དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱིས་ལྗོངས་ཡོངས་ཀྱི་དགོན་ཁག་དང་རྒྱ་ཆེའི་གྲྭ་བཙུན་ཚོར་སྤྲིངས་པའི་གྲོས་འགོའི་ཡི་གེ

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར   |     སྤེལ་དུས།  2015-05-09

            ལྗོངས་ཡོངས་ཀྱི་དགོན་ཁག་དང་རྒྱ་ཆེའི་གྲྭ་བཙུན་ཚོར་ལྷ་སའི “3·14”རྡུང་གཅོག་འཕྲོག་སྲེག་གི་གཏུམ་སྤྱོད་ཉེས་གསོག་དོན་རྐྱེན་ཚབས་ཆེན་གྱི་ངོ་བོ་དང་ཏཱ་ལའི་གདོང་རིས་ངོ་མ་སྔར་བས་གསལ་རྟོགས་ཐུབ་པ་བྱས་ཏེ་མེས་རྒྱལ་གྱི་ལྟ་བ་དང་། སྲིད་གཞུང་གི་ལྟ་བ། ཁྲིམས་ལུགས་ཀྱི་ལྟ་བ་བཅས་དང་སྤྱི་དམངས་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུས་ཏེ་སྲིད་གཞུང་གི་འགོ་ཁྲིད་དང་དོ་དམ་རང་རྟོགས་ངང་དང་ལེན་ཞུས་ནས་རྒྱལ་གཅེས་ཆོས་གཅེས་དང་། རྒྱལ་སྐྱོང་འགྲོ་ཕན། ཆོས་གཞུང་སྦྱོང་སྒོམ། དགོན་པའི་སྒྲིག་ལམ་དང་འདུལ་ཁྲིམས་ནན་སྲུང་བཅས་བྱས་ཏེ་ཁ་ཕྲལ་གཏོར་བཤིག་པ་དང་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་མཐའ་དག་དང་འཐབ་རྩོད་མཐའ་གཅིག་ཏུ་བྱས་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་མཐུན་སྦྱོར་བོད་ལྗོངས་འཛུགས་སྐྲུན་བྱེད་ཆེད་ཆོས་ཕྱོགས་ལས་རིགས་ཀྱི་མི་སྣས་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་པའི་འབོད་སྐུལ་གནང་བ།

