བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་སྲོལ་ཡིག
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།
[2007]ཨང་8པ།
《བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་སྲོལ་ཡིག 》འདི་2007ལོའི་ཟླ་7ཚེས་27ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་གཉིས་པའི་ཐོག་གྲོས་འཆམ་བྱས་དོན་བཞིན་ད་ལྟ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་པས་ཁྱབ་བསྒྲགས་བྱས་ཉིན་ནས་ལག་བསྟར་བྱེད་རྒྱུ།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས།
2007ལོའི་ཟླ་8ཚེས་3ཉིན།
བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་སྲོལ་ཡིག
(1990ལོའི་ཟླ་5ཚེས་31ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ལྔ་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་བ་དང་། 1996ལོའི་ཟླ་7ཚེས་12ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དྲུག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉི་ཤུ་པའི་ཐོག་དག་བཅོས་དང་པོ་བྱས་པ། 2007ལོའི་ཟླ་7ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་གཉིས་པའི་ཐོག་བཟོ་བཅོས་ཐེངས་གཉིས་པ་བྱས་པ )
ལེའུ་དང་པོ། སྤྱིའི་རྩ་འཛིན།
དོན་ཚན་དང་པོ། རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་བྱེད་རྒྱུར་ཤུགས་སྣོན་རྒྱག་ཕྱིར 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས 》དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྲོལ་ཡིག་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་གི་གཤམ་གསལ་རིག་དངོས་ཁག་ལ་རྒྱལ་ཁབ་ཀྱི་སྲུང་སྐྱོབ་འཐོབ་པ་སྟེ། (གཅིག ) ལོ་རྒྱུས་དང་། སྒྱུ་རྩལ། ཚན་རིག་བཅས་ཀྱི་རིན་ཐང་ལྡན་པའི་གནའ་བོའི་རིག་གནས་ཤུལ་དངོས་དང་། གནའ་བོའི་ཨར་སྐྲུན་དངོས་རིགས། གནའ་བོའི་བང་སོ། བྲག་ཕུག་ལྷ་ཁང་། རྡོ་བརྐོས། ལྡེབས་རིས། བྲག་བརྐོས་རི་མོ། དེ་བཞིན་དེ་དག་གི་ཁོངས་གཏོགས་དངོས་རྫས་དང་། (གཉིས ) ལོ་རྒྱུས་ཀྱི་དོན་རྐྱེན་ཆེན་པོ་དང་། གསར་བརྗེའི་ལས་འགུལ། གྲགས་ཅན་མི་སྣ་བཅས་དང་འབྲེལ་བ་ཡོད་པའི་དྲན་གསོའི་དོན་སྙིང་དང་སློབ་གསོའི་དོན་སྙིང་ངམ་ཡང་ན་ལོ་རྒྱུས་ཀྱི་དཔྱད་གཞིའི་རིན་ཐང་ཆེན་པོ་ལྡན་པའི་རྩ་ཆེའི་ལོ་རྒྱུས་གནའ་ཤུལ་དང་། དངོས་པོ། ཚབ་མཚོན་ལྡན་པའི་ཨར་སྐྲུན་དངོས་རིགས། དེ་བཞིན་དེ་དག་གི་ཁོངས་གཏོགས་དངོས་རྫས། (གསུམ ) ལོ་རྒྱུས་ཐོག་ནས་གྲུབ་པ་དང་ཉར་ཚགས་བྱས་པའི་ཆོས་ལུགས་དང་སྤྱི་ཚོགས་ལ་བག་ཆགས་ངེས་ཅན་ཡོད་པའི་ཆོས་པའི་ཡོ་བྱད་དང་དད་བཀུར་དངོས་རྫས་ཀྱི་ཤུལ་དངོས། (བཞི ) ལོ་རྒྱུས་ཐོག་གི་དུས་རབས་སོ་སོའི་མི་རིགས་ཁག་གི་སྤྱི་ཚོགས་ཀྱི་གནས་བབ་དང་། སྤྱི་ཚོགས་ཀྱི་ལམ་ལུགས། ཐོན་སྐྱེད་བྱེད་སྟངས་། འཚོ་བ་སྐྱེལ་སྟངས་སོགས་མཚོན་པའི་དངོས་རིགས་བཅས། (ལྔ ) ལོ་རྒྱུས་ཐོག་གི་དུས་རབས་སོ་སོའི་གལ་ཆེའི་ཚད་ལྡན་དཔྱད་ཡིག་དང་དེ་བཞིན་ལོ་རྒྱུས་དང་། སྒྱུ་རྩལ། ཚན་རིག་བཅས་ཀྱི་རིན་ཐང་ལྡན་པའི་ལག་བྲིས་ཡིག་རིགས་དང་། དེབ་ཪྙིང་། གནའ་བོའི་དཔེ་དེབ་ཪྙིང་པ། དཔེ་ཆ་སོགས། (དྲུག )ལོ་རྒྱུས་ཐོག་གི་དུས་རབས་སོ་སོའི་རྩ་ཆེའི་སྒྱུ་རྩལ་དངོས་རྫས་དང་བཟོ་རིག་མཛེས་རྩལ་དངོས་རྫས། ཚན་རིག་གི་རིན་ཐང་ལྡན་པའི་གནའ་བོའི་སྒལ་ཚིགས་ཅན་གྱི་སྲོག་ཆགས་འགྱུར་རྡོ་དང་། དེ་བཞིན་གནའ་མིའི་འགྱུར་རྡོ་དང་། ལོ་རྒྱུས་ཀྱི་རིན་ཐང་ལྡན་པ་དང་དྲན་གསོའི་དོན་སྙིང་ལྡན་པའི་གནའ་ཤིང་དང་གྲགས་ཅན་ཤིང་སྣ་བཅས་ལ་རིག་དངོས་དང་འདྲ་བར་རྒྱལ་ཁབ་ཀྱི་སྲུང་སྐྱོབ་འཐོབ་ཀྱི་ཡོད།
དོན་ཚན་གསུམ་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ཀྱི་ས་འོག་དང་ཆུ་རྒྱུད་དུ་ཡོད་པའི་རིག་དངོས་མཐའ་དག་རྒྱལ་ཁབ་ལ་བདག་པ་ཡིན། གནའ་བོའི་རིག་གནས་རྗེས་ཤུལ་དང་། གནའ་བོའི་བང་སོ། བྲག་ཕུག་ལྷ་ཁང་། བྲག་བརྐོས་རི་མོ་བཅས་རྒྱལ་ཁབ་ལ་བདག་པ་ཡིན། རྒྱལ་ཁབ་ཀྱིས་སྲུང་སྐྱོབ་བྱེད་རྒྱུར་དམིགས་གཏན་འཁེལ་བའི་དྲན་གསོའི་ཨར་སྐྲུན་དངོས་རིགས་དང་། གནའ་བོའི་ཨར་སྐྲུན་དངོས་རིགས། རྡོ་བརྐོས། ལྡེབས་རིས་དེ་བཞིན་ཉེ་རབས་ཀྱི་ཚབ་མཚོན་ཨར་སྐྲུན་དངོས་རིགས་ལ་སོགས་པའི་སྤོ་ཐབས་མེད་པའི་རིག་དངོས་དེ་དག་རྒྱལ་ཁབ་ཀྱི་གཏན་འབེབས་གཞན་དག་ཡོད་པ་ཕུད་དེ་བྱིངས་ཚང་མ་རྒྱལ་ཁབ་ལ་བདག་པ་ཡིན། སྤོ་ཐབས་མེད་པའི་རྒྱལ་ཁབ་ལ་བདག་པའི་རིག་དངོས་རྣམས་རིག་དངོས་ཡོད་སའི་ས་ཆའི་བདག་དབང་ངམ་ཡང་ན་བེད་སྤྱོད་བྱེད་དབང་ལ་འགྱུར་ལྡོག་བྱུང་ཡང་རིག་དངོས་དེ་དག་གི་བདག་དབང་ལ་འགྱུར་ལྡོག་མེད། གཤམ་གསལ་གྱི་སྤོ་ཐབས་མེད་པའི་རིག་དངོས་རྣམས་རྒྱལ་ཁབ་ལ་བདག་པ་སྟེ། (གཅིག ) རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ཀྱི་ས་འོག་ནས་ཐོན་པའི་རིག་དངོས་དང་། (གཉིས ) རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ཀྱི་རྒྱལ་ཁབ་ལ་བདག་པའི་རིག་དངོས་བསྡུ་ཉར་ཚན་པ་དང་། དེ་བཞིན་རྒྱལ་ཁབ་ལས་ཁུངས་དང་། དཔུང་སྡེ། དམངས་ཡོངས་ལ་དབང་བའི་ཁེ་ལས། བྱ་གཞག་ཚན་པ་བཅས་ཀྱིས་བསྡུ་ཉར་དང་ཉར་ཚགས་བྱས་པའི་རིག་དངོས། (གསུམ ) རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་འཚོལ་བསྡུ་དང་ཉོ་སྒྲུབ་བྱས་པའི་རིག་དངོས། (བཞི ) སྤྱི་དམངས་དང་། ཁྲིམས་ཚན། དེ་མིན་སྒྲིག་འཛུགས་གཞན་དག་བཅས་ཀྱིས་རྒྱལ་ཁབ་དང་རྒྱལ་ཁབ་ལ་བདག་པའི་རིག་དངོས་བསྡུ་ཉར་ཚན་པར་ཕུལ་བའི་རིག་དངོས། (ལྔ ) བཅའ་ཁྲིམས་སུ་གཏན་འབེབས་བྱས་པའི་རྒྱལ་ཁབ་ལ་བདག་པའི་རིག་དངོས་གཞན་དག་བཅས། སྤོ་ཐབས་མེད་པའི་རིག་དངོས་ལ་རྩ་ཆེའི་རིག་དངོས་དང་སྤྱིར་བཏང་རིག་དངོས་གཉིས་སུ་དབྱེ་རྒྱུ་དང་། རྩ་ཆེའི་རིག་དངོས་ལ་རིམ་པ་དང་པོའི་རིག་དངོས་དང་། རིམ་པ་གཉིས་པའི་རིག་དངོས། རིམ་པ་གསུམ་པའི་རིག་དངོས་བཅས་ལ་དབྱེ་རྒྱུ།
དོན་ཚན་བཞི་པ། མཉམ་སྡེབ་དང་མི་སྒེར་ལ་བདག་པའི་དྲན་རྟེན་གྱི་ཨར་སྐྲུན་དངོས་རིགས་དང་། གནའ་བོའི་བཟོ་བཀོད་ཀྱི་སྐྲུན་དངོས། མེས་པོའི་ཤུལ་བཞག་རིག་དངོས། ཁྲིམས་མཐུན་བཞིན་བྱུང་བའི་རིག་དངོས་བཅས་ཀྱི་བདག་དབང་ལ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཐོག་ནས་སྲུང་སྐྱོབ་འཐོབ་པས་རིག་དངོས་ཀྱི་བདག་པོས་ངེས་པར་དུ་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོབ་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས།
དོན་ཚན་ལྔ་པ། རིག་དངོས་ལས་དོན་དེ་སྲུང་སྐྱོབ་བྱེད་རྒྱུ་གཙོ་བོར་འཛིན་པ་དང་། མྱུར་སྐྱོབ་བྱེད་རྒྱུ་ཨང་དང་པོར་འཛིན་པ། ལུགས་མཐུན་བེད་སྤྱོད་དང་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་བཅས་ཀྱི་མཛད་ཕྱོགས་ལག་བསྟར་བྱེད་དགོས། གཞི་རྩའི་འཛུགས་སྐྲུན་དང་། ཡུལ་སྐོར་གོང་འཕེལ། དེ་བཞིན་ཆོས་ལུགས་བྱེད་སྒོ་བཅས་སྤེལ་བར་ངེས་པར་དུ་རིག་དངོས་ལས་དོན་གྱི་མཛད་ཕྱོགས་ལ་བརྩི་སྲུང་ཞུ་དགོས་ཤིང་། བྱེད་སྒོ་དེ་རིགས་ཀྱིས་རིག་དངོས་ལ་གནོད་སྐྱོན་མི་ཕོག་པ་བྱེད་དགོས།
