ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་ནང་རྩ་འཛུགས་སྡེ་ཚན་གྱི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་དགོས་པའི་སྐོར་གྱི་བརྡ་ཐོ།
ས་ཁུལ (གྲོང་ཁྱེར )ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་པུའུ་དང་ལྗོངས་ཐད་གཏོགས (ཀྲུང་དབྱང་ཐད་གཏོགས )ཀྱི་ཚན་པ་ཁག་གི་ཆབ་སྲིད་མི་དོན་སྡེ་ཚན་ལ།
ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ནི་རང་ལྗོངས་ཀྱི་ཐམས་ཅད་ལས་ལྷག་པའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་དེ་ཡིན། ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ནང་རྩ་འཛུགས་སྡེ་ཚན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རང་ལྗོངས་ཀྱི་རྒྱ་ཆེའི་གཞི་རིམ་ཏང་རྩ་འཛུགས་དང་། ཏང་ཡོན། ལས་བྱེད་པ་བཅས་མིག་སྔའི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་ནང་ཞུགས་རྒྱུར་སྔར་བས་སྐུལ་སློང་དང་སྒྲིག་འཛུགས་བྱས་ཏེ་མེས་རྒྱལ་གཅིག་གྱུར་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་ཆེད་ཆེད་དུ་བརྡ་ཐོ་གཏོང་རྒྱུ་གཤམ་གསལ།
གཅིག དུས་བབ་གསལ་རྟོགས་དང་ལས་འགན་གསལ་པོ་བཟོས་ཏེ་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པ་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་དགོས།
མིག་སྔར་ང་ཚོས་ཏཱ་ལའི་ཁ་ཕྲལ་རུ་ཚོགས་དང་རྣོ་ངར་ཆེ་བའི་འཐབ་རྩོད་བྱེད་བཞིན་ཡོད། ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཁྲིམས་ལྟར་བྱ་ཐབས་མྱུར་དུ་སྤྱད་དེ “3·14 ” རྡུང་གཅོག་འཕྲོག་སྲེག་གི་གཏུམ་སྤྱོད་ཉེས་གསོག་དོན་རྐྱེན་ཚབས་ཆེན་འཕྲལ་ཐག་ཆོད་པོས་ཞོད་འཇགས་སུ་བཏང་བས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་དུས་བབ་སྤྱིར་ན་བརྟན་པོ་བྱུང་ཡོད། ང་ཚོ་དང་ཏཱ་ལའི་རུ་ཚོགས་དབར་གྱི་འཐབ་རྩོད་ནི་ཡུན་རིང་དང་། ཪྙོག་འཛིང་ཆེ་བ། རྣོ་ངར་ཆེ་བ་བཅས་ཡོད་པ་དང་ཏཱ་ལའི་རུ་ཚོགས་ཀྱིས་ངན་སེམས་མཁྲེགས་འཛིན་དང་ཤི་ཁའི་འཕག་འཚག་རྒྱག་པ་དང་ཁོ་པ་ཚོ་ཕམ་ཉེས་ཤོར་བ་སྡུག་ནད་མི་ཐེག་པར་གོ་སྐབས་བཙལ་ཏེ་གཏོར་བཤིག་བྱེད་སྤྱོད་གསར་པ་ངན་བཀོད་དང་ལག་བསྟར་བྱ་རྒྱུའི་ལྐོག་གཡོ་གཤོམ་སྲིད་པ་ང་ཚོས་ངེས་པར་དུ་རིག་པ་དྭངས་གསལ་གྱི་སྒོ་ནས་མཐོང་ཐུབ་པ་བྱེད་དགོས། ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་དང་གཏོར་བཤིག་གི་བྱེད་སྤྱོད་ཐམས་ཅད་ནི་རང་ལྗོངས་ཀྱི་བརྟན་ལྷིང་མཐུན་སྦྱོར་གྱི་ཆབ་སྲིད་རྣམ་པར་གཏོར་བཤིག་བཏང་སྟེ་བོད་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མགོ་རྟིང་སློག་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྩ་སློག་གཏོང་བ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྩིས་མེད་གཏོང་བ་བཅས་བྱས་ཏེ་བོད་འདི་མེས་རྒྱལ་ནས་ཁ་ཕྲལ་དུ་གཏོང་རྒྱུའི་རེ་ངན་འཆང་བ་དེ་རེད། རང་ལྗོངས་ཀྱི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་དུས་བབ་སྔར་བཞིན་ཤིན་ཏུ་ཛ་དྲག་པ་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་འགན་སྔར་བཞིན་ཧ་ཅང་དཀའ་ཚེགས་ཆེན་པོ་ཡོད།