            ལྗོངས་ཡོངས་ཀྱི་དགོན་ཁག་དང་རྒྱ་ཆེའི་གྲྭ་བཙུན་ཚོར།

            2008 ལོའི་ཟླ་3 ཚེས་10 ཉིན་ནས་བཟུང་ལྷ་ས་ཁུལ་དུ་ཁྲིམས་འགལ་གྲྭ་བཙུན་ཉུང་ཤས་ཤིག་གིས་བསྟུད་མར་ཟིང་ཆ་བསླངས་པ་དང་ལྷག་པར་དུ་ཟླ་3 ཚེས་14 ཉིན་ལྷ་སར་རྡུང་གཅོག་འཕྲོག་སྲེག་གི་གཏུམ་སྤྱོད་ཉེས་གསོག་གི་དོན་རྐྱེན་ཐོན་ནས་མི་དམངས་མང་ཚོགས་ཀྱི་ལུས་སྲོག་རྒྱུ་ནོར་ལ་གྱོང་གུན་ཧ་ཅང་ཆེན་པོ་བཟོས་པ་དང་། སྤྱི་ཚོགས་ཀྱི་སྒྲིག་ལམ་དང་སྤྱི་ཚོགས་བརྟན་ལྷིང་ལ་གཏོར་བཤིག་ཚབས་ཆེན་བཏང་བ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བརྟན་ལྷིང་འཆམ་མཐུན་གྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ལ་གཏོར་བཤིག་བཏང་བ་དེ་ནི་ཏཱ་ལའི་རུ་ཚོགས་ཀྱིས་སྒྲིག་འཛུགས་དང་སྔོན་ཇུས་ཡོད་པ་དང་ངན་བཀོད་ཞིབ་ཚགས་བྱས་པ་ཞིག་ཡིན་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྩ་སློག་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལ་གཏོར་བཤིག་གཏོང་བ། ཨའོ་ལིན་ཕི་ཁེ་ལུས་རྩལ་འགྲན་ཚོགས་པེ་ཅིང་དུ་བདེ་བླག་ངང་འཚོག་རྒྱུར་གཏོར་བཤིག་གཏོང་བ་བཅས་ཀྱི་ལྐོག་གཡོ་གཤོམ་པ་དང་བོད་འདི་མེས་རྒྱལ་ནས་ཁ་ཕྲལ་དུ་གཏོང་རྒྱུའི་རེ་ངན་འཆང་བའི་ཆབ་སྲིད་ཀྱི་ལྐོག་གཡོ་ཆེན་པོ་ཞིག་ཡིན་པ་དེའི་མཐའ་མའི་རེ་ངན་ནི་ཁོ་པ་ཚོའི་ཀླ་ཀློ་དང་གདུག་རྩུབ་ཆེ་བའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རོ་ལངས་རྒྱག་རྒྱུ་དེ་རེད། ཁོ་པ་ཚོའི་སྡིག་ཉེས་ཀྱིས་བཅའ་ཁྲིམས་ཀྱི་ལ་རྒྱར་རྡོག་རོལ་ཚབས་ཆེན་བཏང་བ་དང་དུས་མཚུངས་ཆོས་ཀྱི་སྙིང་པོར་ཡང་རྡོག་རོལ་བཏང་སྟེ་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་ཀྱི་བརྩེ་དུང་ལ་གནོད་འཚེ་ཚབས་ཆེན་བཏང་ཡོད། བོད་བརྒྱུད་ནང་བསྟན་ནང་འགྲོ་བ་རིགས་དྲུག་སྡུག་བསྔལ་ལས་སྒྲོལ་བྱའི་ནང་ཚེ་སྲོག་ཐམས་ཅད་ཚུད་ཡོད་པ་དང་སྨྲ་ཤེས་དོན་གོ་བའི་འགྲོ་བ་ནི་ཤོད་མི་དགོས་པ་ཞིག་ཡིན། ང་ཚོའི་བོད་ཀྱི་རྒྱ་བོད་ཧུའེ་སོགས་མི་རིགས་ལ་འཆམ་མཐུན་མཉམ་གནས་ཀྱི་ལོ་རྒྱུས་ལོ་ངོ་སྟོང་ཕྲག་ཡོད་པ་དང་ཤ་རུས་གཅིག་འབྲེལ་ཡིན་པས་ཏཱ་ལའི་རུ་ཚོགས་ཀྱིས་མེས་རྒྱལ་ཁ་ཕྲལ་གཏོང་བའི་ཆབ་སྲིད་ཀྱི་རེ་ངན་སྒྲུབ་ཆེད་རྐང་བཙུགས་ནས་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་དང་རྡུང་གཅོག་འཕྲོག་སྲེག་བྱས་པ་ང་ཚོས་གསལ་པོར་མཐོང་ཐུབ་པ་བྱེད་དགོས། སྡིག་ཉེས་དེ་ནི་སྟོན་པའི་བྱམས་སྙིང་རྗེ་ཆེན་པོའི་རྩ་བ་དང་རྦད་དེ་འགལ་ཡོད་ལ་ཆོས་ཀྱི་འདུལ་ཁྲིམས་ལས་འགལ་བ་དང་འགྲོ་བ་མིའི་ཐོབ་ཐང་དང་དེ་བས་འགལ་ཏེ་ཏཱ་ལའི་རུ་ཚོགས་ཀྱི་བོད་འཕུང་ཆོས་གནོད་ཀྱི་གདོང་རིས་ངོ་མ་དམར་རྗེན་དུ་ཐོན་ཡོད། ནང་བསྟན་གྱི་སྙིང་པོ་ནི “བྱམས་སྙིང་རྗེ ”དང་། ནང་བསྟན་གྱི་རྩ་བའི་བསྲུང་བྱ་ནི “ཚེ་སྲོག་གང་ལའང་མི་འཚེ་བ ”ནང་བསྟན་གྱི་ཁྱད་ཆོས་ནི “སྡིག་པ་ཅི་ཡང་མི་བྱ་བ ”ནང་བསྟན་གྱི་དམིགས་ཡུལ་ནི “འགྲོ་བ་རིགས་དྲུག་སྡུག་བསྔལ་ལས་སྒྲོལ་རྒྱུ ”བཅས་ཡིན། ནང་བསྟན་ལས་བསྟན་པའི་ཉོན་མོངས་དུག་གསུམ་སྟེ་གཏི་མུག་ཕག་པ་བཞིན་མ་རིག་པའམ་ཕྱིན་ཅི་ལོག་ཏུ་རྟོག་པའི་རྨོངས་པ་བྱེད་མི་རུང་བ་དང་། འདོད་ཆགས་ཕུག་རོན་བཞིན་ཟག་བཅས་ཀྱི་ཕུང་པོ་ལ་ཞེན་པའམ་ཆགས་པ་བྱེད་མི་རུང་བ། ཞེ་སྡང་སྦྲུལ་བཞིན་སེམས་ཅན་ཕ་རོལ་པོར་འཚེ་བ་དང་གསད་པའམ་ཚིག་རྩུབ་སྨྲ་བ་སོགས་ཀུན་ནས་མནར་བའི་སེམས་པ་ཡོད་མི་རུང་བ་བཅས་རེད།