དོན་ཚན་དྲུག་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རིག་དངོས་སྲུང་སྐྱོབ་ལས་དོན་ལ་མཐོང་ཆེན་བྱས་ནས་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་དང་རིག་དངོས་སྲུང་སྐྱོབ་བྱེད་རྒྱུའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱིས་སྲུང་སྐྱོབ་བྱེད་རྒྱུ་གཙོ་བཟུང་དང་སྤྱི་ཚོགས་ཡོངས་ཀྱིས་མཉམ་ཞུགས་བྱེད་པའི་རིག་དངོས་སྲུང་སྐྱོབ་ལམ་སྲོལ་ཞིག་འཛུགས་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རང་སོ་སོའི་སྲིད་འཛིན་ས་ཁོངས་ནང་གི་རིག་དངོས་སྲུང་སྐྱོབ་བྱེད་རྒྱུ་དེ་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་ཁོངས་སུ་འཇུག་དགོས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་འཆར་ཁོངས་སུ་འཇུག་དགོས།
དོན་ཚན་བདུན་པ། རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། དཔུང་སྡེ། ཁེ་ལས་དང་བྱ་གཞག་ཚན་པ། མི་སྒེར་བཅས་ཚང་མར་རིག་དངོས་སྲུང་སྐྱོབ་བྱེད་རྒྱུའི་འོས་འགན་ཡོད།
དོན་ཚན་བརྒྱད་པ། རིམ་ཁག་མི་དམངས་སྲིད་གཞུང་ངམ་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་གཤམ་གསལ་གྱི་བྱས་རྗེས་ཡོད་པའི་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས་པ་སྟེ། (གཅིག ) རིག་དངོས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ། དེ་བཞིན་སྲོལ་ཡིག་འདི་བཅས་ལག་བསྟར་ནན་ཏན་བྱས་ནས་རིག་དངོས་སྲུང་སྐྱོབ་བྱས་པའི་གྲུབ་འབྲས་མངོན་གསལ་དོད་པོ་ཡོད་མཁན། (གཉིས ) རིག་དངོས་སྲུང་སྐྱོབ་བྱེད་ཆེད་ཁྲིམས་འགལ་ཉེས་གསོག་པ་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་མཁན། (གསུམ )མི་སྒེར་གྱིས་བསྡུ་ཉར་བྱས་པའི་གལ་ཆེའི་རིག་དངོས་རྒྱལ་ཁབ་ལ་ཞལ་འདེབས་སུ་འབུལ་མཁན། (བཞི ) རིག་དངོས་ཪྙེད་པ་རྣམས་དུས་ཐོག་ཏུ་གོང་རིམ་ལ་སྙན་སེང་གོང་འབུལ་ཞུས་ནས་རིག་དངོས་ལ་སྲུང་སྐྱོབ་བྱེད་ཐུབ་པ་བྱུང་བ། (ལྔ ) གནའ་རྫས་དཔྱད་ཞིབ་སྔོག་འཚོལ་གྱི་ལས་དོན་ཁྲོད་གལ་ཆེའི་ལེགས་སྐྱེས་འབུལ་མཁན། (དྲུག ) རིག་དངོས་སྲུང་སྐྱོབ་ཀྱི་ཚན་རིག་ལག་རྩལ་ཐད་གལ་ཆེའི་གསར་གཏོད་བྱེད་མཁན་ནམ་ཡང་ན་རིག་དངོས་སྲུང་སྐྱོབ་ཀྱི་བྱ་གཞག་ལ་ལེགས་སྐྱེས་འབུལ་མཁན། (བདུན ) རིག་དངོས་ལ་གཏོར་སྐྱོན་གྱི་ཉེན་ཁ་འཕྲད་སྐབས་རིག་དངོས་མྱུར་སྐྱོབ་ཀྱི་བྱས་རྗེས་ཡོད་མཁན། (བརྒྱད ) རིག་དངོས་སྲུང་སྐྱོབ་ལས་ཀ་དུས་ཡུན་རིང་པོ་བྱས་ནས་གྲུབ་འབྲས་མངོན་གསལ་དོད་པོ་ཡོད་མཁན། (དགུ ) རིག་དངོས་སྲུང་སྐྱོབ་ཚན་པའི་ནང་ཁུལ་གྱི་བདེ་འཇགས་སྲུང་སྐྱོབ་ལས་ཀའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཡོད་མཁན་བཅས།
ལེའུ་གཉིས་པ། ལྟ་སྐུལ་དོ་དམ་དང་འགན་སྲུང་བྱ་ཐབས།
དོན་ཚན་དགུ་པ། རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཁག་གིས་རིག་དངོས་སྲུང་སྐྱོབ་ལས་ཁུངས་འཐུས་ཚང་འཛུགས་དགོས། རིག་དངོས་གཅིག་སྡུད་ཆེ་ཙམ་མམ་ཡང་ན་རྩ་ཆེའི་རིག་དངོས་ཡོད་པའི་རྫོང་(གྲོང་ཁྱེར )ལ་རིག་དངོས་སྲུང་སྐྱོབ་ལས་ཁུངས་འཛུགས་དགོས། རིག་དངོས་གཅིག་སྡུད་ཆེ་ཙམ་མམ་ཡང་ན་རྩ་ཆེའི་རིག་དངོས་ཡོད་པའི་ཤང་(གྲོང་རྡལ )ལ་ཆ་རྐྱེན་ཡོད་ན་དེར་རིག་དངོས་སྲུང་སྐྱོབ་བྱེད་མཁན་ཆེད་མངགས་འཛུགས་དགོས་པ་དང་། གནས་སྐབས་ཆ་རྐྱེན་འཛོམས་མེད་པར་མང་ཚོགས་རང་བཞིན་གྱི་རིག་དངོས་སྲུང་སྐྱོབ་སྒྲིག་འཛུགས་འཛུགས་དགོས།
དོན་ཚན་བཅུ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་རང་སོ་སོའི་སྲིད་འཛིན་ས་ཁོངས་ཀྱི་རིག་དངོས་སྲུང་སྐྱོབ་བྱེད་རྒྱུའི་ལས་འགན་འཁུར་དགོས། རང་སྐྱོང་ལྗོངས་དང་། ས་གནས (གྲོང་ཁྱེར ) རྫོང་(གྲོང་ཁྱེར )བཅས་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་ལས་འགན་འཁུར་མཁན་སྡེ་ཚན་གྱིས་རང་སོ་སོའི་སྲིད་འཛིན་ས་ཁོངས་ཀྱི་རིག་དངོས་ལ་སྲུང་སྐྱོབ་དང་། དོ་དམ། ལྟ་སྐུལ། མཛུབ་ཁྲིད་བཅས་བྱེད་རྒྱུའི་ཞིབ་ཕྲའི་འགན་འཁུར་དགོས།
དོན་ཚན་བཅུ་གཅིག་པ། སྤྱི་བདེ་དང་། མེ་ཟོན། འཛུགས་སྐྲུན། མི་རིགས་དང་ཆོས་ལུགས་ལས་དོན། འགག་སྒོ བཟོ་ཚོང་སྲིད་འཛིན་དོ་དམ། ཡུལ་སྐོར་སོགས་སྡེ་ཚན་དང་དེ་མིན་འབྲེལ་ཡོད་རྒྱལ་ཁབ་ལས་ཁུངས་གཞན་དག་བཅས་ཀྱིས་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་རིག་དངོས་སྲིད་འཛིན་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་རིག་དངོས་སྲུང་སྐྱོབ་ལས་ཀ་ཡག་པོ་སྒྲུབ་པ་དང་། རིག་དངོས་སྲུང་སྐྱོབ་དོ་དམ་གྱི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས།
དོན་ཚན་བཅུ་གཉིས་པ། རིག་དངོས་དང་། སློབ་གསོ། ཚན་རྩལ། གསར་འགྱུར་དཔེ་སྐྲུན། རླུང་འཕྲིན་བཪྙན་འཕྲིན་སོགས་རིམ་ཁག་སྡེ་ཚན་གིས་རིག་དངོས་སྲུང་སྐྱོབ་དྲིལ་བསྒྲགས་སློབ་གསོའི་ལས་ཀ་ཡག་པོ་སྒྲུབ་དགོས།
དོན་ཚན་བཅུ་གསུམ་པ། རྫོང་རིམ་ཡན་གྱི་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་རིག་དངོས་སྲིད་འཛིན་ཀྱི་ཁྲིམས་སྒྱུར་སྒྲིག་གཞི་རིམ་བཞིན་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རིག་དངོས་སྲིད་འཛིན་གྱི་ཁྲིམས་འགལ་གྱོད་གཞི་ཐག་གཅོད་བྱེད་རྒྱུའི་འགན་འཁུར་དགོས། རྒྱལ་ཁབ་ལ་བདག་པའི་རིག་དངོས་བསྡུ་ཉར་ཚན་པའི་ནང་ཁུལ་དུ་བདེ་འཇགས་སྲུང་སྐྱོབ་སྒྲིག་འཛུགས་བཙུགས་ཐོག་ཆེད་མངགས་བདེ་འཇགས་སྲུང་སྐྱོབ་ཀྱི་མི་སྣ་བསྐོས་ནས་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།
དོན་ཚན་བཅུ་བཞི་པ། རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་རིག་དངོས་དཔྱད་འདོམས་སྒྲིག་གཞི་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་གི་ཉར་ཚགས་རིག་དངོས་དང་། དམངས་ཁྲོད་རིག་དངོས། གྱོད་འབྲེལ་ཡོད་པའི་རིག་དངོས་བཅས་ལ་དཔྱད་འདོམས་བྱེད་རྒྱུའི་འགན་འཁུར་དགོས།
དོན་ཚན་བཅོ་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་རིག་དངོས་སྲུང་སྐྱོབ་འགྲོ་གྲོན་དེ་ས་གནས་དེ་གའི་ནོར་སྲིད་སྔོན་རྩིས་ནང་བཅུག་ནས་ནོར་སྲིད་ཡོང་འབབ་འཕར་སྣོན་བྱུང་བ་དང་ཆབས་ཅིག་རིག་དངོས་སྲུང་སྐྱོབ་ཀྱི་འགྲོ་གྲོན་ཡང་ལོ་རེ་བཞིན་མང་དུ་གཏོང་དགོས། རྒྱལ་ཁབ་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཀྱི་ཆེད་སྤྱོད་གསབ་དངུལ་དང་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་ཆེད་སྤྱོད་འགྲོ་གྲོན་དེ་རྫོང་རིམ་ཡན་གྱི་རིག་དངོས་སྲིད་འཛིན་སྡེ་ཚན་དང་ནོར་སྲིད་སྡེ་ཚན་གྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་མཉམ་དུ་དོ་དམ་བྱས་ནས་ཆེད་དངུལ་ཆེད་སྤྱོད་བྱེད་དགོས་པ་ལས་ཚན་པའམ་ཡང་ན་མི་སྒེར་གང་རུང་གིས་ཧམ་བཟུང་དང་གཞན་སྤྱོད་བྱེད་མི་ཆོགརྒྱལ་ཁབ་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཀྱི་ཆེད་སྤྱོད་གསབ་དངུལ་དང་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་ཆེད་སྤྱོད་གྲོན་དངུལ་བེད་སྤྱོད་གཏོང་སྐབས་ངེས་པར་དུ་ནོར་སྲིད་དང་རྩིས་བཤེར་སོགས་སྡེ་ཚན་གྱི་ལྟ་སྐུལ་དང་ཞིབ་བཤེར་དང་ལེན་བྱེད་དགོས།