རྣོ་ངར་དང་ཪྙོག་འཛིང་ཆེ་བའི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེའི་ནང་རིམ་ཁག་རྩ་འཛུགས་སྡེ་ཚན་གྱིས་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་གི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལས་འགན་ལྕི་པོ་འཁུར་བཞིན་ཡོད། ང་ཚོས་རྩ་འཛུགས་ལས་དོན་གྱི་ཕན་འབྲས་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འབྲས་བུར་ཐད་ཀར་ཤུགས་རྐྱེན་ཐེབས་པ་དང་རང་ལྗོངས་ཀྱི་སྤྱི་ཚོགས་དུས་བབ་བརྟན་ལྷིང་གི་ཁྱོན་ཡོངས་དང་ཐད་ཀར་འབྲེལ་བ་ཡོད་པ་ངོས་འཛིན་གཏིང་ཟབ་ཐུབ་པ་བྱེད་དགོས། རིམ་ཁག་རྩ་འཛུགས་སྡེ་ཚན་གྱིས་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཐམས་ཅད་ལས་ལྷག་པའི་ལས་འགན་ཨང་དང་པོར་བརྩིས་ཏེ་གལ་ཆེའི་གྲོས་རིམ་ཉིན་ཐོའི་ནང་འཇོག་པ་དང་རྩ་འཛུགས་ལས་དོན་ཁག་དམ་འཛིན་ཏན་ཏིག་ཡག་པོ་བྱས་ཏེ་རིམ་ཁག་འགོ་ཁྲིད་ཚན་ཁག་ཆབ་སྲིད་ཐད་དྭངས་གཙང་དང་བསམ་བློའི་ཐད་བརྟན་པོ། བྱ་སྤྱོད་ཐད་བློ་ཐག་ཆོད་པོ་བཅས་ཡོང་བ་འགན་ལེན་དང་རང་ལྗོངས་ཀྱི་རིམ་ཁག་འགོ་ཁྲིད་དབང་ཆ་དེ་ཏང་ལ་བློ་དཀར་དང་། མེས་རྒྱལ་ལ་བློ་དཀར། མི་དམངས་ལ་བློ་དཀར་བཅས་བྱེད་མཁན་གྱི་ལག་ཏུ་ཡོད་པའི་འགན་ལེན་བྱེད་དགོས་པ་དང་། ངེས་པར་དུ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཆེས་ཆེར་བརྒྱབ་སྟེ་རིམ་ཁག་ལས་བྱེད་པའི་དཔུང་ཁག་འདི་ཉིད་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང་གི་རྐང་འཛིན་སྟོབས་ཤུགས་སུ་འགྱུར་རྒྱུའི་འགན་ལེན་བྱེད་དགོས་པ། ངེས་པར་དུ་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་དཔུང་ཁག་གི་འཛུགས་སྐྱོང་ལ་ཤུགས་སྣོན་ཆེས་ཆེར་བརྒྱབ་སྟེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང་གི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་གྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ།
ངེས་པར་དུ་བསམ་བློ་ཆབ་སྲིད་ཀྱི་འཛུགས་སྐྱོང་དང་སློབ་གསོའི་གསོ་སྦྱོང་གི་ལས་ཀར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས་པ་བཅས་རེད།
ལྗོངས་ཡོངས་ཀྱི་རིམ་ཁག་རྩ་འཛུགས་སྡེ་ཚན་གྱིས་ངེས་པར་དུ “3·14 ”གཏུམ་སྤྱོད་ཉེས་གསོག་དོན་རྐྱེན་ཚབས་ཆེན་ཐག་གཅོད་བྱེད་པར་ཐོབ་པའི་མིག་སྔའི་གྲུབ་འབྲས་སྲ་བརྟན་དང་གོང་འཕེལ་བཏང་སྟེ་དུས་དང་རྣམ་པ་ཀུན་ཏུ་དམག་འཐབ་གསར་པ་བསུ་རྒྱུའི་གྲ་སྒྲིག་དང་སྨྱོ་ཧམ་ཆེ་བའི་དགྲ་བོའི་ཚུར་རྒོལ་ལ་རྡུང་རྡེག་མཐའ་གཅིག་ཏུ་བཏང་སྟེ་བོད་ཀྱི་སྤྱི་ཚོགས་དུས་བབ་བརྟན་ལྷིང་འགན་ལེན་དང་པེ་ཅིང་ཨའོ་ལིན་ཕི་ཁེའི་ལུས་རྩལ་འགྲན་ཚོགས་ཕུན་སུམ་ཚོགས་པོ་ཡོང་རྒྱུ་འགན་ལེན་བྱེད་པའི་འགག་རྩའི་དུས་འདིར་རིག་པ་དྭངས་གསལ་དང་དོགས་ཟོན་ཆེར་བསྐྱེད་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེའི་ཡུན་རིང་རང་བཞིན་དང་། དཀའ་ཚེགས་རང་བཞིན། ཪྙོག་འཛིང་རང་བཞིན་བཅས་ལ་ངོས་འཛིན་གང་ལེགས་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་དེ་བོད་ཀྱི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྐོར་གྱི་ཀྲུང་དབྱང་གི་གལ་ཆེའི་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན་ཐོག་གཅིག་གྱུར་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་ཛ་དྲག་པོས་རྩ་འཛུགས་ལས་དོན་ལ་བཏོན་པའི་བླང་བྱ་གསར་པ་ཁོང་དུ་འཕྱུགས་པ་མེད་པ་ཞིག་ཆུད་པ་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ནང་གི་རྩ་འཛུགས་ལས་དོན་གྱི་གནས་བབ་དང་ནུས་པ་གལ་ཆེན་སྔར་བས་གསལ་པོ་བཟོས་ཏེ་རྩ་འཛུགས་ལས་དོན་ལེགས་པར་སྒྲུབ་པའི་ལས་འགན་སྒྲུབ་སེམས་དང་། འགན་འཁྲིའི་སེམས་པ། དགོས་གཏུགས་ཀྱི་སེམས་པ་བཅས་ཆེ་རུ་ཏན་ཏིག་གཏོང་བ་དང་མིག་སྔའི་ལྗོངས་ཡོངས་ཀྱི་ལས་ཀའི་ཁྱོན་ཡོངས་ཡིན་པའི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེར་དམིགས་ཏེ་མཛུབ་ཁྲིད་བསམ་བློའི་ཐོག་ཕན་ཚུན་གཅིག་གྱུར་དང་། ལས་ཀའི་དམིགས་ཚད་ཐད་ཕན་ཚུན་གཞོགས་འདེགས། ལས་ཀའི་བཀོད་སྒྲིག་ཐད་ཕན་ཚུན་རམ་འདེགས་བཅས་བྱས་ཏེ་ཪྙོག་འཛིང་ཆེ་བའི་དུས་བབ་ཀྱི་མདུན་དུ་ཁ་ཕྱོགས་མི་འཛོལ་བ་དང་། འགག་རྩའི་དུས་སུ་ལངས་ཕྱོགས་ལ་གཡོ་འགུལ་མི་ཐེབས་པ། གལ་ཆེའི་ལས་གནས་སུ་འགན་འཁྲི་ཁུར་བ་དང་འགག་སྒོ་བརྟན་པོ་སྲུང་བ་བཅས་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་ཆེད་ཆབ་སྲིད་ཀྱི་འགན་ལེན་དང་རྩ་འཛུགས་ཀྱི་འགན་ལེན་སྲ་ཞིང་བརྟན་པ་ཞིག་བྱེད་དགོས།
གཉིས། བཀོད་འདོམས་ཉན་པ་དང་འཐབ་རྩོད་མཐའ་གཅིག་ཏུ་བྱས་ཏེ་མིག་སྔའི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང་ཧུར་ཐག་ཞུགས་དགོས།
མིག་སྔའི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང་རིམ་ཁག་རྩ་འཛུགས་སྡེ་ཚན་གྱིས་ཏང་གི་འབོད་སྐུལ་མཐའ་གཅིག་ཏུ་ཉན་པ་དང་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་ལེན་མཐའ་གཅིག་ཏུ་བསྟར་ཏེ་ཐོག་མཐའ་བར་གསུམ་དུ་ཏང་གཤིས་བརྟན་ཤོས་དང་ལངས་ཕྱོགས་བརྟན་ཤོས། དར་ཆ་གསལ་ཤོས། འཐབ་རྩོད་བློ་ཐག་ཆོད་ཤོས་བཅས་བྱེད་ཐུབ་པ་བྱེད་དགོས།
(གཅིག )གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་སྔར་བས་སྐུལ་སློང་དང་སྒྲིག་འཛུགས་བྱས་ཏེ་དམག་འཐབ་མཁར་རྫོང་དང་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཡུལ་ས་གཙོ་བོའི་ནང་ཧུར་ཐག་ཞུགས་པ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ཕྱོགས་དང་པོར་དམག་འཐབ་བྱས་ཏེ་གང་དུ་གནས་ཚུལ་ཪྙོག་འཛིང་ཆེ་ཤོས་དང་། གང་དུ་ལས་ཀ་དཀའ་ཚེགས་ཆེ་ཤོས་ཡིན་པ། གང་དུ་མང་ཚོགས་ལ་དགོས་མཁོ་ཆེ་ཤོས་བཅས་ཡིན་ཚེ་དེ་གར་ཐོན་པ་དང་དེ་གར་དམག་འཐབ་བྱེད་ཐུབ་པ་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་འགག་རྩའི་དུས་སུ་གུང་ཁྲན་ཏང་ཡོན་གྱི་ཆབ་སྲིད་ངོ་བོ་མངོན་དགོས། བཞུགས་མོལ་ཚོགས་འདུ་འཚོགས་པ་དང་ཆེད་དོན་འཆད་ཁྲིད་བྱེད་པ། རྩོམ་ཡིག་འབྲི་བ་སོགས་བྱ་ཐབས་སྣ་ཚོགས་སྤྱད་དེ་ཏཱ་ལའི་ཁ་ཕྲལ་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོ་དང་དེ་བཞིན་ཁོ་པས་བཤད་པའི “ཞི་བ ”དང “དྲག་ཤུགས་མིན་པའི་”གཡོ་རྫུས་རང་བཞིན་དང་མགོ་སྐོར་རང་བཞིན་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱེད་པ་དང་ཁྲིམས་འགལ་བའི་ནམ་མཁར་མི་ཤོང་བའི་སྡིག་ཉེས་ལ་ཁ་རྡུང་དྲག་པོ་གཏོང་བ་དང་ཁོང་ཁྲོ་ཆེན་པོས་འདུལ་གཏམ་བསྒྲགས་ཏེ་ཐེར་འདོན་དགག་རྒྱག་དང་འདུལ་གཏམ་གྱི་ཟིལ་ཤུགས་ཆེན་པོ་ཞིག་སྔར་བས་ཆགས་པ་བྱེད་དགོས།
