ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་ཁྲོད་དུ“ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད”བཅས་བརྗོད་བྱ་གཙོ་བོར་བྱེད་པའི་སློབ་གསོའི་བྱེད་སྒོ་ནན་ཏན་ངང་ སྤེལ་ཏེ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ།
ས་ཨུད (གྲོང་ཨུད )ཁག་གི་རྩ་འཛུགས་པུའུ་དང་ལྗོངས་ཐད་གཏོགས་(ཀྲུང་དབྱང་ཐད་གཏོགས )ཚན་པ་ཁག་གི་ཆབ་སྲིད་མི་དོན་སྡེ་ཚན་ལ།
ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་། བརྟན་ལྷིང་སྲུང་སྐྱོང་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནང་རང་ལྗོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་དམག་འཐབ་མཁར་རྫོང་གི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཆེད་ཀྲུང་དབྱང་རྩ་འཛུགས་པུའི 《བོད་སོགས་ས་ཁུལ་དུ་ཏང་ཡོན་ལས་བྱེད་པར་བརྗོད་བྱ་གཙོ་བོའི་སློབ་གསོ་བཏང་སྟེ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པའི་སྐོར་གྱི་བརྡ་ཐོ 》(རྩ་གློག་ཡིག་ཨང་[2008]51)དང་རང་སྐྱོང་ལྗོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཁྱོན་ཡོངས་ནས་གཏིང་ཟབ་སྤེལ་རྒྱུའི་བཪྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལ་གཞིགས་ཏེ་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་ཀྱི་མོས་མཐུན་ཐོབ་པ་བརྒྱུད་ད་ལྟ་ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་ཁྲོད་དུ “ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང། འཕེལ་རྒྱས་ལ་སྐུལ་འདེད ”བཅས་བརྗོད་བྱ་གཙོ་བོར་བྱེད་པའི་སློབ་གསོའི་བྱེད་སྒོ་ནན་ཏན་ངང་སྤེལ་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་རྒྱུའི་སྐོར་གྱི་འབྲེལ་ཡོད་ལས་དོན་བརྡ་ཐོ་གཏོང་རྒྱུ་གཤམ་གསལ།
གཅིག ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་ཁྲོད་དུ “ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད ”བཅས་བརྗོད་བྱ་གཙོ་བོར་བྱེད་པའི་སློབ་གསོའི་བྱེད་སྒོ་ནན་ཏན་ངང་སྤེལ་ནས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་རྒྱུའི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་དགོས།
ལྷ་སའི “3·14” རྡུང་གཅོག་འཕྲོག་སྲེག་གི་གཏུམ་སྤྱོད་ཉེས་གསོག་ཚབས་ཆེའི་དོན་རྐྱེན་དེ་ནི་ནུབ་ཕྱོགས་དགྲར་འཛིན་སྟོབས་ཤུགས་ཀྱིས་ངན་སྐྱོར་བྱེད་པ་དང་རྒྱ་ཡན་བཏང་བའི་འོག་ཏཱ་ལའི་རུ་ཚོགས་ཀྱིས་སྒྲིག་འཛུགས་དང་སྔོན་ཇུས་ཡོད་པ་དང་། ངན་བཀོད་དང་ངན་སློང་ཞིབ་ཚགས་བྱས་པ་ཞིག་ཡིན་ལ་དུས་ཡུན་རིང་པོའི་བར་ང་ཚོ་དང་ཏཱ་ལའི་རུ་ཚོགས་དབར་སིམ་འཛུལ་དང་སིམ་འཛུལ་ལ་ངོ་རྒོལ་བྱེད་པ་དང་། ཁ་ཕྲལ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ། རྩ་སློག་དང་རྩ་སློག་ལ་ངོ་རྒོལ་བྱེད་པ་བཅས་ཀྱི་གཅིག་སྡུད་མཚོན་ཚུལ་ཞིག་ཀྱང་ཡིན། ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་དང་གཏོར་བཤིག་གི་བྱེད་སྤྱོད་ཀྱི་རེ་ངན་ནི་བོད་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མགོ་རྟིང་སློག་པ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་རྩ་སློག་གཏོང་བ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྩིས་མེད་དུ་གཏོང་བ་བཅས་བྱས་ནས་ཀླ་ཀློ་དང་གདུག་རྩུབ་ཆེ་བའི་བོད་ཪྙིང་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རོ་ལངས་བརྒྱབ་ནས་རང་རྒྱལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་གཞན་དག་གི་བརྟན་ལྷིང་ལ་གཏོར་བཤིག་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་ཁ་ཕྲལ་དུ་གཏོང་རྒྱུའི་ལྐོག་གཡོ་་བཤམས་པ་ཞིག་རེད། གཏུམ་སྤྱོད་ཉེས་གསོག་ཚབས་ཆེའི་དོན་རྐྱེན་དེ་ཐོན་རྗེས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་འཁུར་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐའ་གཅིག་ཏུ་བསྟར་ཏེ་ནུས་ལྡན་བྱ་ཐབས་རབ་དང་རིམ་པ་སྤྱད་ནས་ལྗོངས་ཡོངས་ཀྱི་ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་དགྲ་ལ་མཉམ་སྡང་དང་འཐབ་རྩོད་མཐའ་གཅིག་ཏུ་བྱས་ཏེ་འཕྲལ་ཐག་ཆོད་ཅིང་མགྱོགས་མྱུར་ངང་དོན་རྐྱེན་ཞོད་འཇགས་སུ་བཏང་བ་དང་སྤྱི་ཚོགས་སྒྲིག་ལམ་སྤྱིར་ན་སླར་གསོ་བྱས་ཏེ་ད་རེས་འཐབ་རྩོད་ལ་དུས་རིམ་རང་བཞིན་གྱི་རྒྱལ་ཁ་གལ་ཆེན་ཐོབ་ཡོད།
