དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • “3·14”དོན་རྐྱེན་ནང་གཏོར་སྐྱོན་ཕོག་པའི་མི་སེར་གྱི་ཁང་པ་དང་ཚོང་ཁང་ཉམས་གསོའི་ཁ་གསབ་རོགས་དངུལ་སྲིད་ཇུས་སྐོར་གྱི་བརྡ་ཐོ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར   |     སྤེལ་དུས།  2015-05-09

            སྲིད་འཛིན་ཀུང་ཧྲུའུ་ཁག་དང་། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་། རང་སྐྱོང་ལྗོངས་ཀྱི་ཨུ་ཡོན་ལྷན་ཁང་དང་། གཞུང་དོན་ཁང་། ཐིང་། ཅུས་བཅས་ཁག་ལ།

            “3·14” དོན་རྐྱེན་ནང་གཏོར་སྐྱོན་ཕོག་པའི་མི་སེར་གྱི་ཁང་པ་དང་ཚོང་ཁང་གང་མགྱོགས་ཉམས་གསོ་བྱ་ཆེད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད “3·14”དོན་རྐྱེན་ནང་གཏོར་སྐྱོན་ཕོག་པའི་མི་སེར་གྱི་ཁང་པ་དང་ཚོང་ཁང་གི་བཟོ་སྐྲུན་གྲུབ་ཆ་དང་གཏོར་སྐྱོན་ཕོག་པའི་ཚད་གཞིར་གཞིགས་ནས་རིགས་དང་རིམ་པ་དབྱེ་སྟེ་བཅད་གྲངས་ཀྱི་ཁ་གསབ་བྱ་རྒྱུ་ཡིན་ཞིང་། ད་ལྟ་འབྲེལ་ཡོད་ནང་དོན་བརྡ་ཐོ་གཏོང་རྒྱུ་གཤམ་གསལ།

            གཅིག ལྷ་སའི “3·14” དོན་རྐྱེན་ནང་རྡུང་གཅོག་འཕྲོག་སྲེག་གི་གཏོར་སྐྱོན་ཕོག་པའི་མི་སེར་གྱི་ཁང་པ་དང་དེ་བཞིན་རྒྱུ་ནོར་བདག་དབང་མི་སྒེར་དང་། ཁེ་རྐྱང་བཟོ་ཚོང་དུད་ཚང་། སྒེར་གཉེར་མ་དངུལ་ཁེར་འཇོག་ཁེ་ལས་བཅས་ལ་དབང་བའི་གཏོར་སྐྱོན་ཕོག་པའི་ཚོང་ཁང་ལ་བཟོ་སྐྲུན་གྲུབ་ཆ་དང་གྱོང་གུན་ཕོག་ཚད་ལ་གཞིགས་ནས་རིགས་དང་རིམ་པ་དབྱེ་སྟེ་བཅད་གྲངས་ཀྱི་ཁ་གསབ་སྤྲོད་རྒྱུ།

            གཏོར་སྐྱོན་ཕོག་ཚད་དེ་བསྐྱར་སྐྲུན་བྱེད་དགོས་པ་དང་། ཉམས་གསོ་བྱ་དགོས་པ། གཏོར་བཤིག་ཕྲན་ཙམ་ལས་ཕོག་མེད་པ་བཅས་རིགས་གསུམ་དུ་དབྱེ་ཡོད་ཅིང་། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཆེད་དོན་ལས་ཁུངས་སྒྲིག་འཛུགས་ཀྱིས་གཏན་འཁེལ་བྱ་རྒྱུ་རེད། དེའི་ཁྲོད་ནས་མི་སེར་གྱི་ཁང་པ་དང་ཚོང་ཁང་གི་བཟོ་སྐྲུན་གྲུབ་ཆ་ཨར་འདམ་གྱི་སྒྲོམ་གཞི་དང་ཡང་ན་སོ་ཕག་དང་ཨར་འདམ་མཉམ་བསྲེས་ཡིན་རིགས་རྩ་དོན་གྱི་ཐོག་ནས་བསྐྱར་སྐྲུན་མི་བྱེད་པར “ཉམས་གསོ་བྱ་དགོས་པ ”དང་ཡང་ན “གཏོར་སྐྱོན་ཕྲན་བུ་ལས་ཕོག་མེད་པའི ”རིགས་སུ་བརྩིས་ནས་ཁ་གསབ་རོགས་དངུལ་སྤྲོད་རྒྱུ།

