དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • སྲིད་གཞུང་ལས་དོན་སྙན་སྒྲོན་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་ཆོད།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བྱམས་པ་ཕུན་ཚོགས་ཀྱིས་གནང་བའི་སྲིད་གཞུང་ལས་དོན་སྙན་སྒྲོན་གསན་ནས་གྲོས་ཞིབ་གནང་བ་རེད། ཚོགས་འདུས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ན་ནིང་གི་ལས་དོན་ལ་གདེང་འཇོག་གང་ལེགས་གནང་བ་དང་འབྲེལ་སྙན་སྒྲོན་ནང་བཏོན་པའི་འདི་ལོའི་ལས་དོན་གྱི་བཀོད་སྒྲིག་ལ་མོས་མཐུན་བྱས་ནས་སྙན་སྒྲོན་འདིར་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་ཡིན།

        ཚོགས་འདུས་ངོས་འཛིན་གནང་དོན། 2008ལོ་ནི་རང་ལྗོངས་ཀྱི་འཕེལ་རྒྱས་ལོ་རྒྱུས་ནང་ཆེས་རྒྱུན་ལྡན་མིན་ལ་ཆེས་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན། ལྷ་སའི “གསུམ་པའི་བཅུ་བཞིའི ”རྡུང་གཅོག་འཕྲོག་སྲེག་གི་ཚབས་ཆེའི་གཏུམ་སྤྱོད་ཉེས་གསོག་དོན་རྐྱེན་དང་། ས་ཡོམ་དང་གངས་སྐྱོན་གྱི་གནོད་འཚེ་ཚབས་ཆེ། རྒྱལ་ནང་གི་དཔལ་འབྱོར་འཕེལ་ཤུགས་འགོར་པོ་ཡིན་པ། རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་སོགས་ཀྱི་འགྲན་རྩོད་དང་ཚོད་བགམ་གྱི་མདུན་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་འགོ་ཁྲིད་འོག ཐོག་མཐའ་བར་གསུམ་དུ་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་གཏིང་ཟབ་བྱེད་ཅིང་། ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་མཐའ་གཅིག་ཏུ་ལག་ལེན་བསྟར་བ་དང་། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་ཇུས་ཐག་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ་བབ་བརླིང་ངང་གདོང་ལེན་བྱེད་པ་དང་། དཀའ་གནད་གསལ་འགྲོལ། མཐུན་སྒྲིལ་འབད་འཐབ་བཅས་ཀྱི་ཐོག་ནས་བརྟན་ལྷིང་སྲུང་སྐྱོང་གཙོ་བཟུང་དང་། གོང་འཕེལ་སླར་གསོ་བྱ་རྒྱུར་འབད་བརྩོན་བྱས་ནས་ཐོག་མཐའ་བར་གསུམ་དུ་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་རྒྱུར་འབད་བརྩོན་ལྷོད་མེད་བྱས་ནས་དཀའ་ཚེགས་ཆེ་བའི་ཁྲོད “འགན་ལེན་གསུམ ”ཐུབ་པ་བྱུང་སྟེ། ལྗོངས་ཡོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་ཚུལ་བཟང་པོ་རྒྱུན་བསྲིངས་ཐུབ་ནས་སྤྱི་ཚོགས་ཀྱི་དུས་བབ་སྤྱིར་ན་བརྟན་ལྷིང་དང་མི་དམངས་ཀྱི་འཚོ་བ་སྔར་བས་ལེགས་སུ་སོང་བ་བཅས་བྱུང་ཡོད།

        ཚོགས་འདུས་ནན་བཤད་གནང་དོན། འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བཪྙེས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་དང་། བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་50འཁོར་བའི་ལོ་ཞིག ཀྲུང་དབྱང་གི་ནང་མཁོ་རྒྱ་ཆེར་གཏོང་བ་དང་དཔལ་འབྱོར་བརྟན་པོའི་སྒོ་ནས་གོང་འཕེལ་གཏོང་བའི་བྱ་ཐབས་སྲིད་ཇུས་དོན་འཁྱོལ་བྱེད་པའི་གལ་ཆེའི་ལོ་ཞིག “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་གཞི་བདེ་བླག་ངང་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས “ལྟེ་བ་གཅིག་དང་། དོན་ཆེན་གཉིས། འགན་ལེན་གསུམ ”བཅས་ཀྱི་མཛུབ་ཁྲིད་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་གཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་ལ་དམ་པོར་དམིགས་ནས་དཔལ་འབྱོར་བརྟན་ཞིང་མྱུར་བའི་གོང་འཕེལ་གཏོང་རྒྱུ་དེ་དཔལ་འབྱོར་ལས་ཀའི་ལས་འགན་ཨང་དང་པོར་བརྩིས་ཏེ་ཁྱོན་ཡོངས་ནས “ཐོན་ལས་དང་པོ་ཆུ་ཚད་གོང་མཐོར་གཏོང་བ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་བཟུང་། ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེན་གཏོང་བའི ”དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་འཐབ་ཇུས་ལག་བསྟར་བྱས་ནས་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས། བསྒྱུར་བཅོས་གཏིང་ཟབ་དང་སྒོ་མོ་རྒྱ་ཆེར་དབྱེ་ནས་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་བའི་གསོན་ཤུགས་དང་འགྲན་ཤུགས་ཟམ་མི་ཆད་པར་ཤུགས་ཆེ་རུ་གཏོང་དགོས། མང་ཚོགས་ཀྱི་ཁེ་ཕན་ལ་ཐུག་པའི་དཀའ་གནད་ཆེ་བ་དང་གླེང་ཆ་ཆེ་བའི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ། མི་དམངས་ཀྱི་འཚོ་བ་ལེགས་སུ་བཏང་ཐོག་གོང་འཕེལ་གྱི་འབྲས་བུ་མི་དམངས་ཀྱིས་ལོངས་སྤྱོད་ཐུབ་རྒྱུ་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་དུས་བབ་རྩ་བའི་ཆར་བརྟན་ལྷིང་ཡོང་རྒྱུ་རྩ་བར་འཛིན་ནས་སྤྱི་ཚོགས་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་གཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་སྐྲུན་ཐོག རང་ལྗོངས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་ལེགས་སྐྱོང་། རིག་གནས་དར་སྤེལ། སྤྱི་ཚོགས་འཛུགས་སྐྲུན། དེ་བཞིན་འབྱུང་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་བགྲོད་ལམ་ཐོག་སྲ་ཞིང་བརྟན་པའི་གོམ་བགྲོད་སྤོ་ཐུབ་རྒྱུར་འབད་བརྩོན་བྱེད་དགོས།

        ཚོགས་འདུས་འབོད་སྐུལ་གནང་དོན། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་འགོ་ཁྲིད་འོག་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཐོག་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་ནས་འདི་ལོའི་ལས་འགན་ཁག་ཏན་ཏིག་ངང་ལེགས་པར་བསྒྲུབས་ཐོག་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ཤིང་མྱུར་བའི་གོང་འཕེལ་གཏོང་ཕྱོགས་ལ་སྐུལ་འདེད་ཧུར་ཐག་བྱས་ཤིང་། སྤྱི་ཚོགས་དུས་བབ་རྩ་བའི་ཆར་བརྟན་ལྷིང་ནས་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་བཏང་ནས་མུ་མཐུད་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། གཞི་མཐུན་བོད་ལྗོངས་ཀྱི་རྣམ་པ་གསར་པ་བཏོད་དེ་ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བཪྙེས་ནས་ལོ་60འཁོར་བ་དང་བོད་དུ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་50འཁོར་བར་བསུ་བ་ཞུ་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།