ད་རེས་ཀྱི་དོན་རྐྱེན་ཐག་གཅོད་བྱེད་སྐབས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་ཏང་གི་འབོད་སྐུལ་བརྡ་ལེན་མཐའ་གཅིག་ཏུ་ཞུས་པ་དང་ཛ་དྲག་ངང་བྱ་སྤྱོད་སྤེལ་ཏེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཀུན་སེམས་གཅིག་སྒྲིལ་གྱིས་འཐབ་རྩོད་དེའི་ནང་ཧུར་ཐག་ཞུགས་ཏེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་འཕེལ་རྒྱས་བརྟན་ལྷིང་སྲུང་སྐྱོང་བྱས་ནས་དོན་རྐྱེན་མྱུར་དུ་ཞོད་འཇགས་སུ་གཏོང་བ་དང་། དོན་རྐྱེན་རྒྱ་ཡན་དུ་མི་འགྲོ་བ་བྱེད་པ།
སྤྱི་ཚོགས་སྒྲིག་ལམ་སླར་གསོ་བྱེད་པ་བཅས་ཀྱི་དོན་དུ་ནུས་པ་གལ་ཆེན་བཏོན་ཡོད། འོན་ཏེ་ང་ཚོ་དང་ཏཱ་ལའི་རུ་ཚོགས་དབར་གྱི་འཐབ་རྩོད་ནི་ཡུན་རིང་བ་དང་། ཪྙོག་འཛིང་ཆེ་བ། རྣོ་ངར་ཆེ་བ་བཅས་ཡིན་པ་དང་མིག་སྔའི་སྤྱི་ཚོགས་བརྟན་ལྷིང་གི་རྨང་གཞི་ད་དུང་དེ་ཙམ་བརྟན་པོ་མེད་པས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཤིན་ཏུ་ཛ་དྲག་པ་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་འགན་སྔར་བཞིན་ཧ་ཅང་དཀའ་ཚེགས་ཆེན་པོ་ཡིན་པ་ངེས་པར་དུ་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་ཐུབ་པ་བྱེད་དགོས། དོན་རྐྱེན་ཞོད་འཇགས་སུ་བཏང་བ་དེ་ནི་ད་རེས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་འགོ་ཚུགས་པ་ཙམ་ཡིན་པས་དེ་བས་དཀའ་ཚེགས་ཆེ་བའི་ལས་ཀ་ད་དུང་རྗེས་སུ་བསྒྲུབ་རྒྱུ་ལུས་ཡོད། ད་རེས་འཐབ་རྩོད་ཀྱི་ལག་ལེན་ཐོག་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེར་ཁྱོན་ཡོངས་ནས་རྒྱལ་ཁ་ལེན་པ་དང་། སྤྱི་ཚོགས་ཀྱི་དུས་བབ་བརྟན་ལྷིང་འགན་ལེན་བྱེད་པ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་བཅས་བྱེད་དགོས་ན་ངེས་པར་དུ་ལྗོངས་ཏང་ཨུད་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་སླར་ཡང་ར་སྤྲོད་བྱུང་ཡོད།
ལྷ་སའི “3· 14” དོན་རྐྱེན་ཐོན་རྗེས་ཕྱོགས་གཞན་ཞིག་ཐད་ནས་ང་ཚོའི་གཞི་རིམ་གྱི་རྨང་གཞིའི་ལས་དོན་ད་དུང་ཅུང་ཞན་ཙམ་ཡོད་པ་དང་ཏང་ཡོན་དཔུང་ཁག་དང་། ལས་བྱེད་པའི་དཔུང་ཁག གཞི་རིམ་ཏང་རྩ་འཛུགས་བཅས་འཛུགས་སྐྱོང་ཐད་ད་དུང་ལྷུ་ཚིགས་ཞན་ས་ཁག་གཅིག་ཡོད་པ་ཐོན་ཡོད། ཏང་ཡོན་ལས་བྱེད་པ་ཁག་གཅིག་གིས་རྩ་བ་ཡིན་པའི་ཆབ་སྲིད་དེ་སྣང་མེད་དུ་འཇོག་པ་དང་བསམ་བློའི་ཐད་བག་མེད་ལྷོད་གཡེང་ཤོར་བ། ཆབ་སྲིད་ཀྱི་ཚོར་སྣང་སྐྱེན་པོ་མེད་པ། ཏང་ཡོན་ལས་བྱེད་པའི་དཔུང་ཁག་གི་ཁྱོན་ཡོངས་ཀྱི་བྱང་ཚད་དེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དགོས་མཁོ་དང་ད་དུང་རྦད་དེ་འཚམས་མི་ཐུབ་པ་བཅས་དང་། གཞི་རིམ་ཏང་རྩ་འཛུགས་དང་གཞི་རིམ་སྲིད་དབང་ཁག་གཅིག་གི་གོང་བུ་སྒྲིལ་ཤུགས་དང་དམག་འཐབ་ཀྱི་ནུས་པ་ཆེན་པོ་མེད་པ་དང་གནད་དོན་དང་བྱ་བར་ཚོར་སྣང་ཡོང་འགོར་བ་དང་ཐ་ན་ས་གནས་ལ་ལར་ང་ཚོའི་ཏང་གི་གཞི་རིམ་རྩ་འཛུགས་ཀྱི་དམག་འཐབ་ནུས་པ་ཧ་ཅང་ཞན་པ་དང་ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་འགོ་ཁྲིད་བྱེད་ནུས་ད་དུང་སྔར་བས་མཐོ་རུ་གཏོང་དགོས་པ། ཏཱ་ལའི་རུ་ཚོགས་ཀྱི་སིམ་འཛུལ་དང་འགོག་རྐྱེན་གཏོར་བཤིག་གི་བྱེད་སྤྱོད་སྨྱོ་ཧམ་ཆེ་བ་དང་ཆོས་ལུགས་ཀྱི་ཤུགས་རྐྱེན་ངན་པ་སྔར་བཞིན་གནས་ཡོད་པ། ས་ཆ་ཁ་ཤས་སུ་ཆོས་ལུགས་ཀྱིས་གཞི་རིམ་བྱ་བར་ཐེ་ཇུས་བྱེད་པའི་གནས་ཚུལ་སྐབས་འགར་ཐོན་པས་གཞི་རིམ་སྲིད་དབང་གི་སྲ་བརྟན་ལ་འགྲན་སློང་འཕྲད་པ་བཅས་རེད། ཏང་ཡོན་དཔུང་ཁག་དང་། ལས་བྱེད་པའི་དཔུང་ཁག དེ་བཞིན་གཞི་རིམ་ཏང་རྩ་འཛུགས་བཅས་འཛུགས་སྐྱོང་ཡག་པོ་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་ཀྱི་མཁར་རྫོང་ནུས་པ་དང་ཏང་ཡོན་དང་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་བོད་དུ་སྲིད་སྐྱོང་བྱེད་པའི་ཏང་གི་བསམ་བློའི་རྨང་གཞི་དང་། རྩ་འཛུགས་ཀྱི་རྨང་གཞི། མང་ཚོགས་ཀྱི་རྨང་གཞི་བཅས་བརྟན་དུ་བཏང་ཚེ་གཞི་ནས་སྤྱི་ཚོགས་ཀྱི་དུས་བབ་དེ་རྩ་བའི་ཆར་བརྟན་ལྷིང་ཡིན་པ་ནས་ཡུན་རིང་བདེ་འཁོད་ཡོང་རྒྱུ་མངོན་འགྱུར་བྱེད་ཐུབ། རིམ་ཁག་རྩ་འཛུགས་སྡེ་ཚན་གྱིས་དུས་བབ་སྔར་བས་གསལ་རྟོགས་ཐུབ་པ་བྱས་ཏེ་འཐབ་ཇུས་ཀྱི་གནས་ཚུལ་ཧྲིལ་པོའི་མཐོ་སར་ལངས་ནས་ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས། སེམས་ཁྲལ་གྱི་འདུ་ཤེས་བཅས་སྔར་བས་ཤུགས་ཆེར་བཏང་ནས་དམིགས་བསལ་དུས་སྐབས་དང་འགག་རྩའི་དུས་སྐབས་དེར་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་གཅིག་སྡུད་ཐོག་སྤེལ་བ་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པའི་དོན་སྙིང་གལ་ཆེན་ངོས་འཛིན་གང་ལེགས་བྱས་ཐོག་བསམ་བློ་དང་བྱ་སྤྱོད་དེ་བོད་ཀྱི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྐོར་གྱི་ཀྲུང་དབྱང་གི་མཛུབ་སྟོན་གྱི་དགོངས་དོན་རབ་དང་རིམ་པའི་ཐོག་སྔར་བས་གཅིག་གྱུར་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ཏེ་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་དང་། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བཅས་ལ་ཤུགས་སྣོན་རྒྱག་པའི་ཆབ་སྲིད་ཀྱི་འགན་འཁྲི་འགངས་ཆེན་ཏན་ཏིག་འཁུར་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་། བརྟན་ལྷིང་སྲུང་སྐྱོང་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་དང་རྩ་འཛུགས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས། “ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད ”བཅས་བརྗོད་བྱ་གཙོ་བོར་བྱེད་པའི་སློབ་གསོའི་བྱེད་སྒོ་གཅིག་སྡུད་ཐོག་སྤེལ་བ་བརྒྱུད་ཏང་ཡོན་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ནི་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པ། བརྟན་ལྷིང་སྲུང་སྐྱོང་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་རྐང་འཛིན་སྟོབས་ཤུགས་སུ་འགྱུར་བ་ཧུར་ཐག་བྱས་ཐོག་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པ། བརྟན་ལྷིང་སྲུང་སྐྱོང་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྲ་ཞིང་བརྟན་པའི་དམག་འཐབ་ཀྱི་མཁར་རྫོང་ཞིག་ཏུ་འགྱུར་བ་བྱེད་དགོས།
གཉིས། བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ནས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་། བརྟན་ལྷིང་སྲུང་སྐྱོང་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་ཀྱི་རང་བཞིན་ཤུགས་ཆེར་ཏན་ཏིག་གཏོང་དགོས།
“ཁ་ཕྲལ་ལ་ངོ་རྒོལ། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད ”བཅས་བརྗོད་བྱ་གཙོ་བོར་བྱེད་པའི་སློབ་གསོའི་བྱེད་སྒོ་སྤེལ་ནས་དྲང་ཕྱོགས་ཀྱི་སློབ་གསོ་གཏོང་རྒྱུ་གཙོ་བོ་དང་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་འགངས་ཆེན་དུ་བརྩི་དགོས། གཅིག་སྡུད་སློབ་གསོའི་བྱེད་སྒོ་སྤེལ་བ་བརྒྱུད་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་རྒྱལ་ཁབ་ཀྱི་འདུ་ཤེས་དང་། ཁྲིམས་ལུགས་ཀྱི་འདུ་ཤེས། ཏང་གཤིས་ཀྱི་འདུ་ཤེས་བཅས་སྔར་བས་ཤུགས་ཆེར་བཏང་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་། བརྟན་ལྷིང་སྲུང་སྐྱོང་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བསམ་བློའི་རྨང་གཞི་བརྟན་དུ་བཏང་ཐོག་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། མཐུན་སྦྱོར་ལྡན་པའི་བོད་ལྗོངས་བཅས་བསྐྲུན་པའི་ཁྲོད་ཀྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།
(གཅིག )སློབ་གསོའི་གཙོ་གནད་མངོན་གསལ་དོད་པོ་བྱེད་དགོས། ཐེངས་དེའི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོའི་ཁྲོད་གཙོ་གནད་མངོན་གསལ་དོད་པོ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་བདུན་པའི་དགོངས་དོན་དང་། ཏང་གི་སློབ་གསོ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་སློབ་གསོ། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་བཅས་གཏོང་བའི་བྱེད་སྒོ་གཅིག་སྡུད་ཐོག་སྤེལ་དགོས། ལྷ་སའི “3·14”རྡུང་གཅོག་འཕྲོག་སྲེག་གི་གཏུམ་སྤྱོད་ཉེས་གསོག་དོན་རྐྱེན་ཚབས་ཆེན་དེ་དངོས་ཡོད་སློབ་གཞིར་བྱས་ཏེ་བོད་ཀྱི་ལོ་50ལྷག་ཙམ་རིང་གི་འགྱུར་ལྡོག་ཧ་ཅང་ཆེན་པོ་དང་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་གྱི་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། འཚོ་བ་གསར་པ་བཅས་ཀྱི་ཐོག་ནས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སློབ་གསོ་གཏོང་རྒྱུར་དོ་སྣང་ཆེན་པོ་བྱས་ཏེ་ཁོང་ཚོས “མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟིང་ཆ་ནི་ཆག་སྒོ་ཡིན ”པའི་གནད་ལུགས་དངོས་སུ་ཤེས་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བཅས་བྱས་ཚེ་གཞི་ནས་བོད་ལྗོངས་བརྟན་ལྷིང་དང་། བོད་ལྗོངས་འཛུགས་སྐྲུན། བོད་ལྗོངས་འཕེལ་རྒྱལ་བཅས་ཡོང་ཐུབ་ལ་གཞི་ནས་མི་རིགས་ཁག་གི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་ལེའུ་གསར་པ་རྩོམ་ཐུབ་པ་ཤེས་པ་བྱས་ནས་སྤྱི་ཚོགས་བརྟན་ལྷིང་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས། མི་དམངས་ཀྱི་རྩ་བའི་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱེད་པའི་དར་ཆ་ཐོག་མཐའ་བར་གསུམ་དུ་མཐོན་པོར་བསྒྲེངས་ཐོག་མེས་རྒྱལ་ཁ་ཕྲལ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གོང་བུ་གཅིག་གྱུར་ལ་གཏོར་བཤིག་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བ་བཅས་ཀྱི་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་དང་གཏམ་བརྗོད་མཐའ་དག་ལ་འཐབ་རྩོད་མཐའ་གཅིག་ཏུ་བྱས་ནས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་ཀྱི་བསམ་བློའི་རྨང་གཞི་སྔར་བས་བརྟན་པོ་འདིང་དགོས།