            མི་སེར་གྱི་ཁང་པར་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི། བསྐྱར་སྐྲུན་བྱ་དགོས་པའི་ས་དང་ཤིང་གི་གྲུབ་ཆའི་མི་སེར་གྱི་ཁང་པར་སྔར་ཡོད་བཟོ་སྐྲུན་གྱི་རྒྱ་ཁྱོན་ལ་གཞིགས་ནས་སྤྱི་ཁྲེ་གྲུ་བཞི་མ་རེར་ཁ་གསབ་རོགས་དངུལ་སྒོར་800སྤྲོད་རྒྱུ་དང་། ཉམས་གསོ་བྱ་དགོས་པའི་ཨར་འདམ་སྒྲོམ་གཞི་དང་སོ་ཕག་དང་ཨར་འདམ་མཉམ་བསྲེས་ཀྱི་གྲུབ་ཆའི་མི་སེར་གྱི་ཁང་པ་རིམ་པ་མཐོ་འབྲིང་དམའ་གསུམ་དུ་དབྱེ་ནས་སྔར་ཡོད་ཀྱི་བཟོ་སྐྲུན་རྒྱ་ཁྱོན་ལ་གཞིགས་ནས་སྤྱི་ཁྲེ་གྲུ་བཞི་མ་རེར་ཁ་གསབ་རོགས་དངུལ་སྒོར་500 དང་། སྒོར་400 སྒོར་300 བཅས་སོ་སོར་སྤྲོད་རྒྱུ། ཉམས་གསོ་བྱ་དགོས་པའི་ས་དང་ཤིང་གི་གྲུབ་ཆའི་མི་སེར་གྱི་ཁང་པ་ཡིན་ཕྱིན་སྔར་ཡོད་ཀྱི་བཟོ་སྐྲུན་རྒྱ་ཁྱོན་ལ་གཞིགས་ནས་སྤྱི་ཁྲེ་གྲུ་བཞི་མ་རེར་ཁ་གསབ་རོགས་དངུལ་སྒོར་500 སྤྲོད་རྒྱུ། གཏོར་བཤིག་ཕྲན་བུ་ལས་ཕོག་མེད་པའི་མི་སེར་གྱི་ཁང་པ་ཡིན་ཕྱིན་ཐེངས་གཅིག་རང་བཞིན་གྱི་བཅད་གྲངས་ཁ་གསབ་རོགས་དངུལ་སྒོར་1000 དང་ཡང་ན་སྒོར་2000སྤྲོད་རྒྱུ་བཅས་རེད།