དོན་ཚན་བཅུ་དྲུག་པ། རྟེན་རྫས་བཤམས་སྟོན་ཁང་དང་དྲན་གསོ་ཁང་སོགས་རྒྱལ་ཁབ་ལ་བདག་པའི་རིག་དངོས་བསྡུ་ཉར་སྡེ་ཚན་གྱི་བྱ་གཞག་རང་བཞིན་གྱི་ཡོང་འབབ་རྣམས་ངེས་པར་དུ་རིག་དངོས་བྱ་གཞག་གོང་འཕེལ་གཏོང་རྒྱུར་སྤྱོད་པ་ལས་ཚན་པའམ་ཡང་ན་མི་སྒེར་གང་རུང་གིས་ཧམ་བཟུང་དང་གཞན་སྤྱོད་བྱེད་མི་ཆོག
དོན་ཚན་བཅུ་བདུན་པ། ཁྲིམས་ཁང་དང་། ཞིབ་དཔྱོད་ཁང་། སྤྱི་བདེ། འགག་སྒོ བཟོ་ཚོང་སྡེ་ཚན་བཅས་ཀྱི་ཁྲིམས་བཞིན་གཞུང་བཞེས་བྱས་པའི་རིག་དངོས་རྣམས་ཐོ་དེབ་བཟོས་ནས་ཉར་ཚགས་གང་ལེགས་བྱེད་དགོས་པ་དང་། གྱོད་ཐག་བཅད་རྗེས་དེ་སྔའི་རིག་དངོས་བསྡུ་ཉར་ཚན་པའམ་ཡང་ན་མི་སྒེར་ལ་རིན་སྐྱིན་མེད་པར་ཕྱིར་སྤྲོད་བྱེད་དགོས། བསྡུ་ཉར་ཚན་པའམ་ཡང་ན་བོར་མཁན་གཏན་འཁེལ་བྱེད་ཐབས་མེད་ཚེ་རིག་དངོས་སྲིད་འཛིན་སྡེ་ཚན་ནས་དམིགས་འཛུགས་བྱས་པའི་རྒྱལ་ཁབ་ལ་བདག་པའི་རིག་དངོས་བསྡུ་ཉར་སྡེ་ཚན་གྱིས་བསྡུ་ཉར་བྱེད་དགོས།
ལེའུ་གསུམ་པ། སྤོ་ཐབས་མེད་པའི་རིག་དངོས།
དོན་ཚན་བཅོ་བརྒྱད་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ཀྱི་རིག་དངོས་སྲུང་སྐྱོབ་ཚན་པར་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་དང་། རང་སྐྱོང་ལྗོངས་རིམ་པ། གྲོང་ཁྱེར་དང་རྫོང་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ་བཅས་ལ་དབྱེ་རྒྱུ། རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པའི་རིགས་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཞིབ་བཤེར་ཆོག་མཆན་ཞུས་ནས་མོས་མཐུན་ཐོབ་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་དངོས་སྲིད་འཛིན་སྡེ་ཚན་ལ་སྙན་ཞུ་འབུལ་དགོས། རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པའི་རིགས་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཞིབ་བཤེར་གཏན་འཁེལ་དང་ཁྱབ་བསྒྲགས་བྱེད་རྒྱུའི་སྙན་ཞུ་འབུལ་བ་དང་ཕྱོགས་མཚུངས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་ཐོ་དཔོད་དགོས། གྲོང་ཁྱེར (ས་གནས )དང་རྫོང་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པའི་རིགས་གྲོང་ཁྱེར (ས་གནས )དང་རྫོང་རིམ་པའི་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་རིམ་པ་གཅིག་མཚུངས་ཀྱི་མི་དམངས་སྲིད་གཞུང་ལ་སྙན་ཞུ་འབུལ་དགོས་ཤིང་། རིམ་པ་གཅིག་མཚུངས་ཀྱི་མི་དམངས་སྲིད་གཞུང་གིས་ཞིབ་བཤེར་གཏན་འཁེལ་དང་ཁྱབ་བསྒྲགས་བྱེད་རྒྱུ་མ་ཟད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་སྙན་ཐོ་དཔོད་དགོས། ཞིབ་བཤེར་གཏན་འཁེལ་དང་ཁྱབ་བསྒྲགས་བྱས་མེད་པའི་རིག་དངོས་སྲུང་སྐྱོབ་ཚན་པའི་སྤོ་ཐབས་མེད་པའི་རིག་དངོས་རྣམས་རྫོང་རིམ་མི་དམངས་སྲིད་གཞུང་གིས་ཐོ་འགོད་བྱེད་རྒྱུ་དང་འབྲེལ་སྲུང་སྐྱོབ་གང་ལེགས་བྱེད་དགོས།
དོན་ཚན་བཅོ་དགུ་པ། རིམ་ཁག་རིག་དངོས་སྲུང་སྐྱོབ་ཚན་པ་རྣམས་ལ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་། གྲོང་ཁྱེར (ས་གནས ) རྫོང་རིམ་པའི་མི་དམངས་སྲིད་གཞུང་བཅས་ཀྱིས་ཁག་སོ་སོའི་དགོས་ངེས་ཀྱི་སྲུང་སྐྱོབ་བྱ་ཁོངས་དབྱེ་བ་དང་མཚོན་རྟགས་ཀྱི་གསལ་བཤད་བྱས་ཐོག་ཐོ་འགོད་ཡིག་ཚགས་བཟོ་དགོས་པ་མ་ཟད་གནས་ཚུལ་མི་འདྲ་བར་གཞིགས་ནས་ཁག་སོ་སོར་ཆེད་དོན་སྒྲིག་གཞིའམ་ཡང་ན་ཆེད་མི་བསྐོས་ནས་དོ་དམ་བྱེད་རྒྱུའི་འགན་འཁུར་དགོས། རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པའི་སྲུང་སྐྱོབ་བྱ་ཁོངས་དང་ཐོ་འགོད་ཡིག་ཚགས་རྣམས་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་དངོས་སྲིད་འཛིན་སྡེ་ཚན་ལ་སྙན་ཐོ་དཔོད་དགོས། རྫོང་རིམ་ཡན་གྱི་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་རིག་དངོས་སོ་སོའི་སྲུང་སྐྱོབ་ཀྱི་དགོས་མཁོར་གཞིགས་ཏེ་རིག་དངོས་སྲུང་སྐྱོབ་ཚན་པ་དང་ཞིབ་བཤེར་གཏན་འཁེལ་བྱས་མེད་པའི་རིག་དངོས་སྲུང་སྐྱོབ་ཚན་པའི་སྤོ་ཐབས་མེད་པའི་རིག་དངོས་ཀྱི་ཞིབ་ཕྲའི་སྲུང་སྐྱོབ་བྱ་ཐབས་བཟོས་ནས་ལག་བསྟར་བྱེད་རྒྱུའི་སྤྱི་བསྒྲགས་སྤེལ་དགོས།
དོན་ཚན་ཉི་ཤུ་པ། རིག་དངོས་སྲུང་སྐྱོབ་ཚན་པས་ཚད་ལྡན་གྱི་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་རིག་དངོས་སྲུང་སྐྱོབ་ཀྱི་མཚོན་རྟགས་འགོད་དགོས་ཤིང་། དེའི་ནང་རིག་དངོས་སྲུང་སྐྱོབ་ཚན་པའི་རིམ་པ་དང་། མིང་། སྤྱི་བསྒྲགས་སྤེལ་མཁན་ལས་ཁུངས། སྤྱི་བསྒྲགས་སྤེལ་བའི་དུས་ཚོད། མཚོན་རྟགས་འགོད་མཁན་ལས་ཁུངས། མཚོན་རྟགས་འགོད་པའི་དུས་ཚོད་བཅས་ཡོད་དགོས། རིག་དངོས་སྲུང་སྐྱོབ་ཚན་པའི་སྲུང་སྐྱོབ་མཚོན་རྟགས་དེ་ཚན་པའམ་ཡང་ན་མི་སྒེར་གང་རུང་གིས་སྤོ་སྒུལ་དང་སྐྱོན་ཆག་གཏོང་རིགས་བྱེད་མི་ཆོག
དོན་ཚན་ཉེར་གཅིག་པ། རིག་དངོས་སྲུང་སྐྱོབ་ཚན་པའི་སྲུང་སྐྱོབ་བྱ་ཁོངས་ནང་ཨར་ལས་བཟོ་སྐྲུན་རིགས་སམ་ཡང་ན་འབར་གས་དང་། གསོར་འབིགས། སྔོག་འདོན་སོགས་ཀྱི་ལས་སྒོ་སྤེལ་མི་ཆོག གལ་ཏེ་དམིགས་བསལ་གྱི་དགོས་མཁོས་རྐྱེན་པས་རིག་དངོས་སྲུང་སྐྱོབ་ཚན་པའི་སྲུང་སྐྱོབ་བྱ་ཁོངས་སུ་ཨར་ལས་བཟོ་སྐྲུན་ནམ་ཡང་ན་འབར་གས་དང་། གསོར་འབིགས། སྔོག་འདོན་སོགས་ཀྱི་ལས་སྒོ་སྤེལ་དགོས་ཚེ་ངེས་པར་དུ་རིག་དངོས་སྲུང་སྐྱོབ་ཚན་པའི་བདེ་འཇགས་འགན་སྲུང་བྱེད་དགོས་པ་མ་ཟད་རིག་དངོས་སྲུང་སྐྱོབ་ཚན་པ་ཡིན་པའི་ཞིབ་བཤེར་གཏན་འཁེལ་དང་ཁྱབ་བསྒྲགས་བྱེད་མཁན་མི་དམངས་སྲིད་གཞུང་གི་ཆོག་མཆན་འཐོབ་དགོས་པ་དང་། ཆོག་མཆན་མ་སྤྲད་གོང་རིམ་པ་གཅིག་གིས་མཐོ་བའི་རིག་དངོས་སྲིད་འཛིན་སྡེ་ཚན་གྱི་མོས་མཐུན་འཐོབ་དགོས། རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པའི་སྲུང་སྐྱོབ་བྱ་ཁོངས་ནང་ཨར་ལས་བཟོ་སྐྲུན་ནམ་ཡང་ན་འབར་གས་དང་། གསོར་འབིགས། སྔོག་འདོན་སོགས་ལས་སྒོ་སྤེལ་དགོས་ཚེ་ངེས་པར་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་འཐོབ་དགོས་པ་དང་། ཆོག་མཆན་མ་སྤྲད་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་དངོས་སྲིད་འཛིན་སྡེ་ཚན་གྱི་མོས་མཐུན་འཐོབ་དགོས།