(གཉིས )ཚད་གཞི་ཆེ་ཤོས་ཀྱི་སྒོ་ནས་མི་རིགས་ཁག་གི་མང་ཚོགས་སྐུལ་སློང་དང་སྒྲིག་འཛུགས་བྱས་ཏེ་ཐུན་མོང་ཐོག་དགྲ་བོར་འཐབ་དགོས། དེ་བས་ཞིབ་ཅིང་ཕྲ་བ་དང་། དེ་བས་དངོས་ཡོད། དེ་བས་གཏིང་ཟབ་བཅས་ཀྱི་སྒོ་ནས་མང་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་དོན་དངོས་ཁུངས་བཙན་གྱིས་ཏཱ་ལའི་རུ་ཚོགས་ཀྱི་སྡིག་ཉེས་དང་མེས་རྒྱལ་ཁ་ཕྲལ་གཏོང་བ་དང་ཨའོ་ལིན་ཕི་ཁེའི་ལུས་རྩལ་འགྲན་ཚོགས་ལ་གཏོར་བཤིག་གཏོང་བའི་ཆབ་སྲིད་ཀྱི་ལྐོག་གཡོ་ཐེར་འདོན་བྱས་ནས་མང་ཚོགས་ཀྱིས་དངོས་དོན་ཤེས་རྟོགས་ཐུབ་པ་བྱས་ཐོག་ཏཱ་ལའི་རུ་ཚོགས་ཀྱི་སྐྱུག་བྲོ་བའི་གདོང་རིས་ངོ་མ་ཉི་མ་ཁ་དཀར་ངོ་དཀར་འོག་དམར་རྗེན་དུ་བཏོན་ཐོག་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མང་ཚོགས་རྨང་གཞི་སྔར་བས་བརྟན་པོ་བཙུགས་ཏེ་དགྲ་བོར་རྡུང་རྡེག་གཏོང་བའི་གནམ་རྒྱ་ས་ཪྙི་ལྟ་བུ་ཆགས་པ་བྱེད་པ་དང་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཟངས་གྱང་ལྕགས་རྩིག་ལྟ་བུ་ཞིག་སྐྲུན་དགོས།
(གསུམ )“3·14”དོན་རྐྱེན་ནང་ལུས་སྲོག་དང་རྒྱུ་ནོར་ལ་གྱོང་གུན་ཕོག་པའི་མང་ཚོགས་ལ་རང་འགུལ་ངང་སེམས་ཁུར་བྱེད་པ་དང་བྱ་ཐབས་ནུས་ལྡན་སྤྱད་ནས་ཁོང་ཚོའི་དཀའ་ངལ་གང་མགྱོགས་སེལ་བ་དང་ཁོང་ཚོར་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བ་གང་མགྱོགས་སླར་གསོ་བྱེད་རོགས་བྱས་ནས་ཏང་རྩ་འཛུགས་ཀྱི་ཐུགས་ཁུར་དང་དྲོ་སྐྱིད་དངོས་འབྲེལ་ཚོར་ཐུབ་པ་བྱེད་དགོས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་མཁན་སྤྱི་བདེའི་ལས་བྱེད་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་དཔོན་དམག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་ཚན་པ་ཁག་དང་སྡེ་ཚན་ཁག་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་འཚམས་འདྲིའི་བྱེད་སྒོ་རྣམ་པ་སྣ་ཚོགས་སྤེལ་ནས་ཉེན་རྟོག་པ་དང་མང་ཚོགས་དབར་གྱི་མཐུན་སྒྲིལ་ལ་སྐུལ་འདེད་བཏང་ནས་ཉེན་རྟོག་པ་དང་མང་ཚོགས་ཁྱིམ་གཅིག་ལྟར་གྱི་བརྩེ་སེམས་མངོན་པ་བྱེད་དགོས།
(བཞི ) “3·14”གཏུམ་སྤྱོད་ཉེས་གསོག་དོན་རྐྱེན་ཚབས་ཆེན་ཐོན་ཚུན་འཐབ་ཕྱོགས་དང་པོར་གདོང་མཆོང་གིས་ཁ་ཕྲལ་པ་དང་ཁ་ཕྲལ་བྱེད་སྤྱོད་ལ་འཐབ་རྩོད་མཐའ་གཅིག་ཏུ་བྱེད་མཁན་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་དྲིལ་བསྒྲགས་ཧུར་ཐག་དང་གཟེངས་བསྟོད་བྱས་ཏེ་སྔོན་ཐོན་དཔེ་མཚོན་བཙུགས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཆབ་སྲིད་སྤྲོ་སེམས་དང་ཡིད་ཆེས་བརྟན་པོ་སྔར་བས་ཆེ་རུ་བཏང་ཐོག་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་ཧུར་ཐག་གཏོད་དགོས།