(གཉིས )རྩ་འཛུགས་ཀྱི་འཚོ་བ་ཡག་པོ་སྐྱེལ་དགོས། ཏང་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་ནི་ཏང་གི་འཚོ་བའི་ནང་དོན་གལ་ཆེན་ཞིག་དང་། ཏང་རྩ་འཛུགས་ཀྱིས་ཏང་ཡོན་ལ་སློབ་གསོ་རྒྱག་པ་དང་། དོ་དམ་བྱེད་པ། ལྟ་སྐུལ་བྱེད་པ་བཅས་ཀྱི་རྣམ་པ་གལ་ཆེན་ཞིག ཏང་གིས་རང་ཉིད་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཡང་དག་བྱེད་པ་དང་རྩ་དོན་གྱི་གནད་དོན་ཐོག་བསམ་བློའི་འཐབ་རྩོད་བྱས་ནས་བདེན་དོན་མཐའ་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་བཅས་རེད། ཐེངས་འདིའི་སློབ་གསོའི་བྱེད་སྒོའི་ཁྲོད་རྩ་འཛུགས་ཀྱི་འཚོ་བ་ཡག་པོ་སྐྱེལ་རྒྱུ་དེ་ལྷུ་ཚིགས་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་བྱེད་དགོས། རྫོང་རིམ་པ་ཡན་གྱི་འགོ་ཁྲིད་ཚན་ཁག་གིས་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་སྐོང་ཚོགས་བྱས་ཏེ་ཚན་ཁག་གི་ཁོངས་མི་སྒྲིག་འཛུགས་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་། བརྟན་ལྷིང་སྲུང་སྐྱོང་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བརྗོད་བྱ་གཙོ་བོ་དེར་དམིགས་ནས་དཔྱད་བསྡུར་ཞིབ་བཤེར་དང་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་གཏིང་ཟབ་བྱས་ཏེ་གནད་དོན་དང་ཧེ་བག་འཚོལ་བ་དང་ལས་ཀའི་བྱེད་ཐབས་གསལ་པོ་བཟོ་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱིས་ཏང་ཡོན་གྱི་ཏང་གཤིས་དབྱེ་ཞིབ་དང་དཔྱད་གླེང་བྱེད་སྒོ་ཐེངས་གཅིག་གཅིག་སྡུད་ཐོག་སྤེལ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱིས་ཏང་ཡོན་ལ་བཏོན་པའི་དངོས་ཡོད་བླང་བྱར་དཔྱད་བསྡུར་བྱས་ཏེ་བསམ་བློ་དང་། ལས་དོན། སྤྱོད་ཚུལ་སོགས་ཀྱི་ཐད་ནས་ཧེ་བག་བཙལ་ཐོག་རྒྱུ་མཚན་དབྱེ་ཞིབ་དང་འབད་འབུངས་ཀྱི་ཁ་ཕྱོགས་གསལ་པོ་བཟོ་བ་མ་ཟད་དེའི་རྨང་གཞིའི་ཐོག་ཆེད་དོན་རྩ་འཛུགས་འཚོ་བའི་ཚོགས་འདུ་སྐོང་ཚོགས་བྱས་ཏེ་ཏང་ཡོན་ལ་རོགས་རམ་དང་གོང་མཐོར་གཏོང་རོགས་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱིས་ཏང་གི་སློབ་ཚན་ཐེངས་ཤིག་འཚོགས་ཏེ་ཏང་ཡོན་སྒྲིག་འཛུགས་བྱས་ནས་ཏང་གི་རྩ་བའི་ཤེས་བྱ་དང་རྩ་བའི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པ་དང་ཏང་ནང་ཞུགས་པའི་དམ་ཚིག་བསྐྱར་སྦྱོང་བྱས་ནས་ཏང་ཡོན་ལ་ཏང་གཤིས་ཀྱི་འདུ་ཤེས་དང་ཏང་ཡོན་གྱི་འདུ་ཤེས་ཆེ་རུ་གཏོང་རོགས་བྱེད་དགོས།
(གསུམ ) སྒོ་མོ་ཕྱེ་ནས་སློབ་གསོ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས། མང་ཚོགས་ཞུགས་པར་ཡིད་འགུག་པ་དང་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱ་རྒྱུ་དེ་བརྗོད་གཞི་གཙོ་བོའི་སློབ་གསོའི་བྱེད་སྒོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་པ་དང་བཞུགས་མོལ་ཚོགས་འདུ་སྐོང་ཚོགས་བྱེད་པ་དང་། བསམ་འཆར་བསྡུ་ལེན་རེའུ་མིག་འགྲེམས་སྤེལ་བྱེད་པ། མི་རེ་རེའི་བཞིན་ལ་བཅར་འདྲི་དང་གླེང་མོལ་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་། བརྟན་ལྷིང་སྲུང་སྐྱོང་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཐད་མང་ཚོགས་ཀྱིས་ཏང་ཡོན་དང་ཏང་རྩ་འཛུགས་ལ་ཡོད་པའི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་བསྡུ་ལེན་བྱེད་པ་དང་མངོན་གསལ་དོད་པའི་གནད་དོན་འཕྱུགས་མེད་ངང་བཙལ་ནས་བཅོས་སྒྲིག་གི་བྱ་ཐབས་བཟོ་དགོས།
( བཞི ) བཅོས་སྒྲིག་དང་མཐོར་གཏོང་ཡག་པོ་བྱེད་དགོས། ཏང་ཡོན་དང་ལས་བྱེད་པས་འཚོལ་བསྡུ་བྱས་པའི་གནད་དོན་དང་མི་འདང་སའི་ཐད་གནད་དོན་གང་ཞིག་ཡོད་ཚེ་དེ་ཐག་གཅོད་དང་གནད་དོན་གང་མངོན་གསལ་དོད་པ་ཡོད་ཚེ་དེ་སྔོན་དུ་ཐག་གཅོད་བྱེད་པའི་རྩ་དོན་གཞིར་བཟུང་བཅོས་སྒྲིག་དང་མཐོར་གཏོང་ནན་ཏན་བྱས་ཐོག་ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད་བཅས་ཀྱི་ཁྱོན་ཡོངས་ཀྱི་གནད་དོན་དེའི་ཐད་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་ངོས་འཛིན་མཐོར་གཏོང་གསར་པ་དང། བསམ་བློར་ཚད་བརྒལ་གསར་པ། ཀུན་སྤྱོད་ལ་ལེགས་བཅོས་གསར་པ། ལས་ཀར་ཕན་འབྲས་གསར་པ་བཅས་ཡོང་བ་བྱེད་དགོས།
(ལྔ ) གཅིག་སྡུད་ངང་གསོ་སྦྱོང་ཡག་པོ་བྱེད་དགོས། རིམ་བགོས་འགན་ཁུར་གྱི་བྱེད་ཐབས་སྤྱད་དེ་ད་ལོའི་ལོ་མཇུག་གོང་དུས་བགོས་དང་རིམ་བགོས་ཀྱིས་ཏང་ཡོན་དང་ལས་བྱེད་པ་ཡོངས་རེས་སྐོར་གསོ་སྦྱོང་ཐེངས་གཅིག་བྱེད་དགོས། ལྗོངས་ཏང་ཨུད་རྩ་འཛུགས་པུའུ་དང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས་ཤང་གྲོང (ཁྲོམ་གཞུང་དོན་གཅོད་ཁྲུའུ )ཁག་གཅིག་གི་ཏང་ཨུད་ཧྲུའུ་ཅི་དང་། ཤང་ཀྲང་དང་ཀྲེན་ཀྲང་། གྲོང་ཚོའི (ཡུལ་ལྷན ) ཏང་ཀྲི་པུའི་ཧྲུའུ་ཅི། གྲོང་ལྷན་གྱི་ཀྲུའུ་རེན་བཅས་ལ་གཅིག་སྡུད་གསོ་སྦྱོང་བྱེད་རྒྱུའི་འགན་འཁུར་དགོས་པ་དང་། ས་ཁུལ ( གྲོང་ཁྱེར ) དང་རྫོང་ཁག་གིས་ཤང་གྲོང (ཁྲོམ་གཞུང་དོན་གཅོད་ཁྲུའུ )ཁག་གཅིག་གི་ཏང་ཨུད་ཧྲུའུ་ཅི་དང་། ཤང་ཀྲང་དང་ཀྲེན་ཀྲང་། གྲོང་ཚོའི ( ཡུལ་ལྷན ) ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ལྷན་གྱི་ཀྲུའུ་རེན་བཅས་ལ་གཅིག་སྡུད་གསོ་སྦྱོང་བྱེད་རྒྱུའི་འགན་འཁུར་དགོས་པ། ཤང་གྲོང་དང་གྲོང་ཚོ་ཁག་གིས་ཤང་གྲོང་གི་ཏང་ཡོན་དང་ལས་བྱེད་པ་དཀྱུས་མར་གཅིག་སྡུད་གསོ་སྦྱོང་བྱེད་རྒྱུའི་འགན་འཁུར་བ། རིམ་ཁག་ཏང་སྲིད་ལས་ཁུངས་དང་ཁེ་ལས་དང་བྱ་གཞག་ཚན་པས་བྱེད་ཐབས་སྣ་མང་གི་ཐོག་ནས་ཚན་པ་དེ་གའི་ཏང་ཡོན་དང་ལས་བྱེད་པར་གཅིག་སྡུད་གསོ་སྦྱོང་བཅས་བྱེད་དགོས། གསོ་སྦྱོང་བྱེད་རིང་རིམ་ཁག་ཏང་གི་སློབ་གྲྭ ( སྲིད་འཛིན་སློབ་གླིང་དང་སློབ་གྲྭ )དང་། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ། གྲོང་གསེབ་ཀྱི་ཏང་ཡོན་དང་ལས་བྱེད་པའི་དེང་རབས་རྒྱང་ཁྲིད་སློབ་གསོའི་མ་ལག ཏང་ཡོན་གློག་རྡུལ་ཅན་གྱི་སློབ་གསོ་བཅས་སྒྲིག་བཀོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། དོན་དངོས་དང་ཟུང་འབྲེལ་གྱིས་དམིགས་སའི་རང་བཞིན་ཆེ་བ་དང་གོ་བདེ་ཤེས་སླའི་ཟུར་ཁྲིད་གསོ་སྦྱོང་སློབ་གཞི་བཟོ་བ་དང་དགེ་རྒན་གྱི་རྐང་འཛིན་སྟོབས་ཤུགས་གསོ་སྦྱོང་བྱེད་དགོས། གཅིག་སྡུད་སློབ་སྦྱོང་ལ་དམ་འཛིན་ཡག་པོ་བྱེད་པ་དང་དུས་མཚུངས་ཏང་ཡོན་དང་ལས་བྱེད་པའི་རང་སྦྱོང་ཐད་རེ་བ་བཏོན་ནས་རང་གིས་སློབ་སྦྱོང་བྱེད་པ་དང་། རང་གིས་མཐོ་རུ་གཏོང་བ། རང་གིས་འཐུས་ཚང་དུ་གཏོང་བ་བཅས་ཀྱི་ཏང་ཡོན་དང་ལས་བྱེད་པའི་མི་མངོན་པའི་ནུས་པ་སྐུལ་སློང་བྱེད་དགོས།
(དྲུག ) སྔོན་ཐོན་དང་མིག་དཔེར་གཟེངས་བསྟོད་དང་དྲིལ་བསྒྲགས་བྱེད་དགོས། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྔོན་ཐོན་ལ་གཟེངས་བསྟོད་བྱེད་པ། སྤྱོད་བཟང་དར་སྤེལ་གཏོང་བ་བཅས་བྱས་ཐོག་སྔོན་ཐོན་དང་མིག་དཔེའི་དཔེ་སྟོན་སྣེ་ཁྲིད་དང་སྐུལ་གཏོང་གི་ནུས་པ་འདོན་སྤེལ་བྱེད་དགོས། མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་མཁན་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་དང་འགག་རྩའི་དུས་སུ་དཔའ་ངར་ཆེར་བསྐྱེད་ཀྱིས་ཕྱིར་དོན་པ་དང་གདོང་ལེན་དང་དཔེ་བཟང་གི་ནུས་པ་དངོས་སུ་འདོན་སྤེལ་བྱེད་མཁན་ཏང་ཡོན་དང་ལས་བྱེད་པར་རྔ་རྡུང་དར་འཕྱར་གྱིས་གཟེངས་བསྟོད་དང་དྲིལ་བསྒྲགས་བྱེད་དགོས། སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འཐབ་ཕྱོགས་དང་པོར་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་ཀ་ནན་ཏན་ངང་ཡག་པོ་བྱེད་པ་དང་འགག་རྩའི་དུས་སུ་མཚོན་ཚུལ་མངོན་གསལ་དོད་པོ་དང་ཆ་རྐྱེན་དང་མཐུན་པའི་ཕུལ་བྱུང་བ་ཡིན་ཕྱིན་དུས་ཐོག་ཏུ་ཏང་ནང་བསྡུ་ལེན་བྱེད་དགོས། གཏུམ་སྤྱོད་ཉེས་གསོག་དོན་རྐྱེན་ནང་ཞུགས་པ་དང་ཁྲིམས་འགལ་སྒྲིག་འགལ་བྱེད་མཁན་ཏང་ཡོན་ཡིན་ཕྱིན་ཁྲིམས་སྒྲིག་དང་འབྲེལ་ཡོད་གཏན་འབེབས་ལྟར་ཐག་གཅོད་གཟབ་ནན་བྱེད་དགོས། ཏང་ནང་གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཏང་ཡོན་ཉུང་ཤས་ཀྱིས་ཆོས་ལ་དད་པ་བྱེད་པའི་གནད་དོན་ཐག་གཅོད་ནན་ཏན་བྱེད་དགོས།
གསུམ། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་སྒྲིལ་ཤུགས་དང་དམག་འཐབ་ཀྱི་ནུས་པ་ཆེ་རུ་ཏན་ཏིག་གཏོང་དགོས།
ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་དེ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་དགོས། ཞིང་འབྲོག་ཁུལ་གཙོ་གནད་དུ་འཛིན་ནས་ཁེ་ལས་དང་། གྲོང་ཁྱེར་གྱི་འདུས་ཁུལ། ལས་ཁུངས། སློབ་གྲྭ། སྤྱི་ཚོགས་ཀྱི་རྩ་འཛུགས་གསར་པ་སོགས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་སྲོག་ཤིང་དང་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།