དོན་ཚན་ཉེར་གཉིས་པ། རིག་དངོས་སྲུང་སྐྱོབ་ཀྱི་དངོས་ཡོད་དགོས་མཁོར་གཞིགས་ཏེ་རིག་དངོས་སྲུང་སྐྱོབ་ཚན་པའི་སྲུང་སྐྱོབ་བྱ་ཁོངས་ཀྱི་མཐའ་འཁོར་དུ་འཛུགས་སྐྲུན་མི་ཆོག་པའི་ས་ཁོངས་ངེས་ཅན་ཞིག་དབྱེ་བཅད་དང་འབྲེལ་ཁྱབ་བསྒྲགས་བྱེད་དགོས། རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་དང་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ་ཡོད་སའི་འཛུགས་སྐྲུན་མི་ཆོག་པའི་ས་ཁོངས་དེ་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་འཛུགས་སྐྲུན་སྲིད་འཛིན་སྡེ་ཚན་དང་མཉམ་དུ་དབྱེ་བཅད་བྱས་ཏེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཞིབ་བཤེར་གཏན་འཁེལ་དང་ཁྱབ་བསྒྲགས་བྱེད་རྒྱུའི་སྙན་ཞུ་འབུལ་དགོས་པ་དང་། གྲོང་ཁྱེར (ས་གནས )དང་རྫོང་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ་ཡོད་སའི་འཛུགས་སྐྲུན་མི་ཆོག་པའི་ས་ཁོངས་དེ་རིམ་པ་གཅིག་མཚུངས་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་འཛུགས་སྐྲུན་སྲིད་འཛིན་སྡེ་ཚན་དང་མཉམ་དུ་དབྱེ་བཅད་བྱས་ཏེ་རིམ་པ་གཅིག་མཚུངས་ཀྱི་མི་དམངས་སྲིད་གཞུང་ལ་ཞིབ་བཤེར་གཏན་འཁེལ་དང་ཁྱབ་བསྒྲགས་བྱེད་རྒྱུའི་སྙན་ཞུ་འབུལ་དགོས། འཛུགས་སྐྲུན་མི་ཆོག་པའི་ས་ཁོངས་ཁྱབ་བསྒྲགས་བྱས་རྗེས་མཚམས་རྟགས་ཕུར་པ་བཙུགས་ནས་ཁྲིམས་ལུགས་གཞིར་བཟུང་སྲུང་སྐྱོབ་དང་ཚོད་འཛིན་བྱེད་དགོས། འཛུགས་སྐྲུན་མི་ཆོག་པའི་ས་ཁོངས་ནང་ཨར་སྐྲུན་དངོས་རིགས་གསར་རྒྱག་བྱེད་དགོས་ངེས་ཡིན་ཚེ་རིག་དངོས་སྲུང་སྐྱོབ་བྱེད་སའི་སྔར་ཡོད་ཀྱི་རྣམ་པར་གཏོར་བཤིག་མ་ཕོག་པ་བྱེད་དགོས། དེའི་འཆར་འགོད་ཇུས་གཞིར་རིག་དངོས་སྲུང་སྐྱོབ་ཚན་པའི་རིམ་པ་གཞིར་བཟུང་རིམ་པ་གཅིག་མཚུངས་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་གྱི་མོས་མཐུན་ཐོབ་པ་བརྒྱུད་འཛུགས་སྐྲུན་སྲིད་འཛིན་སྡེ་ཚན་ལ་ཞིབ་བཤེར་ཆོག་མཆན་ཞུ་དགོས། ཆོག་མཆན་མ་ཐོབ་པར་ཨར་སྐྲུན་བྱེད་མི་ཆོག་ཅིང་། ཨུ་ཚུགས་ཀྱིས་ཨར་སྐྲུན་བྱས་རིགས་ངེས་པར་དུ་གླེང་མེད་བཤིག་དགོས་པ་དང་དེའི་དཔལ་འབྱོར་གྱི་གྱོང་གུན་རྣམས་འཛུགས་སྐྲུན་བྱེད་མཁན་ཚན་པ་སོ་སོས་འཁུར་དགོས། རིག་དངོས་སྲུང་སྐྱོབ་ཚན་པའི་འཛུགས་སྐྲུན་མི་ཆོག་པའི་ས་ཁོངས་ནང་བཙོག་སྐྱོན་ཡོད་པའི་སྒྲིག་བཀོད་དམ་ཡང་ན་ཐོག་བརྩེགས་མཐོ་བའི་ཨར་སྐྲུན་དངོས་རིགས་གསར་རྒྱག་བྱེད་མི་ཆོག དེ་སྔ་བརྒྱབ་པའི་རིགས་དུས་བཀག་ནང་བཅོས་སྒྲིག་དང་། བཟོ་བཅོས། གནས་སྤོ། བཤིག་པ་བཅས་བྱེད་དགོས་ཤིང་། དེའི་འགྲོ་གྲོན་རྣམས་འཛུགས་སྐྲུན་ཚན་པ་དང་དེའི་རིམ་པ་གོང་མའི་སྡེ་ཚན་གྱིས་ཐག་གཅོད་བྱེད་དགོས།
དོན་ཚན་ཉེར་གསུམ་པ། རིག་དངོས་སྲུང་སྐྱོབ་ཚན་པས་ངེས་པར་དུ་མེ་ཟོན་དང་རྐུ་མ་འགོག་ཟོན་གྱི་བདེ་འཇགས་སྒྲིག་ཆས་དང་སྒྲིག་བཀོད་སྒྲིག་སྦྱོར་ཡག་པོ་བྱེད་དགོས། རིག་དངོས་སྲུང་སྐྱོབ་ཚན་པའི་མེ་གསོད་འགྲོ་ལམ་གྱི་ཐོན་སྒོ་དང་འཛུལ་སྒོ་ངེས་པར་དུ་ཤར་གཏོང་ཐུབ་པ་དགོས་ཤིང་། ཚན་པའམ་ཡང་ན་མི་སྒེར་གང་རུང་གིས་བཀག་པ་དང་ཧམ་བཟུང་བྱེད་མི་ཆོག
དོན་ཚན་ཉེར་བཞི་པ། བཟོ་ལས་དང་། ཞིང་ལས། ཆུ་བེད། འགྲིམ་འགྲུལ། དམག་དོན། འཛུགས་སྐྲུན་སོགས་སྡེ་ཚན་གྱིས་ལས་གྲྭ་ཁག་གི་རྣམ་གྲངས་འཆར་འགོད་དང་། ས་ཆ་འདེམས་པ། ཇུས་འགོད་བཅས་བྱེད་སྐབས་ཨར་ལས་འཛུགས་སྐྲུན་བྱ་ཡུལ་ནང་དུ་རིག་དངོས་སྲུང་སྐྱོབ་ཚན་པ་ཡོད་ཚེ་རིམ་པར་གཞིགས་ཏེ་རང་སྐྱོང་ལྗོངས་སམ་ཡང་ན་གྲོང་ཁྱེར (ས་གནས )དང་། རྫོང་རིམ་པའི་རིག་དངོས་སྲིད་འཛིན་སྡེ་ཚན་དང་མཉམ་དུ་སྲུང་སྐྱོབ་བྱ་ཐབས་གཏན་འཁེལ་བྱས་ཏེ་འཆར་འགོད་འགན་ཡིག་ནང་འགོད་དགོས། རིག་དངོས་སྲིད་འཛིན་སྡེ་ཚན་གྱི་མོས་མཐུན་མ་ཐོབ་པར་འབྲེལ་ཡོད་སྡེ་ཚན་གྱིས་འཛུགས་སྐྲུན་རྣམ་གྲངས་དང་ས་ཆ་བསྡུ་སྤྱོད་བྱེད་རྒྱུར་ཆོག་མཆན་སྤྲོད་མི་ཆོག
དོན་ཚན་ཉེར་ལྔ་པ། རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་སོ་སོའི་སྲིད་འཛིན་ས་ཁོངས་ཀྱི་རིག་དངོས་སྲུང་སྐྱོབ་ལས་གྲྭའི་རྣམ་གྲངས་བཟོ་འགོད་དང་། ཐིག་ལེན་ཇུས་འགོད། ཨར་ལས། ལྟ་འདོམས། ཞིབ་བཤེར་རྩིས་ལེན་བཅས་ལ་དོ་དམ་བྱེད་རྒྱུའི་འགན་འཁུར་དགོས། རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པའི་སྲུང་སྐྱོབ་ལས་གྲྭའི་རིགས་དེ་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་དངོས་སྲུང་སྐྱོབ་གཙོ་འགན་འཁུར་མཁན་སྡེ་ཚན་ལ་ཞིབ་བཤེར་ཆོག་མཆན་ཞུ་དགོས། རང་སྐྱོང་ལྗོངས་རིམ་པ་དང་། གྲོང་ཁྱེར (ས་གནས )དང་རྫོང་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ་དང་དེ་བཞིན་ཞིབ་བཤེར་གཏན་འཁེལ་མ་བྱས་པའི་རིག་དངོས་སྲུང་སྐྱོབ་ཚན་པའི་སྤོ་ཐབས་མེད་པའི་རིག་དངོས་སྲུང་སྐྱོབ་ལས་གྲྭའི་རིགས་གནས་ཡུལ་དེ་གའི་གྲོང་ཁྱེར (ས་གནས )རིམ་པའི་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་ལ་ཞིབ་བཤེར་ཆོག་མཆན་ཞུ་དགོས།
དོན་ཚན་ཉེར་དྲུག་པ། རིག་དངོས་སྲུང་སྐྱོབ་ཚན་པའི་བདག་སྐྱོང་ཉམས་གསོ་དང་། མྱུར་སྐྱོབ་བརྟན་སྐྱོར། ཞིག་གསོ། སྲུང་སྐྱོབ་རང་བཞིན་གྱི་སྒྲིག་ཆས་སྒྲིག་སྦྱོར། གནས་སྤོ་སོགས་ཀྱི་ལས་གྲྭའི་རིགས་རིམ་ཁག་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་རིག་དངོས་སྲུང་སྐྱོབ་ཚན་པའི་རིམ་པ་ལྟར་རིག་དངོས་སྲུང་སྐྱོབ་ལས་གྲྭར་རྣམ་གྲངས་བཟོ་འགོད་དང་། ཐིག་ལེན་ཇུས་འགོད། ཨར་ལས། ལྟ་འདོམས། ཞིབ་བཤེར་རྩིས་ལེན་བཅས་ལ་རིམ་དབྱེའི་དོ་དམ་བྱེད་དགོས།
དོན་ཚན་ཉེར་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་སོ་སོའི་སྲིད་འཛིན་ས་ཁོངས་ཀྱི་རིམ་ཁག་རིག་དངོས་སྲུང་སྐྱོབ་ཚན་པའི་སྲུང་སྐྱོབ་འཆར་གཞི་བཟོ་འགོད་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱིའི་འཆར་འགོད་དང་། ལོ་རྒྱུས་དང་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར (ཁྲོམ་གཞུང་དང་གྲོང་ཚོ་གྲོང་རྡལ )གྱི་སྲུང་སྐྱོབ་འཆར་འགོད། ཁོར་ཡུག་ལེགས་བཅོས་འཆར་འགོད། ས་ཆ་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་བཅས་དང་འབྲེལ་མཐུད་ཐུབ་པ་བྱེད་དགོས། རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པའི་སྲུང་སྐྱོབ་འཆར་འགོད་དེ་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་གྱི་མཛུབ་ཁྲིད་འོག་གནས་ཡུལ་དེ་གའི་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་བཟོ་འགོད་བྱེད་རྒྱུའི་སྒྲིག་འཛུགས་བྱེད་དགོས།
དོན་ཚན་ཉེར་བརྒྱད་པ། རིག་དངོས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པའམ་ཡང་ན་ས་ཁོངས་ཀྱི་ཁྱད་ཆོས་དང་། མི་རིགས་ཀྱི་ཁྱད་ཆོས། གལ་ཆེའི་ལོ་རྒྱུས་ཀྱི་རིན་ཐང་ངམ་ཡང་ན་གསར་བརྗེའི་དོན་སྙིང་བཅས་མངོན་གསལ་དོད་པོ་ལྡན་པའི་ཁྲོམ་གཞུང་དང་། གྲོང་ཚོ་གྲོང་རྡལ་གྱི་རིགས་རང་སྐྱོང་ལྗོངས་ཀྱི་འཛུགས་སྐྲུན་སྲིད་འཛིན་སྡེ་ཚན་དང་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་མཉམ་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ལོ་རྒྱུས་དང་རིག་གནས་ཀྱི་ཁྲོམ་གཞུང་དང་གྲོང་ཚོ་གྲོང་རྡལ་ཡིན་པ་ཞིབ་བཤེར་གཏན་འཁེལ་དང་ཁྱབ་བསྒྲགས་བྱེད་རྒྱུར་སྙན་ཞུ་འབུལ་དགོས་པ་དང་ཕྱོགས་མཚུངས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་ཐོ་དཔོད་དགོས།
དོན་ཚན་ཉེར་དགུ་པ། ལོ་རྒྱུས་དང་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་ནང་གི་ལོ་རྒྱུས་དང་རིག་གནས་ཀྱི་ཁྲོམ་གཞུང་ངམ་ཡང་ན་ལོ་རྒྱུས་དང་རིག་གནས་ཀྱི་གྲོང་ཚོ་གྲོང་རྡལ་ལ་ལས་གྲྭའི་འཛུགས་སྐྲུན་གཉེར་སྐབས་འཛུགས་སྐྲུན་ཚན་པས་སྔོན་ལ་རིམ་པ་གཅིག་མཚུངས་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་དང་འཛུགས་སྐྲུན་སྲིད་འཛིན་སྡེ་ཚན་གྱི་མོས་མཐུན་འཐོབ་དགོས་པ་དང་། རིམ་པ་གོང་མའི་རིག་དངོས་སྲིད་འཛིན་སྡེ་ཚན་དང་འཛུགས་སྐྲུན་སྲིད་འཛིན་སྡེ་ཚན་གྱི་ཞིབ་བཤེར་བརྒྱུད་རྗེས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་དགོས། ལོ་རྒྱུས་དང་རིག་གནས་ཀྱི་ཁྲོམ་གཞུང་དང་གྲོང་ཚོ་གྲོང་རྡལ་གྱི་བཀོད་ཁྱབ་དང་། ཁོར་ཡུག ལོ་རྒྱུས་ཀྱི་རྣམ་པ་སོགས་ལ་གཏོར་བཤིག་ཚབས་ཆེན་ཕོག་ནས་ལོ་རྒྱུས་དང་རིག་གནས་ཀྱི་ཁྲོམ་གཞུང་དང་གྲོང་ཚོ་གྲོང་རྡལ་གྱི་ཆ་རྐྱེན་དང་མ་འཚམ་པའི་རིགས་རང་སྐྱོང་ལྗོངས་ཀྱི་འཛུགས་སྐྲུན་སྡེ་ཚན་གྱིས་རིག་དངོས་སྲིད་འཛིན་སྡེ་ཚན་དང་མཉམ་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་དེ་དག་རིག་དངོས་ཁོངས་ནས་ཕྱིར་འཐེན་བྱེད་རྒྱུའི་ཞིབ་བཤེར་ཆོག་མཆན་སྤྲོད་རྒྱུ་དང་ཕྱོགས་མཚུངས་ཁྱབ་བསྒྲགས་བྱེད་རྒྱུའི་སྙན་ཞུ་འབུལ་དགོས།
