དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་སློབ་གསོའི་བཅའ་ཁྲིམས》ལག་བསྟར་བྱེད་ཕྱོགས་ཀྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-09

        དོན་ཚན་དང་པོ། དམངས་ཡོངས་ལ་རྒྱལ་སྲུང་སློབ་གསོ་ཁྱབ་གདལ་གཏོང་རྒྱུ་དང་དེར་ཤུགས་སྣོན་བརྒྱབ་སྟེ་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་དང་། དམངས་ཡོངས་ཀྱི་རྒྱལ་སྲུང་ལྟ་བ་ཤུགས་ཆེར་གཏོང་རྒྱུ། རྒྱལ་སྲུང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་བཅས་ཀྱི་ཆེད་དུ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་སློབ་གསོའི་བཅའ་ཁྲིམས 》དང་། འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ་གཞིར་བཟུང་ཐོག་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་བྱ་ཐབས་འདི་བཟོས་པ་ཡིན། 

        དོན་ཚན་གཉིས་པ། རྒྱལ་སྲུང་སློབ་གསོ་སྤེལ་རྒྱུ་ནི་སྤྱི་དམངས་ཀྱི་རྒྱལ་སྲུང་ལྟ་བ་ཤུགས་ཆེར་གཏོང་བ་དང་། གཞི་རྩའི་རྒྱལ་སྲུང་ཤེས་བྱ་ཁོང་དུ་ཆུད་པར་བྱེད་པ། དགོས་ངེས་ཀྱི་དམག་དོན་རྩལ་ནུས་སློབ་སྦྱོང་བྱེད་པ། རྒྱལ་གཅེས་ཀྱི་སེམས་ཤུགས་འཕེལ་བ་བྱེད་པ། རང་འགུལ་ངང་རྒྱལ་སྲུང་གི་འོས་འགན་སྒྲུབ་པ་བཅས་ཀྱི་དམངས་ཡོངས་རང་བཞིན་གྱི་ཚེ་གང་སློབ་གསོ་ཞིག་ཡིན། རྒྱལ་གཅེས་རིང་ལུགས་གཙོ་བོར་བཟུང་ཞིང་། རྒྱལ་ཁབ་ཀྱི་བདེ་འཇགས་དང། མེས་རྒྱལ་གོང་བུ་གཅིག་གྱུར། མི་རིགས་མཐུན་སྒྲིལ་བཅས་ལ་སྲུང་སྐྱོང་བྱ་རྒྱུ་སྔོན་འགྲོར་བཟུང་བ་དང་། རྒྱལ་སྲུང་ལྟ་བ་ཤུགས་ཆེར་གཏོང་རྒྱུ་དང་རྒྱལ་སྲུང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཡུལ་དུ་བཟུང་བའི་ཐོག་ནས་རྒྱལ་སྲུང་སློབ་གསོའི་ནང་དོན་གཏན་འཁེལ་བྱས་ཡོད།

        དོན་ཚན་གསུམ་པ། རྒྱལ་སྲུང་སློབ་གསོ་སྤེལ་རྒྱུ་དེ་ཡང་དམངས་ཡོངས་ཐེ་ཞུགས་དང་། ཡུན་རིང་རྒྱུན་འཁྱོངས། དངོས་ཕན་དོན་གཉེར་བཅས་ཀྱི་མཛད་ཕྱོགས་ལག་ལེན་བསྟར་བ་དང་། རྒྱུན་གཏན་སློབ་གསོ་དང་གཅིག་སྡུད་སློབ་གསོ། ཡོངས་ཁྱབ་སློབ་གསོ་དང་གཙོ་གནད་སློབ་གསོ། རིག་གཞུང་སློབ་གསོ་དང་བྱ་སྤྱོད་སློབ་གསོ་བཅས་ཟུང་འབྲེལ་བྱེད་པའི་རྩ་དོན་ལག་བསྟར་བྱ་རྒྱུ། 

