བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་དང་། བོད་སྐྱོད་ལས་རེས་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག གྲ་སྒྲིག་དམག་ཞབས་དམག་མི། རྒྱ་ཆེའི་ཡུལ་དམག དཔུང་སྡེའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་བློ་མཐུན་རྒན་གྲས། ལས་སྒྱུར་དང་དམག་ཁོངས་ནས་ཕྱིར་ལོག་བྱས་པའི་དམག་མི། གསར་བརྗེ་བྱེད་རིང་རྨས་སྐྱོན་ཕོག་པ་དང་དབང་པོ་སྐྱོན་ཅན་ཆཌ་པའི་དམག་མི་དང་དེ་བཞིན་སྔོན་གཤེགས་དཔའ་བོའི་ནང་མི་བཅས།
ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་ 81 འཁོར་ཉེར་ཡོད་པའི་དུས་འདིར་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ནས་ཁྱེད་ཚོར་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་དང་མཛའ་བརྩེའི་འཚམས་འདྲི་ཞུ་རྒྱུ་དང་སྦྲགས་བླ་ན་མེད་པའི་གུས་འདུད་ཞུ་རྒྱུའང་ཡིན།
ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ནི་ཀྲུང་གོ་གུང་ཁྲན་ཏང་གིས་གསར་འཛུགས་བྱས་པ་དང་འགོ་ཁྲིད་བྱེད་པའི་མི་དམངས་དམག་དཔུང་ཞིག་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་མི་དམངས་བཅིངས་འགྲོལ་དམག་གིས་ཀྲུང་གོ་མི་དམངས་ཀྱི་བཅིངས་འགྲོལ་བྱ་གཞག་དང་། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་གསར་བརྗེའི་བྱ་གཞག རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། མངའ་ཁོངས་ཆ་ཚང་ཡོང་རྒྱུ་བཅས་ལ་སྲུང་སྐྱོང་བྱེད་པ། འཛམ་གླིང་ཞི་བདེ་དང་མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་བཅས་ཀྱི་ཕྱིར་སུབ་ཐབས་བྲལ་བའི་ལོ་རྒྱུས་ཀྱི་མཛད་རྗེས་བཞག་ཡོད། བོད་ལ་ཞི་བའི་བཅིངས་འགྲོལ་གཏོང་བ་དང་། ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་གཏོང་བ། དམངས་གཙོ་བཅོས་སྒྱུར་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱེད་པ། སྒྱུར་བཅོས་སྒོ་དབྱེ་བྱེད་པ་བཅས་ཀྱི་རླབས་ཆེན་གྱི་ལག་ལེན་ནང་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་ཐོག་མཐའ་བར་གསུམ་དུ་ཏང་གི་བཀོད་འདོམས་དང་ལེན་ཞུ་བ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། དཔའ་མཛངས་རྟུལ་ཕོད་དང་དམག་ལ་མཁས་པ་བཅས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་སྟེ་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པ་དང་ལེཌ་སྐྱེས་ཧུར་ཐག་ཕུལ་ནས་དཀའ་ཉེན་སྣ་ཚོགས་ལས་རྣམ་པར་རྒྱལ་བ་དང་། བློས་གཏོང་ཤིན་ཏུ་ཆེན་པོ་བྱས་པ། མི་རིགས་ཁག་གི་མི་དམངས་དང་ཉ་ཆུ་ལྟ་བུའི་བརྩེ་དུང་ཟབ་མོ་དང་ཤ་རུས་ལྟ་བུའི་འབྲེལ་བ་ཟབ་མོ་ཞིག་ཆགས་པ་བྱས་པ་བཅས་ཀྱི་ཐོག་ནས་བོད་ཀྱི་ཆབ་སྲིད་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་ཡར་རྒྱས། མི་རིགས་མཐུན་སྒྲིལ། མཐའ་མཚམས་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཡོང་ཕྱིར་ཉམས་རྒྱུ་མེད་པའི་བྱས་རྗེས་བཞག་ཡོད་པ་དང་གངས་ལྗོངས་ས་མཐོའི་ཐོག་འོད་སྟོང་འཕྲོ་བའི་དཔའ་བོའི་རོལ་དབྱངས་ཀྱི་ལེའུ་ཞིག་བརྩམས་ཡོད།