ལེའུ་བཞི་པ། གནའ་རྫས་དཔྱད་ཞིབ་སྔོག་འཚོལ།
དོན་ཚན་སུམ་ཅུ་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་གི་གནའ་རྫས་དཔྱད་ཞིབ་སྔོག་འཚོལ་ལས་དོན་མཐའ་དག་ངེས་པར་དུ་ཁྲིམས་བཅད་གོ་རིམ་བཞིན་ཆོག་མཆན་ཞུ་བའི་འགྲོ་ལུགས་སྒྲུབ་དགོས། ཚན་པའམ་ཡང་ན་མི་སྒེར་གང་རུང་གིས་ཆོག་མཆན་མ་ཐོབ་པར་རང་འཚམ་གྱིས་སྔོག་འཚོལ་བྱེད་མི་ཆོགགནའ་རྫས་དཔྱད་ཞིབ་སྔོག་འཚོལ་ཚན་པར་བབ་མཚུངས་ཀྱི་གནའ་རྫས་དཔྱད་ཞིབ་སྔོག་འཚོལ་ཚོགས་པའི་སྣེ་འཁྲིད་པ་དང་མི་སྒེར་གྱི་སྣེ་འཁྲིད་པའི་འོས་བབ་ཡོད་དགོས། གནའ་རྫས་དཔྱད་ཞིབ་སྔོག་འཚོལ་མ་བྱས་གོང་དུ་སྔོག་འཚོལ་བྱེད་རྒྱུའི་འཆར་གཞི་འདོན་དགོས་པ་དང་། རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ཞིབ་བཤེར་བྱས་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་དངོས་སྲིད་འཛིན་སྡེ་ཚན་ལ་ཆོག་མཆན་ཞུ་དགོས། རྒྱལ་ནང་གི་ཚན་ཞིབ་ལས་ཁུངས་དང་མཐོ་རིམ་སློབ་གྲྭ་ཆེ་ཁག་གིས་ཚན་རིག་ཞིབ་འཇུག་དང་སློབ་ཁྲིད་དངོས་སྦྱོང་གི་ཆེད་དུ་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་སུ་རིག་དངོས་གནའ་རྫས་དཔྱད་ཞིབ་དང་བཙལ་འཚོལ་བྱེད་དགོས་ཚེ་སྔོན་ལ་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་གྱི་མོས་མཐུན་འཐོབ་དགོས།
དོན་ཚན་སོ་གཅིག་པ། གནའ་རྫས་དཔྱད་ཞིབ་དང་། བཙལ་འཚོལ། སྔོག་འཚོལ་བཅས་བྱས་འབྲས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་དངོས་སྲིད་འཛིན་སྡེ་ཚན་དང་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་ལ་སྙན་སེང་ཞུ་དགོས། གནའ་རྫས་དཔྱད་ཞིབ་སྔོག་འཚོལ་བྱེད་མཁན་ཚན་པས་ས་འོག་ནས་ཐོན་པའི་རིག་དངོས་ཡོངས་རྫོགས་ཐོ་དེབ་བཟོས་ནས་ཉར་ཚགས་ཡག་པོ་བྱེད་དགོས་པ་དང་། དམིགས་བསལ་གནས་ཚུལ་ཕུད་དེ་བྱིངས་ས་འོག་ནས་ཐོན་པའི་རིག་དངོས་རྣམས་གནའ་རྫས་དཔྱད་ཞིབ་སྔོག་འཚོལ་མཇུག་འགྲིལ་རྗེས་ཀྱི་ལོ་གཅིག་ནང་ཚུན་དུ་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་དམིགས་འཛུགས་བྱས་པའི་བསྡུ་ཉར་ཚན་པར་ཉར་ཚགས་བྱེད་རྒྱུར་རྩིས་སྤྲོད་བྱེད་དགོས། གནའ་རྫས་དཔྱད་ཞིབ་སྔོག་འཚོལ་གྱི་དཔྱད་ཡིག་ཚང་མ་རྒྱལ་ཁབ་ཀྱི་ཡིག་ཚགས་ཡིན་པས་སྔོག་འཚོལ་བྱེད་མཁན་ཚན་པས་ཉར་ཚགས་ཡག་པོ་བྱེད་དགོས་པ་དང་། སྔོག་འཚོལ་བྱེད་མཁན་གྱིས་གནའ་རྫས་དཔྱད་ཞིབ་སྔོག་འཚོལ་གྱི་དཔྱད་ཡིག་རང་འཚམ་གྱིས་བཟུང་སྤྱོད་བྱེད་མི་ཆོག རིག་དངོས་སྲིད་འཛིན་སྡེ་ཚན་དང་དེ་སྔ་སྔོག་འཚོལ་བྱེད་མཁན་ཚན་པའི་མོས་མཐུན་མ་ཐོབ་པར་ཕྱིར་བསྒྲགས་བྱས་མེད་པའི་རིག་དངོས་དང་གནའ་རྫས་ཀྱི་དཔྱད་ཡིག་རིགས་ཚན་པ་དང་མི་སྒེར་གང་རུང་གིས་རང་དགར་ཕྱིར་བསྒྲགས་བྱེད་མི་ཆོག
དོན་ཚན་སོ་གཉིས་པ། གཞི་རྩའི་འཛུགས་སྐྲུན་གྱི་ལས་གྲྭ་ཆེ་རིགས་གཉེར་སྐབས་འཛུགས་སྐྲུན་བྱེད་མཁན་ཚན་པས་ངེས་པར་དུ་སྔོན་ལ་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་ལ་བབ་མཚུངས་ཀྱི་འོས་བབ་ཡོད་པའི་གནའ་རྫས་དཔྱད་ཞིབ་སྔོག་འཚོལ་ཚན་པ་སྒྲིག་འཛུགས་བྱས་ཏེ་ལས་གྲྭའི་གཉེར་ཁོངས་སུ་གནའ་རྫས་དཔྱད་ཞིབ་དང་བཙལ་འཚོལ་བྱེད་རྒྱུའི་སྙན་སེང་ཞུ་དགོས། རིག་དངོས་ཐོན་ཚེ་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་རིག་དངོས་སྲུང་སྐྱོབ་བྱེད་རྒྱུའི་བླང་བྱ་གཞིར་བཟུང་འཛུགས་སྐྲུན་ཚན་པ་དང་མཉམ་དུ་སྲུང་སྐྱོབ་བྱ་ཐབས་གྲོས་གཏན་འཁེལ་དགོས། དེར་མཁོ་བའི་འགྲོ་གྲོན་རྣམས་འཛུགས་སྐྲུན་བྱེད་མཁན་ཚན་པས་འཛུགས་སྐྲུན་གྱི་ལས་གྲྭའི་སྔོན་རྩིས་ནང་འཇུག་དགོས་པ་དང་། རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་དེ་དོན་འཁྱོལ་བྱེད་རྒྱུའི་སྒྲིག་འཛུགས་བྱེད་དགོས།
དོན་ཚན་སོ་གསུམ་པ། གཞི་རྩའི་འཛུགས་སྐྲུན་གྱི་རྩད་ཞིབ་དང་། བཙལ་འཚོལ། ཨར་སྐྲུན་ནམ་ཡང་ན་ཐོན་སྐྱེད་འཛུགས་སྐྲུན་བཅས་བྱེད་སྐབས་རིག་དངོས་ཐོན་ཚེ་འཛུགས་སྐྲུན་བྱེད་མཁན་ཚན་པའམ་ཡང་ན་ཐོན་སྐྱེད་བྱེད་མཁན་གྱིས་ལམ་སེང་ལས་མཚམས་བཞག་ནས་ལས་ཡུལ་དངོས་ལ་སྲུང་སྐྱོབ་བྱས་ཏེ་དུས་ཐོག་ཏུ་ས་གནས་དེ་གའི་རིག་དངོས་སྲིད་འཛིན་སྡེ་ཚན་ལ་ཐག་གཅོད་བྱེད་རྒྱུའི་སྙན་སེང་ཞུ་དགོས་པ་དང་། གནད་ཆེའི་རིག་དངོས་ཐོན་ཚེ་ས་གནས་དེ་གའི་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་དུས་ཐོག་ཏུ་རིམ་པ་གཅིག་གིས་མཐོ་བའི་རིག་དངོས་སྲིད་འཛིན་སྡེ་ཚན་ལ་ཐག་གཅོད་བྱེད་རྒྱུའི་སྙན་སེང་ཞུ་དགོས། ཚན་པ་དང་མི་སྒེར་གང་རུང་གིས་རིག་དངོས་ཧམ་འཕྲོག་བྱེད་པ་དང་། ལྐོག་ཏུ་བགོ་བཤའ་རྒྱག་པ། སྦས་བསྐུངས་བྱེད་པ་བཅས་བྱེད་མི་ཆོག
ལེའུ་ལྔ་པ། རྟེན་མཛོད་དུ་ཉར་ཚགས་བྱས་པའི་རིག་དངོས།
དོན་ཚན་སོ་བཞི་པ། རྟེན་རྫས་བཤམས་སྟོན་ཁང་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་ཉར་ཚགས་བྱས་པའི་རིག་དངོས་རྣམས་ལ་ཉར་ཚགས་དངོས་རིགས་ཀྱི་སྲུང་སྐྱོབ་དོ་དམ་ལམ་ལུགས་དང་ཉར་ཚགས་དངོས་རིགས་ཀྱི་ཡིག་ཚགས་ནན་པོ་བཟོ་དགོས་པ་དང་། བསྡུ་ཉར་བྱས་པའི་རིག་དངོས་རྣམས་རེ་རེ་བཞིན་རིམ་པ་དབྱེ་བ་དང་། ཐོ་དེབ་བཟོ་བ། ཡིག་ཚགས་བཟོ་བ་བཅས་བྱེད་དགོས། ཉར་ཚགས་དངོས་རིགས་ཀྱི་ཡིག་ཚགས་རྣམས་བབ་མཚུངས་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་ལ་སྙན་ཐོ་དཔོད་དགོས་པ་དང་དེའི་ནང་གི་རིམ་པ་དང་པོའི་ཉར་ཚགས་དངོས་རིགས་ཀྱི་ཡིག་ཚགས་རྣམས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་དངོས་སྲིད་འཛིན་སྡེ་ཚན་ལ་སྙན་ཐོ་དཔོད་དགོས། རྫོང་རིམ་ཡན་གྱི་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་རིག་དངོས་བསྡུ་ཉར་ཚན་པས་རྟེན་མཛོད་དུ་ཉར་ཚགས་བྱས་པའི་རིག་དངོས་ལ་ཡིག་ཚགས་བཟོ་དགོས། རྟེན་མཛོད་དུ་ཉར་ཚགས་བྱས་པའི་རིག་དངོས་ཀྱི་ཡིག་ཚགས་རྣམས་ངེས་པར་དུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་ཐོ་འགོད་བྱེད་དགོས།
དོན་ཚན་སོ་ལྔ་པ། རྟེན་མཛོད་དུ་ཉར་ཚགས་བྱས་པའི་རྩ་ཆེའི་རིག་དངོས་ཀྱི་རིམ་པ་དང་པོའི་དངོས་རིགས་ལ་ཟུར་དུ་མཛོད་ཁང་དང་སྒམ་བཟོས་ནས་གཙོ་གནད་དུ་ཉར་ཚགས་བྱེད་དགོས་པ་མ་ཟད། ལོ་ལྟར་བསྐྱར་ཞིབ་ཐེངས་རེ་བྱེད་དགོས། རིམ་པ་དང་པོའི་དངོས་རིགས་ཉར་ཚགས་བྱེད་རྒྱུའི་བདེ་འཇགས་ཀྱི་ཆ་རྐྱེན་མེད་པའི་ཚན་པས་བསྡུ་ཉར་བྱས་པའི་རིག་དངོས་ཀྱི་ཉར་ཚགས་དངོས་རིགས་རྣམས་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ཉར་ཚགས་ཀྱི་ཆ་རྐྱེན་འཛོམས་པའི་རྒྱལ་ཁབ་ལ་བདག་པའི་རིག་དངོས་བསྡུ་ཉར་ཚན་པར་ཉར་ཚགས་བྱེད་རྒྱུའི་འགན་སྤྲད་ཆོག་པ་དང་། དེ་སྔའི་བསྡུ་ཉར་ཚན་པར་བསྡུ་ཉར་བྱེད་རྒྱུའི་ཆ་རྐྱེན་འཛོམས་མཚམས་སུ་ཕྱིར་སྤྲོད་བྱེད་དགོས།
