བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་ 1 ཚེས་ 13 ཉིན་གནས་ཚུལ་འབྱོར་གསལ། གསར་འགོད་པར་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་དགུ་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་གཞི་ཚོགས་ཆུང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་ 1 ཚེས་ 13 ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ 5 པའི་བར་ཚོགས་ཆེན་ལ་ཨུ་ཡོན་གྱི་གྲོས་གཞི་ 203 འབྱོར་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། བརྟན་ལྷིང་སྲུང་སྐྱོང་དང་། ལྗོངས་རྒྱུའི་ལས་རིགས་འཕེལ་རྒྱས། ལྗོངས་རྒྱུའི་ཐོན་ཁུངས་སྲུང་སྐྱོང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། འགྲིམ་འགྲུལ། ནུས་རྒྱུ་སོགས་གནད་དོན་ནི་སྔར་བཞིན་འདི་ལོའི་ཚོགས་ཆེན་གྱི་གྲོས་གཞིའི་བརྗོད་དོན་གཙོ་བོ་ཡིན། ཨུ་ཡོན་ཚོས 《ཉི་འོད་ནུས་པ་དང་རླུང་ནུས་ཁྱབ་གདལ་བཏང་ནས་གློག་དཀོན་པའི་གནད་དོན་ཐག་གཅོད་བྱེད་དགོས 》ཞེས་པ་དང་། 《རང་ལྗོངས་ཀྱི་བཟའ་བཅའི་བདེ་འཇགས་ལས་དོན་ལ་ཤུགས་སྣོན་རྒྱག་དགོས 》ཞེས་པ 《གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་ནས་བདེ་སྡོད་ལས་གྲྭ་ལག་བསྟར་བྱེད་པའི་གོམ་སྟབས་མགྱོགས་སུ་གཏོང་དགོས 》ཞེས་པ་སོགས་ཀྱི་གྲོས་གཞི་བཏོན་ཡོད། 《གཞི་རིམ་དུ་སྐད་གྲགས་ཡོད་པའི་བོད་ལུགས་གསོ་རིག་གི་རིགས་གཅིག་མཁས་ཅན་རྒན་གྲས་ལ་མཐོང་ཆེན་བྱས་ཏེ་བོད་ལུགས་གསོ་རིག་གི་ཐུན་མོང་མ་ཡིན་པའི་ནད་བཅོས་ཐབས་དང་གསང་བའི་བཅོས་ཐབས་མྱུར་སྐྱོབ་བྱེད་དགོས 》ཞེས་པ་དང་། 《བོད་ལུགས་གསོ་རིག་གི་སྨན་རྩྭའི་ཐོན་ཁུངས་དང་བོད་སྨན་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་དགོས 》ཞེས་པ 《ཞིང་པའི་ས་ཞིང་ཤོར་བའི་གནད་དོན་ཐག་གཅོད་བྱེད་དགོས 》ཞེས་པ་སོགས་རང་ལྗོངས་ཀྱི་སྲིད་གྲོས་ཀྱི་འདི་ལོར་གཙོ་གནད་ཐོག་སྒྲུབ་གཉེར་བྱ་རྒྱུའི་གྲོས་གཞིའི་ནང་འཇུག་རྒྱུ་དང་གཞན་ཡང་ད་རེས་ཀྱི་ཚོགས་འདུར་ད་དུང 《སྤྱི་པའི་བྱ་སྤྱོད་སྤེལ་ཡུལ་དུ་ཐ་མག་འཐེན་མི་ཆོག 》ཞེས་པའི་སྐོར་གྱི་གྲོས་གཞི་འབྱོར་བ་དང་གྲོས་གཞི་དེ་རིགས་ནི་རང་ལྗོངས་ཀྱི་སྲིད་གྲོས་ཀྱི་སྐབས་རིམ་བྱུང་གི་ཚོགས་འདུའི་ནང་ཐེངས་དང་པོ་ཡིན་པ་རེད།