད་དགོས།   《རང་ལྗོངས་ཀྱི་གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུའི་སྐོར་གྱི་བསམ་འཆར 》ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས།   ཁེ་ལས་ཁོངས་སྒྲིལ་དང་བསྐྱར་སྒྲིག་བྱེད་རྒྱུར་སྐུལ་འདེད་བཏང་ནས་གཞུང་ཁོངས་དཔལ་འབྱོར་ཆགས་སྟངས་དང་གྲུབ་ཆ་ལེགས་སྒྱུར་བཟང་སྒྲིག་ཤུགས་ཆེ་བྱེད་དགོས།   ཁེ་ལས་ཀྱི་གཞུང་ཁོངས་མ་རྩའི་བཅའ་ཁྲིམས་ལག་བསྟར་ཧུར་ཐག་བྱས་ཏེ་གཞུང་ཁོངས་རྒྱུ་ནོར་ལ་ལྟ་སྐུལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཐོག་གཞུང་ཁོངས་རྒྱུ་ནོར་གྱི་གནས་ཐང་སྲུང་འཕར་འགན་ལེན་ཐུབ་པ་བྱེད་དགོས།   རིན་གོང་ལ་ལྟ་འདོམས་དང་བསྒྱུར་བཅོས་བྱེད་རྒྱུ་གཏིང་ཟབ་སྤེལ་དགོས།   དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ནང་མཁོ་རྒྱ་ཆེར་གཏོང་བའི་སྲིད་ཇུས་ཁག་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་ཡག་པོ་བྱས་ཐོག་ནོར་སྲིད་ཀྱི་གཏོང་སྒོའི་གྲུབ་ཆ་སྔར་བས་ལེགས་སྒྱུར་གྱིས་བརྟན་ལྷིང་སྲུང་སྐྱོང་དང་།   གལ་ཆེའི་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན།   སྤྱི་ཚོགས་གོང་འཕེལ།   མི་དམངས་ཀྱི་འཚོ་བ་ལེགས་བཅོས་སོགས་བྱེད་རྒྱུའི་གཙོ་གནད་གཏོང་སྒོའི་དགོས་མཁོ་འགན་ལེན་ཐུབ་པ་བྱེད་དགོས།   སྲིད་གཞུང་གི་ཉོ་སྒྲུབ་ལམ་ལུགས་ཚད་ལྡན་དང་ཚགས་ཚུད་དུ་གཏོང་དགོས།   རིན་ཐང་འཕར་ཁྲལ་ཁ་སྒྱུར་བྱེད་རྒྱུ་དང་།   བཅོས་སྣུམ་འཛད་སྤྱོད་ཀྱི་དཔྱ་ཁྲལ་དང་ཁེ་ལས་ཀྱི་ཁྲལ་འབབ་ཆག་ཡང་དང་རྩ་ཆག་གཏོང་རྒྱུའི་སྲིད་ཇུས་ལག་བསྟར་ནན་ཏན་བྱེད་དགོས།   ལྷུག་ཏུ་འོས་འཚམ་གཏོང་བའི་དངུལ་ལོར་སྲིད་ཇུས་ལག་བསྟར་བྱས་ཏེ་ཀྲུང་དབྱང་ནས་བོད་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་གི་དངུལ་རྩའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས་པ་དང་།   ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་སྟེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུ་དང་།   གནོད་འཚེ་ཕོག་རྗེས་ཀྱི་བསྐྱར་སྐྲུན་བྱེད་རྒྱུ།   ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་རྒྱུ་བཅས་ལ་གཙོ་གནད་དུ་རྒྱབ་སྐྱོར་བྱེད་དགོས།   ཚོང་ལས་ཀྱི་འགན་བཅོལ་གོང་འཕེལ་ཇེ་མགྱོགས་སུ་གཏོང་དགོས།   ཁྲོམ་འགྲེམས་ཀུང་སིའི་རྗེས་གྲབས་ཐོན་ཁུངས་འཛུགས་སྤེལ་ཤུགས་ཆེ་བྱས་ནས་ཁྲོམ་འགྲེམས་ཀུང་སིའི་སྤུས་ཚད་མཐོ་རུ་ཧུར་ཐག་གཏོང་དགོས།   དངུལ་རྩའི་ཁོར་ཡུག་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་མ་དངུལ་བསྡུ་རྒྱུག་གི་ཁོར་ཡུག་ཟམ་མི་ཆད་པར་ལེགས་སྒྱུར་བྱེད་དགོས།

        ནང་ཁོངས་དང་ཕྱི་ཕྱོགས་ལ་སྒོ་མོ་དབྱེ་རྒྱུ་རྒྱ་ཆེར་བཏང་སྟེ་སྒོ་དབྱེ་རྣམ་པའི་དཔལ་འབྱོར་གྱི་ཁྱད་ཡོན་གསར་པ་བཏོད་ནས་ཕྱི་ཕྱོགས་ལ་སྒོ་མོ་དབྱེ་རྒྱུར་མཆོང་སྐྱོད་གསར་པ་ཞིག་ཡོང་བ་བྱེད་དགོས།   སྒོ་དབྱེའི་འདུ་ཤེས་ཆེ་རུ་གཏོང་བ་དང་།   གོང་འཕེལ་གྱི་ཁོར་ཡུག་ལེགས་སྒྱུར་བྱེད་པ།   ཚོང་དང་མ་རྩ་འདྲེན་འགུགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཚོང་དང་མ་རྩ་འདྲེན་འགུགས་བྱེད་རྒྱུའི་གཞི་ཁྱོན་སྒོར་དུང་ཕྱུར་50ཡན་ཟིན་ཐུབ་པ་བྱེད་དགོས།   ནག་ཆུའི་ཟོག་འགྲེམས་ལྟེ་གནས་ཀྱི་ཚོང་དང་མ་རྩ་འདྲེན་འགུག་བྱེད་རྒྱུའི་གཟིགས་སྐྱོང་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཁེ་ལས་དེ་བས་མང་བ་བོད་དུ་གཞིས་ཆགས་ཐུབ་རྒྱུར་འགུག་འཐེན་བྱེད་དགོས།   དྲིལ་བསྒྲགས་ངོས་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་།   ལྗོངས་ནང་ཁུལ་གྱི་ཁེ་ལས་ཕྱི་རུ་འགྲོ་རྒྱུར་སྐུལ་མ་ཧུར་ཐག་བཏང་ནས་ནང་སའི་ཁྲོམ་ར་ཧུར་ཐག་གཤོང་དགོས།   རང་སྐྱོང་ལྗོངས་ཀྱི་2010ལོའི་ཧྲང་ཧའེ་ཡི་འཛམ་གླིང་དངོས་རིགས་འགྲེམས་ཚོགས་བྱེད་སྒོ་ཁག་ནང་ཞུགས་རྒྱུའི་གྲ་སྒྲིག་ལས་དོན་ཁག་ཡག་པོ་སྒྲུབ་དགོས།   ཨེ་ཤེ་ཡའི་ལྷོ་མའི་ཚོང་དོན་བགྲོད་ལམ་ཆེན་པོ་སྐྲུན་རྒྱུ་ཇེ་མགྱོགས་སུ་གཏོང་དགོས་ཤིང་།   དེ་ཡང་སྐྱིད་རོང་འགག་སྒོ་གཙོ་གནད་དུ་འཛུགས་སྐྲུན་བྱེད་པ་དང་།   འགྲམ་འགག་སྒོ་བརྟན་པོའི་ངང་རིམ་འཕར་བྱེད་པ།   གྲོ་མོ་འགག་སྒོ་སླར་གསོ་ཧུར་ཐག་བྱེད་པ།   སྤུ་ཧྲེང་དང་རི་བོའི་འགག་སྒོ་རིམ་པས་གོང་འཕེལ་གཏོང་བ་བཅས་བྱེད་དགོས།   ཁུལ་གནས་ཀྱི་ཁྱད་ཡོན་ལ་བརྟེན་ནས་མཐའ་མཚམས་ཀྱི་ཚོང་དོན་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ་དང་།   རང་བཟོས་ཐོན་རྫས་ཕྱིར་གཏོང་བྱེད་ཤུགས་ཆེ་རུ་ཧུར་ཐག་བཏང་ནས་ལོ་ཧྲིལ་པོའི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་སྤྱི་འབོར་10%ཡན་འཕར་ཐུབ་པ་བྱེད་དགོས།

        སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་ཤུགས་ཆེ་གཏོང་དགོས།   སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་སྐུལ་མ་དང་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བྱ་ཐབས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་ཤུགས་རྐྱེན་བཟོ་བའི་བསམ་བློའི་ལྟ་བ་མཐའ་དག་གཙང་སེལ་དང་།   སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་ཚོད་འཛིན་བྱེད་པའི་ལམ་སྲོལ་བྱེད་ཐབས་མཐའ་དག་གཙང་སེལ།   སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་འགོག་རྐྱེན་བཟོ་བའི་དོ་དམ་གྱི་རྐྱེན་ངན་མཐའ་དག་གཙང་སེལ་བཅས་བཟོས་ཏེ་སྲིད་གཞུང་གི་ཞབས་ཞུ་ལེགས་སུ་བཏང་ཐོག་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ལ་འདྲ་མཉམ་འགྲན་རྩོད་བྱེད་པའི་ཁྲིམས་ལུགས་ཀྱི་ཁོར་ཡུག་དང་།   སྲིད་ཇུས་ཀྱི་ཁོར་ཡུག   ཁྲོམ་རའི་ཁོར་ཡུག   དེ་བཞིན་ཤེས་ལྡན་པའི་ཁོར་ཡུག་བཅས་གཏོད་དགོས།   ཁྲོམ་ར་ཅན་དུ་འགྱུར་རྒྱུའི་བསྒྱུར་བཅོས་བྱེད་ཤུགས་ཆེ་རུ་བཏང་སྟེ་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་ནས་བཙུགས་པའི་གྲངས་ཉུང་དངུལ་བུན་གྱི་ཁག་ཐེག་མ་དངུལ་རྣམས་ཡིད་རྟོན་ཁག་ཐེག་ཀུང་སིའི་མ་དངུལ་དུ་སྒྱུར་དགོས་པ་དང་འབྲེལ་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་ལེན་ཧུར་ཐག་བྱས་ཐོག་ཡིད་རྟོན་ཁག་ཐེག་ཀུང་སིའི་མ་རྐང་དབང་ཆའི་གྲུབ་ཆ་ལེགས་སྒྱུར་ཡོང་བ་བྱས་ནས་སྟབས་བསྟུན་ཉེན་མེད་ཀྱི་འཁོར་སྐྱོད་བྱེད་ལམ་བཙུགས་ཏེ་ཡིད་རྟོན་ཁག་ཐེག་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཁེ་ལས་ཆུང་འབྲིང་གི་དངུལ་བུན་གཡར་ཁག་པ་དང་དངུལ་ཁང་ནས་དངུལ་བུན་གཏོང་ཁག་པའི་གནད་དོན་རིགས་ཐག་གཅོད་དངོས་འབྲེལ་བྱས་ཏེ་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མགྱོགས་མྱུར་སྐྱོན་བྲལ་ངང་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།