(གཅིག )གཞི་རིམ་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་གཙོ་གནད་དུ་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་སྒོ་ཀུན་ནས་ལེགས་སྒྲིག་དང་འཛུགས་སྐྱོང་བྱེད་དགོས། ས་གནས་དང་ཚན་པ་ཁག་གིས་ཁོངས་གཏོགས་ཀྱི་གཞི་རིམ་ཏང་རྩ་འཛུགས་ལ་ནན་ཏན་ངང་དབྱེ་ཞིབ་སྟར་སྒྲིག་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་ཚུལ་སྒོ་ཀུན་ནས་ཤེས་རྟོགས་དང་ཁོང་དུ་ཆུད་པ་བྱས་ནས་སྲ་བརྟན་དང་ནུས་པ་ལྡན་པའི་ཉམས་མྱོང་ཕྱོགས་སྡོམ་དང་ཁྱབ་གདལ་གཏོང་དགོས་པ་དང་བར་གནས་སུ་སྡོད་མཁན་ལ་གནད་དོན་འཚོལ་བ་དང་རྒྱུ་རྐྱེན་དབྱེ་ཞིབ་བྱས་ཏེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་འགོ་ཁྲིད་ཚན་ཁག་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་དགོས་པ། རྗེས་ལུས་དང་ཐ་ན་ནུས་མེད་གཉོད་ཆུང་ཡིན་མཁན་དང་ལྷག་པར་དུ་ད་རེས་ཀྱི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང་ནུས་པ་འདོན་མི་ཐུབ་པའི་གཞི་རིམ་ཏང་རྩ་འཛུགས་གཙོ་གནད་ཐོག་ལེགས་སྒྲིག་བྱས་ཏེ་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ཡག་པོ་དང་། གཞི་རིམ་ཏང་ཨུད་དང་། ཏང་སྤྱི་ཁྱབ་ཀྲི་པུའུ་དང་ཏང་ཀྲི་པུའི་ཧྲུའུ་ཅི་གཙོ་གནད་དུ་འདེམས་བསྐོ་ཡག་པོ་བྱེད་དགོས་པ། ཏང་ཀྲི་པུའུ་བཙུགས་མེད་པའི་སྲིད་འཛིན་གྲོང་ཚོ་རེ་ཟུང་ལ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་གཞི་རིམ་ཏང་རྩ་འཛུགས་འཛུགས་རྒྱུར་དམ་འཛིན་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ལ་ཧྲུའུ་ཅིའི་འོས་མི་འོས་འཚམ་མེད་མཁན་ལ་ལས་ཁུངས་ཀྱི་ལས་བྱེད་པ་འདེམས་གཏོང་གིས་ལས་དོན་སྤེལ་རྒྱུར་རོགས་རམ་བྱེད་དགོས་པ་དང་། ཏང་གི་སྟོབས་ཤུགས་ཆུང་སར་ཏང་ཞུགས་ཧུར་བརྩོན་ཅན་གསོ་སྐྱོང་ཧུར་ཐག་བྱེད་པ་དང་ཏང་ཡོན་འཕེལ་རྒྱས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ། ཆོས་ལུགས་ཀྱི་སྟོབས་ཤུགས་མཐར་སོན་པ་དང་མི་རིགས་ཁ་ཕྲལ་སྟོབས་ཤུགས་ཀྱི་བྱེད་སྤྱོད་སྨྱོ་ཧམ་ཆེ་བ་དང་གཞི་རིམ་གྱི་སྲིད་དབང་ལ་འགལ་རྐྱེན་བཟོ་མཁན་ལ་སྟོབས་ཤུགས་གཅིག་སྡུད་ཀྱིས་བཅོས་སྒྲིག་བྱེད་དགོས། ལྗོངས་ཏང་ཨུད་གཞུང་དོན་ཐིང་དང་སྲིད་གཞུང་གཞུང་དོན་ཐིང་གིས་པར་འགྲེམས་བྱས་པའི 《2008ལོའི་གྲོང་ཚོ (ཡུལ་མི )ཏང་རྩ་འཛུགས་དང་གྲོང་ཚོ (ཡུལ་མི )ཨུ་ཡོན་ལྷན་ཁང་སྐབས་དྲུག་པའི་སྐབས་བརྗེ་རེས་འདེམས་བསྐོའི་ལས་དོན་ནན་ཏན་ལེགས་པར་བསྒྲུབ་རྒྱུའི་སྐོར་གྱི་བསམ་འཆར 》གྱི་བརྡ་ཐོའི་(བོད་ཏང་དོན་སྤེལ [2008]ཡིག་ཨང་3)དགོངས་དོན་ལག་བསྟར་ནན་ཏན་བྱས་ནས་གྲོང་ཚོ (ཡུལ་མི )“ཨུ་ལྷན་གཉིས ”ཀྱི་ཚན་ཁག་དང་ལྷག་པར་དུ་ཏང་ཀྲི་པུའུ་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཡག་པོ་འདེམས་དགོས། གྲོང་ཚོའི་ཏང་ཀྲི་པུའུ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་སྲོག་ཤིང་དུ་བྱས་ནས་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་ལྷུ་ལག་ཚང་སྒྲིག་འཛུགས་སྐྱོང་ལ་ཤུགས་སྣོན་ཆེས་ཆེར་བརྒྱབ་ཏེ་གྲོང་ཚོའི་(ཡུལ་མི )སྡེ་ཚོགས་ཀྱི་ཀྲི་པུའུ་ཧྲུའུ་ཅི་དང་བུད་མེད་འཐུས་ཚོགས་ཀྱི་ཀྲུའུ་རེན་གྱིས་གྲོང་ཚོ་(ཡུལ་མི )“ཨུ་ལྷན་གཉིས ”ཀྱི་ཚན་ཁག་གི་ཁོངས་མིའི་འགན་འཁུར་བའི་གཏན་འབེབས་དོན་འཁྱོལ་བྱས་ནས་མི་དམངས་བར་འདུམ་དང་བདེ་འཇགས་སྲུང་སྐྱོང་། སྤྱི་པའི་འཕྲོད་བསྟེན། རིག་གནས་སློབ་གསོ། སྤྱི་ཚོགས་འགན་ལེན་སོགས་ཀྱི་རྩ་འཛུགས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་། བརྟན་ལྷིང་སྲུང་སྐྱོང་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་བཅས་ཀྱི་ནང་གཞི་རིམ་མང་ཚོགས་རྩ་འཛུགས་ཀྱི་གལ་ཆེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།
(གཉིས་)གཞི་རིམ་གྱི་སྟོབས་ཤུགས་སྔར་བས་འཐུས་ཚང་དུ་བཏང་ནས་གཞི་རིམ་གྱི་རྨང་གཞིའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རོགས་རམ་བྱེད་དགོས། འགོ་ཁྲིད་ལས་བྱེད་པའི་འབྲེལ་གཏུགས་བྱེད་པའི་ས་ཚིགས་སོགས་ཀྱི་ལམ་ལུགས་མུ་མཐུད་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ཐོག་ལས་ཁུངས་ཀྱི་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ཤང་དང་གྲོང་ཚོར་བཅའ་སྡོད་བྱེད་པ་དང་། ལས་བྱེད་པ་གནས་སྦྱར་བྱ་རྒྱུ་འདེམས་གཏོང་བྱེད་པ། ཤང་དང་གྲོང་རྡལ་གྱི་ལས་བྱེད་པས་ཡུག་འགན་ལེན་དང་གྲོང་ཚོར་བཅའ་སྡོད་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་ནས་གཞི་རིམ་ལ་བརྟན་ལྷིང་སྲུང་སྐྱོང་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་སོགས་གཞི་རིམ་གྱི་རྨང་གཞིའི་ལས་དོན་དམ་འཛིན་ཡག་པོ་བྱེད་རོགས་བྱེད་དགོས། སློབ་གྲྭ་ཆེན་མོའི་ཕུལ་བྱུང་སློབ་ཐོན་སློབ་མ “གྲོང་དཔོན ”དུ་གདན་ཞུ་བྱེད་པའི་ལས་དོན་སྒྲིག་འཛུགས་དང་ལག་བསྟར་ཡག་པོ་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ལ་རྗེས་གྲབས་སྟོབས་ཤུགས་གསོ་སྐྱོང་བྱེད་དགོས། བཏོན་ཟིན་པའི་སྲིད་ཇུས་དང་བྱ་ཐབས་ཁག་གི་རྨང་གཞིའི་ཐོག་ནུས་ལྡན་བྱ་ཐབས་གསར་པ་སྤྱོད་རྒྱུར་ཞིབ་འཇུག་བྱེད་པ་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་གྲོན་དངུལ་འགན་ལེན་དང་བྱེད་སྒོ་སྤེལ་ཡུལ་སོགས་ཀྱི་གནད་དོན་ཐག་གཅོད་གང་ཐུབ་བྱེད་པ་དང་། གྲོང་གསེབ་ཀྱི་ཏང་ཡོན་ལས་བྱེད་པའི་དེང་རབས་རྒྱང་ཁྲིད་སློབ་གསོའི་མ་ལག་འཛུགས་སྐྱོང་ལག་ལེན་བསྟར་མགྱོགས་སུ་བཏང་ནས་གཞི་རིམ་ལ་དངོས་ཡོད་དཀའ་ངལ་དང་གནད་དོན་དངོས་སེལ་རོགས་བྱས་ཐོག་གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་སྒྲིལ་ཤུགས་དང་དམག་འཐབ་གི་ནུས་པ་ཆེ་རུ་ཏན་ཏིག་གཏོང་དགོས།