            ཚོང་ཁང་ལ་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི། བསྐྱར་སྐྲུན་བྱ་དགོས་པའི་ས་དང་ཤིང་གི་གྲུབ་ཆའི་ཚོང་ཁང་ལ་སྔར་ཡོད་ཀྱི་བཟོ་སྐྲུན་རྒྱ་ཁྱོན་ལ་གཞིགས་ནས་སྤྱི་ཁྲེ་གྲུ་བཞི་མ་རེར་ཁ་གསབ་རོགས་དངུལ་སྒོར་600 སྤྲོད་རྒྱུ་དང་། ཉམས་གསོ་བྱ་དགོས་པའི་ཨར་འདམ་སྒྲོམ་གཞི་དང་ཡང་ན་སོ་ཕག་དང་ཨར་འདམ་མཉམ་བསྲེས་ཀྱི་གྲུབ་ཆའི་ཚོང་ཁང་རིམ་པ་མཐོ་འབྲིང་དམའ་གསུམ་དུ་དབྱེ་ནས་སྔར་ཡོད་ཀྱི་བཟོ་སྐྲུན་རྒྱ་ཁྱོན་ལ་གཞིགས་ནས་སྤྱི་ཁྲེ་གྲུ་བཞི་མ་རེར་ཁ་གསབ་རོགས་དངུལ་སྒོར་400 དང་། སྒོར་300 སྒོར་200 བཅས་སོ་སོར་སྤྲོད་རྒྱུ། ཉམས་གསོ་བྱ་དགོས་པའི་ས་དང་ཤིང་གི་གྲུབ་ཆའི་ཚོང་ཁང་ལ་སྔར་ཡོད་ཀྱི་བཟོ་སྐྲུན་རྒྱ་ཁྱོན་ལ་གཞིགས་ནས་སྤྱི་ཁྲེ་གྲུ་བཞི་མ་རེར་ཁ་གསབ་རོགས་དངུལ་སྒོར་400སྤྲོད་རྒྱུ། གཏོར་སྐྱོན་ཕྲན་བུ་ཕོག་པའི་ཚོང་ཁང་ལ་ཐེངས་གཅིག་རངབཞིན་གྱི་བཅད་གྲངས་ཁ་གསབ་རོགས་དངུལ་སྒོར་ 1000 དང་ཡང་ན་སྒོར་2000 སྤྲོད་རྒྱུ་བཅས་རེད།

            ཁ་གསབ་རོགས་དངུལ་དེ་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་60% འགན་འཁུར་རྒྱུ་དང་། ལྷ་ས་གྲོང་ཁྱེར་ནོར་སྲིད་ཀྱིས་40%འགན་འཁུར་རྒྱུ་རེད།

            རིགས་དང་རིམ་པ་དབྱེ་རྒྱུ་དེ་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་འོས་འབབ་ཐོབ་ཐང་ཡོད་པའི་བར་འབྲེལ་ལས་ཁུངས་ལ་ཆོད་སྡོམ་བྱ་རྒྱུའི་འགན་དཀྲི་རྒྱུ།

            གཉིས། ས་ཁུལ་གཞན་དུ་གནས་ཚུལ་དེ་རིགས་ཐོན་ཡོད་ཚེ་འབྲེལ་ཡོད་ཁ་གསབ་རོགས་དངུལ་སྤྲོད་པའི་སྲིད་ཇུས་དེ་ས་ཁུལ་སོ་སོས་གཏན་འཁེལ་བྱེད་དགོས།

            གསུམ། “3·14”དོན་རྐྱེན་ནང་གཏོར་སྐྱོན་ཕོག་པའི་མི་སེར་གྱི་ཁང་པ་དང་ཚོང་ཁང་ལ་ཉམས་གསོའི་ཁ་གསབ་རོགས་དངུལ་སྤྲོད་པ་དེ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱ་ཆེད་སྤྱད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གྱོང་གུན་ཕོག་པའི་མང་ཚོགས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ལུགས་ཀྱང་མཚོན་ཡོད། ས་ཁུལ (གྲོང་ཁྱེར )ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་དོན་འཁྱོལ་ནན་ཏན་བྱེད་དགོས་པ་ལས་མི་བདེན་རྫུན་བཟོ་བྱ་རྒྱུ་གཏན་འགོག་བྱེད་དགོས།

            བཞི། 《བརྡ་ཐོ 》འདི་ས་ཁུལ (གྲོང་ཁྱེར )དང་སྲིད་འཛིན་ཀུང་ཧྲུའུ (མི་དམངས་སྲིད་གཞུང )ཁག་གིས་ལག་བསྟར་ཞིབ་སྲོལ་བཟོ་རྒྱུའི་འགན་འཁུར་རྒྱུ་དང་འབྲེལ་ཞིབ་ཕྲའི་ངང་སྒྲིག་འཛུགས་དང་ལག་བསྟར་བྱེད་དགོས།

            ལྔ། 《བརྡ་ཐོ 》འདི་ཡོངས་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།

            དམིགས་སུ་བརྡ་ཐོ་འདི་བཏང་བ་ཡིན། 2008 ལོའི་ཟླ་ 4 ཚེས་ 17 ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།