དོན་ཚན་སོ་དྲུག་པ། རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་རིག་དངོས་བསྡུ་ཉར་ཚན་པའི་ཡིག་ཚགས་བཟོས་ཟིན་པའི་རྟེན་མཛོད་དུ་ཉར་ཚགས་བྱས་པའི་རིག་དངོས་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་རྗེས་གཏོང་སྤྲོད་བྱས་ཆོག རྟེན་མཛོད་དུ་ཉར་ཚགས་བྱས་པའི་རིམ་པ་དང་པོའི་རིག་དངོས་རྣམས་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་འཛིན་སྡེ་ཚན་ལ་སྙན་ཐོ་དཔོད་དགོས།
དོན་ཚན་སོ་བདུན་པ། རྒྱལ་ཁབ་ལ་བདག་པའི་རིག་དངོས་བསྡུ་ཉར་ཚན་པས་རྟེན་མཛོད་དུ་ཉར་ཚགས་བྱས་པའི་རིག་དངོས་ལག་རྟགས་ལ་སྤྲོད་པ་དང་། བོགས་མར་གཏོང་བའམ་ཡང་ན་ཕྱིར་ཚོང་བཅས་བྱེད་མི་ཆོག རྟེན་མཛོད་དུ་ཉར་ཚགས་བྱས་པའི་རིག་དངོས་ཀྱི་ཡིག་ཚགས་བཟོས་ཟིན་པའི་རྒྱལ་ཁབ་ལ་བདག་པའི་རིག་དངོས་བསྡུ་ཉར་ཚན་པའི་དབར་ཉར་ཚགས་བྱས་པའི་རིག་དངོས་ཕན་ཚུན་བརྗེ་རེས་དང་གཡར་སྤྱོད་བྱས་ཆོག་ཀྱང་ངེས་པར་དུ་ས་གནས་དེ་གའི་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་ལ་ཆོག་མཆན་ཞུ་དགོས། ཉར་ཚགས་བྱས་པའི་རིམ་པ་དང་པོའི་རིག་དངོས་བརྗེ་རེས་དང་གཡར་སྤྱོད་བྱེད་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་དངོས་སྲིད་འཛིན་སྡེ་ཚན་ལ་ཆོག་མཆན་ཞུ་དགོས། རིག་དངོས་གཏོང་སྤྲོད་དང་། བརྗེ་རེས། གཡར་སྤྱོད་བཅས་བྱེད་སྐབས་ངེས་པར་དུ་རིག་དངོས་ཉར་ཚགས་ཡག་པོ་བྱེད་དགོས་པ་མ་ཟད། བོར་བརླག་དང་གཏོར་སྐྱོན་མི་འགྲོ་བ་བྱེད་དགོས། གཡར་སྤྱོད་བྱེད་པའི་དུས་ཚད་རིང་ཤོས་ལོ་གསུམ་ལས་བརྒལ་མི་ཆོག
དོན་ཚན་སོ་བརྒྱད་པ། རྟེན་མཛོད་དུ་ཉར་ཚགས་བྱས་པའི་རིག་དངོས་ནང་གི་རིག་དངོས་ཡིན་ལ་ཡིག་ཚགས་(བསྟན་བཅོས )ཀྱང་ཡིན་པའི་རིགས་ལ་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་གྱི་ཆོག་མཆན་ཐོབ་རྗེས་རྒྱལ་ཁབ་ལ་བདག་པའི་རིག་དངོས་བསྡུ་ཉར་ཚན་པས་ཡིག་ཚགས་ཁང་དང་། དཔེ་མཛོད་ཁང་། དྲན་གསོ་ཁང་། ཚན་ཞིབ་སོགས་ཚན་པའི་དབར་ཕན་ཚུན་པར་སློག་ཡིག་ཆའམ་ཡང་ན་དཀར་ཆག་བརྗེ་རེས་བྱས་ནས་མཉམ་དུ་འབྲེལ་ཡོད་ལོ་རྒྱུས་ཀྱི་དཔྱད་ཡིག་རྩོམ་སྒྲིག་དཔེ་སྐྲུན་ནམ་ཡང་ན་ལོ་རྒྱུས་ཀྱི་དཔྱད་ཡིག་ལ་ཞིབ་འཇུག་བྱས་ཆོག
དོན་ཚན་སོ་དགུ་པ། རྟེན་རྫས་བཤམས་མཛོད་ཁང་དང་། རིག་དངོས་སྲུང་སྐྱོབ་ཚན་པ་ཡིན་པར་གཏན་འཁེལ་བྱས་པའི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ། རིག་དངོས་བསྡུ་ཉར་ཚན་པ་བཅས་ཀྱིས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་མེ་ཟོན་དང་། རྐུ་ཟོན། འབུ་སྐྱོན་འགོག་ཟོན། ཐལ་རྡུལ་སྔོན་འགོག ས་ཡོམ་འགོག་ཟོན་སོགས་ཀྱི་སྒྲིག་ཆས་དང་སྒྲིག་བཀོད་སྒྲིག་སྦྱོར་བྱེད་དགོས་པ་དང་། མེ་འཁྱུད་དང་འབར་གས་སླ་བ་དང་རུལ་བསླད་འགྲོ་སླ་བ་སོགས་ཀྱི་ཉེན་ཆེའི་དངོས་རིགས་ཉར་འཇོག་བྱེད་རྒྱུ་ནན་འགོག་བྱས་ཏེ་བདེ་འཇགས་འགན་ལེན་བྱེད་དགོས།
དོན་ཚན་ཞེ་བཅུ་པ། རིག་དངོས་བསྡུ་ཉར་ཚན་པའི་ཁྲིམས་བཅད་འཐུས་མིའམ་ཡང་ན་འགན་འཁུར་བས་རིག་དངོས་ཉེན་མེད་ཡོང་བའི་འགན་འཁུར་དགོས། རིག་དངོས་བསྡུ་ཉར་ཚན་པའི་ཁྲིམས་བཅད་འཐུས་མིའམ་ཡང་ན་འགན་འཁུར་བ་ལས་གནས་འཁྱུར་སྐབས་ཉར་ཚགས་བྱས་པའི་རིག་དངོས་ཡིག་ཚགས་ཀྱི་ཞིབ་ཐོ་གཞིར་བཟུང་རིག་དངོས་རྩིས་སྤྲོད་བྱེད་རྒྱུའི་འགྲོ་ལུགས་སྒྲུབ་དགོས།
ལེའུ་དྲུག་པ། དམངས་ཁྲོད་ཀྱི་རིག་དངོས་བསྡུ་ཉར།
དོན་ཚན་ཞེ་གཅིག་པ། རིག་དངོས་བསྡུ་ཉར་ཚན་པ་ཕུད་པའི་སྤྱི་དམངས་དང་ཁྲིམས་ཚན་ནམ་ཡང་ན་སྒྲིག་འཛུགས་གཞན་དག་བཅས་ཀྱིས་གཤམ་གསལ་གྱི་བྱ་ཐབས་ལ་བརྟེན་ནས་རིག་དངོས་རག་ཐབས་བྱས་ཆོག་པ་སྟེ། (གཅིག ) ཁྲིམས་ལུགས་གཞིར་བཟུང་ཤུལ་འཛིན་བྱེད་པའམ་ཡང་ན་ལག་རྟགས་སུ་ལེན་པ་དང་། (གཉིས ) རིག་དངོས་ཚོང་ཁང་ནས་ཉོ་སྒྲུབ་བྱེད་པ། (གསུམ ) རིག་དངོས་ཧབ་འཚོང་སྐུལ་མཁན་ཁེ་ལས་ས་ནས་ཉོ་བ། (བཞི ) སྤྱི་དམངས་མི་སྒེར་ལ་ཁྲིམས་མཐུན་བཞིན་བདག་པའི་རིག་དངོས་ཕན་ཚུན་བརྗེ་རེས་བྱེད་པའམ་ཡང་ན་ཁྲིམས་ལུགས་ལྟར་ནང་བཤུག་གཏོང་བ་བཅས། (ལྔ ) རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཁྲིམས་མཐུན་གྱི་བྱེད་སྟངས་གཞན་དག་བཅས། རིག་དངོས་བསྡུ་ཉར་ཚན་པ་ཕུད་པའི་སྤྱི་དམངས་དང་། ཁྲིམས་ཚན་ནམ་ཡང་ན་སྒྲིག་འཛུགས་གཞན་དག་བཅས་ཀྱིས་ཁྲིམས་མཐུན་བཞིན་བསྡུ་ཉར་བྱས་པའི་རིག་དངོས་རྣམས་ས་གནས་འདི་གའི་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་སྙན་ཐོ་དཔོད་དགོས་པ་མ་ཟད་ཁྲིམས་ལུགས་གཞིར་བཟུང་འཁོར་རྒྱུག་བྱས་ཆོག ཚན་པ་དང་མི་སྒེར་གང་རུང་གིས་རིན་སྐྱིན་མེད་པར་ཧམ་བཟུང་བྱེད་མི་ཆོག
དོན་ཚན་ཞེ་གཉིས་པ། རིག་དངོས་ཚོང་ཁང་འཛུགས་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་དངོས་སྲིད་འཛིན་སྡེ་ཚན་ནམ་ཡང་ན་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་གྱི་ཆོག་མཆན་འཐོབ་དགོས་པ་དང་། ཁྲིམས་ལུགས་གཞིར་བཟུང་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་སྤྲད་པའི་ཚོང་གཉེར་ལག་ཁྱེར་རག་རྗེས་རིག་དངོས་བྲིན་ཚོང་བྱས་ཆོག རིག་དངོས་ཚོང་ཁང་གིས་རིག་དངོས་ཧབ་འཚོང་སྐུལ་རིགས་བྱེད་མི་ཆོག་པ་དང་། རིག་དངོས་ཧབ་འཚོང་སྐུལ་མཁན་ཁེ་ལས་འཛུགས་མི་ཆོག
དོན་ཚན་ཞེ་གསུམ་པ། ཁྲིམས་ལུགས་གཞིར་བཟུང་བཙུགས་པའི་ཧབ་འཚོང་སྐུལ་མཁན་ཁེ་ལས་ཀྱིས་རིག་དངོས་ཧབ་འཚོང་སྐུལ་དགོས་ཚེ་ངེས་པར་དུ་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་གྱི་ཞིབ་བཤེར་མོས་མཐུན་ཐོབ་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་དངོས་སྲིད་འཛིན་སྡེ་ཚན་ལ་ཞུ་ཡིག་འབུལ་དགོས་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་སྤྲད་པའི་རིག་དངོས་ཧབ་འཚོང་སྐུལ་བའི་འཁྲོལ་འཛིན་ཡང་འཐོབ་དགོས། རིག་དངོས་ཧབ་འཚོང་སྐུལ་མཁན་ཁེ་ལས་ཀྱིས་རིག་དངོས་ཉོ་འཚོང་བྱེད་མི་ཆོག་པ་དང་། རིག་དངོས་ཚོང་ཁང་འཛུགས་མི་ཆོག
དོན་ཚན་ཞེ་བཞི་པ། ཆོག་མཆན་ཐོབ་པའི་རིག་དངོས་ཚོང་ཁང་དང་རིག་དངོས་ཧབ་འཚོང་སྐུལ་མཁན་ཁེ་ལས་ཕུད་དེ་མིན་གྱི་ཚན་པ་དང་མི་སྒེར་གང་རུང་གིས་རིག་དངོས་འཚོང་བ་དང་ཧབ་འཚོང་སྐུལ་བའམ་ཡང་ན་རིག་དངོས་ཚོང་གཉེར་བྱེད་མི་ཆོག
དོན་ཚན་ཞེ་ལྔ་པ། རིག་དངོས་ཚོང་ཁང་གིས་རིག་དངོས་མ་བཙོངས་གོང་དང་ཧབ་འཚོང་སྐུལ་མཁན་ཁེ་ལས་ཀྱིས་རིག་དངོས་ཧབ་འཚོང་མ་སྐུལ་གོང་དུ་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ཞིབ་བཤེར་བྱེད་དགོས་པ་དང་། ཧབ་འཚོང་སྐུལ་རྒྱུའི་རིག་དངོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་དངོས་སྲིད་འཛིན་སྡེ་ཚན་ལ་སྙན་ཐོ་དཔོད་དགོས། བཙོངས་ཆོག་པའི་རིག་དངོས་རྣམས་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་མཚོན་རྟགས་འགོད་དགོས། རིག་དངོས་ཚོང་ཁང་དང་རིག་དངོས་ཧབ་འཚོང་སྐུལ་མཁན་ཁེ་ལས་ཀྱིས་མཚོན་རྟགས་དེ་ཚོ་བཀོག་པ་དང་། བརྗེ་བ། གཞན་སྤྱོད་བྱེད་པ། གཏོར་སྐྱོན་གཏོང་བའམ་ཡང་ན་རྫུན་བཟོ་བཅས་བྱེད་མི་ཆོག
