བློ་མཐུན་ཚོ།
དཔལ་འབྱོར་ཡོངས་ཁྱབ་ཞིབ་བཤེར་ནི་རྒྱལ་ཁབ་ཀྱི་གནས་ཚུལ་དང་རྒྱལ་སྟོབས་དང་རང་ལྗོངས་ཀྱི་གནས་ཚུལ་དང་རང་ལྗོངས་ཀྱི་སྟོབས་ཤུགས་ལ་བརྟག་དཔྱད་ཆེན་པོ་བྱེད་པ་ཞིག་ཡིན། ད་རེས་སྤེལ་བའི་ལྗོངས་ཡོངས་ཀྱི་རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་གཉིས་པར་ཐོབ་པའི་ཕྱོགས་བསྡུས་དཔལ་འབྱོར་གྱི་ཆ་འཕྲིན་ནི་རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ལག་བསྟར་བྱས་ཚུལ་ལ་དཔྱད་དཔོག་བྱེད་པ་དང “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་གཏན་འཁེལ་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་ཡིན། ལྷག་པར་དུ་མིག་སྔར་འཛམ་གླིང་གི་དཔལ་འབྱོར་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་འགྲོ་བའི་གནས་ཚུལ་གསར་པའི་འོག་དཔལ་འབྱོར་ཡོངས་ཁྱབ་ཞིབ་བཤེར་བྱ་རྒྱུ་དེ་ནི་ཏང་དང་སྲིད་གཞུང་དང་། དེ་བཞིན་རིགས་ཁག་གི་དཔལ་འབྱོར་ཚན་པ་དང་སྤྱི་དམངས་ཀྱིས་འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་འགྲོ་བ་དེས་རང་ལྗོངས་ཀྱི་དཔལ་འབྱོར་ལ་ཐོན་པའི་དགེ་མཚན་མེད་པའི་ཤུགས་རྐྱེན་ལ་ཁ་གཏད་འཇལ་བ་དང་རང་ལྗོངས་ཀྱི་དཔལ་འབྱོར་བརྟན་པོ་དང་མགྱོགས་ཙམ་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།
ད་རེས་དཔལ་འབྱོར་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་ནི་རང་ལྗོངས་སུ་ཐོན་ལས་གཉིས་པ་དང་ཐོན་ལས་གསུམ་པ་གཉེར་མཁན་ཁྲིམས་མིའི་ཚན་པ་ཡོངས་རྫོགས་དང་། ཐོན་ལས་ཀྱི་བྱེད་སྒོ་སྤེལ་མཁན་ཚན་པ། ཁེར་རྐྱང་གཉེར་སྐྱོང་དུད་ཚང་བཅས་ཡིན། དངུལ་ཁང་དང་འབྲེལ་ཡོད་དངུལ་རྩའི་ལས་རིགས་དང་། དངུལ་འཛིན་ལས་རིགས། འགན་བཅོལ་ལས་རིགས། ལྕགས་ལམ་སྐྱེལ་འདྲེན་ལས་རིགས་བཅས་དང་། དེ་བཞིན་དམག་དཔུང་དང་དྲག་ཆས་ཉེན་རྟོག་ཁོངས་གཏོགས་ཀྱི་ཡོངས་ཁྱབ་ཞིབ་བཤེར་ལས་དོན་དེ་འབྲེལ་ཡོད་སྡེ་ཚན་ནམ། དེ་བཞིན་ས་གནས་ཀྱི་དཔལ་འབྱོར་ཡོངས་ཁྱབ་ཞིབ་བཤེར་གཞུང་དོན་ཁང་གིས་ཐུན་མོང་ཐོག་འགན་འཁུར་བ་ཕུད་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་གཞན་དག་ཚང་མས་གནས་ཡུལ་གྱི་རྫོང (ཆུས )གི་དཔལ་འབྱོར་ཡོངས་ཁྱབ་ཞིབ་བཤེར་སྒྲིག་གཞིར་ཡོངས་ཁྱབ་ཞིབ་བཤེར་གྱི་གྲངས་གཞི་སྙན་སེང་ཞུ་དགོས། ཡོངས་ཁྱབ་ཞིབ་བཤེར་གྱི་ཚད་ལྡན་དུས་ཚོད་ནི་2008ལོའི་ཟླ་12ཚེས་31ཉིན་གྱི་ཆུ་ཚོད་24སྐབས་ཡིན་པ་དང་དུས་སྐབས་ཀྱི་དཔྱད་གཞི་ནི་2008ལོའི་ལོ་འཁོར་ཡིན་པ་དང་2009ལོའི་ཟླ་དང་པོ་ནས་ཟླ་བ་ལྔ་པ་བར་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང་ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་བྱ་རྒྱུ་ཡིན་པ་རེད།