        དོན་ཚན་བཞི་པ། རྒྱལ་སྲུང་སློབ་གསོ་དང་ལེན་བྱ་རྒྱུ་ནི་དམངས་ཡོངས་ཀྱིས་ཁྲིམས་བཞིན་ལོངས་སུ་སྤྱོད་པའི་ཁེ་དབང་ཞིག་དང་བསྒྲུབ་དགོས་ངེས་ཀྱི་འོས་འགན་ཞིག་ཡིན། རྒྱལ་སྲུང་སློབ་གསོ་ཁྱབ་གདལ་གཏོང་རྒྱུ་དང་དེར་ཤུགས་སྣོན་རྒྱག་རྒྱུ་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཞིག་ཡིན། 

        དོན་ཚན་ལྔ་པ། ལོ་རེའི་ཟླ་9པའི་སྤེན་གཟའ་གསུམ་པ་ནི་དམངས་ཡོངས་ལ་རྒྱལ་སྲུང་སློབ་གསོ་སྤེལ་བའི་ཉིན་མོ་ཡིན། རྒྱལ་སྲུང་སློབ་གསོ་སྤེལ་འགན་འཁུར་འོས་སྡེ་ཚན་གྱིས་རྒྱལ་སྲུང་སློབ་གསོ་སྤེལ་བའི་ཉིན་མོར་བྱ་ཐབས་སྣ་ཚོགས་ཐོག་ནས་དམངས་ཡོངས་ལ་རྒྱལ་སྲུང་སློབ་གསོའི་བྱེད་སྒོ་སྤེལ་དགོས། 

        དོན་ཚན་དྲུག་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་དེ་གའི་སྲིད་འཛིན་ཁུལ་ཁོངས་ནང་དུ་རྒྱལ་སྲུང་སློབ་གསོའི་ལས་དོན་གྱི་འགོ་ཁྲིད་དགོས་པ་མ་ཟད། རྒྱལ་སྲུང་སློབ་གསོ་སྤེལ་རྒྱུ་དེ་བཞིན་ངེས་པར་དུ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་ནང་འཇུག་དགོས། ཁྲོམ་གཞུང་དོན་གཅོད་ཁང་དང་དེ་བཞིན་གྲོང་ཚོ (ཡུལ་མི )ཨུ་ལྷན་གྱིས་རྒྱལ་སྲུང་སློབ་གསོའི་འཆར་འགོད་གཞིར་བཟུང་ངེས་པར་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིར་རྒྱལ་སྲུང་སློབ་གསོ་སྤེལ་དགོས།

        དོན་ཚན་བདུན་པ། བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་རྒྱལ་ཁབ་དང་དམག་དཔུང་གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ས་གནས་མི་དམངས་སྲིད་གཞུང་ལ་རྒྱལ་སྲུང་སློབ་གསོ་སྤེལ་རྒྱུའི་གཞོགས་འདེགས་དང་རྒྱབ་སྐྱོར་བྱེད་དགོས་པ་མ་ཟད། མཁོ་དགོས་ལ་གཞིགས་ནས་བཅའ་སྡོད་ས་གནས་ནས་སྒྲིག་འཛུགས་བྱས་པའི་རྒྱལ་སྲུང་སློབ་གསོའི་བྱེད་སྒོར་དམག་དོན་སློབ་སྟོན་བྱེད་མཁན་བདམས་གཏོང་བྱེད་དགོས་པ་དང་། དམག་དོན་སྦྱོང་བརྡར་བྱེད་ས་དང་དེ་མིན་སྟབས་བདེའི་ཆ་རྐྱེན་གཞན་དག་མཁོ་འདོན་བྱེད་དགོས།

        དོན་ཚན་བརྒྱད་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྒྱལ་སྲུང་སློབ་གསོའི་འགྲོ་གྲོན་རྣམས་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ནང་བཅུག་སྟེ་རྒྱལ་སྲུང་སློབ་གསོ་སྤེལ་རྒྱུར་མཁོ་བའི་འགྲོ་གྲོན་འགན་སྲུང་བྱེད་དགོས།