དོན་ཚན་ཞེ་དྲུག་པ། འཁོར་རྒྱུག་ཁྲོམ་རའི་ནང་རིག་དངོས་དང་འབྲེལ་བ་ཡོད་པ་རྣམས་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་སྤྱི་བདེ་དང་བཟོ་ཚོང་སྡེ་ཚན་དང་མཉམ་དུ་གཅིག་གྱུར་དོ་དམ་བྱེད་དགོས་པ་དང་། ཁྲིམས་འགལ་གྱི་སྒོ་ནས་རིག་དངོས་ཚོང་གཉེར་བྱས་པ་ཤེས་ཚེ་གྱོད་འབྲེལ་རིག་དངོས་རྣམས་ཁྲིམས་ལུགས་གཞིར་བཟུང་གཞུང་བཞེས་གཏོང་བ་དང་འབྲེལ་ཚོང་གཉེར་བྱེད་གནས་མེད་པ་བཟོ་དགོས། རིག་དངོས་ལྐོག་འཚོང་བྱེད་རིགས་ལ་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་སྤྱི་བདེ་དང་འགག་སྒོའི་སྡེ་ཚན་དང་མཉམ་དུ་རྡུང་རྡེག་ཚ་ནན་གཏོང་དགོས།
ལེའུ་བདུན་པ། རིག་དངོས་པར་ལེན་དང་། པར་བཤུས། འདྲ་བཟོ།
དོན་ཚན་ཞེ་བདུན་པ། རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པའི་ནང་ལྗོངས་དང་རྟེན་མཛོད་དུ་ཉར་ཚགས་བྱས་པའི་རིམ་པ་དང་པོའི་རིག་དངོས་པར་ལེན་བྱེད་དགོས་ཚེ་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་དངོས་སྲིད་འཛིན་སྡེ་ཚན་གྱི་ཞིབ་བཤེར་ཆོག་མཆན་འཐོབ་དགོས། རང་སྐྱོང་ལྗོངས་དང་། གྲོང་ཁྱེར (ས་གནས ) རྫོང་བཅས་ཀྱི་རིག་དངོས་སྲུང་སྐྱོབ་ཚན་པའི་ནང་ལྗོངས་དང་། རྟེན་མཛོད་དུ་ཉར་ཚགས་བྱས་པའི་རིམ་པ་གཉིས་པ་དང་དེ་མན་གྱི་རིག་དངོས་པར་ལེན་བྱེད་དགོས་ཚེ་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་གྱི་ཞིབ་བཤེར་ཆོག་མཆན་འཐོབ་དགོས། ཕྱི་ཕྱོགས་དྲིལ་བསྒྲགས་ཀྱི་ལས་ཀའི་ཆེད་དུ་རིག་དངོས་སྲུང་སྐྱོབ་ཚན་པའི་ནང་ལྗོངས་དང་རྟེན་མཛོད་དུ་ཉར་ཚགས་བྱས་པའི་རིག་དངོས་པར་ལེན་བྱེད་དགོས་ཚེ་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ཞིབ་བཤེར་བྱས་རྗེས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་དངོས་སྲིད་འཛིན་སྡེ་ཚན་ལ་ཞིབ་བཤེར་ཆོག་མཆན་ཞུ་དགོས། རིག་དངོས་པར་ལེན་བྱེད་མཁན་ཚན་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་དངོས་སྲིད་འཛིན་སྡེ་ཚན་ནམ་ཡང་ན་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་སྤྲད་པའི 《རིག་དངོས་པར་ལེན་འཁྲོལ་འཛིན 》རག་ནས་རིག་དངོས་སྲུང་སྐྱོབ་ཚན་པའམ་ཡང་ན་རིག་དངོས་ཉར་ཚགས་ཚན་པའི་དབར 《རིག་དངོས་པར་ལེན་གྱི་ཉེན་མེད་འགན་ཡིག 》བཞག་པ་དང་རིག་དངོས་སྤྱད་གླ་སྤྲད་རྗེས་གཞི་ནས་རིག་དངོས་པར་ལེན་བྱས་ཆོག རིག་དངོས་སྤྱད་གླའི་ཚད་གཞི་དེའང་རྒྱལ་ཁབ་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་བཞིན་ལག་བསྟར་བྱེད་དགོས། ཆོག་མཆན་ཐོབ་རྗེས་རིག་དངོས་སྲུང་སྐྱོབ་དང་སྤྱད་གླ་ལེན་པ་རྣམས་རིག་དངོས་སྲུང་སྐྱོབ་ཐད་སྤྱོད་དགོས་པ་ལས་ཚན་པའམ་ཡང་ན་མི་སྒེར་གང་རུང་གིས་ཧམ་བཟུང་དང་གཞན་སྤྱོད་བྱེད་མི་ཆོག
དོན་ཚན་ཞེ་བརྒྱད་པ། གནའ་རྫས་དཔྱད་ཞིབ་སྔོག་འཚོལ་བྱེད་ཡུལ་པར་ལེན་མི་ཆོག་པ་དང་། རྒྱལ་ནང་གསར་འགྱུར་ཚན་པས་གསར་འགྱུར་འབྲི་འགོད་བྱེད་ཆེད་གནའ་རྫས་དཔྱད་ཞིབ་སྔོག་འཚོལ་བྱེད་བཞིན་པའི་ལས་ཡུལ་པར་ལེན་བྱེད་དགོས་བྱུང་ཚེ་ངེས་པར་དུ་སྔོག་འཚོལ་བྱེད་མཁན་ཚན་པའི་མོས་མཐུན་ཐོབ་རྗེས་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་གྱི་ཆོག་མཆན་འཐོབ་དགོས། ཆེད་དོན་པར་གཞི་དང་ཐད་གཏོང་ལེ་ཚན་རིགས་བཟོ་དགོས་ཚེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་དངོས་སྲིད་འཛིན་སྡེ་ཚན་ལ་ཞིབ་བཤེར་ཆོག་མཆན་ཞུ་དགོས།
དོན་ཚན་ཞེ་དགུ་པ། རྒྱལ་ཁབ་ཕྱིའི་ལས་ཁུངས་དང་ཚོགས་པས་རིག་དངོས་པར་ལེན་བྱེད་དགོས་ཚེ་རིག་དངོས་སྲུང་སྐྱོབ་ཚན་པའི་རིམ་པ་དང་རྟེན་མཛོད་དུ་ཉར་ཚགས་བྱས་པའི་རིག་དངོས་ཀྱི་རིམ་པ་གང་ཡིན་ལ་ལྟོས་མི་དགོས་པར་སྣེ་ལེན་བྱེད་མཁན་སྡེ་ཚན་གྱིས་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་གྱི་མོས་མཐུན་བྱུང་རྗེས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་དངོས་སྲིད་འཛིན་སྡེ་ཚན་ལ་ཆོག་མཆན་ཞུ་དགོས།
དོན་ཚན་ལྔ་བཅུ་པ། གློག་བཪྙན་བཪྙན་འཕྲིན་པར་གཞི་དང་། ཚོང་ལས་བརྡ་ཁྱབ་པར་གཞིའི་རིགས་ལ་སྤྱི་དམངས་ལ་སྒོ་དབྱེ་བྱས་པའི་རིག་དངོས་སྲུང་སྐྱོབ་ཚན་པའི་ཕྱི་ལྗོངས་མ་གཏོགས་པར་ལེན་བྱེད་མི་ཆོག་ཅིང་། རིག་དངོས་སྲུང་སྐྱོབ་ཚན་པའི་ནང་ལྗོངས་དང་དེ་བཞིན་རྟེན་མཛོད་དུ་ཉར་ཚགས་བྱས་པའི་རིག་དངོས་པར་ལེན་བྱེད་དགོས་ངེས་ཡིན་ཚེ་པར་ལེན་བྱེད་མཁན་ཚན་པས་སྔོན་ལ་འཆར་གཞི་བཏོན་ནས་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་ལ་ཆོག་མཆན་ཞུ་དགོས།
དོན་ཚན་ང་གཅིག་པ། རིག་དངོས་སྲུང་སྐྱོབ་ཚན་པ་དང་རིག་དངོས་བསྡུ་ཉར་ཚན་པས་རྒྱལ་ནང་གི་དཔེ་སྐྲུན་སྡེ་ཚན་དང་མཉམ་ལས་བྱས་ནས་རིག་དངོས་ནང་དོན་གཙོ་བོར་བྱེད་པའི་པར་སྐྲུན་དངོས་རིགས་འགྲེམ་སྤེལ་བྱེད་དགོས་ཚེ་ས་ཆ་དེ་གའི་རིག་དངོས་སྲིད་འཛིན་སྡེ་ཚན་ལ་མཉམ་ལས་ཀྱི་འབྲེལ་ཡོད་འདོད་ཕྱོགས་གྲོས་ཡིག་དང་པར་རིས་འགྲེལ་ཡིག་གི་ནང་དོན་སྙན་འབུལ་ཞུ་དགོས་པ་མ་ཟད་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་གྱི་ཆོག་མཆན་འཐོབ་དགོས། འགྲེམ་སྤེལ་བྱས་མེད་པའི་རིག་དངོས་དཔྱད་ཡིག་རྣམས་གཞན་ལ་རང་དགར་མཁོ་འདོན་བྱེད་མི་ཆོག
དོན་ཚན་ང་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ཀྱི་ལྕགས་རིགས་དང་རྡོ་ལ་བརྐོས་པའི་ཡི་གེ་དང་། ལྡེབས་རིས། བྲག་རིས། བྲག་ཕུག་གི་རྡོ་བསྐོས་ལྷ་རིས་སོགས་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་གྱི་ཆོག་མཆན་མ་ཐོབ་པར་པར་བཤུས་དང་། འདྲ་བཟོ། འདྲ་བཤུས་བཅས་བྱེད་མི་ཆོགཔར་བཤུས་དང་། འདྲ་བཟོ། འདྲ་བཤུས་བཅས་བྱེད་རྒྱུའི་ཆོག་མཆན་ཐོབ་རུང་དེ་དག་གི་གྲངས་ཚད་ཚོད་འཛིན་ནན་པོ་བྱེད་དགོས་པ་དང་། པར་སློག་བརྒྱབ་ནས་ཕྱིར་འཚོང་མི་ཆོག་པ་དང་ཕྱི་རྒྱལ་ལ་པར་བཤུས་བྱེད་རྒྱུར་མཁོ་འདོན་བྱེད་མི་ཆོག
དོན་ཚན་ང་གསུམ་པ། རིག་དངོས་འདྲ་བཟོ་དང་ཉམས་བཟོ་བྱེད་རྒྱུ་དེ་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་གཅིག་གྱུར་ཐོག་དོ་དམ་བྱེད་དགོས། རིམ་པ་དང་པོའི་རིག་དངོས་རིགས་འདྲ་བཟོ་དང་ཉམས་བཟོ་བྱེད་དགོས་ཚེ་རྒྱལ་ཁབ་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་ལ་ཆོག་མཆན་ཞུ་དགོས་པ་དང་། རིམ་པ་གཉིས་པ་དང་དེ་མན་གྱི་རིག་དངོས་འདྲ་བཟོ་བྱེད་དགོས་ཚེ་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་ལ་ཆོག་མཆན་ཞུ་དགོས། ཚན་པ་དང་མི་སྒེར་གང་རུང་གིས་ཆོག་མཆན་མ་ཐོབ་པར་རིག་དངོས་འདྲ་བཟོ་དང་ཉམས་བཟོ་བྱེད་མི་ཆོག
ལེའུ་བརྒྱད་པ། རིག་དངོས་ཕྱིར་གཏོང་ནང་འདྲེན།
དོན་ཚན་ང་བཞི་པ། རྒྱལ་ཁབ་ཀྱིས་ཕྱི་ཕྱོགས་ལ་འགྲེམས་སྟོན་དང་རིག་གནས་སྤེལ་རེས་བྱེད་རྒྱུར་ཆོག་མཆན་སྤྲད་པ་དང་དེ་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ཆོག་མཆན་སྤྲད་པ་ཕུད་རང་སྐྱོང་ལྗོངས་སྲིད་འཛིན་ས་ཁོངས་ཀྱི་རྒྱལ་ཁབ་ལ་བདག་པའི་རིག་དངོས་དང་རྒྱལ་ཁབ་ལ་མ་བདག་པའི་རིག་དངོས་ནང་གི་རྩ་ཆེའི་རིག་དངོས་དང་རྒྱལ་ཁབ་ནས་ཕྱིར་གཏོང་བྱེད་རྒྱུར་ནན་འགོག་བྱེད་པའི་རིག་དངོས་གཞན་དག་ཚང་མ་ཕྱིར་གཏོང་བྱེད་མི་ཆོགདོན་ཚན་ང་ལྔ་པ། རྒྱལ་ཁབ་ཀྱིས་དམིགས་འཛུགས་བྱས་པའི་རིག་དངོས་ཕྱིར་འདྲེན་བྱེད་སའི་འགག་སྒོ་ནས་ཕྱིར་འདྲེན་བྱེད་པ་ཕུད་དེ་བྱིངས་འགག་སྒོ་ཚང་མ་ནས་རིག་དངོས་ཕྱིར་འདྲེན་བྱེད་མི་ཆོག