རང་ལྗོངས་ཀྱི་རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་གཉིས་པའི་ལས་དོན་དེ་འགག་རྩའི་དུས་མཚམས་སུ་སླེབས་པ་དང་ཡོངས་ཁྱབ་ཞིབ་བཤེར་གྱི་ཐོ་འགོད་ལས་དོན་དེ་སྤེལ་ཉེར་ཡོད་པ་རེད། རིམ་ཁག་སྲིད་གཞུང་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། སྲིད་གཞུང་གི་བྱ་སྤྱོད་ལ་ཤུགས་སྣོན་རྒྱག་པ། དཔལ་འབྱོར་ཡོངས་ཁྱབ་ཞིབ་བཤེར་ལས་དོན་དེ་རིམ་ཁག་སྲིད་གཞུང་གི་གྲོས་རིམ་ཉིན་ཐོ་གལ་ཆེན་ནང་འཇོག་པ། བཀོད་སྒྲིག་ཞིབ་ཚགས་བྱེད་པ་དང་ལུགས་མཐུན་ངང་བཀོད་སྒྲིག་བྱེད་པ། མི་རྒྱུ་དངུལ་གསུམ་གྱི་ཐད་རོགས་སྐྱོར་ཤུགས་ཆེན་བྱེད་པ་བཅས་བྱས་ཏེ་ཡོངས་ཁྱབ་ཞིབ་བཤེར་ལས་དོན་གྱི་ཆེད་དུ་རྩ་འཛུགས་ཀྱི་འགན་ལེན་ཡག་པོ་བྱེད་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་གཞོགས་འདེགས་དམ་ཟབ་བྱེད་པ་དང་དཔལ་འབྱོར་ཡོངས་ཁྱབ་ཞིབ་བཤེར་གྱི་འགན་འཁྲི་དང་ལས་བགོས་ལ་གཞིགས་ནས་དངོས་འབྲེལ་འགན་འཁུར་ནས་ད་རེས་ཀྱི་དཔལ་འབྱོར་ཡོངས་ཁྱབ་ཞིབ་བཤེར་ལས་དོན་བདེ་བླག་ངང་སྤེལ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། རིམ་ཁག་དཔལ་འབྱོར་ཡོངས་ཁྱབ་ཞིབ་བཤེར་སྒྲིག་གཞི་དང་ཡོངས་ཁྱབ་ཞིབ་བཤེར་བྱེད་མཁན་རྒྱ་ཆེའི་མི་སྣས་ཁྲིམས་ལྟར་རང་ཚུགས་ངང་བརྟག་དཔྱད་བྱེད་པ་དང་། སྙན་ཞུ་འབུལ་བ། ལྟ་སྐུལ་བྱེད་པ་བཅས་ཀྱི་འགན་དབང་སྒྲུབ་དགོས་པ་ལས་ཚན་པ་དང་མི་སྒེར་གང་ཞིག་གིས་ཐེ་ཇུས་བྱེད་མི་ཆོག ཡོངས་ཁྱབ་ཞིབ་བཤེར་མི་སྣས་དཔལ་འབྱོར་ཡོངས་ཁྱབ་ཞིབ་བཤེར་ནང་ཤེས་པའི་རྒྱལ་ཁབ་ཀྱི་གསང་བ་དང་དཔལ་འབྱོར་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་གྱི་ཚོང་ལས་གསང་བ་དེ 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བསྡོམས་རྩིས་བཅའ་ཁྲིམས 》དང 《བོད་རང་སྐྱོང་ལྗོངས་ཀྱི 〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བསྡོམས་རྩིས་བཅའ་ཁྲིམས 〉ལག་བསྟར་བྱ་ཐབས 》ལ་གཞིགས་ནས་གསང་སྲུང་གི་འགན་འཁྲི་དངོས་འབྲེལ་སྒྲུབ་དགོས། ད་རེས་ཀྱི་ཡོངས་ཁྱབ་ཞིབ་བཤེར་ནང་ཐོ་བཀོད་སྙན་ཞུ་བྱས་པའི་དཔྱད་གཞི་རྣམས་ཡོངས་ཁྱབ་ཞིབ་བཤེར་བྱ་རྒྱུར་མཁོ་འདོན་བྱེད་པ་ལས་ཡོངས་ཁྱབ་ཞིབ་བཤེར་སྒྲིག་གཞི་གང་ཞིག་དང་ཡོངས་ཁྱབ་ཞིབ་བཤེར་བྱེད་མཁན་སུ་ཞིག་གིས་ཡོངས་ཁྱབ་ཞིབ་བཤེར་གྱི་དོ་དམ་སྒྲིག་གཞི་མིན་རིགས་གང་ཞིག་ལ་མཁོ་འདོན་བྱེད་དབང་མེད་པ་དང་། ཁྲལ་འབབ་བསྡུ་ལེན་དོ་དམ་དང་བཟོ་ཚོང་ཞིབ་བཤེར་དང་དེ་བཞིན་ཚན་པ་གང་ཞིག་གིས་དཔལ་འབྱོར་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་ལ་དངུལ་ཆད་གཅོད་པའི་གཞི་འཛིན་ས་བྱེད་མི་ཆོག