འདི་ལོ་ནི་རང་ལྗོངས་ཀྱི་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་ལས་འགན་ཤིན་ཏུ་ལྕི་བའི་ལོ་ཞིག་ཡིན། ཏཱ་ལའི་ཁ་ཕྲལ་ཏུ་ཚོགས་ཀྱིས་བསླངས་པའི་ལྷ་སའི “3·14”རྡུང་གཅོག་འཕྲོག་སྲེག་གི་གཏུམ་སྤྱོད་ཉེས་གསོག་གི་དོན་རྐྱེན་ཚབས་ཆེན་དེའི་མདུན་དུ་རྒྱ་ཆེའི་ལས་སྒྲུབ་དཔོན་དམག་གིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་མཛུབ་སྟོན་གལ་ཆེན་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལག་ལེན་མཐའ་གཅིག་ཏུ་བསྟར་བ་དང་། སྤྱི་ཚོགས་བརྟན་ལྷིང་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས། མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱེད་པའི་དར་ཆ་མཐོན་པོ་བསྒྲེངས་པ། གཅིག་ནས་དཔའ་སྡུག་ལ་མི་སྐྲག་པ་དང་གཉིས་ནས་རང་སྲོག་བློས་གཏོང་རྒྱུར་མི་སྐྲག་པའི་གསར་བརྗེའི་སྙིང་སྟོབས་དང་ངལ་དུབ་ལ་མི་སྐྲག་པ་དང་དམག་འཐབ་བསྟུད་མར་བྱེད་ཕོད་པའི་སྲོག་རྒྱུན་བཟང་པོ་དར་སྤེལ་བཏང་བ་བཅས་ཀྱི་ཁར་བཅའ་ཁྲིམས་ལྟར་བསྲུང་བྱ་བྱེད་པ་དང་། ཡ་རབས་ཚུལ་ལྡན་ངང་བསྲུང་བྱ་བྱེད་པ། ལས་འགན་ལྕི་པོ་བློ་གཤོགས་ཆེན་པོས་ཁུར་བ། འགག་སྒྲོལ་དཀའ་སེལ་བྱེད་པ། མི་རིགས་མཐུན་སྒྲིལ་གྱི་ལས་དོན་རུ་ཁག་དང་། སྤྱི་ཚོགས་མཐུན་སྦྱོར་གྱི་དྲིལ་བསྒྲགས་རུ་ཁག སྲོལ་གསར་སྲོལ་བཟང་གི་ཚབ་མཚོན་རུ་ཁག ཁྲིམས་ལུགས་ལ་སྲུང་སྐྱོང་གི་དམག་འཐབ་རུ་ཁག རོགས་རམ་དཀའ་སེལ་གྱི་ཞབས་ཞུ་རུ་ཁག་བཅས་རང་འགུལ་ངང་བྱེད་པ་བཅས་བྱས་ནས་ལྷ་སའི “3·14”རྡུང་གཅོག་འཕྲོག་སྲེག་གི་གཏུམ་སྤྱོད་ཉེས་གསོག་གི་དོན་རྐྱེན་ཚབས་ཆེན་ཞོད་འཇགས་སུ་གཏོང་བ་དང་སྤྱི་ཚོགས་ཀྱི་རྒྱུན་གཏན་སྒྲིག་ལམ་ཕྱོགས་ཡོངས་ནས་སླར་གསོ་བྱེད་པའི་དུས་རིམ་རང་བཞིན་གྱི་རྒྱལ་ཁ་ཆེན་པོ་ལེན་ཕྱིར་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད། ལོ་རྒྱུས་དང་དོན་དངོས་ཚང་མའི་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་བྱ་གཞག་ཁག་རྒྱུན་ཆད་མེད་པར་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་སྐྱོད་ཐུབ་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་བོད་དུ་སྔར་བཞིན་འགྱིང་ངེར་གནས་པ་ལས་གཡོ་འགུལ་སྤུ་ཙམ་གཏོང་ཐུབ་མེད་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ནི་ང་ཚོར་ཏང་དང་། སྤྱི་ཚོགས་རིང་ལུགས། མེས་རྒྱལ། མི་དམངས་བཅས་ལ་བློ་དཀར་སེམས་དཀར་བྱེད་མཁན་གྱི་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེར་རྟོག་གི་དཔུང་སྡེ་ཡོད་པས་ཡིན་པ་ར་སྤྲོད་གང་ལེགས་ཐུབ་ཀྱི་ཡོད། བོད་སྡོད་དཔུང་སྡེ་ནི་ངོ་གནོང་མི་དགོས་པའི་ཏང་དང་མི་དམངས་ཀྱིས་བློས་རྦད་དེ་འགེལ་ཆོག་པའི་སྟོབས་ཤུགས་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་མི་དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པའི་ལྕགས་རི་རིང་པོ། བོད་ཀྱི་སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་གྱི་བྱ་གཞག་ལ་སྲུང་སྐྱོང་བྱེད་པའི་སྲ་ཞིང་བརྟན་པའི་ཀ་རྟེན། རྒྱ་ཆེའི་དཔོན་དམག་ནི་ངོ་གནོང་མི་དགོས་པའི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་གཅེས་པར་འོས་ཤོས་ཀྱི་མི་བཅས་རེད།
