“3·14”དོན་རྐྱེན་ནང་ཤུགས་རྐྱེན་ཕོག་པའི་ལས་རིགས་ལ་རོགས་སྐྱོར་བྱ་རྒྱུའི་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་སྐོར་གྱི་བརྡ་ཐོ།
སྲིད་འཛིན་ཀུང་ཧྲུའུ་ཁག་དང་། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་། རང་སྐྱོང་ལྗོངས་ཀྱི་ཨུ་ཡོན་ལྷན་ཁང་དང་། གཞུང་དོན་ཁང་། ཐིང་། ཅུས་བཅས་ཁག་ལ།
“3·14” དོན་རྐྱེན་ནང་ཤུགས་རྐྱེན་ཕོག་པའི་ལས་རིགས་ཀྱི་གྱོང་གུན་ཉུང་དུ་གཏོང་བ་དང་། ཐོན་སྐྱེད་དང་གཉེར་སྐྱོང་གི་སྒྲིག་ལམ་མགྱོགས་མྱུར་སླར་གསོ་བྱེད་པ། རང་ལྗོངས་ཀྱི་རྒྱལ་དམངས་དཔལ་འབྱོར་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱེད་པ་བཅས་བྱ་ཆེད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད “3·14” དོན་རྐྱེན་ནང་ཤུགས་རྐྱེན་ཕོག་པའི་ལས་རིགས (གྱོང་གུན་ཕོག་པའི་ཚོང་དུད་ཕུད )ལ་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན། ད་ཆ་འབྲེལ་ཡོད་དོན་དག་བརྡ་ཐོ་གཏོང་རྒྱུ་གཤམ་གསལ།
གཅིག ཁྲལ་འབབ་ཆག་ཡང་དང་རྩ་ཆག་གཏོང་བའི་སྲིད་ཇུས།
(གཅིག )ཤུགས་རྐྱེན་ཕོག་པའི་ལས་རིགས་ཀྱི་འཇལ་དགོས་ངེས་ཀྱི་ལས་གཉེར་ཁྲལ་དང་། གྲོང་ཁྱེར་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་ཁྲལ། སློབ་གསོའི་འགྲོ་གྲོན་གྱི་ཟུར་སྣོན་བཅས་མི་བསྡུ་རྒྱུ།
(གཉིས )ཤུགས་རྐྱེན་ཕོག་པའི་ལས་རིགས་ཀྱི་ཁེ་ལས་ཀྱི་ཐོབ་ཁྲལ་60%གཞིར་བཟུང་བསྡུ་རྒྱུ།
གོང་གསལ་ནོར་ཁྲལ་སྲིད་ཇུས་ལག་བསྟར་བྱ་ཡུལ་གྱི་ཤུགས་རྐྱེན་ཕོག་པའི་ལས་རིགས་ནི་ལྗོངས་ཡོངས་ཀྱི་ཐོན་སྐྱེད་དང་གཉེར་སྐྱོང་ཐད་ཤུགས་རྐྱེན་ངེས་ཅན་ཕོག་པ་དང “3·14”དོན་རྐྱེན་ནང་ཐད་ཀའི་གྱོང་གུན་ཕོག་མེད་པའི་ལྗོངས་རྒྱུའི་ལས་རིགས་དང་། མགྲོན་ཁང་ལས་རིགས། བཟའ་བཏུང་ལས་རིགས། འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས། ཉིན་མཁོའི་ཚོང་ཟོག་སྣ་མང་། བཟའ་རིགས་སྡེབ་ཚོང་དང་སིལ་ཚོང་ལས་རིགས (རྡོ་སྣུམ་དང་། རྡོ་ཐ། རླངས་འཁོར། འཕྲིན་གཏོང་ཡོ་བྱད་བཅས་ཕུད )བཅས་དང་དེ་བཞིན་ལྷ་ས་གྲོང་ཁྱེར་གྱི་གྱོང་གུན་ཕོག་མེད་པའི་ཁེར་རྐྱང་བཟོ་ཚོང་དུད་ཚང་ཡིན། དེའི་ནང་གོང་གསལ་གྱི་སྲིད་ཇུས་ལྷ་ས་གྲོང་ཁྱེར་དུ་ལག་བསྟར་བྱེད་པའི་དུས་བཅད་ནི་ལོ་གཅིག་ཡིན་པ་སྟེ་2008ལོའི་ཟླ་3ཚེས་1ཉིན་ནས་2009ལོའི་ཟླ་2ཚེས་28ཉིན་བར་ཡིན། ས་ཁུལ་གཞན་དག་ལ་ལོ་ཕྱེད་ཡིན་པ་སྟེ་2008ལོའི་ཟླ་3ཚེས་1ཉིན་ནས་ཟླ་8ཚེས་31ཉིན་བར་ཡིན།
གཉིས། སྲིད་འཛིན་བྱ་གཞག་རང་བཞིན་གྱི་འགྲོ་གྲོན་ཆག་ཡང་དང་རྩ་ཆག་གཏོང་བའི་སྲིད་ཇུས།
(གཅིག )བཟོ་ཚོང་སྡེ་ཚན་གྱིས་འགྲོ་གྲོན་བསྡུ་བའི་ཆ་ཤས།
1. ཁེར་རྐྱང་བཟོ་ཚོང་དུད་ཚང་ལ་བཟོ་ཚོང་དོ་དམ་གྱི་འགྲོ་གྲོན་མི་བསྡུ་རྒྱུ་དང་།
2. གསར་དུ་ཐོ་འགོད་བྱེད་མཁན་གྱི་ཁེར་རྐྱང་བཟོ་ཚོང་དུད་ཚང་ལ་བཟོ་ཚོང་ཐོ་འགོད་འགྲོ་གྲོན་དང་། ལག་འཁྱེར་གྱི་མ་གནས་གྲོན་དངུལ། བཟོ་ཚོང་དོ་དམ་གྲོན་དངུལ་བཅས་མི་བསྡུ་རྒྱུ།
3. གསར་དུ་ཐོ་འགོད་བྱེད་མཁན་གྱི་སྒེར་གཉེར་ཁེ་ལས་ལ་བཟོ་ཚོང་ཐོ་འགོད་གྲོན་དངུལ་དང་། ལག་འཁྱེར་གྱི་མ་གནས་གྲོན་དངུལ། བཟོ་ཚོང་སྒྱུར་བཅོས་གྲོན་དངུལ་བཅས་མི་བསྡུ་རྒྱུ་དང་གསར་དུ་ཐོ་འགོད་བྱས་ཏེ་ཐོན་ལས་གསུམ་པ་གཉེར་མཁན་ཁེར་རྐྱང་བཟོ་ཚོང་དུད་ཚང་ལ་ཐོ་འགོད་གྲོན་དངུལ་མི་བསྡུ་རྒྱུ།
4. ཁེར་རྐྱང་བཟོ་ཚོང་དུད་ཚང་གི་ལག་འཁྱེར་ཞིབ་བཤེར་བྱེད་པའི་དུས་ཚོད་2008ལོའི་ཟླ་8ཚེས་31བར་རིང་དུ་གཏོང་རྒྱུ་དང་ལག་འཁྱེར་ཞིབ་བཤེར་བྱེད་པའི་གྲོན་དངུལ་དང་ལག་འཁྱེར་བརྗེ་པོ་རྒྱག་པའི་གྲོན་དངུལ་མི་བསྡུ་རྒྱུ།
5. 2007 ལོའི་ལོ་འཁོར་གྱི་ཁེ་ལས་ལོ་འཁོར་ཞིབ་བཤེར་གྱི་གྲོན་དངུལ་མི་བསྡུ་རྒྱུ་བཅས་ཡིན།
