ཟླ་10ཚེས་6ཉིན་བོད་རང་སྐྱོང་ལྗོངས་འདམ་གཞུང་རྫོང་དུ་6.6རིམ་པའི་ས་ཡོམ་ཧ་ཅང་ཆེན་པོ་བརྒྱབ་ཡོད། གློ་བུར་དུ་བྱུང་བའི་ས་ཡོམ་གྱི་གནོད་ཚེའི་ནང་གེགས་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་དང་གུང་ཁྲན་ཏང་ཡོན་གྱིས་དམག་འཐབ་མཁར་རྫོང་གི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ནས་མི་དམངས་ཀྱི་ཁེ་ཕན་དེ་ཐམས་ཅད་ལས་ལྷག་པའི་གནས་བབ་ཏུ་བཞག་པ་དང་། གནོད་འཚེ་ནི་བཀའ་རྒྱ་ལྟ་བུར་བརྩི་བ་དང་། དུས་ཚོད་ནི་ཚེ་སྲོག་ལྟ་བུར་བརྩི་བ། ཉེན་ཁར་མི་སྐྲག་པ། གདོང་མཆོང་བྱེད་པ། མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཡོམ་འགོག་གེགས་སེལ་ནང་ཞུགས་པ། འགག་རྩའི་དུས་སུ་ཡོམ་འགོག་གེགས་སེལ་གྱི་གདོང་ལེན་རུ་ཁག་དང་། གེགས་ཁུལ་མི་དམངས་ཀྱི་སྲོག་ཤིང་། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་སྙིང་ཉེ་བཅས་སུ་གྱུར་ནས་བསྟོད་འོས་པ་དང་སྐྱོ་འོས་པའི་སྔོན་ཐོན་མི་སྣ་དང་དཔེ་མཚོན་བྱས་རྗེས་ཁག་གཅིག་ཐོན་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་དུས་སྐབས་གསར་པའི་གུང་ཁྲན་ཏང་མིའི་འོད་སྟོང་འཕྲོ་བའི་གཟུགས་བཪྙན་མངོན་པ་བྱས་པས་གུང་ཁྲན་ཏང་མིའི་སྔོན་ཐོན་རང་བཞིན་གསལ་པོར་མངོན་ཡོད། འདམ་གཞུང་རྫོང་རྒྱས་དར་ཤང་ཡངས་ཡིད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བློ་མཐུན་དགྲ་ལྷ་ནི་ཁོང་ཚོའི་ཁྲོད་ཀྱི་ཕུལ་བྱུང་གི་མཚོན་བྱེད་གཅིག་ཡིན།
བློ་མཐུན་དགྲ་ལྷ། ཕོ། བོད་རིགས། 1960ལོའི་ཟླ་བ་གསུམ་པར་སྐྱེས། 1990ལོའི་ཟླ་བ་བདུན་པར་ཏང་ནང་ཞུགས། 1992ལོ་ནས་ད་བར་འདམ་གཞུང་རྫོང་རྒྱས་དར་ཤང་ཡངས་ཡིད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བྱས། ས་ཡོམ་ཆེན་པོ་བརྒྱབ་རྗེས་ཀྱི་དུས་ཚོད་མགྱོགས་ཤོས་ནང་ཁོང་གིས་བབ་བརླིང་བརྟན་གསུམ་ངང་མདུན་དུ་ཐོན་ཏེ་ཏང་ཡོན་དང་མང་ཚོགས་མགྱོགས་མྱུར་སྒྲིག་འཛུགས་བྱས་ནས་རང་སྐྱོབ་བྱས་པ་དང་ཞིག་རོའི་འོག་ཚུད་པའི་གྲོང་མི་23བསྐྱབས་ཀྱང་ཁོང་གི་སྐྱེད་མ་དང་ཚ་མོ་སྟབས་མི་ལེགས་པར་ས་ཡོམ་ཁྲོད་གྲོངས་པ་རེད། ས་ཡོམ་བརྒྱབ་རྗེས་གྲོང་ཚོའི་ནང་འཕྲིན་གཏོང་ཆད་པས་ཁོང་གིས་འཕྲལ་དུ་གྲོང་མི་བཀོད་སྒྲིག་བྱས་ནས་སྦག་སྦག་བཞོན་ཏེ་ཤང་སྲིད་གཞུང་དུ་གནོད་འཚེའི་གནས་ཚུལ་སྙན་སེང་ཞུ་བར་བཏང་བར་བརྟེན་ཏང་དང་སྲིད་གཞུང་གིས་རོགས་སྐྱོབ་ལས་དོན་སྤེལ་ཆེད་དུས་ཚོད་བརྩོན་ལེན་བྱུང་ཡོད། ཁོང་གིས་ཁྱིམ་ཚང་ཆུང་ངུ་དོར་ནས་ཁྱིམ་ཚང་ཆེན་པོར་ལྟ་རྟོག་དང་། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་དང་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་དམ་འཛིན་བྱེད་པའི་ནང་ནུས་ཤུགས་ཡོད་རྒུས་ཞུགས་པ། རོགས་སྐྱོབ་མི་སྣར་གཞོགས་འདེགས་བྱས་ནས་གེགས་སེལ་དངོས་པོ་ཁག་བགོས་བྱེད་པ། གྲོང་མི་མང་ཚོགས་སྒྲིག་འཛུགས་དང་སྐུལ་སློང་བྱས་ནས་ཐོན་སྐྱེད་སླར་གསོ་དང་ཁྱིམ་གཞིས་བསྐྱར་སྐྲུན་བྱས་པས་ས་གནས་དེ་གའི་བོད་རིགས་མང་ཚོགས་ཀྱིས “གུང་ཁྲན་ཏང་ཡོན་ངོ་མ ”ཞེས་འབོད་པ་དང་ཁོང་གིས་སྣེ་ཁྲིད་བྱེད་པའི་ཏང་ཀྲི་པུའུ་ལ “མང་ཚོགས་ཀྱི་སྲོག་ཤིང ”ཞེས་འབོད་ཀྱི་ཡོད། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་གུང་ཁྲན་ཏང་ཡོན་ལ་ཡོམ་འགོག་གེགས་སེལ་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་རྒྱུར་སྐུལ་ལྕག་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་བྱ་གཞག་ཁག་ནང་དམག་འཐབ་མཁར་རྫོང་གི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱ་ཆེད་ཀྲུང་དབྱང་རྩ་འཛུགས་པུས་བློ་མཐུན་དགྲ་ལྷར “ཡོམ་འགོག་གེགས་སེལ་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན ”གྱི་མཚན་སྙན་སྤྲོད་རྒྱུ་མ་ཟད་བརྡ་ཁྱབ་བཏང་ནས་གཟེངས་སྟོད་ཀྱང་བྱ་རྒྱུའི་གཏན་འབེབས་བྱས་ཡོད།
མིག་སྔར་རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེ་དེ་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་བྱེད་པར་ལས་འགན་དཀའ་ཚེགས་ཆེ་ལ་ལྕི་བ་ཞིག་ཡོད། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་གུང་ཁྲན་ཏང་ཡོན་གྱིས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་འབད་འཐབ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་པོ་བྱེད་པ་དང་། དམངས་སེམས་གཅིག་མཐུན་དང་བློ་སྟོབས་གཅིག་སྒྲིལ། དཀའ་ཉེན་ལ་མི་སྐྲག་པ་དང་ལན་བརྒྱ་ཕམ་ཡང་དཔའ་མི་ཞུམ་པ། མི་རྩ་བར་འཛིན་པ། ཚན་རིག་ལ་བརྩི་འཇོག་བྱེད་པ་བཅས་ཀྱི་རླབས་ཆེན་གྱི་ཡོམ་འགོག་གེགས་སེལ་གྱི་སྙིང་སྟོབས་མུ་མཐུད་དར་སྤེལ་གཏོང་བ། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་གཞིགས་པ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ། ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ནང་ལེགས་སྐྱེས་གསར་པ་འབུལ་དགོས།