        དོན་ཚན་དགུ་པ། རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། བྱ་གཞག་ཚན་པ་བཅས་ཀྱིས་རྒྱལ་སྲུང་སློབ་གསོ་སྤེལ་རྒྱུར་མཁོ་བའི་འགྲོ་གྲོན་རྣམས་རང་ཚན་པའི་སྔོན་རྩིས་གྲོན་དངུལ་ནང་ནས་གཏོང་དགོས། ཁེ་ལས་ཀྱིས་རྒྱལ་སྲུང་སློབ་གསོ་སྤེལ་རྒྱུར་མཁོ་བའི་འགྲོ་གྲོན་རྣམས་རང་ཚན་པའི་ལས་བཟོའི་སློབ་གསོའི་གྲོན་དངུལ་ནང་ནས་གཏོང་དགོས། སློབ་གྲྭ་ཁག་གིས་སློབ་མར་དམག་སྦྱོང་བྱེད་སྒོ་སྤེལ་རྒྱུར་མཁོ་བའི་འགྲོ་གྲོན་རྣམས་སློབ་གྲྭའི་སྔོན་རྩིས་གྲོན་དངུལ་ནང་ནས་གཏོང་དགོས།

        དོན་ཚན་བཅུ་པ། རྒྱལ་སྲུང་སློབ་གསོའི་འགྲོ་གྲོན་རྣམས་ངེས་པར་དུ་རྒྱལ་སྲུང་སློབ་གསོའི་བྱ་གཞག་ཐད་གཏོང་དགོས་པ་ལས་ཚན་པ་དང་མི་སྒེར་སུ་ཞིག་གིས་ཀྱང་གཞན་སྤྱོད་དང་འཕྲི་འཐེན་བྱེད་མི་ཆོག

        དོན་ཚན་བཅུ་གཅིག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྒྱལ་སྲུང་སློབ་གསོའི་ལས་དོན་དང་འཚམ་པའི་སྒྲིག་གཞི་འཛུགས་དགོས་པའི་ཐོག དེ་དང་འཚམ་པའི་མི་སྣ་བསྐོ་སྒྲིག་བྱས་ཏེ་རིམ་པ་དེ་གའི་རྒྱལ་སྲུང་སློབ་གསོའི་ལས་འགན་འཁུར་དུ་འཇུག་དགོས། རིམ་ཁག་རྒྱལ་སྲུང་སློབ་གསོའི་ལས་དོན་ཚན་པས་ངེས་པར་དུ་གཤམ་གསལ་འགན་འཁྲི་ཁག་སྒྲུབ་དགོས་པ་སྟེ། (གཅིག )རྒྱལ་སྲུང་སློབ་གསོའི་ཁྲིམས་ལུགས་དང་། ཁྲིམས་སྲོལ། སྲིད་ཇུས་བཅས་དྲིལ་བསྒྲགས་དང་། ལག་བསྟར། དོན་འཁྱོལ་བྱེད་དགོས། (གཉིས )རྒྱལ་སྲུང་སློབ་གསོའི་ལས་ཀའི་འཆར་གཞི་བཟོ་དགོས་པ་མ་ཟད། དེ་ལྟར་ལག་བསྟར་བྱ་རྒྱུ་སྒྲིག་འཛུགས་བྱེད་དགོས། (གསུམ )རྒྱལ་སྲུང་སློབ་གསོའི་ལས་ཀར་སྒྲིག་འཛུགས་དང་། མཛུབ་ཁྲིད། ལྟ་སྐུལ། ཞིབ་བཤེར་བཅས་བྱེད་དགོས། (བཞི )འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་དང་དེར་གཞོགས་འདེགས་ཀྱིས་རྒྱལ་སྲུང་སློབ་གསོའི་དགེ་རྒན་གདམ་སྒྲུག་དང་སྦྱོང་བརྡར་བྱ་རྒྱུའི་ལས་དོན་ཡག་པོ་སྒྲུབ་དགོས། (ལྔ )རྒྱལ་སྲུང་སློབ་གསོའི་ཉམས་མྱོང་རྣམས་ཕྱོགས་བསྡོམས་ཁྱབ་གདལ་གཏོང་དགོས་པ་དང་། རྒྱལ་སྲུང་སློབ་གསོའི་སྔོན་ཐོན་དཔེ་མཚོན་འོས་སྦྱོར་དང་དྲིལ་བསྒྲགས་བྱ་རྒྱུ་སྒྲིག་འཛུགས་བྱེད་དགོས། (དྲུག )རྒྱལ་སྲུང་སློབ་གསོའི་ལས་དོན་ཁྲོད་ལེགས་སྐྱེས་མངོན་གསལ་འབུལ་མཁན་གྱི་རྩ་འཛུགས་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས། (བདུན )རྒྱལ་སྲུང་སློབ་གསོའི་ལས་དོན་གཞན་དག་སྒྲུབ་འགན་འཁུར་དགོས། ཤང་(གྲོང་རྡལ )མི་དམངས་སྲིད་གཞུང་དང་ཁྲོམ་གཞུང་དོན་གཅོད་ཁང་གིས་རྒྱལ་སྲུང་སློབ་གསོའི་ལས་དོན་གྱི་ཆེད་དམིགས་འགན་འཁུར་བ་དམིགས་འཛུགས་བྱེད་དགོས། 