(གསུམ )སྐུལ་མ་དང་། ཐུགས་ཁུར། རོགས་སྐྱོར་བཅས་ཀྱི་ཟུངས་ནུས་སྔར་བས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་ཀུན་སེམས་གཅིག་སྒྲིལ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་ནན་ཏན་ངང་སྒྲུབ་དགོས་པ། ངོས་འཛིན་དེ་བས་གསར་བ་དང་། སེམས་ཤུགས་དེ་བས་ཆེ་བ། བླང་བྱ་དེ་བས་མཐོ་བ་བཅས་ཀྱི་ཐོག་ནས་ཞིང་འབྲོག་ཁུལ་གྱི་ཏང་ཡོན་རྒན་གྲས་དང་། ལས་བྱེད་པ་རྒན་གྲས། ངལ་རྩོལ་དཔེ་བཟང་བ་རྒན་གྲས་སོགས “རྒན་གྲས་གསུམ ”གྱི་མི་སྣའི་འཚོ་བའི་ཁ་གསབ་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ལམ་ལུགས་སྔར་བས་དོན་འཁྱོལ་ཡག་པོ་བྱས་ཏེ་འཚོ་བའི་ཐད་དཀའ་ངལ་ཡོད་པའི་གཞི་རིམ་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་དོན་དངོས་གནད་དོན་ཐག་གཅོད་བྱེད་རོགས་བྱེད་དགོས། ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ་བྱ་ཐབས་གསར་པ་ཞིབ་འཇུག་དང་སྤྱད་དེ་དཀའ་ངལ་ཡོད་པའི་ཏང་ཡོན་དང་མང་ཚོགས་ལ་རོགས་སྐྱོར་བྱེད་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་ནས་དཀའ་ངལ་ཡོད་པའི་ཏང་ཡོན་དང་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དང་ཐུགས་ཁུར་ཚོར་ཐུབ་པ། དེ་དང་དུས་མཚུངས་སྟོབས་ཤུགས་གང་ཡོད་ཀྱིས་དུས་བབ་གསར་པའི་འོག་གི་མང་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱི་མང་ཚོགས་ལ་དྲིལ་བསྒྲགས་བྱེད་པ་དང་། མང་ཚོགས་ལ་སློབ་གསོ་གཏོང་བ། མང་ཚོགས་སྒྲིག་འཛུགས་བྱེད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་འཇོན་ཐང་སྔར་བས་ཆེ་རུ་གཏོང་དགོས། ད་རེས་ཀྱི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་གནས་ཚུལ་བརྡ་ཁྱབ་གཏོང་བ་དང་དྲིལ་བསྒྲགས་ཁྲིད་སྟོན་གྱི་ལས་དོན་གཏིང་ཟབ་དང་ཞིབ་ཚགས་ངང་ཡག་པོ་བསྒྲུབས་ནས་དགྲར་འཛིན་སྟོབས་ཤུགས་ཀྱི་གཏོར་བཤིག་དང་ཁ་ཕྲལ་གཏོང་བའི་ལྐོག་གཡོ་དམར་རྗེན་དུ་བཏོན་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་དོན་ངོ་མ་ཤེས་པ་བྱས་ཐོག་དར་ཆ་གསལ་སྟོན་དང་བདེན་ཡོད་སྤོབས་ཆེའི་ངང་ཏཱ་ལར་ཐེར་འདོན་དགག་རྒྱག་བྱས་ཏེ་ཚད་གཞི་ཆེ་ཤོས་ངང་མི་རིགས་ཁག་གི་མང་ཚོགས་སྐུལ་སློང་དང་སྒྲིག་འཛུགས་བྱས་ཏེ་ཐུན་མོང་ཐོག་དགྲ་ལ་མཉམ་སྡང་བྱེད་པ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མང་ཚོགས་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས།
(བཞི ) གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་ལས་ཀའི་འགན་འཁྲིའི་ལམ་ལུགས་འཐུས་ཚང་དང་དོན་འཁྱོལ་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་ལས་ཀའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས་པ། གཞི་རིམ་རྨང་གཞིའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་གཏན་འབེབས་ཀྱི་འབྲེལ་ཡོད་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་སྔར་བས་འཐུས་ཚང་དང་དོན་འཁྱོལ་བྱས་ཏེ་གཞི་རིམ་ལ་དམ་འཛིན་ཡག་པོ་བྱེད་པ་དང་། རྨང་གཞི་བརྟན་པོ་འདིང་བ། ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ་དང་དོན་འཁྱོལ་ཡོང་བར་དམ་འཛིན་བྱེད་དགོས། རིམ་ཁག་འགན་འཁྲིའི་གཙོ་གཟུགས་དང་འགན་འཁྲིའི་ཞིབ་ཕྲའི་ནང་དོན་གསལ་པོ་བཟོས་ཏེ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། ཕན་ཚུན་སྦྲེལ་བ་དང་གོང་འོག་མཉམ་སྒུལ་བྱེད་པ། ཁྱོན་ཡོངས་ལ་སྐུལ་འདེད་གཏོང་བ། བརྟན་པོའི་ངང་གོང་མཐོར་གཏོང་བ་བཅས་ཀྱི་འགན་འཁྲིའི་མ་ལག་ཅིག་ཆགས་པ་བྱེད་དགོས།
བཞི། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ཐད་ཕན་འབྲས་དངོས་འཐོབ་རྒྱུར་འགན་ལེན་བྱེད་དགོས།