མི་དམངས་དཔུང་སྡེའི་ལོ་རྒྱུས་ཀྱི་འོས་འགན་དེ་སྔར་ནས་བཟུང་ཏང་གི་ལོ་རྒྱུས་ཀྱི་ལས་འགན་དང་ཟུང་དུ་དམ་པོར་འབྲེལ་བ་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད། མིག་སྔར་རང་ལྗོངས་སུ་ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་ལ་སྲུང་སྐྱོང་། འཕེལ་རྒྱལ་ལ་སྐུལ་གཏོང་བཅས་ཀྱི་ལས་འགན་ལྕི་ལ་ཪྙོག་འཛིང་ཆེ་བས་ལྗོངས་ཡོངས་ཀྱི་ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་དགོས། བོད་སྡོད་དཔུང་སྡེ་དང་དྲག་ཆས་ཉེན་རྟོག་གི་དཔོན་དམག་ཚོས་ལོ་རྒྱུས་ཀྱི་ལས་འགན་ལྕི་པོ་ཕྲག་ཐོག་ཏུ་ཁུར་བ་དང་ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་སོས་སུ་མི་གཏོང་བར་རང་རེའི་དམག་གི་སྲོལ་རྒྱུན་བཟང་པོ་རྒྱུན་་འཛིན་དང་དར་སྤེལ་བཏང་སྟེ་བསམ་པའི་ཉམས་འགྱུར་ལེགས་པ་དང་། དཀའ་སྤྱད་འབད་འཐབ་ཀྱི་བློ་སྟོབས། སྟོབས་ཆེའི་འཐབ་ནུས་བཅས་ལ་བརྟེན་ནས་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། མཐུན་སྦྱོར་ལྡན་པའི་བོད་ལྗོངས་བཅས་བསྐྲུན་རྒྱུའི་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུའི་ཐོག་བྱས་རྗེས་གསར་པ་རྒྱུན་ཆད་མེད་པར་འཇོག་རྒྱུ་དང་སྦྲགས་ལྗོངས་ཡོངས་ཀྱི་དཔུང་སྡེའི་ལས་འཁྱུར་དང་ལས་བྲལ་ངལ་གསོ་རྒྱལ་མཁན་ལས་བྱེད་པ་དང་། སྔོན་གཤེགས་དཔའ་བོའི་ནང་མི། དབང་པོ་སྐྱོན་ཅན་གྱི་དམག་མི། ལས་སྒྱུར་དམག་མི། དམག་ལོག་དམག་མི་བཅས་ཀྱིས་གསར་བརྗེའི་ཉམས་འགྱུར་མུ་མཐུད་རྒྱུན་འཁྱོངས་བྱས་ནས་ཏང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུ་རྒྱུ་དང་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་མིག་དཔེའི་ངང་ལག་ལེན་བསྟར་ཏེ་རང་རང་སོ་སོའི་ལས་གནས་དང་སྤྱི་ཚོགས་ཀྱི་བྱེད་སྒོའི་ནང་ལས་དོན་ཏན་ཏིག་བསྒྲུབས་ནས་འཇུངས་པ་མེད་པར་ལེགས་སྐྱེས་འབུལ་རྒྱུ་དང་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན་པར་ང་ཚོར་ཡིད་ཆེས་ཡོད།
ང་ཚོའི་དམག་དཔུང་ནི་མི་དམངས་ཀྱི་དམག་དཔུང་དང་ང་ཚོའི་རྒྱལ་སྲུང་ནི་མི་དམངས་ཀྱི་རྒྱལ་སྲུང་ཡིན། དཔུང་སྡེ་དང་མི་དམངས་ཕན་ཚུན་ཁ་འབྲལ་ཐབས་མེད་ལ་མི་དམངས་དང་དཔུང་སྡེའང་ཕན་ཚུན་ཁ་འབྲལ་ཐབས་མེད། ང་ཚོས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། དུས་སྐབས་གསར་པའི་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་དགོངས་པ་རྒྱུན་འཁྱོངས་བྱེད་པ་ལས་གཡོ་འགུལ་མི་གཏོང་བ། གོང་འཕེལ་གཏོང་རྒྱུར་དམ་འཛིན་མཐའ་གཅིག་ཏུ་བྱེད་པ། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ། དམག་སྲིད་དབར་དང་དམག་དམངས་དབར་གྱི་མཐུན་སྒྲིལ་སྔར་བས་སྲ་བརྟན་དུ་གཏོང་བ། དམག་གིས་དམངས་ལ་གཅེས་པ་དང་དམངས་ཀྱིས་དམག་བཀུར་བའི་རྣམ་པ་བཟང་པོ་སྲ་བརྟན་དང་གོང་འཕེལ་གཏོང་བ་བཅས་བྱས་ཐོག་ཀུན་སེམས་གཅིག་སྒྲིལ་དང་། གསར་འབྱེད་གསར་གཏོད། ལས་དོན་ཏན་སྒྲུབ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་བསྐྲུན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།
ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ལྷན་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས།
2008ལོའི་ཟླ 7ཚེས་31ཉིན།