        གསུམ།   ཐོག་མཐའ་བར་གསུམ་དུ་སྔོན་ཐོན་གྱི་རིག་གནས་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་རིག་གནས་དར་སྤེལ་གཏོང་རྒྱུར་མཐོ་རླབས་གསར་པ་ཞིག་འཕྱུར་བ་བྱེད་དགོས།

        སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ནི་དུས་རབས་ལ་ལམ་སྟོན་བྱེད་པའི་བླ་སྲོག་ལྟ་བུ་ཡིན་པ་མ་ཟད།   ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུའི་གལ་ཆེའི་ནང་དོན་ཞིག་ཀྱང་ཡིན།   ངེས་པར་དུ་སྔོན་ཐོན་གྱི་རིག་གནས་ཐོག་ནས་མི་སེམས་གོང་བུ་འགྲིལ་ཐུབ་པ་དང་།   དད་སེམས་བརྟན་དུ་གཏོང་བ།   བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུ་དང་སྤྱི་ཚོགས་གཞི་མཐུན་ལ་སྐུལ་འདེད་གཏོང་བའི་གཙོ་རྐང་ནུས་པ་སྐོང་འཐེན་དང་འདོན་སྤེལ་གང་ལེགས་བྱེད་དགོས།

        (གཅིག )  རིག་གནས་བྱ་གཞག་གོང་འཕེལ་བཏང་སྟེ་མི་དམངས་ལ་རིག་གནས་ཀྱི་དགོས་མཁོ་སྐོང་ཐུབ་པ་བྱེད་དགོས་པ།  

            རིག་གནས་ཐད་ཀྱི་གཏོང་ཆ་འགན་སྲུང་བྱེད་ཐབས་བརྟན་པོའི་ངང་འཛུགས་རྒྱུ་དང་།   རིག་གནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ།   རྫོང་རིམ་ཡན་གྱི་ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ལྟེ་གནས་དང་ཤང་གྲོང་རིག་གནས་ས་ཚུགས་ཁག་གཅིག་གསར་རྒྱག་བྱེད་དགོས།   རྫོང་རིམ་པའི་ཤིན་ཧྭ་དཔེ་ཚོང་ཁང་དང་ཞིང་དུད་དེབ་ཁང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས།   “བོད་ཤིན་ལས་གཞི ”དང་།   རླུང་འཕྲིན་བཪྙན་འཕྲིན “གྲོང་ཚོ་ཀུན་ཁྱབ་ལས་གཞི ”  གྲོང་གསེབ་ཏུ་གློག་བཪྙན་སྟོན་པའི་ལས་གཞི།   དེ་བཞིན་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ལས་གཞི་བཅས་ཀྱི་འཛུགས་སྐྲུན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་དགོས།   མ་དངུལ་སྒོར་ཁྲི་4000བཏང་སྟེ་གྲངས་འཛིན་བཪྙན་འཕྲིན་ཁྱབ་གདལ་གཏོང་དགོས།   ཧུར་བརྩོན་ངང་བོད་ལྗོངས་སྲུང་སྐར་བཪྙན་འཕྲིན་རྒྱ་སྐད་འཕྲིན་ལམ་རྒྱལ་ཡོངས་སུ་ཁྱབ་རྒྱུ་དང་བོད་སྐད་ཀྱི་སྲུང་སྐར་བཪྙན་འཕྲིན་གྱི་རྒྱལ་སྤྱིའི་འཕྲིན་ལམ་ལས་དོན་སྤེལ་རྒྱུ་ཡག་པོ་སྒྲུབ་དགོས།   རིག་གནས་སྒྲིག་བཀོད་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དེའི་ནུས་པ་དེ་བས་ཆེ་བ་འདོན་ཐུབ་པ་བྱེད་དགོས།   མི་དམངས་མང་ཚོགས་ཀྱི་གཙོ་རྐང་ནུས་པ་འདོན་སྤེལ་བྱེད་རྒྱུར་དོ་སྣང་གིས་རིག་གནས་བྱ་གཞག་ལ་སེམས་འཁུར་ཆེན་པོ་ཡོད་པ་དང་།   ཆེད་ལས་དང་གཅིག་ལྕོགས་ཟུང་དུ་འབྲེལ་བའི་གཞི་རིམ་རིག་གནས་དཔུང་ཁག་ཅིག་གསོ་སྐྱོང་བྱེད་དགོས།   རིག་དངོས་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་རྒྱུའི་ལས་དོན་ལ་མཐོང་ཆེན་བྱས་ཏེ “གཙོ་གནད་རིག་དངོས་ཆེ་གྲས་གསུམ ”གྱི་ཉམས་གསོ་སྲུང་སྐྱོང་ལས་གཞི་ལེགས་སྒྲུབ་ཐུབ་པ་བྱེད་དགོས་པ་དང་།   “ལོ་ལྔ་ཚན་བཅུ་གཅིག་པའི ”གཙོ་གནད་རིག་དངོས་སྲུང་སྐྱོང་ལས་གཞི་ཕྱོགས་ཡོངས་ནས་སྤེལ་དགོས་པ།   དུས་ཁག་གསུམ་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་དཀར་ཆག་དང་རང་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་རྩ་ཆེའི་གནའ་ཤུལ་གྱི་དཀར་ཆག་སྙན་འབུལ་ཞུ་རྒྱུའི་ལས་དོན་སྤེལ་དགོས།   དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་ཤུགས་ཆེ་སྤེལ་ནས་རྩལ་འགྲན་ལུས་རྩལ་གྱི་ཆུ་ཚད་གོང་མཐོར་ཧུར་ཐག་གཏོང་དགོས།

        (གཉིས )རིག་གནས་ཀྱི་གོ་དོན་སྔོག་འདོན་བྱས་ཏེ་རིག་གནས་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་གཏོང་དགོས་པ།

        སྤྱི་ཚོགས་རིང་ལུགས་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་རིག་གནས་ཀྱི་རྟགས་ལེགས་གཏོད་རྒྱུར་སྐུལ་འདེད་ཟམ་མི་ཆད་པ་བཏང་ཐོག་བོད་ཀྱི་རིག་གནས་རྒྱུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས།   དོན་དངོས་དང།   འཚོ་བ།   མང་ཚོགས་བཅས་དང་འབྲེལ་འདྲིས་དམ་ཟབ་བྱེད་རྒྱུར་དོ་སྣང་བྱས་ཏེ་ཀྲུང་གོ་གསར་པ་དབུ་བཪྙེས་ནས་ལོ་60འཁོར་བ་དང་བོད་དུ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་50འཁོར་བ་སོགས་གལ་ཆེའི་རྟེན་འབྲེལ་བྱེད་སྒོ་ཁག་ལ་དམིགས་ཏེ་བོད་གསར་པའི་དུས་རབས་ཀྱི་སྙིང་སྟོབས་དང་དུས་རབས་དར་སྤེལ་གྱི་བརྗོད་དོན་གཙོ་བོ་མཚོན་ལ་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པ་དང་སྒྱུ་རྩལ་གྱི་ཡིད་འགུག་བྱེད་ནུས་ཆེན་པོ་ཡོད་པའི་སྒྱུ་རྩལ་གྱི་བརྩམ་བྱ་ཁག་གཅིག་གསར་རྩོམ་ཡང་བྱས་ནས་བཏོན་དགོས།   རིག་གནས་ཐོན་ལས་སྐུལ་སྤེལ་དང་གཙོ་རྒྱུན་རིག་གནས་གསར་རྩོམ་བྱེད་རྒྱུའི་ཆེད་སྤྱོད་མ་དངུལ་སྒོར་ཁྲི་2500བཀོད་སྒྲིག་བྱས་ཏེ་རིག་གནས་ཀྱི་རྐང་འཛིན་ཁེ་ལས་ཁག་གཅིག་གསོ་སྤེལ་བྱས་ཏེ་རིག་གནས་ཐོན་ལས་ཀྱི་རྟེན་གཞི་འཛུགས་རྒྱུར་ཤུགས་སྣོན་རྒྱག་དགོས།   རིག་གནས་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་བྱས་ཏེ་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་མ་རྩ་དེ་རིག་གནས་ཐོན་ལས་ཀྱི་ཁྱབ་ཁོངས་ནང་གཏོང་རྒྱུར་ཁྲིད་སྟོན་བྱེད་རྒྱུར་སྐུལ་མ་གཏོང་དགོས།   དམངས་ཁྲོད་ཀྱི་ལས་རིགས་འཁྲབ་སྟོན་ཚོགས་པ་དང་གྲོང་གསེབ་ཀྱི་ལས་ཞོར་ཟློས་གར་ཚོགས་པར་རོགས་སྐྱོར་ཧུར་ཐག་བྱས་ནས་དམངས་གཉེར་རིག་གནས་ཁེ་ལས་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

        (གསུམ )དུས་རབས་ཀྱི་བརྗོད་དོན་གཙོ་བོ་མངོན་ཆེར་བཟུང་ནས་བསམ་པའི་དཔལ་ཡོན་དར་སྤེལ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་པ།  

            རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་ཀྱིས་བསམ་བློར་དྲག་ཆས་སྤྲོས་རྒྱུ་དང་མི་དམངས་ལ་སློབ་གསོ་གཏོང་རྒྱུ་དང་།   ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་གྱིས་སྟོབས་ཤུགས་གཅིག་ཏུ་སྒྲིལ་རྒྱུ།   རྒྱལ་གཅེས་རིང་ལུགས་ལྟེ་བར་བྱེད་པའི་མི་རིགས་ཀྱི་སྙིང་སྟོབས་དང་བསྒྱུར་བཅོས་གསར་གཏོད་ལྟེ་བར་བྱེད་པའི་དུས་རབས་ཀྱི་སྙིང་སྟོབས་ཀྱིས་སེམས་ཤུགས་འཕེལ་བ་བྱེད་རྒྱུ།   སྤྱི་ཚོགས་རིང་ལུགས་ཀྱི་གཟི་ཁྲེལ་ལྟ་བས་དར་སྲོལ་བཟང་པོའི་ལམ་སྟོན་བྱེད་རྒྱུ་བཅས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་གི་མ་ལག་འཛུགས་སྐྱོང་བྱེད་རྒྱུར་སྐུལ་སྤེལ་བཏང་སྟེ “བོད་སྐྱོད་པ་རྒན་རབས་ཀྱི་སྙིང་སྟོབས ”རྒྱུན་འཛིན་དང་དར་སྤེལ་བཏང་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས།   སྔར་ལས་ལྷག་པའི་སྒོ་ནས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་དར་རྒྱས་གཏོང་དགོས།   སློབ་གྲྭ་ཆེ་མོའི་སློབ་མའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་གཏོང་ཕྱོགས་གསར་གཏོད་བྱེད་དགོས་པ་དང་།   གཞོན་ནུ་ལོ་ཆུང་གི་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་དགོས།   མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བ་དང་།   སྣ་མང་ཕུན་སུམ་ཚོགས་པའི་རྣམ་པ་སྤྱད་དེ་ཞིང་ལས་སྟོབས་ཆེར་གཏོང་རྒྱུ་དང་ཞིང་པ་མང་ཚོགས་ལ་ཕན་པའི་སྲིད་ཇུས་ཁག་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་བྱས་ནས་མི་དམངས་མང་ཚོགས་ལ་ཁེ་ཕན་གང་ནས་ཐོབ་པ་དང་ཕན་པ་གང་ནས་བྱུང་བ་དངོས་འབྲེལ་ཤེས་སུ་བཅུག་ནས་གུང་ཁྲན་ཏང་ཡག་དང་།   སྤྱི་ཚོགས་རིང་ལུགས་ཡག   བསྒྱུར་བཅོས་སྒོ་དབྱེ་ཡག   མི་དམངས་དཔུང་སྡེ་ཡག   མི་དམངས་མང་ཚོགས་ཡག   རླབས་ཆེན་མེས་རྒྱལ་ཡག་བཅས་ཞེས་པའི་བརྗོད་དོན་གཙོ་བོ་མངོན་པར་བྱེད་དགོས།   མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་དར་སྤེལ་གཏོང་རྒྱུའི་བྱེད་སྒོ་གཏིང་ཟབ་སྤེལ་དགོས།   “གཡེམ་འཆལ་ལོག་རིགས ”ལ་རྡུང་རྡེག་གཏོང་རྒྱུའི་ལས་དོན་མུ་མཐུད་སྤེལ་དགོས།   དྲ་རྒྱའི་རིག་གནས་དར་སྤེལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རིག་གནས་ཁྲོམ་རར་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་།   ལོག་སྤྱོད་ཀྱི་དྲིལ་བསྒྲགས་དངོས་རྫས་བཀག་འགོག་བྱས་ཏེ་རིག་གནས་ཀྱི་ཁོར་ཡུག་གཙང་མ་བཟོ་དགོས།   གཉིས་བཀུར་ལས་དོན་ཡག་པོ་བསྒྲུབས་ནས་རྒྱལ་སྲུང་གི་སློབ་གསོ་དང་།   རྒྱལ་སྲུང་སྐུལ་སློང་དང་མི་དམངས་མཁའ་ཟོན་གྱི་ལས་དོན་ཡག་པོ་སྒྲུབ་རྒྱུར་ཤུགས་སྣོན་རྒྱག་དགོས།

        བཞི།   གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོགས་བྱས་ཏེ་སྤྱི་ཚོགས་ལེགས་སྐྱོང་ཐད་གོང་འཕེལ་གསར་པ་ཡོང་བ་བྱེད་དགོས།

        མིའི་ཕྱོགས་ཡོངས་ནས་གོང་འཕེལ་གཏོང་རྒྱུར་དམིགས་ཏེ་དཔལ་འབྱོར་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ་དང་ཕྱོགས་མཚུངས་སྤྱི་ཚོགས་འཛུགས་སྐྲུན་ལ་དོ་སྣང་དེ་བས་ཆེན་པོ་བྱས་ཏེ་སྤྱི་ཚོགས་དྲང་སྙོམས་ཡོང་རྒྱུར་སྐུལ་འདེད་བཏང་ནས་ཕྱོགས་གང་ཐད་ཀྱི་སྟོབས་ཤུགས་གཅིག་བསྡུས་ཀྱིས་སྤྱི་ཚོགས་གོང་འཕེལ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

        (གཅིག )  སྤྱི་ཚོགས་ཀྱི་བྱ་གཞག་གོང་འཕེལ་ཤུགས་ཆེ་བཏང་སྟེ་སྤྱི་པའི་ཞབས་ཞུ་ཆ་མཚུངས་ཅན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ།

        སློབ་གསོ་དྲང་སྙོམས་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས།   རྩ་བའི་ཇུས་ཆེན་སློབ་གསོར་དམ་འཛིན་བྱེད་དགོས་པ་དང་།   མུ་མཐུད་གཏོང་ཆ་མང་དུ་བཏང་ནས་གཙོ་གནད་དུ་ཞིང་འབྲོག་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གཉེར་རྒྱུའི་ཆ་རྐྱེན་ལེགས་བཅོས་གཏོང་དགོས།   “གཞི་རྩའི་ཆ་གཉིས ”ཀྱི་འགག་སྒྲོལ་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་སྟེ་རྫོང་ཁག་4ཡི “ལོ་དགུའི་ཁྱབ་གདལ ”བཏང་ཐོག་ཕྱོགས་ཡོངས་ནས་ལོ་དགུའི་ཁྱབ་གདལ་གྱི་འགན་བབས་སློབ་གསོ་ལེགས་གྲུབ་ཡོང་བ་བྱེད་དགོས།   སྔར་ལས་ལྷག་པའི་སྒོ་ནས “འགན་ལེན་གསུམ ”གྱི་ཚད་གཞི་མཐོ་རུ་གཏོང་བ་དང་ཁེབས་རྒྱ་ཆེ་རུ་བཏང་ཐོག་འགན་བབས་སློབ་གསོའི་དུས་མཚམས་ཀྱི་སློབ་མའི་སྤྱི་སྤྱོད་འགྲོ་གྲོན་གྱི་ཚད་གཞི་དེ་སློབ་ཆུང་གི་སློབ་མར་ཆ་སྙོམས་སྒོར་300དང་དམའ་རིམ་སློབ་འབྲིང་གི་སློབ་མར་ཆ་སྙོམས་སྒོར་500བར་མཐོ་རུ་གཏོང་རྒྱུ།   ཞིང་འབྲོག་ཁུལ་གྱི་སློབ་གསོའི་ཐོན་ཁུངས་སྒྲིལ་བཅོས་བྱས་ཏེ་གཅིག་བསྡུས་སློབ་གཉེར་དང་ཞག་སྡོད་ལམ་ལུགས་ཀྱི་སློབ་གཉེར་ལ་ཤུགས་སྣོན་བརྒྱབ་ནས་མཐའ་མཚམས་ཐག་རིང་ས་ཁུལ་དང་ཡུལ་ནད་ཐོན་མང་བའི་ས་ཁུལ་གྱི་ཕྲུ་གུར་འདྲ་མཉམ་གྱི་སློབ་གསོའི་གོ་སྐབས་ལོངས་སྤྱོད་ཐུབ་པ་བྱེད་དགོས།   ལྗོངས་ནང་ཁུལ་གྱི་འབྲིང་རིམ་ལས་རིགས་སློབ་གསོའི་ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་དང་།   མཐོ་རིམ་སློབ་གྲྭའི་ཞིང་འབྲེལ་གྱི་ཆེད་ལས།   ས་གཤིས་གཏེར་རྫས་ཆེད་ལས།   དེ་བཞིན་དགེ་འོས་སློབ་གྲྭའི་ཆེད་ལས་སློབ་མ་བཅས་ལ་སློབ་ཡོན་མི་དགོས་པའི་སློབ་གསོ་ལག་བསྟར་བྱེད་པ་དང་འབྲེལ།   ལྗོངས་ཕྱིའི་མཐོ་རིམ་སློབ་གྲྭའི་ཆེད་ལས་གཅིག་པའི་སློབ་མ་གསར་པར་ཡང་རོགས་དངུལ་ཁ་གསབ་སྤྲོད་རྒྱུ།   མུ་མཐུད་ནང་སའི་བོད་ལྗོངས་འཛིན་གྲྭའི་མཐོ་རིམ་སློབ་འབྲིང་གི་སློབ་མ་བསྡུ་རྒྱ་ཆེ་རུ་གཏོང་རྒྱུ།   ལས་རིགས་སློབ་གསོ་གོང་འཕེལ་ཤུགས་ཆེ་བཏང་ཐོག་ཁ་ཚ་དགོས་གཏུགས་ཀྱི་ལག་རྩལ་བཟོ་པའི་ཤེས་ལྡན་པ་དང་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་ཇེ་མགྱོགས་སུ་གཏོང་དགོས།   མུ་མཐུད་སློབ་གསོ་ཡག་པོ་གཉེར་རྒྱུ་ཧུར་ཐག་སྤེལ་ནས་ཟམ་མི་ཆད་པར་མཐོ་རིམ་སློབ་ཆེན་ཚན་རིག་དང་མཐུན་པའི་འཛུགས་སྐྱོང་དང་དོ་དམ་ལམ་སྲོལ་བསྒྱུར་བཅོས་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ།   དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་དགེ་རྒན་ཞིང་འབྲོག་ཁུལ་དུ་སྐྱོད་རྒྱུར་སྐུལ་མ་གཏོང་དགོས།