            དེ་དག་ནི་ནང་བསྟན་གྱི་དད་ལྡན་པའི་རྒྱུན་གཏན་གྱི་བྱ་སྤྱོད་ཀྱི་ཚད་གཞི་དང་བསམ་པའི་ཀུན་སློང་གི་བླང་བྱ་ཞིག་ཡིན། མདོར་ན། ནང་བསྟན་པ་ཡིན་ཚེ་བྱམས་སྙིང་རྗེ་ཡོད་དགོས་པ་དང་། གཞན་ལ་ཕན་པ་བསྒྲུབ་རྒྱུ་རྩ་བར་བརྩི་བ། སྡིག་པ་ཡོངས་སུ་སྤོང་བ་བཅས་བྱས་ནས་རྒྱལ་ཁམས་བདེ་བར་སྐྱོང་བ་དང་འགྲོ་བར་ཕན་འདོགས་དགོས། ཏཱ་ལ་དང་དེ་བཞིན་ཁོ་པའི་ཁ་ཕྲལ་རིང་ལུགས་པའི་རྗེས་འབྲངས་པ་ཚོ་ནི་ནང་བསྟན་པ་ངོ་མ་ཞིག་མ་ཡིན་པར་ཁོ་པ་ཚོར་བྱམས་སྙིང་རྗེ་ཡེ་ནས་མེད་པ་དང་ཉོན་མོངས་དུག་གསུམ་གྱི་ཤེད་ཤིན་ཏུ་ཆེ་བ་དོན་དངོས་ཀྱི་ཐོག་ནས་ར་འཕྲོད་བྱུང་ཡོད། བོད་བརྒྱུད་ནང་བསྟན་གྱི་འདུལ་ཁྲིམས་དང་སྙིང་པོར་གཞིགས་ན་ཉོན་མོངས་དུག་གསུམ་གྱིས་སེམས་ཀུན་ནས་རྟག་ཏུ་བརླམས་པ་ཡིན་ཕྱིན་དམྱལ་ཁམས་བཅོ་བརྒྱད་དུ་ལྷུང་ངེས་ཡིན་པར་བརྟེན་ང་ཚོས་ལྗོངས་ཡོངས་ཀྱི་དགོན་ཁག་དང་རྒྱ་ཆེའི་གྲྭ་བཙུན་ཚོར་གྲོས་འགོ་འདོན་རྒྱུ་སྟེ། ལྗོངས་ཡོངས་ཀྱི་དགོན་ཁག་དང་རྒྱ་ཆེའི་གྲྭ་བཙུན་ཚོས་ད་རེས་དོན་རྐྱེན་གྱི་ངོ་བོ་དང་ཏཱ་ལའི་གདོང་རིས་ངོ་མ་སྔར་བས་གསལ་རྟོགས་དང་མིག་སྔའི་རང་ལྗོངས་ཀྱི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྣོ་ངར་རང་བཞིན་དང་ཡུན་རིང་རང་བཞིན། དཀའ་ཚེགས་རང་བཞིན། ཪྙོག་འཛིང་རང་བཞིན་བཅས་གསལ་རྟོགས་ཐུབ་པ་བྱས་ཏེ་ལངས་ཕྱོགས་བརྟན་པོ་དང་དར་ཆ་གསལ་སྟོན་གྱིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་དང་ཚད་མཐོའི་གཅིག་གྱུར་བྱེད་དགོས། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་སྣེ་ཁྲིད་ནས་ད་རེས་ཀྱི་འཐབ་རྩོད་ལ་རྒྱལ་ཁ་ལེན་པ་དང་ཁྲིམས་འགལ་བར་ཉེས་ཆད་བཅད་དེ་བོད་ཀྱི་ཆབ་སྲིད་བརྟན་པོ་དང་དཔལ་འབྱོར་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་མུ་མཐུད་བརྟན་ལྷིང་དང་། བདེ་སྐྱིད། ཕྱུག་པོ་བཅས་ཀྱི་འཚོ་བ་སྐྱེལ་དུ་འཇུག་ཐུབ་པའི་ནུས་པ་ཡོད་པ་ཡིད་ཆེས་བརྟན་པོ་བྱེད་དགོས། ང་ཚོས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་མང་ཆེ་བར་མཐུན་སྒྲིལ་དང་ཆེས་ཉུང་ཤས་ལ་རྡུང་རྡེག་བཏང་སྟེ་རྒྱ་ཆེའི་གྲྭ་དམངས་ཚོས་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་འབྱེད་རྒྱུའི་སློབ་གསོ་དང་ཁྲིད་སྟོན་ཡག་པོ་བྱེད་དགོས། ཆོས་ཕྱོགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣས་དགོན་སྡེའི་གྲྭ་བཙུན་དང་འབྲེལ་བ་ཡོད་པའི་མཐུན་རྐྱེན་འདོན་སྤེལ་གང་ལེགས་བྱས་ཏེ་ད་རེས་དོན་རྐྱེན་ནང་ཞུགས་མཁན་གྲྭ་བཙུན་ཆེས་ཉུང་ཤས་ལ་སློབ་གསོ་དང་བློ་འགུག་བྱེད་པའི་ལས་དོན་ཧུར་བརྩོན་དང་རང་འགུལ་ངང་ལེགས་པར་བསྒྲུབས་ནས་ཁོང་ཚོར་དུས་བབ་གསལ་རྟོགས་དང་ལངས་ཕྱོགས་བརྟན་པོའི་སྒོ་ནས་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་རྦད་དེ་བཅད་དེ་བློ་ཁོག་ཆེན་པོས་རང་ཉིད་དཔེར་བླངས་ནས་ཁྲིམས་ཤོད་པ་སོགས་ཀྱི་རྣམ་པའི་ཐོག་ནས་ཁ་ཕྲལ་རིང་ལུགས་པ་ཆེས་ཉུང་ཤས་ཤིག་གིས་མི་ལ་ཤོད་མི་ནུས་པའི་མ་རུངས་ཁོག་བཅངས་ཐེར་འདོན་དགག་རྒྱག་བྱེད་དུ་འཇུག་དགོས། མེས་རྒྱལ་གྱི་ལྟ་བ་དང་། སྲིད་གཞུང་གི་ལྟ་བ་། ཁྲིམས་ལུགས་ཀྱི་ལྟ་བ་བཅས་དང་སྤྱི་དམངས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ཏེ་ངེས་པར་དུ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་བརྩི་བཀུར་ཞུ་བ་དང་སྲིད་གཞུང་གི་འགོ་ཁྲིད་དང་དོ་དམ་རང་རྟོགས་ངང་དང་ལེན་ཞུས་ཏེ་རྒྱལ་གཅེས་ཆོས་གཅེས་དང་། རྒྱལ་སྐྱོང་འགྲོ་ཕན། ཆོས་གཞུང་སྦྱོང་སྒོམ། དགོན་པའི་སྒྲིག་ལམདང་འདུལ་ཁྲིམས་ནན་སྲུང་བཅས་བྱས་ཏེ་སྐྱེ་འགྲོར་སྨན་པའི་དག་ཞིང་འཛུགས་སྐྱོང་ཡག་པོ་བྱེད་ཆེད་འབད་བརྩོན་ཧུར་ཐག་བྱེད་དགོས།

            ང་ཚོ་རྒྱ་ཆེའི་གྲྭ་བཙུན་རྣམས་ལག་གདང་སྦྲེལ་ནས་ཏང་དང་སྲིད་གཞུང་གི་འབོད་སྐུལ་ལ་བརྡ་ལན་ཧུར་ཐག་ཞུས་ཏེ་ཡིན་མིན་ཆེན་པོའི་མདུན་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། བཅའ་ཁྲིམས་ཀྱི་ལ་རྒྱ་སྲུང་སྐྱོང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བཅས་བྱས་ནས་ཁ་ཕྲལ་སྟོབས་ཤུགས་དང་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་མཐའ་དག་དང་འཐབ་རྩོད་མཐའ་གཅིག་ཏུ་བྱས་ཐོག་རྒྱུན་གཏན་ཆོས་ལུགས་སྒྲིག་ལམ་འཛུགས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་མཐུན་སྦྱོར་བོད་ལྗོངས་འཛུགས་སྐྱོང་བྱེད་ཆེད་ང་ཚོ་ཆོས་ཕྱོགས་ལས་རིགས་ཀྱི་མི་སྣས་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས།

            ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ནས།

            2008 ལོའིཟླ་3 ཚེས་25 ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།