རིགས་ཁག་གི་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་གྱིས་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་དགོས་པ་དང་ཡོངས་ཁྱབ་ཞིབ་བཤེར་གྱི་ཐོ་འགོད་དཔྱད་གཞི་ཇི་མ་ཇི་བཞིན་འབྲི་བ་དང་མཁོ་འདོན་བྱེད་དགོས། རིམ་ཁག་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ཁྲིམས་འཛིན་སྒྲིག་གཞི་དང་ལྟ་ཞིབ་ལས་ཁུངས་ཀྱིས་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ལ་གཞོགས་འདེགས་མི་བྱེད་པའི་ཚན་པ་དང་མི་སྒེར་དང་ཡོངས་ཁྱབ་ཞིབ་བཤེར་གྱི་གྲངས་གཞི་རྫུན་ཞུ་དང་། གསང་བ། སྙན་སེང་མི་ཞུ་བ། སྙན་སེང་བྱེད་ཡུན་འགྱང་བ། རྫུན་བཟོ། བཟོ་བཅོས་རྒྱག་པ་བཅས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་གནས་ཚུལ་ཚབས་ཆེ་རིགས་རླུང་འཕྲིན་དང་། བཪྙན་འཕྲིན། ཚགས་པར་དང་དུས་དེབ། དྲ་འབྲེལ་སོགས་སྨྱན་སྦྱོར་ཐོག་དམར་རྗེན་དུ་འདོན་དགོས།
དཔལ་འབྱོར་ཡོངས་ཁྱབ་ཞིབ་བཤེར་དེ་ཁྱབ་རྒྱ་ཆེ་བ་དང་། ནང་དོན་ཪྙོག་འཛིང་ཆེ་བ། ལག་རྩལ་གྱི་རེ་བ་མཐོ་བ་བཅས་ཡོད་པས་ཚང་མས་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། གཟབ་ནན་བྱེད་པ། ཕན་ཚུན་གཞོགས་འདེགས་བྱེད་པ་བཅས་བྱས་ནས་ད་རེས་ཀྱི་དཔལ་འབྱོར་ཡོངས་ཁྱབ་ཞིབ་བཤེར་གྱི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་ཡག་པོ་བྱ་རྒྱུའི་རེ་བ་ཡོད།
གནམ་ལོ་གསར་ཚེས་འཆར་ཉེར་ཡོད་པའི་སྐབས་སུ་ལྗོངས་ཡོངས་སུ་རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་ཁྱབ་ཞིབ་བཤེར་ལས་དོན་གྱི་འཐབ་ཕྱོགས་ཐོག་དཀའ་སྤྱད་ལས་དོན་སྒྲུབ་མཁན་ཡོངས་ཁྱབ་ཞིབ་བཤེར་བ་དང་། ཡོངས་ཁྱབ་ཞིབ་བཤེར་ཁྲིད་སྟོན་པ། ཡོངས་ཁྱབ་ཞིབ་བཤེར་ལས་དོན་པ་ཡོངས་རྫོགས་བཅས་ལ་བྱམས་བརྩེའི་འཚམས་འདྲི་ཞུ་རྒྱུ་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ལྗོངས་ཡོངས་ཀྱི་དཔལ་འབྱོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་གཉིས་པའི་ལས་དོན་ལ་གཞོགས་འདེགས་དང་རྒྱབ་སྐྱོར་བྱེད་མཁན་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་སྣ་ཚོགས་ལ་ལོ་གསར་སྤྲོ་པོ་དང་། ཁྱིམ་ཚང་བདེ་སྐྱིད། བཀྲ་ཤིས་བདེ་ལེགས་བཅས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།