གོང་གསལ་གྱི་གྲོན་དངུལ་ཆག་ཡང་དང་རྩ་ཆག་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་པའི་་ཁྱབ་ཁོངས་ནི་ལྗོངས་ཡོངས་ཀྱི་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་ཡོངས་རྫོགས་ཡིན། དེའི་ཁྲོད་ནས་ལྷ་ས་གྲོང་ཁྱེར་དུ་ལག་བསྟར་བྱེད་པའི་དུས་བཅད་ནི་ལོ་གཅིག་ཡིན་པ་སྟེ་2008ལོའི་ཟླ་3ཚེས་1ཉིན་ནས་2009ལོའི་ཟླ་2ཚེས་28ཉིན་བར་ཡིན་པ་དང་ས་ཁུལ་གཞན་དག་ལ་ལོ་ཕྱེད་ཡིན་པ་སྟེ་2008ལོའི་ཟླ་3ཚེས་1ཉིན་ནས་ཟླ་8ཚེས་31ཉིན་བར་ཡིན།
(གཉིས )འགྲིམ་འགྲུལ་སྡེ་ཚན་གྱིས་འགྲོ་གྲོན་བསྡུ་བའི་ཆ་ཤས།
1. ལྗོངས་ཡོངས་ཀྱི་ལྗོངས་རྒྱུའི་རླངས་འཁོར་དང་། ལམ་ཐིག་གཏན་འཁེལ་གྱི་འགྲུལ་སྐྱེལ་རླངས་འཁོར། གྲོང་ཁྱེར་ནང་གི་འགྲུལ་སྐྱེལ་རླངས་འཁོར་འབྲིང་གྲས། ཟོག་འདྲེན་རླངས་འཁོར་བཅས་ལ་ད་ཆ་ལག་བསྟར་བྱེད་པའི་ཐག་རིང་འགྲུལ་སྐྱེལ་རླངས་འཁོར་ལ་ཟླ་རེར་རྐུབ་བཀྱག་རེར་སྒོར་20དང་། གྲོང་ཁྱེར་ནང་གི་འགྲུལ་སྐྱེལ་རླངས་འཁོར་འབྲིང་གྲས་ལ་ཟླ་རེར་རྐུབ་བཀྱག་རེར་སྒོར་5 ཟོག་འདྲེན་རླངས་འཁོར་ལ་ཟླ་རེར་ཏུན་རེར་སྒོར་25བཅས་བསྡུ་བའི་རྨང་གཞིའི་ཐོག་གཞུང་ལམ་ཐོག་འགྲུལ་སྐྱེལ་དང་ཟོག་འདྲེན་བྱེད་པའི་ཟུར་སྣོན་འགྲོ་གྲོན་ཕྱེད་ཀ་ཆག་ཡང་གཏོང་རྒྱུ་དང་།
2. ལྗོངས་ཡོངས་ཀྱི་ལྗོངས་རྒྱུའི་རླངས་འཁོར་དང་། ལམ་ཐིག་གཏན་འཁེལ་གྱི་འགྲུལ་སྐྱེལ་རླངས་འཁོར། གྲོང་ཁྱེར་ནང་གི་འགྲུལ་སྐྱེལ་རླངས་འཁོར་འབྲིང་གྲས། ཟོག་འདྲེན་རླངས་འཁོར་བཅས་ལ་ད་ཆ་ལག་བསྟར་བྱེད་པའི་ཐག་རིང་འགྲུལ་སྐྱེལ་རླངས་འཁོར་ལ་ཟླ་རེར་རྐུབ་བཀྱག་རེར་སྒོར་4དང་། གྲོང་ཁྱེར་ནང་གི་འགྲུལ་སྐྱེལ་རླངས་འཁོར་འབྲིང་གྲས་ལ་ཟླ་རེར་རྐུབ་བཀྱག་རེར་སྒོར་2 ཟོག་འདྲེན་རླངས་འཁོར་ལ་ཟླ་རེར་ཏུན་རེར་སྒོར་12བསྡུ་བའི་རྨང་གཞིའི་ཐོག་སྐྱེལ་འདྲེན་དོ་དམ་གྲོན་དངུལ་ཕྱེད་ཀ་ཆག་ཡང་གཏོང་རྒྱུ།