(ལྔ ) ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་ནང་གི་མཚོན་ཚུལ་དེ་ཏང་ཡོན་ལས་བྱེད་པའི་བསམ་བློ་དང་ཆབ་སྲིད་བྱང་ཚད་དང་ལས་ཀའི་ནུས་པར་དཔྱད་ཞིབ་བྱེད་པའི་ནང་དོན་གལ་ཆེན་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་ཕན་འབྲས་དངོས་ལ་དཔྱད་ཞིབ་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཏུ་བརྩི་དགོས། ཡིན་མིན་ཆེན་པོའི་གནད་དོན་ཐད་དང་འགག་རྩའི་དུས་སུ་འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པའི་མཚོན་ཚུལ་ལ་གཙོ་གནད་ཐོག་རྟོག་ཞིབ་དང་དབྱེ་འབྱེད་བྱས་ཏེ་ཆབ་སྲིད་ལངས་ཕྱོགས་བརྟན་པ་དང་། འཐབ་རྩོད་བྱེད་ཕོད་པ། སྤྱོད་ཡོན་གཉིས་ལྡན། མང་ཚོགས་ཀྱིས་ཁས་ལེན་པ་བཅས་ཀྱི་ཕུལ་བྱུང་ལས་བྱེད་པ་བློ་ཁོག་ཆེན་པོས་གནས་སྤར་བེད་སྤྱོད་བྱ་རྒྱུར་མཐོང་ཆེན་བྱེད་དགོས། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ཕྱོགས་དང་པོར་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་དང་ཚད་མི་ལོན་པའི་ཏང་ཡོན་ཐག་གཅོད་བྱེད་པའི་ལས་དོན་ནན་ཏན་ངང་ཡག་པོ་སྒྲུབ་དགོས།
གསུམ། འགན་འཁྲི་སྒྲུབ་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བླང་བྱ་དེ་རྩ་འཛུགས་ལས་ཀའི་ཕྱོགས་གང་ཅིའི་ཐད་ཁྱབ་པ་བྱེད་དགོས།
ལྗོངས་ཡོངས་ཀྱི་རྩ་འཛུགས་ལས་དོན་ཐད་ངེས་པར་དུ་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཁྱོན་ཡོངས་ལ་རང་རྟོགས་ངང་བསྟུན་པ་དང་རང་འགུལ་ངང་ཞབས་འདེགས་ཞུས་ཏེ་དེང་སྐབས་ལ་གཞི་ཚུགས་པ་དང་ཕུགས་ལ་དམིགས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བསམ་བློའི་རྨང་གཞི་སྔར་བས་བརྟན་དུ་གཏོང་བ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགོ་ཁྲིད་སྟོབས་ཤུགས་ཆེ་རུ་གཏོང་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྩ་འཛུགས་རྨང་གཞི་བརྟན་དུ་གཏོང་བ་བཅས་ལ་དམ་པོར་བརྟེན་ནས་རྩ་འཛུགས་ལས་དོན་འཆར་འགོད་དང་། སྤེལ་བ། སྐུལ་འདེད་གཏོང་བ་བཅས་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བླང་བྱ་དེ་རྩ་འཛུགས་ལས་དོན་གྱི་ཕྱོགས་གང་ཅིའི་ཐད་ཁྱབ་པ་བྱས་ཐོག་འགན་འཁྲི་ཡག་པོ་སྒྲུབ་པ་དང་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།
(གཅིག ) ཏང་འཛུགས་སྐྱོང་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་སྔར་བས་འཐུས་ཚང་དང་དོན་འཁྱོལ་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་འཛུགས་སྐྱོང་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་རིམ་ཁག་འགན་འཁྲི་གཙོ་བོ་དང་འགན་འཁྲིའི་ཞིབ་ཕྲའི་ནང་དོན་གསལ་པོ་བཟོས་ནས་ལྷུ་ཚིགས་ཚང་མ་སྦྲེལ་བ་དང་། གོང་འོག་མཉམ་སྒུལ། ཁྱོན་ཡོངས་སྐུལ་སྤེལ། བརྟན་པོའི་ངང་མཐོར་གཏོང་བཅས་ཀྱི་འགན་འཁྲིའི་མ་ལག་ཅིག་ཧུར་ཐག་གཏོད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་བྱེད་པའི་གྲུབ་འབྲས་དེ་ལས་བྱེད་པར་དཔྱད་ཞིབ་བྱེད་པའི་ནང་དོན་གལ་ཆེན་དང་ལས་བྱེད་པ་སྤྱོད་པའི་གལ་ཆེའི་གཞི་འཛིན་སར་བརྩི་དགོས། རིམ་ཁག་ཏང་ཨུད་ཀྱི་རྩ་འཛུགས་སྡེ་ཚན་གྱིས་གཞི་རིམ་སྔར་བས་དམ་འཛིན་དང་རྨང་གཞི་བརྟན་པོ་འདིང་བ་དེ་གལ་ཆེའི་གནས་བབ་ཐོག་དེ་བས་བཞག་ནས་སྒྲིག་སྲོལ་ལམ་ལུགས་བཙུགས་ཐོག་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་དང་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་དགོས།