        སྨན་བཅོས་འཕྲོད་བསྟེན་བྱ་གཞག་གོང་འཕེལ་ཇེ་མགྱོགས་སུ་གཏོང་དགོས།   མི་དམངས་ཀྱི་བདེ་ཐང་སྤུས་ཚད་གོང་མཐོར་གཏོང་རྒྱུ་དེ་མི་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་རྒྱུའི་གལ་ཆེའི་དམིགས་ཚད་དུ་བརྩིས་ནས་སྨན་རིན་མི་དགོས་པའི་སྨན་བཅོས་བྱེད་རྒྱུ་རྨང་གཞིར་བྱེད་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཚགས་ཚད་དུ་བཏང་སྟེ་གྲོང་ཁྱེར་གྲོང་བརྡལ་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུར་ཤུགས་སྣོན་སྔར་ལས་ལྷག་པ་བརྒྱབ་ནས་སྨན་བཅོས་འཕྲོད་བསྟེན་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིར་ཁེབས་པའི་སྨན་བཅོས་འགན་སྲུང་མ་ལག་འཐུས་ཚང་དུ་ཇེ་མགྱོགས་སུ་གཏོང་དགོས།   རྫོང་ཁག་70ཡི་འཕྲོད་བསྟེན་ཞབས་ཞུའི་རྟེན་གཞི་དང་།   མ་བུ་དང་བུ་བཙའི་ལས་སྒོའི་སྤྱོད་ཁང་དང་ལེ་ལག་ཚང་སྒྲིག་གི་སྒྲིག་བཀོད་འཛུགས་སྐྲུན་ཡག་པོ་བྱས་ནས་རྫོང་ཁག་4ལ་རིམས་འགོག་ལྟེ་གནས་དང་ཤང་གྲོང་ཁག་93ལ་འཕྲོད་བསྟེན་ཁང་གསར་རྒྱག་བྱས་ཐོག་རང་སྐྱོང་ལྗོངས་སྨན་རྩིས་ཁང་བཟོ་བཅོས་རྒྱས་སྐྲུན་གྱི་ལས་གྲྭ་དམ་འཛིན་ཡག་པོ་བྱེད་རྒྱུ་དང་།   རང་སྐྱོང་ལྗོངས་ཀྱི་མི་དམངས་སྨན་ཁང་ཨང་གསུམ་པ་འཛུགས་སྐྲུན་བྱེད་འགོ་འཛུགས་རྒྱུ།   སྒོར་དུང་ཕྱུར་1.53བཀོད་སྒྲིག་བྱས་ནས་བྱི་རིམས་དང་།   འདུས་འདྲིལ་གཅོང་ནད།   མཆིན་ནད།   དེ་བཞིན་གྲུམ་བུ་ཚིགས་ཆེན་ནད་དང་ཏན་རྒྱུ་མི་འདེང་བའི་ནད་སོགས་འགོས་ནད་དང་ཡུལ་ནད་ལྟ་འདོམས་ཚད་ལེན་འགོག་བཅོས་དང་ཞིབ་འཇུག་གི་ལས་དོན་ཡག་པོ་བསྒྲུབས་ཏེ་འགོས་ནད་འགོ་ཚད་དང་ཤི་ཚད་དམའ་རུ་ཧུར་ཐག་གཏོང་རྒྱུ།   འཆར་ལྡན་རིམས་འགོག་སྤེལ་རྒྱ་སྔར་བས་ཆེ་རུ་གཏོང་རྒྱུ།   སྨན་བཅོས་འཕྲོད་བསྟེན་ཐད་ཀྱི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་མི་སྣ་མི་འདེང་བའི་གནད་དོན་ཐག་གཅོད་བྱེད་རྒྱུ་དང་།   ཡུན་རིང་གཞི་རིམ་དུ་ལས་ཀ་བྱེད་མཁན་སྨན་བཅོས་འཕྲོད་བསྟེན་མི་སྣའི་ཐོབ་ཐང་ལེགས་བཅོས་བྱས་ནས་བོད་ཀྱི་གསོ་བ་རིག་པ་དང་བོད་སྨན་གོང་འཕེལ་གཏོང་རྒྱུར་རོགས་སྐྱོར་ཧུར་ཐག་བྱས་ཏེ་རྨང་གཞིའི་ཞིབ་འཇུག་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་བོད་ཀྱི་གསོ་བ་རིག་པ་དང་བོད་སྨན་རྒྱུན་འཛིན་དང་གསར་གཏོད་བྱེད་རྒྱུར་སྐུལ་འདེད་གཏོང་དགོས།   སྨན་པའི་ཀུན་སྤྱོད་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་གྱིས་སྨན་པ་དང་ནད་པའི་གཞི་མཐུན་གྱི་འབྲེལ་བ་ཧུར་ཐག་སྐྲུན་རྒྱུ།   མ་བུའི་འཕྲོད་སྦྱོར་དང་སྐྱེ་གསོ་གཉིས་ལེགས་ཀྱི་ཞབས་ཞུར་ཤུགས་སྣོན་བརྒྱབ་སྟེ་ཞིང་འབྲོག་ཁུལ་གྱི་སྐྱེ་གསོ་གཉིས་ལེགས་ཐད་ཀྱི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་དེ་ལོ་རེ་མི་རེར་ཆ་སྙོམས་སྒོར་6ཡིན་པ་ནས་སྒོར་12བར་མཐོ་རུ་བཏང་ཐོག་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྦྲུམ་མ་དང་ཕྲུ་གུ་དམར་འབྱར་ཤི་ཚད་དང་དབང་སྐྱོན་སྐྱེ་ཚད་དམའ་རུ་བཏང་སྟེ་ཕྱོགས་མིའི་འཆར་ལྡན་བུ་བཙའི་ཞབས་ཞུ་དང་དོ་དམ་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས།

        ཚན་རྩལ་ཡར་ཐོན་ལ་སྐུལ་འདེད་ཤུགས་ཆེ་གཏོང་དགོས།   ཚན་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་ཡིན་པ་དང་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུའི་འགག་རྩའི་འདེགས་སྐྱོར་ཞིག་ཡིན།   རང་སྐྱོང་ལྗོངས་ཀྱིས་ཚན་རྩལ་ཐད་མ་དངུལ་སྒོར་དུང་ཕྱུར་1.08བཀོད་སྒྲིག་བྱེད་རྒྱུ་ཡིན་ཞིང་།   དེའི་ནང་ཞིང་འབྲོག་ལས་ཀྱི་ཚན་རྩལ་ཐད་མ་དངུལ་སྒོར་ཁྲི་5000ལས་མི་ཉུང་བ་གཏོང་རྒྱུ།   ཚན་རྩལ་གྱི་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་སྟེ “གསེར་གྱི་ཉི་མ ”དང་“གསེར་གྱི་འབྲི་གཡག ”སོགས་ཚན་རྩལ་གསར་གཏོད་ཀྱི་ལས་གཞི་གསར་པ་ལག་བསྟར་ཇེ་མགྱོགས་སུ་བཏང་སྟེ་སྔར་ལས་ལྷག་པའི་སྒོ་ནས་ཚན་རྩལ་གྱི་འདེགས་སྐྱོར་ཐོན་ལས་གོང་འཕེལ་གཏོང་རྒྱུའི་ཆུ་ཚད་མཐོ་རུ་གཏོང་དགོས།   ཚན་རྩལ་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཚན་རིག་གི་སྣེ་ཁྲིད་པ་དང་།   ལག་རྩལ་གྱི་རྐང་འཛིན་པ་དང་ཚན་རྩལ་གྱི་རྣམ་པ་ལྡན་པའི་ཁེ་ལས་མཁས་ཅན་ཁག་གཅིག་གསོ་སྐྱོང་བྱེད་རྒྱུར་ཤུགས་རྒྱག་དགོས།   མུ་མཐུད་ཚན་རྩལ་དམིགས་བསལ་མངག་གཏོང་བའི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་ཞིང་འབྲོག་མང་ཚོགས་ཀྱི་ཚན་རྩལ་དམིགས་བསལ་མངག་གཏོང་བ་མི་གྲངས་1000འཕར་མ་གཏོང་རྒྱུ།   ཚན་རྩལ་དཔེ་སྟོན་འཛུགས་སྐྱོང་ལ་ཤུགས་སྣོན་གྱིས་ཚན་རྩལ་ཞབས་ཞུའི་སྒྲིག་འཛུགས་ལ་རོགས་སྐྱོར་དང་གསོ་འཕེལ་བྱས་ནས་ཚན་རྩལ་ཁྱབ་གདལ་གྱི་དྲིལ་བསྒྲགས་རྒྱ་ཁྱབ་ཏུ་སྤེལ་ཏེ་ཚན་རྩལ་གཤམ་སྤེལ་དང་ཚན་རྩལ་གྱི་ཐོག་ནས་དབུལ་སྐྱོར་བྱེད་རྒྱུ་སོགས་ཀྱི་བྱེད་སྒོ་ཡག་པོ་སྒྲུབ་དགོས།

        (གཉིས )  མི་དམངས་ཀྱི་འཚོ་བར་དོ་ཁུར་ཆེན་པོ་བྱས་ཏེ་གོང་འཕེལ་གྱི་འབྲས་བུ་རྣམས་མི་དམངས་ཀྱིས་མཉམ་སྤྱོད་ཐུབ་པ་བྱེད་དགོས་པ།

        ལས་ཞུགས་དང་སྤྱི་ཚོགས་ཀྱི་འགན་སྲུང་ལས་དོན་ཤུགས་སྣོན་རྒྱག་དགོས།   དགེ་མཚན་ལྡན་པའི་ལས་ཞུགས་ཀྱི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ནས་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ནན་ཏན་གྱིས་ཡག་པོ་བསྒྲུབས་ཏེ་ལས་ཞུགས་ཐད་ཀྱི་རོགས་སྐྱོར་ཧུར་ཐག་སྤེལ་ནས་སྤྱི་ཚོགས་ཐོག་ལས་ཞུགས་བྱེད་རྒྱ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་སྟེ་ལོ་ཧྲིལ་པོར་གྲོང་ཁྱེར་གྲོང་བརྡལ་གྱི་མི་ཁྲི་1.9ལ་ལས་ཞུགས་གསར་པ་ཐུབ་པ་བྱེད་དགོས།   ལས་ཞུགས་དང་ལས་ཀ་བསྐྱར་འཚོལ་དང་།   རྩལ་ནུས་སྦྱོང་བརྡར།   སྤྱི་ཕན་རང་བཞིན་གྱི་ལས་གནས་ཉོ་སྒྲུབ་བཅས་བྱེད་རྒྱུའི་ཐད་མ་དངུལ་སྒོར་དུང་ཕྱུར་1.57བཀོད་སྒྲིག་བྱས་ཡོད་པའི་རྨང་གཞིའི་ཐོག་ད་དུང་སྤྱི་ཕན་རང་བཞིན་གྱི་ལས་གནས་ཁག་ཁྲི་1མང་དུ་བཏང་ནས་དེ་དག་ལས་ཞུགས་མེད་པའི་ཁྱིམ་ཚང་དང་དཀའ་ངལ་ཡོད་པའི་རིགས་གྲས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བྱེད་པ་དང་ཕྱོགས་མཚུངས་གཙོ་གནད་དུ་ཆེད་ལས་རང་བཞིན་དང་ལག་རྩལ་རང་བཞིན་གྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་དང་སྡེ་ཁུལ་ཨུ་ལྷན་གྱི་ཁོངས་མིའི་ཁ་གསབ་རོགས་དངུལ་ཐད་སྤྱོད་རྒྱུ།   ལས་ཞུགས་སྦྱོང་བརྡར་དང་མཛུབ་ཁྲིད་ལས་དོན་ཡག་པོ་སྒྲུབ་སྟེ་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཏུ་གྱུར་བའི་མི་ཤུགས་ཐོན་ཁུངས་ཀྱི་ཁྲོམ་ར་འཛུགས་རྒྱུ་ཇེ་མགྱོགས་སུ་གཏོང་དགོས།   《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས 》ལག་བསྟར་ནན་པོ་བྱས་ནས་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས།   གཞི་རྩའི་རྒན་གསོ་འགན་བཅོལ་གྱི་ཁེབས་རྒྱ་ཆེ་རུ་བཏང་སྟེ་འདི་ལོ་ནས་བཟུང་ལོ་གཉིས་བསྟུད་མར་ཁེ་ལས་ཀྱི་རྒན་ཡོལ་ཞུ་མཁན་གྱི་རྒན་གསོའི་མ་དངུལ་ཚད་གཞི་མཐོ་རུ་གཏོང་རྒྱུ།   ས་ཞིང་ཤོར་བའི་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་དང་།   སྡོད་ཁང་།   སྤྱི་ཚོགས་འགན་སྲུང་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས།