(གཅིག )བསམ་བློ་གཅིག་གྱུར་ཡོང་བ་བྱས་ཏེ་ངོས་འཛིན་མཐོ་རུ་གཏོང་དགོས་པ། ཏང་ཡོན་དཔུང་ཁག་དང་ལས་བྱེད་པའི་དཔུང་ཁག་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་བོད་དུ་ཏང་གི་སྲིད་སྐྱོང་རྩ་འཛུགས་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་རྒྱུ་ནི་ཁྱོན་ཡོངས་དང་ཕུགས་ལ་འབྲེལ་བ་ཡོད། ས་ཁུལ་ཁག་དང་སྡེ་ཚན་ཁག་གི་ཏང་ཨུད (ཏང་ཙུའུ )དང་དེའི་རྩ་འཛུགས་སྡེ་ཚན་གྱིས་ངེས་པར་དུ་འཐབ་ཇུས་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ནས་བདེ་སྡོད་ཉེན་བསམ་གྱིས་ཁྱོན་ཡོངས་ཀྱི་འདུ་ཤེས་དང་། ཉེན་བསམ་གྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་ཆེ་རུ་ཏན་ཏིག་བཏང་ཐོག་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བ་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་ཧ་ཅང་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཐོག་ལས་དོན་དེ་གལ་ཆེའི་ཉིན་རེའི་གྲོས་རིམ་ནང་བཅུག་ནས་དམ་འཛིན་དང་དམ་འཛིན་ཡག་པོ་བྱས་ཏེ་ཕན་འབྲས་ཐོན་རྒྱུར་འགན་ལེན་བྱེད་དགོས།
(གཉིས )འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་སྒྲིག་འཛུགས་ཞིབ་ཚགས་བྱེད་དགོས་པ། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཞིབ་འཇུག་ནན་ཏན་བྱེད་པ་དང་། ཆེད་མངགས་བཀོད་སྒྲིག་བྱེད་པ། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། སྒྲིག་འཛུགས་ཞིབ་ཚགས་བྱེད་པ། ལག་ལེན་ནན་ཏན་བསྟར་བ་བཅས་བྱེད་དགོས། ལས་ཀའི་འགན་འཁྲིའི་ལམ་ལུགས་བཙུགས་ཏེ་ཏང་ཨུད་ཀྱི་འགོ་ཁྲིད་གཙོ་བོ་ངོ་མས་དོ་ཁུར་བྱེད་པ་དང་། ལས་བགོས་འགན་གཉེར་འགོ་ཁྲིད་དང་རྩ་འཛུགས་སྡེ་ཚན་གྱི་འགོ་ཁྲིད་གཙོ་བོ་ངོ་མས་དམ་འཛིན་བྱེད་པ། རྩ་འཛུགས་སྡེ་ཚན་གྱི་ལས་བགོས་འགན་གཉེར་འགོ་ཁྲིད་ཀྱིས་དམ་འཛིན་ཞིབ་ཕྲ་བྱེད་པ་བཅས་བྱས་ཏེ་ཆེད་དོན་འགོ་ཁྲིད་དང་ལས་ཀའི་སྒྲིག་གཞི་བཙུགས་ནས་ལས་དོན་དོན་འཁྱོལ་ཡོང་བར་དམ་འཛིན་བྱས་ཐོག་བསམ་བློའི་ངོས་འཛིན་དོན་ཐོག་ཏུ་འཁྱོལ་བ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་དོན་ཐོག་ཏུ་འཁྱོལ་བ། ལས་ཀ་དོན་འཁྱོལ་ཡོང་བ་བཅས་དངོས་འབྲེལ་བྱེད་ཐུབ་པ་བྱེད་དགོས། ལྗོངས་ཐད་གཏོགས་ལས་དོན་ཨུ་ལྷན་དང་། སློབ་གསོ་ལས་དོན་ཨུ་ལྷན། གཞུང་ཁོངས་རྒྱུན་ནོར་ཨུ་ལྷན་བཅས་ཀྱི་ཏང་ཨུད་ཀྱིས་ལྗོངས་ཐད་གཏོགས་ལས་ཁུངས་དང་། སློབ་གྲྭ། ཁེ་ལས་སོགས་ཚན་པ་སོ་སོར་ཞིབ་ཕྲའི་བཀོད་སྒྲིག་བྱེད་དགོས། བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་ཚོགས་པའི་གལ་ཆེའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་གང་ཐུབ་བྱེད་དགོས།
(གསུམ ) ཉམས་མྱོང་ཕྱོགས་སྡོམ་དང་དཔེ་མཚོན་ཁྱབ་གདལ་གཏོང་དགོས་པ། སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་ས་ཁུལ་ཁག་དང་སྡེ་ཚན་ཁག་དང་ལྷག་དོན་དུ་གཞི་རིམ་ཚན་པས་གསར་གཏོད་བྱས་པའི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་དུས་ཐོག་ཏུ་ཕྱོགས་སྡོམ་དང་ཁྱབ་གདལ་གཏོང་བ་དང་འབྲེལ་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་དེ་དག་ལམ་ལུགས་ཀྱི་རྣམ་པའི་ཐོག་ནས་གཏན་འཇགས་ཡོང་བ་དང་རྒྱུན་འཁྱོངས་ཐུབ་རྒྱུར་དོ་སྣང་བྱས་ཐོག་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་གཏིང་ཟབ་ངང་སྤེལ་རྒྱུ་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ཏན་ཏིག་ངང་བྱེད་རྒྱུར་སྐུལ་སྤེལ་གཏོང་དགོས། གླེང་ཕྱོགས་ཀྱི་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་སྟེ་གསར་འགྱུར་སྨྱན་སྦྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་། བརྟན་ལྷིང་སྲུང་སྐྱོང་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རིང་གི་དཔེ་མཚོན་བཟང་པོ་དང་། ཉམས་མྱོང་བཟང་པོ་དྲིལ་བསྒྲགས་གཏིང་གཟབ་བྱས་ཏེ་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས།
(བཞི )བརྟག་ཞིབ་ཡག་པོ་བྱས་ཏེ་ཕན་འབྲས་དངོས་ཐོན་ཐུབ་པ་བྱེད་དགོས་པ། རིམ་པ་སྟར་ཆགས་ཀྱིས་མཛུབ་ཁྲིད་དང་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གནས་ཚུལ་སྙན་ཞུའི་ཚོགས་འདུ་དང་། སྤེལ་རེས་ཚོགས་འདུ། རྟོག་ཞིབ་ལྟ་སྐུལ་སོགས་ཀྱི་རྣམ་པ་བརྒྱུད་དུས་ཐོག་ཏུ་བྱེད་སྒོའི་གནས་ཚུལ་དང་ལྟ་སྐུལ་ཐག་གཅོད་གནད་དོན་ཁོང་དུ་ཆུད་པ་བྱས་ནས་ཕྱི་ཚུལ་རིང་ལུགས་དང་རྣམ་པ་ཙམ་མི་ཡོང་བ་བྱས་ཏེ་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་ཤུགས་སྣོན་རྒྱག་པའི་ལས་དོན་ལ་ཕན་འབྲས་དངོས་ཐོབ་རྒྱུར་འགན་ལེན་བྱེད་དགོས།
ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བརྡ་ཐོ་འདིའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་དང་ལས་ཀའི་ནང་གི་གནད་དོན་གལ་ཆེ་དུས་ཐོག་ཏུ་སྙན་སེང་ཞུ་དགོས།
ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྩ་འཛུགས་པུའུ་ཡིས།
2008 ལོའི་ཟླ་ 4 ཚེས་ 10 ཉིན།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