(གཉིས ) བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་ཏང་གཤིས་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་སློབ་གསོ། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ཀྱི་སློབ་གསོ། དུས་བབ་སློབ་གསོ་བཅས་གཏིང་ཟབ་བཏང་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བསབ་བློའི་རྨང་གཞི་བརྟན་པོ་འཛུགས་དགོས། རིམ་ཁག་ཏང་གི་སློབ་གྲྭ་དང་སྲིད་འཛིན་སློབ་གླིང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ལས་བྱེད་པ་སྐོང་སྦྱོང་བྱེད་པའི་ལམ་ལུགས་དང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ལམ་ལུགས། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག ”གི་ལམ་ལུགས་བཅས་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱས་ནས་རྣམ་པ་སྣ་ཚོགས་སྤྱད་དེ་སློབ་གསོ་གསོ་སྦྱོང་བྱས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རྒྱལ་ཁབ་ཀྱི་འདུ་ཤེས་དང་། ཁྲིམས་ལུགས་ཀྱི་འདུ་ཤེས། ཏང་གཤིས་ཀྱི་འདུ་ཤེས་བཅས་སྔར་བས་ཆེ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས། ཉེན་བསམ་གྱི་འདུ་ཤེས་བཅས་སྔར་བས་ཆེ་རུ་གཏོང་བ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། སྤྱི་ཚོགས་ཀྱི་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བཅས་ཀྱི་བློ་བརྟན་རང་བཞིན་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ཏེ་རང་རྟོགས་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང་གདོང་ལེན་དཔེ་བཟང་དང་རྐང་འཛིན་ནུས་པ་འདོན་སྤེལ་བྱེད་ཐུབ་པ་བྱས་ཐོག་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་ཐུབ་པ་བྱེད་དགོས།
(གསུམ )གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་དགོས། ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་གི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ་ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུ་དེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་དམག་འཐབ་མཁར་རྫོང་ཞིག་དངོས་འབྲེལ་ཆགས་པ་བྱས་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་མཁར་རྫོང་དང་པོ་ཏན་ཏིག་ངང་བརྟན་པོ་འཛུགས་དགོས། གཞི་རིམ་འགོ་ཁྲིད་ཚན་པ་བདམས་སྦྱོར་ཡག་པོ་བྱས་ཏེ་ཆབ་སྲིད་ཐོག་བློས་འགེལ་ཆོག་པ་དང་། མང་ཚོགས་སྣེ་ཁྲིད་ནས་ཕྱུག་འགྱུར་བྱེད་པ། མང་ཚོགས་ཁྲོད་སྙན་གྲགས་ཡོད་པ་བཅས་ཀྱི་མི་སྣ་ཤང་གྲོང་དང་། གྲོང་ཚོ། ཁྲོམ་གཞུང་། སྡེ་ཁུལ་སོགས་གཞི་རིམ་འགོ་ཁྲིད་ཚན་པའི་ནང་འདེམས་པ་དང་ལྷག་དོན་དུ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་བདམས་སྦྱོར་ཡག་པོ་བྱེད་དགོས། གཞི་རིམ་ཏང་ཡོན་ལས་བྱེད་པར་སློབ་གསོ་དང་གསོ་སྦྱོང་བྱེད་དགོས་པ་དང་གཙོ་གནད་ཐོག་ཤང་གྲོང (ཁྲོམ་གཞུང་དོན་གཅོད་ཁྲུའུ )གི་ཏང་ཨུད་ཧྲུའུ་ཅི་དང་གྲོང་ཚོའི (གྲོང་མི )ཏང་ཀྲི་པུའི་ཧྲུའུ་ཅི་དུས་བགོས་ཁག་བགོས་ཀྱི་རེས་སྐོར་གསོ་སྦྱོང་ཐེངས་གཅིག་བྱས་ནས་ཁོང་ཚོའི་བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྒྲིག་འཛུགས་བྱེད་པ། ཚན་རིག་དང་མཐུན་པའི་ངང་གོང་འཕེལ་གཏོང་བར་འགོ་ཁྲིད་བྱེད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ནུས་པ་མཐོ་རུ་ཏན་ཏིག་གཏོང་དགོས། གཞི་རིམ་སྟོབས་ཤུགས་འཐུས་ཚང་དུ་བཏང་སྟེ་ལས་ཁུངས་ཀྱི་ལས་བྱེད་པ་སྒྲིག་འཛུགས་ཀྱིས་ཤང་དང་གྲོང་ཚོར་གནས་སྡོད་བྱེད་པ་དང་ལས་བྱེད་པ་གནས་སྦྱར་བདམས་གཏོང་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་གཞི་རིམ་ལ་བརྟན་ལྷིང་སྲུང་སྐྱོང་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་སོགས་ཀྱི་གཞི་རིམ་རྨང་གཞིའི་ལས་དོན་དམ་འཛིན་ཡག་པོ་བྱེད་རོགས་བྱེད་པ་དང་། ཤང་གྲོང་ལས་བྱེད་པས་གླིང་ཁུལ་འགན་གཙང་དང་གྲོང་ཚོར་གནས་སྡོད་བྱེད་པའི་ལས་དོན་སྔར་བས་སྤེལ་དགོས་པ། ཕུལ་བྱུང་སློབ་ཆེན་གྱི་སློབ་ཐོན་སློབ་མ་གྲོང་ཚོའི་འགོ་ཁྲིད་ལ་བདམས་སྤྱོད་བྱ་རྒྱུ་གང་མགྱོགས་ལག་བསྟར་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ལ་རྗེས་གྲབས་སྟོབས་ཤུགས་གསོ་སྐྱོང་བྱེད་པ་མ་ཟད་གྲོང་ཚོའི་ནང་གི་ལས་དོན་ཁག་ལ་སྐུལ་འདེད་ནུས་ལྡན་ཡང་གཏོང་དགོས། སྐུལ་མ་གཏོང་བ་དང་། སེམས་ཁུར་བྱེད་པ། རོགས་སྐྱོར་བྱེད་པ་བཅས་ཀྱི་ཟུངས་ནུས་སྔར་བས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་གཞི་རིམ་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་སེམས་ཁུར་བྱེད་པའི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་བཏོན་ཟིན་པའི་སྲིད་ཇུས་ཁག་དང་བྱ་ཐབས་ཁག་གི་རྨང་གཞིའི་ཐོག་ཕན་ནུས་ལྡན་པའི་བྱ་ཐབས་གསར་པ་ཞིབ་འཇུག་དང་བེད་སྤྱོད་བྱས་ཏེ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཐོག་གཞི་རིམ་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་དོན་དངོས་དཀའ་ངལ་དངོས་སེལ་རོགས་བྱེད་པ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་སྒྲིལ་ཤུགས་དང་དམག་འཐབ་ནུས་པ་ཆེ་རུ་ཏན་ཏིག་བཏང་ནས་རྒྱ་ཆེའི་མང་ཚོགས་རྣམས་ཏང་རྩ་འཛུགས་ཀྱི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས།
(བཞི )ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་དགོས། གསར་བརྗེ་ཅན་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང་གི་ལངས་ཕྱོགས་མཚོན་ཚུལ་དེ་ལས་བྱེད་པར་རྟོག་ཞིབ་དང་། དབྱེ་འབྱེད། བེད་སྤྱོད་བཅས་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་ཆབ་སྲིད་ཐོག་བློ་བརྟན་འགྱུར་མེད་དང་། སྤྱོད་ཚུལ་བཟང་བ། ཚོད་བགམ་སྣ་ཚོགས་ཐེག་ཐུབ་པ་དང་། རྦད་དེ་བློས་འགེལ་ཆོག་པ། བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་འགན་ལྕི་པོ་ཏན་ཏིག་འཁུར་ཐུབ་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་ཧུར་ཐག་གཏོད་དགོས། ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་ཀྱི་ཚད་གཞི་ནན་དུ་བཏང་སྟེ་གཞུང་ཞབས་པ་རྒྱུགས་བསྡུ་སོགས་ཀྱི་ལས་ཀའི་ནང་ཞུགས་སྒོ་ཡག་པོ་བསྲུངས་ནས་ལས་བྱེད་པའི་དཔུང་ཁག་གི་བསམ་བློ་དང་། ཆབ་སྲིད། རྩ་འཛུགས་བཅས་ཐོག་གི་དྭངས་གཙང་རང་བཞིན་འགོ་ནས་འགན་ལེན་བྱེད་དགོས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང་ཏང་ཡོན་ལས་བྱེད་དཔུང་ཁག་ཁྲོད་དུ་དམར་རྗེན་དུ་ཐོན་པའི་ལྷུ་ཚིགས་ཞན་པ་དང་གནད་དོན་མངོན་གསལ་དོད་པོ་འགའ་ཞིག་ལ་དམིགས་ཏེ་རང་སོ་སོའི་དོན་དངོས་དང་ཟུང་འབྲེལ་གྱིས་རིམ་པ་གཏིང་ཟབ་པའི་ཡོང་རྐྱེན་བཙལ་ནས་བྱ་ཐབས་ནུས་ལྡན་སྤྱད་ཏེ་ཐག་གཅོད་ཏན་ཏིག་བྱེད་དགོས།
བཞི། ཚད་མཐོའི་མཐོང་ཆེན་དང་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ལས་ཀ་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་བྱེད་དགོས།
རིམ་ཁག་ཏང་ཨུད་ཀྱི་རྩ་འཛུགས་ཚན་པས་ཚད་མཐོའི་མཐོང་ཆེན་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་བསམ་བློའི་ངོས་འཛིན་དང་། རྩ་འཛུགས་འགོ་ཁྲིད། དྲིལ་བསྒྲགས་སློབ་གསོ། ལས་ཀ་དོན་འཁྱོལ་བཅས་དོན་ཐོག་ཏུ་འཁྱོལ་བ་ཏན་ཏིག་བྱེད་དགོས། འགོ་ཁྲིད་གཙོ་བོས་འགན་འཁུར་བ་དང་པོའི་འགན་འཁྲི་ཏན་ཏིག་འཁུར་ནས་དམ་འཛིན་བྱེད་ཕོད་པ་དང་། དོ་དམ་བྱེད་ཕོད་པ། འཐབ་རྩོད་བྱེད་ཕོད་པ་བཅས་བྱས་ནས་རང་ཉིད་ཀྱི་སྒོ་ཡག་པོ་སྲུང་བ་དང་རང་ཉིད་ཀྱི་མི་ཡག་པོ་གཅུན་པ། སྲ་ཞིང་བརྟན་པའི་ཏང་གཤིས་དང་ནན་ཞིང་དྲང་བའི་སྒྲིག་ལམ། ནུས་ལྡན་གྱི་བྱ་ཐབས་བཅས་ཀྱི་ཐོག་ནས་གནས་སྲུང་གི་འགན་འཁྲི་འཁུར་དགོས། རྒྱ་ཆེའི་རྩ་འཛུགས་ལས་དོན་གྱི་ལས་བྱེད་པས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་ཏང་གཤིས་ལ་སྣང་ཆེན་ཆེ་ཤོས་དང་སྤྱོད་ལམ་ལ་མཐོང་ཆེན་ཆེ་ཤོས། མིག་དཔེ་སྟོན་ཆེ་ཤོས་བཅས་ཀྱི་བླང་བྱའི་སློབ་ཚན་ཞིག་ཏུ་བརྩིས་ནས་ཉམས་སད་དང་ཚོད་བགམ་ཐེག་ཐུབ་པ་བྱས་ཏེ་ལེགས་སྐྱེས་མང་ཙམ་འབུལ་དགོས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང་རྩ་འཛུགས་ལས་དོན་གྱི་ལས་བྱེད་པའི་མཚོན་ཚུལ་དེ་དེའི་བསམ་བློ་ཆབ་སྲིད་དང་ལས་ཀའི་ནུས་པར་དཔྱད་ཞིབ་བྱེད་པའི་ནང་དོན་ཞིག་ཏུ་བརྩི་དགོས། སྤྱི་ཚུལ་དམངས་འདོད་ལ་དབྱེ་ཞིབ་བྱེད་པའི་ཟུངས་ནུས་དང་ལས་བྱེད་པའི་དོ་དམ་ལྟ་སྐུལ་བྱེད་པའི་ཟུངས་ནུས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་གནས་ཚུལ་ཤེས་རྟོགས་གཏིང་ཟབ་དང་དུས་ཐོག་ཏུ་ཁོང་དུ་ཆུད་པ་བྱེད་པ་དང་། ཆ་འཕྲིན་ཞུ་བའི་ལས་ཀ་ཡག་པོ་བསྒྲུབས་ཏེ་ལས་ཀའི་སྔོན་མཐོང་རང་བཞིན་དང་དམིགས་སའི་རང་བཞིན་ཆེ་རུ་ཧུར་ཐག་གཏོང་བ་དང་ལས་ཀའི་རང་འགུལ་དབང་ཆ་དམ་པོར་བཟུང་ནས་རང་ལྗོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་སྐུལ་མ་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས།
ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་པུའུ་ནས་
2008ལོའི་ཟླ་3ཚེས་31ཉིན།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