        ཞིང་འབྲོག་མང་ཚོགས་ཀྱི་ལས་མིའི་སྤྱི་ཚོགས་འགན་བཅོལ་གྱི་ཁེབས་རྒྱ་ཆེ་རུ་བཏང་སྟེ་དེའི་ཐད་ཀྱི་རྒན་གསོ་འགན་བཅོལ་གྱི་འབྲེལ་བ་སྒྱུར་སྤྲོད་མཐུད་སྦྱོར་གྱི་བྱ་ཐབས་བཟོ་རྒྱུར་དམ་འཛིན་བྱེད་དགོས།   གྲོང་ཁྱེར་གྲོང་རྡལ་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་ཟམ་མི་ཆད་པར་ལེགས་བཅོས་བྱས་ཏེ་གྲོང་ཁྱེར་གྲོང་རྡལ་གྱི་ལས་བཟོའི་སྨན་བཅོས་འགན་བཅོལ་དེ་རང་སྐྱོང་ལྗོངས་རིམ་པ་ནས་གཅིག་གྱུར་གྲབས་གསོག་བྱེད་ཐུབ་པ་བྱེད་དགོས།   སྤྱི་ལ་དབང་བ་མིན་པའི་ཁེ་ལས་གཙོ་བོར་བྱས་ཏེ་ལས་ཤོར་དང་ལས་རྨས་འགན་བཅོལ་ལམ་ལུགས་ཚགས་ཚུད་དུ་གཏོང་དགོས་པ་དང་ཕྲུ་གུ་སྐྱེས་པའི་འགན་བཅོལ་ལམ་ལུགས་དོན་འཁྱོལ་སྔར་ལས་ལྷག་པ་བྱེད་དགོས།   སྤྱི་ཚོགས་འགན་བཅོལ་གྱི་ཐེབས་རྩར་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས།

        དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བར་བཀོད་སྒྲིག་འོས་འཚམ་བྱེད་དགོས།   ཡོང་འབབ་དམའ་བའི་མང་ཚོགས་ཀྱི་རིན་གོང་ཁ་གསབ་མཉམ་འགུལ་གྱི་བྱེད་ཐབས་ཚགས་ཚུད་དུ་གཏོང་བ་དང་དོན་འཁྱོལ་བྱས་ཐོག་ཟོག་གོང་ལ་ལྟ་འདོམས་དང་ལྟ་སྐུལ་ཚད་ལེན་བྱེད་པའི་སྔོན་ཟོན་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་ཡོང་འབབ་དམའ་བའི་མང་ཚོགས་ཀྱི་འཚོ་བ་ཟོག་གོང་འཕར་བའི་རྐྱེན་གྱིས་ཞན་དུ་མི་འགྲོ་བ་འགན་ལེན་བྱེད་དགོས།   དབུལ་སྐྱོར་ཐོན་འབྱེད་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་ཁུལ་གྱི་གཙོ་གནད་རོགས་སྐྱོར་བྱ་ཡུལ་དང་ཡོང་འབབ་དམའ་བའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལ་ལེགས་བཅོས་ཏན་ཏིག་གཏོང་དགོས།   རང་སྐྱོང་ལྗོངས་ནས་མ་དངུལ་སྒོར་དུང་ཕྱུར་20བཀོད་སྒྲིག་བྱས་ཏེ་སྔོན་ལ་གནོད་འཚེ་ཕོག་པའི་སློབ་གྲྭ་དང་།   སྨན་ཁང་།   མང་ཚོགས་ཀྱི་སྡོད་ཁང་བརྟན་དུ་གཏོང་རྒྱུ་དང་གཙོ་གནད་འཛུགས་སྐྲུན་སོགས་གཞི་རྩའི་འཚོ་བའི་སྒྲིག་བཀོད་སླར་གསོ་བྱས་ནས་ཟླ་6པའི་ཟླ་མཇུག་ཏུ་རྩ་བའི་ཆ་ནས་ཐོན་སྐྱེད་སླར་གསོའི་ལས་འགན་ལེགས་གྲུབ་ཐུབ་པ་བྱེད་དགོས།   མ་དངུལ་སྒོར་དུང་ཕྱུར་1བཀོད་སྒྲིག་བྱས་ཏེ་གནོད་འཚེ་ཕོག་སླ་བའི་རྫོང་ཁག་གཅིག་དང་ཁ་ཚ་དགོས་གཏུག་གི་གནོད་འཚེ་ཕོག་སླ་བའི་ཤང་གྲོང་32ཀྱི་གེགས་འགོག་གེགས་སེལ་གྱི་དངོས་རྫས་གྲབས་གསོག་མཛོད་ཁང་སྐྲུན་དགོས།   རང་སྐྱོང་ལྗོངས་ནས་འཕྲལ་རྐྱེན་གྲབས་གསོག་མ་དངུལ་སྒོར་དུང་ཕྱུར་20མང་དུ་བཏང་སྟེ་འཕྲལ་རྐྱེན་ལ་ཁ་གཏད་གཅོག་ཐབས་ཀྱི་ནུས་པ་སྔར་བས་ཆེ་རུ་གཏོང་རྒྱུ།   གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལྟོ་རྩ་འཕྱིད་ཙམ་གྱི་འགན་སྲུང་ལམ་ལུགས་ཚགས་ཚད་དུ་བཏང་སྟེ་གྲོང་གསེབ་ཀྱི་ལྟོ་རྩ་འཕྱིད་ཙམ་གྱི་ཚད་གཞི་དེ་སྒོར་1100བར་མཐོ་རུ་བཏང་ནས་གྲོང་ཁྱེར་གྲོང་རྡལ་གྱི་ལྟོ་རྩ་འཕྱིད་ཙམ་གྱི་ཚད་གཞི་དེ་སྒོར་310བར་མཐོ་རུ་གཏོང་རྒྱུ།   ཞིང་འབྲོག་ཁུལ་གྱི “རྒན་གྲས་གསུམ ”མི་སྣའི་འཚོ་བའི་ཁ་གསབ་མུ་མཐུད་དོན་འཁྱོལ་བྱས་ཏེ “འགན་ལེན་ལྔའི ”འཚོ་སྐྱོང་གི་ཚད་གཞི་ཡང་བསྐྱར་མཐོ་རུ་གཏོང་རྒྱུ།   དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བའི་རོགས་སྐྱོབ་དང་སྨན་བཅོས་རོགས་སྐྱོབ་སྲིད་ཇུས་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ།   འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ་ལོ་གསུམ་གྱི་ནང་ཚུད་དུ་མ་དངུལ་སྒོར་དུང་ཕྱུར་10བཏང་ནས་ཁང་གླ་ཁེ་བའི་སྡོད་ཁང་དང་གྲོན་ཆུང་གོ་ཆོད་ཀྱི་སྡོད་ཁང་ཁྲི་1རྒྱག་ཐུབ་པ་བྱེད་རྒྱུ་དང་།   སྒོར་དུང་ཕྱུར་20བཏང་ནས་ལས་བཟོའི་སྡོད་ཁང་ཁྲི་2རྒྱག་རྒྱུ།   སྒོར་དུང་ཕྱུར་1བཀོད་སྒྲིག་བྱས་ཏེ་གྲོང་ཁྱེར་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་གྲོང་མིའི་གནས་ཁང་གི་ཁ་གསབ་བྱེད་རྒྱུའི་ཐད་སྤྱོད་རྒྱུ།   ཞིང་པ་ལས་མིའི་གླ་ཕོགས་སྤྲོད་ཕྱོགས་ཀྱི་གནད་དོན་ལ་མཐོང་ཆེན་པོ་བྱས་ནས་དུས་ཐོག་དང་ཆད་ལུས་མེད་པར་སྤྲོད་རྒྱུ་འགན་ལེན་བྱེད་དགོས།   གཞན་ཡང་དབང་པོ་སྐྱོན་ཅན་གྱི་བྱ་གཞག་དང་དགེ་སྒྲུབ་ཀྱི་བྱ་གཞག་གོང་འཕེལ་ཤུགས་ཆེ་གཏོང་དགོས།

        བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ཏན་ཏིག་བྱེད་དགོས།   སྤྱི་པའི་བདེ་འཇགས་ནི་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་།   མང་ཚོགས་ལ་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ།   མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་མི་དམངས་ཀྱི་འཚོ་བའི་གནད་དོན་གལ་ཆེན་ཞིག་ཡིན།   “མི་རྩ་བར་འཛིན་རྒྱུ་དང་ཚེ་སྲོག་ལ་གཅེས་སྤྲས ”བྱེད་རྒྱུའི་ལྟ་བ་བརྟན་པོ་བཙུགས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཏེ་འགྲིམ་འགྲུལ་བདེ་འཇགས་དང་།   ཡུལ་སྐོར་བདེ་འཇགས།   གཏེར་རིའི་བདེ་འཇགས།   ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དང་མེ་ཟོན་བདེ་འཇགས་སོགས་གཙོ་གནད་ལས་དོན་ལ་དམ་འཛིན་བྱེད་དགོས།   བཟའ་བཅའ་དང་སྨན་རྫས་ཐད་ཀྱི་གནོད་མེད་ལས་ཀ་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་མང་ཚོགས་ཀྱི་བཟའ་བཅའི་རིགས་བློ་བདེ་པོ་དང་གནོད་མེད་དངོས་འབྲེལ་ཡོང་བ་བྱེད་དགོས།   བདེ་འཇགས་ལྟ་འདོམས་ཤུགས་ཆེར་བཏང་སྟེ་འགན་འཁྲི་བདའ་འདེད་ཀྱི་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་དོན་རྐྱེན་ཚབས་ཆེའི་རིགས་མི་ཐོན་སྔོན་འགོག་ནན་པོ་བྱེད་དགོས།

        (གསུམ )  འབྱུང་ཁམས་དཔལ་ཡོན་ལྡན་པ་ཡོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྒྱུན་བསྲིང་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་པ།

        གཏོང་ཆ་ཤུགས་ཆེར་གཏོང་དགོས་ཤིང་མ་དངུལ་སྒོར་དུང་ཕྱུར་20བཀོད་སྒྲིག་བྱས་ཏེ་སྐྱས་སྤོས་རྩྭ་ཁ་གསོ་བ་དང་།   ནགས་སྦོལ་ཞིང་ཁ་ནགས་སུ་སྒྱུར་རྒྱུ།   རང་བྱུང་ནགས་ཚལ་སྲུང་སྐྱོབ།   རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་སྐྱོང་།   གཙོ་གནད་ཁུལ་ཁོངས་ཀྱི་ཤིང་འཛུགས་སྔོ་ལྗང་ཅན་དུ་འགྱུར་རྒྱུ།   ས་ཆུ་ཤོར་བ་བཅོས་སྐྱོང་།   གྲོང་ཁྱེར་གྲོང་བརྡལ་གྱི་ཆུ་སྙིགས་དང་གད་སྙིགས་གཙང་སེལ་གྱི་སྒྲིག་བཀོད་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་ཕྱོགས་ཡོངས་ནས་བོད་ཀྱི་འབྱུང་ཁམས་སྔོ་བཅད་སྲུང་སྐྱོབ་དང་འཛུགས་སྐྲུན་ལས་གཞི་འགོ་བརྩམ་རྒྱུ།   ཁྱབ་ཁོངས་མང་བའི་འབྱུང་ཁམས་སྐྱོང་གསབ་བྱེད་ཐབས་འཛུགས་རྒྱུ་དང་ཚགས་ཚུད་དུ་གཏོང་དགོས།   རྩྭ་ཐང་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་རྒྱུ་དང་ཞིང་འབྲོག་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས།   ཆུའི་ཐོན་ཁུངས་ལ་གཅིག་གྱུར་དོ་དམ་དང་གཅིག་སྡུད་ཀྱི་སྒོ་ནས་འཐུང་ཆུའི་འབྱུང་རྩ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས།   ཁོར་ཡུག་ཁྲིམས་སྒྱུར་ལྟ་འདོམས་ནན་པོ་བྱས་ཏེ་ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་གི་བྱ་ཐབས་ཁག་ནན་ཏན་གྱིས་དོན་འཁྱོལ་བྱེད་དགོས།   འཛུགས་སྐྲུན་རྣམ་གྲངས་ཀྱི་ས་གཤིས་ཉེན་ཁའི་རང་བཞིན་གྱི་ཚོད་སྐོར་ལམ་ལུགས་དང་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཚད་དང “གསུམ་དུས་གཅིག་ཏུ ”བྱེད་རྒྱུའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་གསར་སྤེལ་འཛུགས་སྐྲུན་བྱེད་སྒོ་ཁག་ཚད་ལྡན་བཟོས་ཏེ་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཁོར་ཡུག་གི་མ་གནས་དམའ་རུ་གཏོང་གང་ཐུབ་བྱེད་དགོས།