དོན་ཚན་ང་དྲུག་པ། ཕྱི་ཕྱོགས་ལ་འགྲེམས་སྟོན་བྱེད་པར་རིག་དངོས་འཁྱེར་དགོས་ཚེ་ངེས་པར་དུ་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ཞིབ་བཤེར་བྱས་རྗེས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཞིབ་བཤེར་ཆོག་མཆན་ཞུ་དགོས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་དངོས་སྲིད་འཛིན་སྡེ་ཚན་ལ་ཆོག་མཆན་ཞུ་དགོས།
དོན་ཚན་ང་བདུན་པ། རིག་དངོས་གནས་སྐབས་ནང་འདྲེན་བྱེད་དགོས་རིགས་འགག་སྒོ་ལས་ཁུངས་ཀྱིས་རིག་དངོས་ལ་ཐེལ་ཙེ་བརྒྱབ་རྗེས་དོ་བདག་ལ་སྤྲད་དེ་རིག་དངོས་ཕྱིར་འདྲེན་ལ་ཞིབ་བཤེར་བྱེད་མཁན་ལས་ཁུངས་ལ་ཞིབ་བཤེར་ཐོ་འགོད་བྱེད་རྒྱུར་འབུལ་དགོས། རིག་དངོས་ཕྱིར་འདྲེན་ལ་ཞིབ་བཤེར་བྱེད་མཁན་ལས་ཁུངས་ཀྱིས་འགག་སྒོའི་ཐེལ་ཙེར་ལྷད་སྐྱོན་མེད་པའི་ཞིབ་བཤེར་བྱས་རྗེས་གནས་སྐབས་ནང་འདྲེན་བྱེད་པའི་རིག་དངོས་རྣམས་ལ་རིག་དངོས་གནས་སྐབས་ནང་འདྲེན་ཆོག་པའི་མཚོན་རྟགས་གསལ་བཀོད་བྱེད་པ་དང་འབྲེལ་ཐོ་འགོད་པར་ལེན་བྱེད་དགོས།
ལེའུ་དགུ་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
དོན་ཚན་ང་བརྒྱད་པ། གཤམ་གསལ་གྱི་བྱེད་སྤྱོད་རིགས་ཤིག་ཡོད་རུང་ཉེས་གསོག་གི་ཚད་ལ་སླེབས་མེད་པར་རྫོང་རིམ་ཡན་གྱི་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ཡོ་བསྲང་བྱེད་དགོས་པའི་བཀའ་གཏོང་དགོས་པ་དང་། མཇུག་འབྲས་ཚབས་ཆེན་བཟོ་མཁན་ལ་སྒོར་ཁྲི་5ཡན་དང་སྒོར་ཁྲི་20མན་གྱི་དངུལ་ཆད་གཅོད་དགོས། ཉེས་ཚབས་ཆེ་རིགས་ལ་ཐོག་མར་ལག་ཁྱེར་སྤྲོད་མཁན་ལས་ཁུངས་ཀྱིས་འོས་ཐོབ་ལག་ཁྱེར་མེད་པ་བཟོ་རྒྱུ་སྟེ། (གཅིག )རིག་དངོས་སྲུང་སྐྱོབ་ཚན་པའི་སྲུང་སྐྱོབ་བྱ་ཁོངས་ནང་དུ་རང་དགར་འཛུགས་སྐྲུན་གྱི་ཨར་ལས་སམ་ཡང་ན་འབར་གཏོར་དང་། གསོར་འབིགས། སྔོག་འདོན་སོགས་བྱེད་པ་དང་། (གཉིས )རིག་དངོས་སྲུང་སྐྱོབ་ཚན་པའི་འཛུགས་སྐྲུན་མི་ཆོག་པའི་ས་ཁོངས་སུ་འཛུགས་སྐྲུན་ལས་གྲྭ་གཉེར་བ་མ་ཟད་ལས་གྲྭའི་ཇུས་གཞི་རིག་དངོས་སྲིད་འཛིན་སྡེ་ཚན་ལ་དགོངས་སྐོར་མ་ཞུས་པ་དང་འཛུགས་སྐྲུན་སྡེ་ཚན་ལ་ཆོག་མཆན་མ་ཞུས་པར་རིག་དངོས་སྲུང་སྐྱོབ་ཚན་པའི་སྔར་ཡོད་རྣམ་པར་གཏོར་བཤིག་བཏང་བ།
དོན་ཚན་ང་དགུ་པ། རིག་དངོས་ཚོང་ཁང་དང་རིག་དངོས་ཧབ་འཚོང་སྐུལ་མཁན་ཁེ་ལས་ཀྱིས་འདི་ག་སྲོལ་ཡིག་གི་དོན་ཚན་ཞེ་ལྔ་པའི་ནང་གསེས་གཉིས་པའི་གཏན་འབེབས་དང་འགལ་ནས་རིག་དངོས་ཀྱི་མཚོན་རྟགས་བསུབ་པ་དང་། བརྗེ་བ། གཞན་སྤྱོད། གཏོར་སྐྱོན་གཏོང་བའམ་ཡང་ན་རྫུན་བཟོ་བྱས་རིགས་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ལེགས་བཅོས་བྱེད་རྒྱུའི་བཀའ་གཏོང་དགོས་པ་མ་ཟད་སྒོར་5000ཡན་ནས་སྒོར་ཁྲི་5མན་གྱི་དངུལ་ཆད་འགེལ་རྒྱུ།
དོན་ཚན་དྲུག་ཅུ་པ། རིག་དངོས་སྲིད་འཛིན་སྡེ་ཚན་དང་། རྒྱལ་ཁབ་ལ་བདག་པའི་རིག་དངོས་བསྡུ་ཉར་ཚན་པ། རིག་དངོས་ཚོང་ཁང་། རིག་དངོས་ཧབ་འཚོང་སྐུལ་མཁན་ཁེ་ལས་བཅས་ཀྱི་ལས་བྱར་གཤམ་གསལ་གྱི་བྱེད་སྤྱོད་རིགས་ཤིག་ཡོད་ཚེ་ཁྲིམས་བཞིན་སྲིད་འཛིན་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཁྲིམས་ལུགས་ལྟར་ལས་ཁུངས་ནས་ཕྱིར་འབུད་གཏོང་རྒྱུའམ་ཡང་ན་དེའི་ལས་གཉེར་ཐོབ་ཐང་མེད་པ་བཟོ་རྒྱུ། ཉེས་གསོག་གི་ཚད་ལ་སླེབས་རིགས་ཁྲིམས་བཞིན་ཉེས་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་སྟེ། (གཅིག )རིག་དངོས་སྲིད་འཛིན་སྡེ་ཚན་གྱི་ལས་བྱས་སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ནས་ཞིབ་བཤེར་ཆོག་མཆན་འགོད་དབང་གང་བྱུང་སྤྱོད་པ་དང་། འགན་འཁྲི་མི་སྒྲུབ་པའམ་ཡང་ན་ཁྲིམས་འགལ་བྱེད་སྤྱོད་ཤེས་རྟོགས་བྱུང་ཡང་ཞིབ་བཤེར་ཐག་གཅོད་མ་བྱས་པས་མཇུག་འབྲས་ཚབས་ཆེན་བཟོས་པ། (གཉིས )རིག་དངོས་སྲིད་འཛིན་སྡེ་ཚན་གྱི་ལས་བྱས་རྒྱལ་ཁབ་ལ་བདག་པའི་རིག་དངོས་གཡར་བའམ་ཡང་ན་བྱེད་སྟངས་གཞན་དག་སྤྱད་དེ་ཁྲིམས་འགལ་ངང་བདག་བཟུང་བྱེད་པ། (གསུམ )རིག་དངོས་སྲིད་འཛིན་སྡེ་ཚན་གྱི་ལས་བྱས་རིག་དངོས་ཉོ་འཚོང་ཚན་པའམ་ཡང་ན་རིག་དངོས་ཧབ་འཚོང་སྐུལ་མཁན་ཁེ་ལས་གཉེར་བའམ་ཡང་ན་དེའི་ནང་ཞུགས་པ། (བཞི )འགན་འཁྲི་མ་བསྒྲུབས་པར་རིག་དངོས་སྲུང་སྐྱོབ་ཚན་པ་དང་རྩ་ཆེའི་རིག་དངོས་ལ་གཏོར་སྐྱོན་བཟོས་པའམ་ཡང་ན་རིག་དངོས་བོར་བརླག་སོང་བ། (ལྔ )རིག་དངོས་སྲུང་སྐྱོབ་ཀྱི་གྲོན་དངུལ་ལྐོག་ཟ་དང་གཞན་སྤྱོད་བྱེད་པ་བཅས། གོང་དུ་འཁོད་པའི་ལས་ཁུངས་ནས་ཕྱིར་འབུད་བཏང་བའམ་ཡང་ན་ལས་གཉེར་ཐོབ་ཐང་མེད་པ་བཟོས་པའི་མི་སྣས་ལས་ཁུངས་ནས་ཕྱིར་འབུད་བཏང་བའམ་ཡང་ན་ལས་གཉེར་ཐོབ་ཐང་མེད་པ་བཟོས་པའི་ཉིན་ནས་བཟུང་ལོ་བཅུའི་ནང་ཚུན་དུ་རིག་དངོས་བདག་གཉེར་གྱི་འགན་འཁུར་མི་ཆོག་པའམ་ཡང་ན་རིག་དངོས་གཉེར་སྐྱོང་གི་ལས་ཀ་བྱེད་མི་ཆོག
དོན་ཚན་རེ་གཅིག་པ། སྤྱི་བདེ་དང་། བཟོ་ཚོང་། འགག་སྒོ འཛུགས་སྐྲུན་སྡེ་ཚན། རྒྱལ་ཁབ་ལས་ཁུངས་གཞན་དག་བཅས་ཀྱིས་སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་འགན་དབང་གང་བྱུང་སྤྱོད་པ་དང་། རང་འགན་འཁུར་མེད་ཟོལ་འཇོག་བྱེད་པ། ཉེར་ཕྱོགས་གཡོ་ཟོལ་བྱེད་པ་བཅས་ཀྱིས་རྒྱལ་ཁབ་ཀྱི་རྩ་ཆེའི་རིག་དངོས་གཏོར་སྐྱོན་ནམ་བོར་བརླག་སོང་ཚེ་གཙོ་བོའི་འགན་འཁུར་མཁན་དང་འགན་འཁྲི་ཐད་ཀར་ཡོད་མཁན་གཞན་དག་ལ་ཁྲིམས་ལུགས་ལྟར་སྲིད་འཛིན་གྱི་ཆད་པ་གཅོད་དགོས། ཉེས་གསོག་གི་ཚད་ལ་སླེབས་རིགས་ཁྲིམས་ལུགས་ལྟར་ཉེས་འགན་བདའ་འདེད་གཏོང་དགོས།
དོན་ཚན་རེ་གཉིས་པ། དོ་བདག་གིས་སྲིད་འཛིན་ཆད་གཅོད་ལ་བློ་མོས་མ་བྱུང་ཚེ་ཁྲིམས་བཞིན་སྲིད་འཛིན་བསྐྱར་ཞིབ་ཡོང་རེ་ཞུ་བ་དང་སྲིད་འཛིན་ཞུ་གཏུག་བརྒྱབ་ཆོག སྲིད་འཛིན་ཆད་གཅོད་ཀྱི་གཏན་འབེབས་དུས་འགྱངས་ཀྱིས་ལག་བསྟར་མ་བྱས་པའི་རིགས་ཆད་གཅོད་གཏན་འབེབས་བྱེད་མཁན་སྲིད་འཛིན་ལས་ཁུངས་ཀྱིས་མི་དམངས་ཁྲིམས་ཁང་ལ་བཙན་ཤེད་ཀྱིས་ལག་བསྟར་བྱེད་འཇུག་རྒྱུའི་རེ་བ་ཞུ་ཆོག
ལེའུ་བཅུ་པ། ཞར་བྱུང་།
དོན་ཚན་རེ་གསུམ་པ། སྲོལ་ཡིག་འདི་ཁྱབ་བསྒྲགས་བྱས་ཉིན་ནས་ལག་བསྟར་བྱེད་རྒྱུ།
ཟུར་ཡིག་གསུམ་པ།
《བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་སྲོལ་ཡིག 》(བཟོ་བཅོས་འཆར་ཟིན )ལ་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གྲོས་གཞི།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ། 《བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་སྲོལ་ཡིག 》(བཟོ་བཅོས་འཆར་ཟིན )འདི་2006ལོའི་ཟླ་12ཚེས་1ཉིན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་རྒྱུན་ལས་ཚོགས་འདུ་ཐེངས་ཉེར་དགུ་པའི་ཐོག་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་གྲོས་ཞིབ་གནང་རྒྱུར་འབུལ་ལམ་ཞུ་རྒྱུ།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བྱམས་པ་ཕུན་ཚོགས་ནས།
2007ལོའི་ཟླ་2ཚེས་12ཉིན།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