གོང་གསལ་འགྲིམ་འགྲུལ་འགྲོ་གྲོན་ཆག་ཡང་གཏོང་བའི་སྲིད་ཇུས་ལག་བསྟར་བྱ་ཡུལ་ནི་ཐོན་ཚུགས (མཐའ་ཚུགས )གཅིག་ལྷ་སར་ཡོད་པའི་ལམ་ཐིག་གཏན་འཁེལ་གྱི་འགྲུལ་སྐྱེལ་རླངས་འཁོར་དང་འགྲུལ་སྐྱེལ་རླངས་འཁོར་འབྲིང་གྲས་ལྗོངས་ཡོངས་ཀྱི་ལྗོངས་རྒྱུའི་རླངས་འཁོར་བཅས་དང་དེ་བཞིན་འཁོར་རིགས་གནས་སའམ་ཡང་ན་གཞུང་ལམ་སྐྱེལ་འདྲེན་གཉེར་སྐྱོང་བྱེད་ཆོག་ས་ལྷ་སར་ཡིན་པའི་འཁོར་རིགས་ཡིན་པ་དང་ལག་བསྟར་བྱེད་པའི་དུས་བཅད་ནི་ལོ་གཅིག་ཡིན་པ་སྟེ་2008ལོའི་ཟླ་3ཚེས་1ཉིན་ནས་2009ལོའི་ཟླ་2ཚེས་28ཉིན་བར་ཡིན་པ་དང་ས་ཁུལ་གཞན་དག་ལ་ལོ་ཕྱེད་ཡིན་པ་སྟེ་2008ལོའི་ཟླ་3ཚེས་1ཉིན་ནས་ཟླ་8ཚེས་31ཉིན་བར་ཡིན།
གསུམ། ལས་ཤོར་རོགས་སྐྱོབ་ཐད་ཀྱི་སྲིད་ཇུས།
“3·14”དོན་རྐྱེན་གྱིས་རྐྱེན་པས་གནས་སྐབས་ལས་ཀ་ཤོར་བ་མ་ཟད་ལས་ཤོར་འགན་བཅོལ་གྱི་གཅིག་གྱུར་འཆར་འགོད་ནང་ཞུགས་པའི་མི་སྣར 《བོད་རང་སྐྱོང་ལྗོངས་ཀྱི <ལས་ཤོར་འགན་བཅོལ་སྲོལ་ཡིག >ལག་བསྟར་བྱ་ཐབས 》(བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་རྒྱ་ཨང་49པ )ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས་འགྲོ་ལུགས་གཉེར་དགོས། “3·14” དོན་རྐྱེན་གྱིས་རྐྱེན་པས་གནས་སྐབས་ལས་ཀ་ཤོར་རུང་ལས་ཤོར་འགན་བཅོལ་ནང་ཞུགས་མེད་པ་དང་ལྗོངས་ཡོངས་ཀྱི་སྲིད་འཛིན་ས་ཁོངས་ནང་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཐེམ་ཐོ་ཡོད་པའི་ཨར་ཁང (གསོལ་མགྲོན་ཁང )དང་། མགྲོན་ཁང་། འགྲུལ་ཁང་བཅས་ཀྱི་ལས་བཟོ་དང་ལྗོངས་རྒྱུ་ཀུང་སི་དང་ལྗོངས་རྒྱུའི་ལས་དོན་ཁང་གི་ལྗོངས་རྒྱུའི་རླངས་འཁོར་གྱི་ཁ་ལོ་བ་དང་ལྗོངས་རྒྱུའི་སྣེ་ཤན་པར་ད་ཆ་ལག་བསྟར་བྱེད་བཞིན་པའི་འགན་བཅོལ་དངུལ་གྱི་ཚད་གཞིར་གཞིགས་ནས་རང་སྐྱོང་ལྗོངས་ངལ་རྩོལ་དང་སྤྱི་ཚོགས་འགན་ལེན་ཐིང་གིས་ལས་ཤོར་འགན་བཅོལ་ཐེབས་རྩའི་ཁྲོད་ནས་ལས་ཤོར་རོགས་སྐྱོབ་བྱ་རྒྱུ།