        (བཞི )  རྒྱལ་གཅེས་དང་མཐུན་སྒྲིལ་ཡར་ཐོན་གྱི་དར་ཆ་མཐོན་པོར་བསྒྲེངས་ཏེ་མི་རིགས་དང་ཆོས་ལུགས་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པ།

        མི་རིགས་མཐུན་སྒྲིལ་དང་ཡར་ཐོན་གྱི་བྱ་གཞག་ཧུར་ཐག་སྤེལ་ཏེ་ཏང་གི་མི་རིགས་སྲིད་ཇུས་དང་མི་རིགས་ལས་དོན་ཐད་འཛིན་པའི་གཞི་རྩའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཐོག་མི་རིགས་ཁག་ཐུན་མོང་ཐོག་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་རྒྱུའི་བརྗོད་དོན་གཙོ་བོ་ཁོང་དུ་བརྟན་པོར་ཆུད་པ་བྱས་ནས་“ཁ་བྲལ་ཐབས་མེད་པ་གསུམ ”གྱི་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་སྔར་ལས་ལྷག་པ་བརྒྱབ་སྟེ་འདྲ་མཉམ་དང་།   མཐུན་སྒྲིལ་རོགས་རེས།   གཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་མུ་མཐུད་སྲ་བརྟན་དང་གོང་འཕེལ་གཏོང་དགོས།   བོད་སྐད་ཡིག་ལས་དོན་ལ་ཤུགས་སྣོན་རྒྱག་དགོས།   མ་དངུལ་སྒོར་དུང་ཕྱུར་1.5བཀོད་སྒྲིག་བྱས་ནས “མཐའ་དར་དམངས་ཕྱུག ”བྱེད་སྒོ་ཧུར་ཐག་སྤེལ་ཏེ་མི་འབོར་ཅུང་ཉུང་བའི་གྲངས་ཉུང་མི་རིགས་གོང་འཕེལ་གཏོང་རྒྱུར་རོགས་སྐྱོར་བྱེད་དགོས།

        ཆོས་ལུགས་ལས་དོན་ནན་ཏན་གྱིས་ཡག་པོ་སྒྲུབ་དགོས།   ཏང་གི་ཆོས་ལུགས་ལས་དོན་ཐད་ཀྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་རྒྱུ་དང་།   《ཆོས་ལུགས་བྱ་བའི་སྐོར་གྱི་སྲོལ་ཡིག 》དང་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས་ལག་ལེན་བསྟར་ཏེ་ཐོག་མཐའ་བར་གསུམ་དུ “དབྱེ་མཚམས་གཉིས་གསལ་པོ་དང་འགན་འཁྲི་གཅིག་སྒྲུབ ”རྒྱུའི་སྲིད་ཇུས་རྩ་དོན་དང་ལས་ཀའི་བླང་བྱ་རྒྱུན་འཁྱོངས་བྱས་ནས་ཁྲིམས་མཐུན་ལ་སྲུང་སྐྱོབ་དང་།   ཁྲིམས་འགལ་བཀག་འགོག   སིམ་འཛུལ་བཀག་སྡོམ།   ཉེས་གསོག་ལ་རྡུང་རྡེག་གཏོང་བ་བཅས་བྱེད་དགོས་པ་དང་།   ཆོས་ལུགས་ཀྱི་བྱ་བར་ཁྲིམས་བཞིན་དོ་དམ་བྱས་ནས་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྣེ་ཁྲིད་ཧུར་ཐག་བྱེད་དགོས།   དགོན་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་ཏེ་དགོན་པའི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ནས་ཆོས་ལུགས་ཀྱི་རྒྱུན་གཏན་སྒྲིག་ལམ་བཙུགས་པ་དང་དེར་སྲུང་སྐྱོང་བྱེད་དགོས།

        ལྔ།   བརྟན་ལྷིང་ལ་སྲུང་སྐྱོང་བྱེད་རྒྱུའི་ལས་དོན་གྱི་རྨང་གཞི་བརྟན་དུ་བཏང་སྟེ་གཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་སྒྲིག་ལམ་འགན་སྲུང་བྱེད་དགོས།

        བརྟན་ལྷིང་ནི་མཐའ་དག་ལས་ལྷག་པ་ཡིན་པའི་བསམ་བློར་གཡོ་འགུལ་མི་གཏོང་བར་རྒྱུན་འཁྱོངས་བྱས་ཏེ་གཏིང་ཟབ་རྒྱུན་བསྲིང་གི་སྒོ་ནས་ཏཱ་ལར་ཐེར་འདོན་དགག་རྒྱག་བྱེད་རྒྱུ་དང་རྨང་རྩ་གཉིས་ལྡན་གྱི་རང་འགུལ་བཅོས་སྐྱོང་བྱེད་རྒྱུར་དམིགས་ཏེ་ཕྱོགས་ཡོངས་ནས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་རྒྱུའི་བྱ་ཐབས་ཁག་དོན་འཁྱོལ་བྱས་ནས་དུས་བདེའི་བོད་ལྗོངས་སྐྲུན་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས།  

    (གཅིག )  ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་གཏིང་ཟབ་སྤེལ་དགོས་པ།   ཐོག་མཐའ་བར་གསུམ་དུ་ཏཱ་ལ་ལོག་སྤྱོད་ཀྱི་ངོ་བོར་ངོས་འཛིན་གསལ་པོ་བྱེད་རྒྱུ་དེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྔོན་འགྲོ་ཞིག་ཏུ་བརྩིས་ཏེ “ཁ་ཕྲལ་ལ་ངོ་རྒོལ་དང་།   བརྟན་ལྷིང་སྲུང་སྐྱོང་།   གོང་འཕེལ་ལ་སྐུལ་འདེད ”བཅས་གཏོང་རྒྱུའི་བརྗོད་དོན་གཙོ་བོའི་སློབ་གསོ་མུ་མཐུད་གཏིང་ཟབ་སྤེལ་ནས “མཐུན་སྒྲིལ་དང་བརྟན་ལྷིང་ནི་བདེ་སྐྱིད་ཡིན་པ་དང་།   ཁ་ཕྲལ་དང་ཟིང་ཆ་ནི་ཆག་སྒོ་ཡིན ”པའི་རྒྱུ་མཚན་མི་སེམས་སུ་གཏིང་ཟབ་ཟུག་པ་བྱེད་དགོས།   གཞོན་ནུ་ལོ་ཆུང་ལ་སློབ་གསོ་ཤུགས་ཆེར་གཏོང་རྒྱུ་དེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་རྒྱུའི་འཐབ་རྩོད་ཀྱི་རྩ་བར་བརྩིས་ཏེ་རྒྱུན་བསྲིང་ལྷོད་མེད་ཀྱི་སྒོ་ནས་མར་ཁེ་སི་རིང་ལུགས་ཀྱི “ལྟ་བ་བཞི ”དང་“སྨྲ་བ་གཉིས ”ཀྱི་སློབ་གསོ་གཏོང་རྒྱུ་དང་།   རྒྱུན་བསྲིང་ལྷོད་མེད་ཀྱི་སྒོ་ནས་བོད་ཀྱི་ལོ་རྒྱུས་གསར་ཪྙིང་གཉིས་བསྡུར་བའི་སློབ་གསོ་སྤེལ་ནས་ཁོ་ཚོ་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཛུགས་སྐྲུན་བྱེད་མཁན་ཚད་དང་མཐུན་ཞིང་བློས་འགེལ་ཆོག་པའི་ཤུལ་འཛིན་པ་ཞིག་ཏུ་གསོ་སྐྱོང་བྱེད་དགོས།   “དར་ཆ་གསལ་སྟོན་དང་།   མདུང་རྩེ་ཁ་སྤྲོད།   རང་འགུལ་བཅོས་སྐྱོང་།   རྨང་རྩ་གཉིས་བརྟན ”དང་“རྩ་ལག་མཉམ་བཅོས་དང་རྩ་བཅོས་གཙོ་བཟུང་”བཅས་བྱེད་རྒྱུའི་འཐབ་རྩོད་མཛད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་ཏཱ་ལའི་རུ་ཚོགས་ཀྱི་སིམ་འཛུལ་དང་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་སྣ་ཚོགས་སྔོན་འགོག་དང་དེར་རྡུང་རྡེག་ནན་པོ་གཏོང་དགོས།   དམག་ཉེན་དམངས་གསུམ་མཉམ་འབྲེལ་ཐོག་ནས་འགོག་སྲུང་བྱེད་ལམ་ཤུགས་ཆེར་བཏང་ཐོག་གཙོ་གནད་ཀྱི་ས་ཁུལ་དང་གལ་གནད་ཆེ་བའི་འགོག་སྲུང་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་ཏཱ་ལའི་རུ་ཚོགས་དང་ཁྲིམས་འགལ་པའི་དོན་རྐྱེན་སློང་བར་སེམས་ཐག་གཙང་བཅད་ཀྱིས་བཀག་འགོག་བྱེད་དགོས།   གསང་འཕྲིན་ཆ་འཕྲིན་བསྡུ་རུབ་བྱེད་རྒྱུའི་ལས་དོན་ལ་ཤུགས་སྣོན་གྱིས་དགྲ་འཛིན་ཕྱོགས་གཏོགས་ཀྱི་བྱེད་སྒོའི་འགུལ་ཕྱོགས་གསར་པ་ཁོང་དུ་ནན་པོ་ཆུད་པ་བྱས་ནས་མཐའ་མཚམས་ལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་གྱིས་ཁྲིམས་འགལ་གྱི་སྒོ་ནས་མཐའ་མཚམས་ལས་འགྲོ་འོང་བྱེད་མཁན་ལ་སེམས་ཐག་གཙང་བཅད་ཀྱིས་བཀག་བསྡོམས་བྱེད་དགོས།   འཇིགས་གཏུམ་ལ་ངོ་རྒོལ་བྱེད་ཤུགས་ཆེ་རུ་བཏང་སྟེ་སྔོན་འགོག་ཧུར་ཐག་དང་འཕྲལ་ཐག་ཆོད་པོས་གློ་བུར་དུ་ཐོན་པའི་འཇིགས་གཏུམ་གྱི་དོན་རྐྱེན་ཐག་གཅོད་བྱེད་དགོས།   རྒྱལ་ཁབ་ཀྱི་སྤྱིའི་ཕྱི་འབྲེལ་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་ཧུར་ཐག་སྤེལ་ཏེ་ནུས་ལྡན་གྱི་སྒོ་ནས་ཏཱ་ལའི་རུ་ཚོགས་ཀྱི་རྒྱལ་སྤྱིའི་བྱེད་སྤྱོད་སྤེལ་ཡུལ་ཆུང་དུ་གཏོང་དགོས།

