དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • པ་སངས་དོན་གྲུབ་སོགས་བློ་མཐུན་བཅུར་སྐབས་ལྔ་པའི“བོད་ཀྱི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས”སྤྲོད་རྒྱུའི་སྐོར་གྱི་གཏན་འབེབས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར   |     སྤེལ་དུས།  2015-05-09

            དེང་རབས་ཀྱི་བོད་ཀྱི་གཞོན་ནུའི་དཔེ་མཚོན་གཏོད་པ་དང་དྲིལ་བསྒྲགས་བྱེད་པའི་ཐོག་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་གུང་གཞོན་ཚོགས་མིར་དུས་བདེའི་བོད་ལྗོངས་དང་། འབྱོར་འབྲིང་བོད་ལྗོངས། མཐུན་སྦྱོར་ལྡན་པའི་བོད་ལྗོངས་བཅས་སྐྲུན་རྒྱུར་ལང་ཚོ་དང་། བློ་རིག སྟོབས་ཤུགས་བཅས་ལེགས་སྐྱེས་སུ་འབུལ་རྒྱུའི་ཁྲིད་སྟོན་དང་སྐུལ་མ་གཏོང་ཆེད་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་པ་སངས་དོན་གྲུབ་སོགས་བློ་མཐུན་བཅུར་སྐབས་ལྔ་པའི “བོད་ཀྱི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས ”སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།

            ད་ཐེངས་གཟེངས་རྟགས་ཐོབ་པའི་བློ་མཐུན་ནི་རང་ལྗོངས་ཀྱི་ཕུལ་བྱུང་གཞོན་ནུའི་ཕུལ་བྱུང་མཚོན་བྱེད་ཡིན་པ་དང་ཁོང་ཚོས་སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་གྲུབ་འབྲས་བཏོད་པ་དང་ཁ་ཕྲལ་ལ་ངོ་རྒོལ་དང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད། ཁོང་ཚོའི་བྱས་རྗེས་ནི་མི་སེམས་འགུལ་བ་དང་མདུན་སྐྱོད་བྱ་རྒྱུར་སྐུལ་བ་ཞིག་ཡིན་པ་དེ་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་གྱི་སྤྱོད་བཟང་དེ “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”དང་ཕན་ཚུན་ཟུང་འབྲེལ་བྱས་པ་མངོན་གྱི་ཡོད། དེས་ང་ཚོར་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་བྱ་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་འགྱུར་བའི་རིན་ཐང་མ་ལག་གཏོད་རྒྱུ། མི་རིགས་ཁག་གི་གཞོན་ནུ་རྣམས་མཐུན་སྒྲིལ་ཡར་བརྩོན་བྱ་རྒྱུར་ལྕག་སྐུལ་གཏོང་བའི་བསམ་པའི་སྟོབས་ཤུགས་གྲུབ་རྒྱུ་བཅས་ལ་རྩ་ཆེའི་བསམ་པའི་རྒྱུ་ནོར་དང་གསོན་ཉམས་ལྡན་པའི་སློབ་གཞི་མཁོ་འདོན་བྱས་ཡོད་པ་དང་བྱ་སྤྱོད་ཀྱི་ཚད་འཛིན་ས་བཏོད་ཡོད།

            ལྗོངས་ཡོངས་ཀྱི་རྒྱ་ཆེའི་གུང་གཞོན་ཚོགས་མིས་ཁོང་ཚོ་མིག་དཔེར་འཛིན་ནས་ཏང་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། མི་དམངས་ལ་དགའ་ཞེན་བཅས་བྱེད་པའི་ཁོང་ཚོའི་བླ་ན་མ་མཆིས་པའི་བསམ་པའི་འཁྱེར་སོར་སློབ་སྦྱོང་བྱས་ནས་རང་འགུལ་ངང་ཕུགས་བསམ་ཆེན་པོ་གཏོད་པ་དང་། ཡང་དག་པའི་འཇིག་རྟེན་གྱི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་གཏོད་པ། མི་སྒེར་གྱི་དོན་གཉེར་དེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་ཕུགས་བསམ་དང་ཟུང་འབྲེལ་བྱས་ནས་མེས་རྒྱལ་འཛུགས་སྐྲུན་བྱེད་པ་དང་། བོད་ལྗོངས་འཕེལ་རྒྱས་གཏོང་བ། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་དུས་རབས་ཀྱི་བླང་བྱ་དང་ཕན་ཚུན་ཟུང་འབྲེལ་བྱེད་དགོས་པ་དང་། འགག་རྩའི་དུས་སུ་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་བསྐྱོད་པ་དང་། ངལ་དུབ་ལ་མི་སྐྲག་པ། དཀའ་ངལ་ལ་མི་སྐྲག་པ། རང་སྲོག་བློས་གཏོང་རྒྱུར་མི་སྐྲག་པ། ཁ་ཕྲལ་གྱི་སྟོབས་ཤུགས་དང་གཏུམ་སྤྱོད་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱི་ཁོང་ཚོའི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ནས་དཀར་ནག་གསལ་རྟོགས་དང་། བཟང་ངན་གསལ་ཤེས། ལེགས་ཉེས་གསལ་འབྱེད་བཅས་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་རང་འགུལ་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་དྲིལ་བསྒྲགས་མཁན་དང་ལག་ལེན་མཁན་ཞིག་བྱེད་དགོས་པ། ལས་གནས་ལ་གཞི་ཚུགས་པ་དང་། གཞི་རིམ་ལ་གཞི་ཚུགས་པ། ཏན་ཏན་ཏིག་ཏིག་བྱེད་པ། དཀའ་སྒྲུབ་དངོས་སྒྲུབ་བྱེད་པ་བཅས་ཀྱི་ཁོང་ཚོའི་སྤྱོད་ཚུལ་ལ་སློབ་སྦྱོང་བྱས་ནས་རང་འགུལ་ངང་སྤྱིར་བཏང་གི་ལས་གནས་ཐོག་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་བྱེད་མཁན་གྱི་གདོང་ལེན་པ་ཞིག་བྱེད་དགོས། ཁོང་ཚོའི་སྔོན་ཐོན་བྱས་རྗེས་ཐོག་ནས་ཏང་དང་མི་དམངས་ཀྱིས་གཞོན་སྐྱེས་མི་རབས་ལ་རེ་བ་ཟབ་མོ་བཅོལ་བ་གང་ལེགས་མཚོན་པ་དང་བོད་ཀྱི་གཞོན་ནུའི་དུས་རབས་ཀྱི་ཉམས་འགྱུར་དང་གཤིས་རྒྱུད་ཕུལ་བྱུང་གཅིག་སྡུད་ཐོག་མཚོན་གྱི་ཡོད།

            ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚོགས་རྩ་འཛུགས་དང་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་རྒྱ་ཆེའི་གུང་གཞོན་ཚོགས་མི་རྣམས་སྒྲིག་འཛུགས་བྱས་ནས་ཁོང་ཚོར་སློབ་སྦྱོང་བྱེད་པ་དང་། ཁོང་ཚོའི་བྱས་རྗེས་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱེད་པ། དཔེ་མཚོན་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་གཞོན་ནུར་དྲག་ཆས་སྤྲོས་པ། འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། མཐུན་སྦྱོར་ལྡན་པའི་བོད་ལྗོངས་བཅས་ཀྱི་འབད་འཐབ་དམིགས་ཚད་ལ་བརྟེན་ནས་གཞོན་ནུ་རྣམས་གོང་བུ་གཅིག་ཏུ་འགྲིལ་བ། གུང་གཞོན་ཚོགས་མིའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་འཕེལ་ཐབས་བྱས་ནས་ཁོང་ཚོར་ཕུགས་བསམ་གྱི་དད་སེམས་བརྟན་དུ་གཏོང་རྒྱུའི་ཁྲིད་སྟོན་བྱེད་པ། སློབ་སྦྱོང་ལ་བརྩོན་པ་དང་། གསར་གཏོད་བྱེད་མཁས་པ། ལེགས་སྐྱེས་འབུལ་འདོད་པ་བཅས་བྱས་ཏེ་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ། བདེན་འཚོལ་དངོས་སྒྲུབ་དང་། དཀའ་སྤྱད་འབད་འཐབ། གསར་འབྱེད་གསར་གཏོད་བཅས་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་ཕྱིར་ལང་ཚོ་དང་། བློ་རིག སྟོབས་ཤུགས་བཅས་ལེགས་སྐྱེས་སུ་འབུལ་བ་བཅས་བྱ་དགོས།

            པ་སངས་དོན་གྲུབ (བོད་རིགས )བོད་ལྗོངས་སྤྱི་བདེ་མེ་ཟོན་སྤྱི་ཁྱབ་རུ་ཁག་ལྷ་ས་གྲོང་ཁྱེར་མེ་ཟོན་ཉིང་ལག་རུ་ཁག་ཁྲེང་ཀོན་ཆུས་རུ་ཆེན་གྱི་རུ་འབྲིང་དང་པོའི་ཆབ་སྲིད་ཁྲིད་སྟོན་པ་གཞོན་པ།

            ཕུང་ཡན (བུད་མེད )བོད་ལྗོངས་ནག་ཆུ་ཡན་ལག་དམག་ཁུལ་སྒོ་བསྟེན་ཁང་གི་ནད་སྐྱོང་པ།

             བསྟན་སྐྱིད (བུད་མེད། བོད་རིགས )ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་ཁྲ་འབྲུག་གྲོང་རྡལ་མི་དམངས་སྲིད་གཞུང་གི་ཀྲེན་ཀྲང་།

             ཀྲང་ཞའོ་ཏེང་། བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ།

            ཚེ་རིང་ཉི་མ (བོད་རིགས )བོད་ལྗོངས་ཆབ་མདོ་ས་ཁུལ་སྤྱི་བདེ་ཁྲུའུ་རྒྱལ་སྲུང་ཉིང་ལག་རུ་ཁག་གི་ཉིང་ལག་རུ་དཔོན་གཞོན་པ།

            དཀོན་མཆོག་དོན་གྲུབ (བོད་རིགས )ཉིང་ཁྲི་མཐའ་སྲུང་ཉིང་ལག་རུ་ཁག་ཀླུ་ཞར་མཐའ་སྲུང་མངགས་གཏོང་ཁང་གི་ཚན་མོའུ།

            ཝང་ཅན་ལིན། བོད་ལྗོངས་སློབ་ཆེན་ཞིང་འབྲོག་སློབ་གླིང་གི་དགེ་རྒན་ཆེ་མོ་བ།

            རྡོ་རྗེ་ནོར་བུ (བོད་རིགས )བོད་ལྗོངས་མཁའ་ལམ་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཏུང་ཧྲི་ཀྲང་གཞོན་པ།

            ཅ་རེན་ཧོ། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་ཐད་གཏོགས་ཉིང་ལག་རུ་ཁག་གི་ཉིང་ལག་རུ་དཔོན།

             དགྲ་འདུལ (བོད་རིགས )བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་མའི་ལས་དོན་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་སློབ་གྲྭའི་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།