གོང་གསལ་ལས་ཤོར་རོགས་སྐྱོབ་སྲིད་ཇུས་དེ་ལྷ་ས་གྲོང་ཁྱེར་དུ་ལག་བསྟར་བྱེད་པའི་དུས་བཅད་ལོ་གཅིག་ཡིན་པ་སྟེ་2008ལོའི་ཟླ་3ཚེས་1ཉིན་ནས་2009ལོའི་ཟླ་2ཚེས་28ཉིན་བར་ཡིན་པ་དང་། ས་ཁུལ་གཞན་དག་ལ་ལག་བསྟར་བྱེད་པའི་དུས་བཅད་ལོ་ཕྱེད་ཡིན་པ་སྟེ། 2008ལོའི་ཟླ་3ཚེས་1ཉིན་ནས་ཟླ་8ཚེས་31ཉིན་བར་ཡིན།
བཞི། དངུལ་རྩའི་ཐད་ཀྱི་སྲིད་ཇུས།
ཚོང་ལས་དངུལ་ཁང་གི་ཡན་ལག་དང་ཉིང་ལག་སྒྲིག་གཞི་ཁག་གིས་དམིགས་བསལ་གཟིགས་སྐྱོང་གི་སྐྱེད་ཚད་སྲིད་ཇུས་ཀྱི་དོན་འཁྱོལ་ལས་དོན་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས་ཡིད་རྟོན་དངུལ་བུན་གྱི་གྲུབ་ཆ་བཟང་སྒྲིག་བྱེད་པ་དང་། དངུལ་བུན་ལ་ཞིབ་དཔྱད་བྱེད་པའི་ལས་ཕྱོད་ཆེ་རུ་གཏོང་བ། ནུས་ལྡན་གྱི་དངུལ་བུན་མང་དུ་གཏོང་བ་བཅས་བྱས་ཏེ “3·14” དོན་རྐྱེན་ཐོན་རྗེས་ལས་རིགས་ཁག་གི་ཐོན་སྐྱེད་དང་གཉེར་སྐྱོང་གི་སྒྲིག་ལམ་མགྱོགས་མྱུར་སླར་གསོ་ཡོང་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱེད་དགོས། ཚོང་དོན་རྒྱུན་འཁོར་ཁེ་ལས་ལ་རྒྱུན་འཁོར་མ་དངུལ་མི་འདང་བའི་རིགས་ལ་རྒྱུན་འཁོར་མ་དངུལ་གྱི་དངུལ་བུན་དུས་ཐོག་ཏུ་བཏང་ནས་ཁྲོམ་རའི་ཚོང་ཟོག་རྒྱུན་གཏན་བཞིན་མཁོ་སྤྲོད་ཐུབ་རྒྱུར་འགན་ལེན་ཏན་ཏིག་བྱེད་དགོས།
ལྗོངས་ནང་ཁུལ་གྱི་འགན་བཅོལ་ཀུང་སིར་འཁོར་རིགས་ཀྱི་གྱོང་གུན་འགན་བཅོལ་དང་། རྒྱུ་ནོར་འགན་བཅོལ། མི་ལུས་ལ་བསམ་ཡུལ་ལས་འདས་པའི་རྨས་སྐྱོན་ཕོག་པའི་འགན་བཅོལ་བཅས་བྱེད་པ་དང “3·14”དོན་རྐྱེན་ནང་གནོད་འཚེ་ཕོག་མཁན་གྱིས་འགན་བཅོལ་ཀུང་སིར་གྱོད་དོན་ཐོ་འགོད་བྱས་ཆོག ལྗོངས་ནང་ཁུལ་གྱི་འགན་བཅོལ་ཀུང་སི་ཁག་གིས་མགྱོགས་མྱུར་བརྟག་དཔྱད་ཚད་ལེན་དང་། གྱོང་གུན་གཏན་འཁེལ་བྱེད་པ། གུན་གསབ་སྤྲོད་པ་བཅས་ཀྱི་ཆེད་དོན་ལམ་བུ་གཏོད་དེ་ཞིབ་བསྡུར་བྱས་པ་བརྒྱུད་འཕྲལ་དུ་གུན་གསབ་སྤྲོད་དགོས།
ལྔ། གཏོར་སྐྱོན་ཕོག་པའི་གྲོང་ཁྱེར་གྱི་སྒྲིག་ཆས་ཉམས་གསོ་བྱ་རྒྱུའི་སྐོར་གྱི་སྲིད་ཇུས།