        (གཉིས )  སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ།   ལས་ཀའི་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་སྟེ་འཐུས་སྒོ་ཚང་ལ་ལས་ཕྱོད་ཆེ་བའི་སྤྱི་ཚོགས་བདེ་འཇགས་ཐད་ཀྱི་འགོག་ཟོན་ཚོད་འཛིན་མ་ལག་ཞིག་འཛུགས་རྒྱུ་ཇེ་མགྱོགས་སུ་གཏོང་དགོས།   ཆེད་དོན་བཅོས་སྒྲིག་གཏིང་ཟབ་སྤེལ་ཏེ་ཁྲིམས་འགལ་གྱི་ཉེས་གསོག་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་གཏོང་དགོས།   གྲོང་ཁྱེར་གྱི་བོགས་གཏོང་ཁང་པ་གཙོ་གནད་དུ་བྱས་པའི་ཕྱོགས་མིར་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས།   གྲོང་ཁྱེར་དང་ཞིང་འབྲོག་ཁུལ་གྱི་སྡེ་ཁུལ་ལ་དོ་དམ་དང་ཞབས་ཞུ་བྱེད་རྒྱུར་མངོན་གསལ་དུ་དམ་འཛིན་ཡག་པོ་བྱས་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་བཟང་པོ་ཞིག་ཡོང་བ་བྱེད་དགོས།   ཡིག་འབུལ་ཞུ་བཅར་དང་གཞི་རིམ་གྱི་འདུམ་འགྲིག་ལས་དོན་ལ་ཤུགས་སྣོན་གྱིས་ཉེ་བའི་ལོ་ཤས་ནང་ཐོན་པའི་ས་ཆ་བསྡུ་སྤྱོད་ཀྱི་རིན་གསབ་དང་།   ཁང་པ་བཤིག་སྤོ་བཀོད་སྒྲིག   དེ་བཞིན་ཐོན་ཁུངས་ཐད་ཀྱི་རྩོད་གཞི་སོགས་གནད་དོན་གསར་པར་དམིགས་ནས་མང་ཚོགས་ཀྱིས་རྗེས་དཔག་དང་ཁྲིམས་མཐུན་གྱི་སྒོ་ནས་ཞུ་རེ་བྱེད་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་སྤྱི་ཚོགས་ཀྱི་འགལ་བ་སྣ་ཚོགས་ཐག་གཅོད་འོས་འཚམ་བྱས་ནས་མི་དཔུང་ཁྱུ་སྒྲིག་གི་དོན་རྐྱེན་ཐག་གཅོད་འོས་འཚམ་བྱས་ཐོག་ཏཱ་ལའི་རུ་ཚོགས་དང་དགྲ་འཛིན་པས་ཐེ་ཇུས་བེད་སྤྱོད་བྱེད་རྒྱུ་སྔོན་འགོག་བྱེད་དགོས།

        (གསུམ )  གཞི་རིམ་གྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས་པ།   ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུར་སྐུལ་སྤེལ་དང་སྤྱི་ཚོགས་གཞི་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་བྱས་ཏེ་རྨང་རྩ་གཉིས་བརྟན་དང་སྟོབས་ཤུགས་གཅིག་སྒྲིལ་དམིགས་ཚད་དུ་བྱས་ཐོག་ཕྱོགས་ཡོངས་ནས་གྲོང་གསེབ་ཀྱི་གཞི་རིམ་རྨང་གཞིའི་ལས་དོན་གཙོ་གནད་དུ་བྱས་ཏེ་གཞི་རིམ་རྩ་འཛུགས་ལ་ཤུགས་སྣོན་གྱིས་བསམ་བློའི་རྨང་གཞི་བརྟན་དུ་བཏང་སྟེ་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི “འགོག་རྒོལ་གྱི་འཐབ་ས་དང་པོ ”ཞིག་འཛུགས་ཐུབ་པ་ཧུར་ཐག་བྱེད་དགོས།   གཞི་རིམ་གྱི་སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གཞི་རིམ་སྲིད་ཁྲིམས་སྡེ་ཚན་གྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་བཅོས་བྱས་ནས་དམག་འཐབ་ཀྱི་ནུས་པ་ཟམ་མི་ཆད་པར་གོང་མཐོར་གཏོང་དགོས།   གཞི་རིམ་གྱི་སྤྱི་སྤྱོད་འགྲོ་གྲོན་མང་དུ་བཏང་ནས་མུ་མཐུད་གྲོང་ཚོའི་ལས་བྱེད་པའི་ལས་ཀའི་ཆ་རྐྱེན་དང་འཚོ་བའི་ཐོབ་ཐང་ལེགས་བཅོས་བྱེད་དགོས།

        དྲུག   སྲིད་གཞུང་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།

        ཐོག་མཐའ་བར་གསུམ་དུ་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་རང་འགུལ་གྱི་སྒོ་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བས་བསམ་བློར་དྲག་ཆས་དང་ལག་ལེན་ལ་མཛུབ་ཁྲིད་བྱས་ཐོག་སྲིད་གཞུང་འཛུགས་སྐྱོང་བྱེད་རྒྱུའི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་བཏང་སྟེ་ཞབས་ཞུ་བྱེད་སྟངས་རྒྱུན་ཆད་མེད་པར་ལེགས་བཅོས་བྱས་ནས་གོང་འཕེལ་གྱི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་གཏོད་དགོས།

        (གཅིག )  ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་སློབ་སྦྱོང་དང་ལག་ལེན་བྱེད་པའི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་དགོས་པ།    རིམ་ཁག་སྲིད་གཞུང་གིས་ངེས་པར་དུ “ལག་བསྟར་གཅིག་དང་།   རྒྱུན་འཁྱོངས་གསུམ།   སྐུལ་སྤེལ་གཉིས ”བཅས་ཀྱི་བླང་བྱ་ལྟར་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་སློབ་སྦྱོང་དང་ལག་ལེན་བྱེད་རྒྱུའི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་སློབ་སྦྱོང་གཏིང་ཟབ་དང་ངོས་འཛིན་མཐོ་རུ་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་འཁྱོལ་ཐུབ་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་།   ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བས་བསམ་བློར་དྲག་ཆས་དང་ལྟ་བར་འགྱུར་ལྡོག་བཏང་སྟེ་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་དོན་འཁྱོལ་བྱེད་པའི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་ཀྱི་རང་བཞིན་ཟམ་མི་ཆད་པར་ཤུགས་ཆེར་གཏོང་དགོས།   ལག་ལེན་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱེད་རྒྱུ་དང་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུ་དང་མང་ཚོགས་ཀྱིས་བསམ་འཆར་ཤུགས་ཆེ་ཡོད་པའི་མངོན་ཆེའི་གནད་དོན་རིགས་ཐག་གཅོད་བྱས་ནས་མང་ཚོགས་ལ་ཁ་ཚ་དགོས་གཏུགས་ཆེ་བ་དང་སྒྲུབ་དགོས་ངེས་ཀྱི་བྱ་བ་འགའ་ཞིག་སྒྲུབ་དགོས།   མཐུན་སྦྱོར་ངང་སྐུལ་འདེད་དང་ཕན་འབྲས་དངོས་ཐོན་རྒྱུར་དོ་སྣང་བྱེད་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས་ཕྱོགས་གཉིས་དམ་འཛིན་དང་།   ཕྱོགས་གཉིས་འཐུས་ཤོར་མི་འགྲོ་བ།   སྐུལ་འདེད་གཉིས་བཅས་ཐུབ་པ་བྱས་ཏེ་སློབ་སྦྱོང་དང་ལག་ལེན་གྱི་བྱེད་སྒོའི་གྲུབ་འབྲས་རྣམས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་ཐོག་མངོན་ཐུབ་པ་བྱེད་དགོས།

        (གཉིས )  གོང་འཕེལ་གྱི་ཁོར་ཡུག་ལེགས་སྒྱུར་ཟམ་མི་ཆད་པ་བྱེད་དགོས་པ།    རིམ་ཁག་སྲིད་གཞུང་དང་དེའི་སྡེ་ཚན་ཁག་གིས་དོ་དམ་དང་ཞབས་ཞུ་གལ་ཆེ་མཉམ་འཛིན་བྱས་ཏེ་ཞབས་ཞུའི་འདུ་ཤེས་ཤུགས་ཆེར་བཏང་ཐོག་ཞབས་ཞུ་བྱེད་སྟངས་ལ་འགྱུར་ལྡོག་བཏང་ནས་ཞབས་ཞུའི་སྤུས་ཚད་གོང་མཐོར་གཏོང་དགོས།   སྡེ་ཚན་གྱི་འགན་ནུས་ལས་བགོས་འབྲེལ་འཛིང་བསངས་ཏེ་ལས་ཀའི་གོ་རིམ་ལེགས་སྒྱུར་ཡོང་བ་བྱས་ཐོག་ཡོངས་བསྒྲགས་ཀྱིས་བྱ་བ་སྒྲུབ་པའི་ལམ་ལུགས་ཁག་ཚགས་ཚུད་དུ་བཏང་ནས་སྲིད་གཞུང་གི་ལས་ཁུངས་འཁོར་སྐྱོད་བྱེད་རྒྱུ་དེ་སྔར་བས་ཚད་ལྡན་མཐུན་སྦྱོར་ཐུབ་པ་དང་།   ལས་དོན་རྣམས་སྔར་བས་དམངས་ཕན་དང་ལས་ཆོད་ཆེ་བ་ཡོང་བ་བྱས་ཏེ་གཞི་རིམ་དང་།   ཁེ་ལས།   མང་ཚོགས་བཅས་ལ་སྔར་ལས་ལྷག་པའི་སྒོ་ནས་ཞབས་ཞུ་བྱེད་དགོས་པ་དང་།   གོང་འཕེལ་གྱི་ཁོར་ཡུག་ལེགས་སྒྱུར་ཡོང་བ་བྱས་ཏེ་མི་ཚང་མ་ཁོར་ཡུག་སྲུང་སྐྱོབ་བྱེད་མཁན་གྱི་གཟུགས་བཪྙན་ལྟ་བུ་ཞིག་ཏུ་འགྱུར་བ་བྱེད་རྒྱུའི་བསམ་བློ་བཙུགས་ཐོག་ཁོར་ཡུག་བཟང་པོ་གཏོད་པའི་བྱེད་སྒོ་གཏིང་ཟབ་སྤེལ་ནས་ཕྱོགས་གང་ཐད་ཀྱི་ཧུར་སེམས་དང་གསར་གཏོད་རང་བཞིན་ཚང་མ་ཁོར་ཡུག་འཛུགས་སྐྱོང་གོང་འཕེལ་གཏོང་རྒྱུའི་ཐོག་སླེབས་ཐུབ་པ་བྱེད་དགོས།