“3·14”དོན་རྐྱེན་ནང་གཏོར་སྐྱོན་ཕོག་པའི་གྲོང་ཁྱེར་འཛུགས་སྐྲུན་གྱི་སྒྲིག་ཆས་ཉམས་གསོ་བྱེད་པའི་ལས་དོན་དེ་གནས་ཡུལ་ས་ཁུལ (གྲོང་ཁྱེར )མི་དམངས་སྲིད་གཞུང་གིས་འགན་འཁུར་དགོས། ཉམས་གསོའི་མ་དངུལ་རང་ངོས་ནས་འགན་འཁུར་དགོས།
དྲུག གནད་དོན་གཞན་དག
(གཅིག )《བརྡ་ཐོ 》འདིའི་ནང་གི་ཤུགས་རྐྱེན་ཕོག་པའི་ལས་རིགས་ཞེས་པ་དེ་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་རང་སྐྱོང་ལྗོངས་རྒྱལ་ཁབ་ཁྲལ་དོན་ཅུས་དང་མཉམ་དུ་ཁས་ལེན་བྱེད་དགོས་པ་དང་།
(གཉིས )《བརྡ་ཐོ 》འདིའི་ནང་འཁོད་པའི་གཟིགས་སྐྱོང་སྲིད་ཇུས་དེ་2008ལོའི་ཟླ་3ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ།
(གསུམ )《བརྡ་ཐོ 》འདི་རང་སྐྱོང་ལྗོངས་འབྲེལ་ཡོད་སྡེ་ཚན་ཁག་གིས་འགན་འཁུར་ནས་ལག་བསྟར་ཞིབ་སྲོལ་བཟོ་བ་དང་ས་ཁུལ (གྲོང་ཁྱེར )ཁག་གི་མི་དམངས་སྲིད་གཞུང་གིས་ཞིབ་ཕྲའི་སྒྲིག་འཛུགས་དང་ལག་བསྟར་བྱེད་དགོས་པ་བཅས་ཡིན།
“3·14”དོན་རྐྱེན་ཐོན་རྗེས་ཤུགས་རྐྱེན་ཕོག་པའི་ལས་རིགས་ལ་རོགས་སྐྱོར་བྱེད་པའི་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱ་རྒྱུ་དེ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཤུགས་རྐྱེན་ཕོག་པའི་ལས་རིགས་ཀྱི་ཐོན་སྐྱེད་དང་གཉེར་སྐྱོང་གི་སྒྲིག་ལམ་སླར་གསོ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་རང་ལྗོངས་ཀྱི་རྒྱལ་དམངས་དཔལ་འབྱོར་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་སྤྱད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས་ས་ཁུལ (གྲོང་ཁྱེར )ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་དོན་འཁྱོལ་ནན་ཏན་བྱེད་དགོས་པ་དང་མི་བདེན་རྫུན་སྒྲིག་གཏན་ནས་བྱེད་མི་རུང་།
དམིགས་སུ་བརྡ་ཐོ་འདི་བཏང་བ་ཡིན།
2008ལོའི་ཟླ་4ཚེས་17ཉིན།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