        (གསུམ )  སྲིད་འཛིན་དོ་དམ་ལམ་སྲོལ་བསྒྱུར་བཅོས་དང་གསར་གཏོད་བྱེད་དགོས་པ།    ས་གནས་སྲིད་གཞུང་གི་ལས་ཁུངས་བསྒྱུར་བཅོས་བྱེད་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར་ལག་བསྟར་ནན་ཏན་གྱིས་སྲིད་གཞུང་གི་འགན་ནུས་ལ་འགྱུར་བ་སྔར་ལས་ལྷག་པ་བཏང་སྟེ་ཕྱོགས་ཡོངས་ནས་སྲིད་གཞུང་གི་ལས་ཁུངས་བསྒྱུར་བཅོས་བྱེད་རྒྱུར་སྐུལ་འདེད་གཏོང་དགོས།   མི་དོན་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་བྱས་ཏེ་བྱ་གཞག་ཚན་པའི་ལས་གནས་སྒྲིག་བཀོད་ཚོད་ལྟའི་ལས་དོན་བརྟན་པོའི་སྒོ་ནས་སྤེལ་དགོས།   སྲིད་འཛིན་དོ་དམ་བྱེད་སྟངས་གསར་གཏོད་ཀྱིས་དཔལ་འབྱོར་སྙོམས་སྒྲིག་དང་ཁྲོམ་རའི་ལྟ་འདོམས་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པ་དང་ཕྱོགས་མཚུངས་སྤྱི་ཚོགས་དོ་དམ་དང་སྤྱི་པའི་ཞབས་ཞུར་དོ་སྣང་དེ་བས་ཆེ་བ་བྱེད་དགོས།   གློ་བུར་གྱི་དོན་རྐྱེན་ལ་ཁ་གཏད་གཅོག་ཐབས་ཀྱི་བྱེད་ཐབས་ལེགས་བཅོས་བྱེད་རྒྱུ་ཇེ་མགྱོགས་སུ་བཏང་སྟེ་སྲིད་གཞུང་གིས་དེའི་ཐད་དོ་དམ་བྱེད་པའི་འགོ་ཁྲིད་ཀྱི་ནུས་པ་དང་སྒྲིག་འཛུགས་བྱེད་ནུས་གོང་མཐོར་གཏོང་དགོས།   སྲིད་འཛིན་བྱ་སྤྱོད་ཚད་ལྡན་བཟོས་ཏེ་སྲིད་འཛིན་གྱི་གོ་རིམ་ནན་པོ་ལག་བསྟར་གྱིས་སྲིད་འཛིན་གྱི་མཆན་འགོད་ལམ་ལུགས་བསྒྱུར་བཅོས་མུ་མཐུད་གཏིང་ཟབ་བྱེད་དགོས།   དམངས་གཙོའི་ལྟ་སྐུལ་ལམ་ལུགས་རྒྱུན་འཁྱོངས་བྱེད་དགོས་པ་དང་།   མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་བཅའ་ཁྲིམས་ཀྱི་ལྟ་སྐུལ་དང་ལས་ཀའི་ལྟ་སྐུལ་རང་འགུལ་ངང་དང་ལེན་བྱས་ཏེ་རང་རྟོགས་ཀྱི་སྒོ་ནས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་དང་ལེན་ཞུས་ཐོག་སྤྱི་དམངས་དང་།   སྤྱི་ཚོགས།   གསར་འགྱུར་གླེང་ཕྱོགས་བཅས་ཀྱི་ལྟ་སྐུལ་ནན་ཏན་གྱིས་དང་ལེན་ཞུས་ནས་མུ་མཐུད་སྲིད་དོན་སྤྱི་བསྒྲགས་བྱས་ཏེ་ཕྱོགས་ཡོངས་ནས་སྲིད་གཞུང་གི་ཆ་འཕྲིན་ཡོངས་ཁྱབ་ལམ་ལུགས་དོན་འཁྱོལ་བྱས་ཏེ་སྲིད་གཞུང་གི་ལས་ཀའི་གསལ་ཆ་དང་ཀུན་གྱི་ཡིད་ཆེས་བྱེད་ཚད་ཆེ་རུ་གཏོང་དགོས།   ཁྲིམས་ལུགས་ཀྱི་ལྟ་བ་བརྟན་པོ་བཙུགས་ཏེ་ཁྲིམས་བཞིན་སྲིད་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་ཁྲིམས་སྐྱོང་གི་སྲིད་གཞུང་ཞིག་ཧུར་ཐག་སྐྲུན་དགོས།   “ལོ་ལྔའི་འཆར་གཞི་ལྔ་པའི ”ཁྲིམས་ལུགས་ཁྱབ་གདལ་གྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱུན་ཆད་མེད་པར་སྤྱི་ཚོགས་ཡོངས་ཀྱི་ཁྲིམས་ལུགས་འདུ་ཤེས་གོང་མཐོར་གཏོང་དགོས།

        (བཞི )  ཐོག་མཐའ་བར་གསུམ་དུ་སྲིད་གཙང་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ།    དམ་པ་དོན་གཉེར་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེ་བཏང་སྟེ་དཔོན་ཉམས་རིང་ལུགས་དང་།   ཕྱི་ཚུལ་རིང་ལུགས།   དེ་བཞིན་བྱེད་ངོམ་ལས་གཞི་བཅས་སྤངས་ནས་ཡིག་ཆ་འབྲི་སྟངས་དང་ཚོགས་འདུ་འཚོགས་སྟངས་ལ་ལེགས་བཅོས་བྱས་ཏེ་ཚོགས་འདུ་དང་ཡིག་ཆ་ཁུ་སྡུད་དུ་བཏང་ནས་དམ་པ་དོན་གཉེར་གྱི་སྲིད་གཞུང་ཞིག་ཧུར་ཐག་སྐྲུན་དགོས།   ཐོག་མཐའ་བར་གསུམ་དུ་དཀའ་སྤྱད་འབད་འཐབ་དང་།   ཧུར་བསྲི་གྲོན་ཆུང་གི་སྲོལ་རྒྱུན་བཟང་པོ་རྒྱུན་འཁྱོངས་བྱས་ཐོག་སྤྱི་སྤྱོད་ཐད་ཀྱི་འགྲོ་གྲོན་ལ་ཚོད་འཛིན་ནན་པོ་བྱས་ཏེ་སྲིད་འཛིན་གྱི་མ་གནས་དམའ་རུ་བཏང་ནས་གྲོན་ཆུང་ལྡན་པའི་སྲིད་གཞུང་ཞིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས།   དབང་ཆ་བེད་སྤྱོད་གཏོང་ཕྱོགས་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པ་དང་མི་དོན།   ནོར་སྲིད་རྒྱུ་ནོར་སོགས་དོ་དམ་བེད་སྤྱོད་བྱེད་མཁན་གྱི་འགག་རྩའི་ལས་གནས་ཐད་ལྟ་སྐུལ་དོ་དམ་དང་ཚོད་འཛིན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རུལ་སུངས་གཅུན་སྡོམ་དང་སྔོན་འགོག་བྱེད་རྒྱུར་སློབ་གསོ་གཏོང་བའི་ནུས་པ་རྒྱུན་ཐོན་གྱི་བྱེད་ཐབས་དང་དབང་ཆ་བེད་སྤྱོད་གཏོང་རྒྱུར་ལྟ་སྐུལ་ཚོད་འཛིན་བྱེད་ཐབས་ཤིག་ཆགས་པ་བྱེད་དགོས།   ནང་མཁོ་རྒྱ་ཆེར་གཏོང་བ་དང་དཔལ་འབྱོར་བརྟན་པོའི་སྒོ་ནས་འཕར་ཐབས་བྱེད་རྒྱུར་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱ་ཐབས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱས་ཏེ་རྣམ་གྲངས་འདེམས་རྒྱུ་དང་ལག་བསྟར་བྱེད་སྐབས།   ཡོངས་བསྒྲགས་དང་།   གསལ་ཆ།   ཕན་ནུས་ཐོན་པ་བཅས་འགན་ལེན་བྱས་ནས་འཛུགས་སྐྲུན་ཐད་ཀྱི་མ་དངུལ་ཉར་བཟུང་གཞན་སྤྱོད་བྱེད་རིགས་སྔོན་འགོག་ནན་པོ་བྱེད་དགོས།   གཞུང་ལས་པར་སློབ་གསོ་སྦྱོང་བརྡར་དང་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཆབ་སྲིད་ཐད་བློ་བརྟན་འགྱུར་མེད་དང་།   ལས་སྒོའི་ཐད་གོ་འཕེར་ཐག་ཆོད།   ཀུན་སྤྱོད་བཟང་བ།   སྲི་ཞུ་སྤྱོད་གཙང་བཅས་ཀྱི་གཞུང་ལས་པའི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས།

        འཐུས་མི་རྣམ་པ།   ལོ་གསར་པའི་སྲིད་གཞུང་གི་ལས་འགན་ནི་ཤིན་ཏུ་ལྕི་བ་ཞིག་ཡིན་པས།   ང་ཚོའི་ཕྲག་ཐོག་གི་འགན་འཁྲི་ལྕི་ལ།   གཟི་བརྗིད་ཀྱང་ཆེ་བའི་མྱོང་ཚོར་ཟབ་མོ་ཡོང་གི་འདུག   ང་ཚོས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་འོག་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཐོག་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་།   ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་ལྟར་ཡར་བརྩོན་གྱི་སེམས་ཤུགས་དེ་བས་ཆེ་བ་དང་།   དམ་པ་དོན་གཉེར་གྱི་སྤྱོད་ཚུལ་དེ་བས་བཟང་བའི་ཐོག་ནས་ལས་ཀ་དེ་བས་ཏན་ཏིག་དང་ནུས་ལྡན་གྱི་སྒོ་ནས་སྤེལ་ཏེ་འབྱོར་འབྲིང་གི་བོད་ལྗོངས་དང་།   དུས་བདེའི་བོད་ལྗོངས།   གཞི་མཐུན་གྱི་བོད་ལྗོངས་བཅས་སྐྲུན་ཕྱིར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།   ཕུལ་བྱུང་གི་གྲུབ་འབྲས་ཀྱི་ཐོག་ནས་ཀྲུང་གོ་གསར་པ་དབུ་བཪྙེས་ནས་ལོ་60  འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་50འཁོར་བར་བསུ་བ་ཞུ་དགོས།

                             (བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གཉིས་པའི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།