        དོན་ཚན་བཅུ་གཉིས་པ། མི་རྒྱུན་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་དང་། དམངས་སྲིད། ཁྲིམས་འཛིན་སྲིད་འཛིན། མི་རིགས་ཆོས་ལུགས་སོགས་སྲིད་གཞུང་སྡེ་ཚན་གྱིས་རང་སོ་སོའི་འགན་འཁྲི་དང་ལས་ཀའི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་རང་ཁོངས་ལས་རིགས་ཀྱི་རྒྱལ་སྲུང་སློབ་གསོའི་ལས་དོན་སྤེལ་འགན་འཁུར་དགོས། རིག་གནས་དང་། གསར་འགྱུར། དཔེ་སྐྲུན། རླུང་འཕྲིན་བཪྙན་འཕྲིན་བཅས་ཀྱི་སྲིད་འཛིན་གཙོ་གཉེར་སྡེ་ཚན་གྱིས་ངེས་པར་དུ་དུས་བབ་དང་ལས་འགན་གྱི་བླང་བྱ་གཞིར་བཟུང་། སྤྱི་ཚོགས་ཐོག་རྒྱལ་སྲུང་སློབ་གསོའི་དྲིལ་བསྒྲགས་ལས་དོན་སྤེལ་དགོས་པ་མ་ཟད། རྒྱལ་སྲུང་སློབ་གསོ་དེ་ཆབ་སྲིད་བསམ་བློའི་ལས་དོན་དང་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱེད་པའི་སྤྱིའི་འཆར་འགོད་ནང་བཅུག་ནས་སྤྱི་ཚོགས་ཐོག་རྒྱལ་སྲུང་སློབ་གསོའི་ཤེས་བྱ་དྲིལ་བསྒྲགས་ཁྱབ་གདལ་གཏོང་རྒྱུར་མཐུན་སྦྱོར་དང་མཛུབ་ཁྲིད་བྱེད་དགོས།

        སློབ་གསོའི་སྡེ་ཚན་གྱིས་ངེས་པར་དུ་རྒྱལ་སྲུང་སློབ་གསོ་དེ་སློབ་གསོའི་ལས་དོན་གྱི་འཆར་གཞིའི་ནང་བཅུག་ནས་སློབ་གྲྭའི་ནང་རྒྱལ་སྲུང་སློབ་གསོ་སྤེལ་རྒྱུ་སྒྲིག་འཛུགས་དང་། དེར་མཛུབ་ཁྲིད། ལྟ་སྐུལ། ཞིབ་བཤེར། དཔྱད་ཞིབ་བཅས་བྱེད་དགོས། གཞུང་ལས་པར་དོ་དམ་བྱེད་མཁན་སྒྲིག་གཞི་དང་རིམ་ཁག་སྲིད་འཛིན་སློབ་གླིང་ཁག་གིས་རྒྱལ་སྲུང་སློབ་གསོ་དེ་ངེས་པར་དུ་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣའི་སྦྱོང་བརྡར་འཆར་འགོད་ནང་བཅུག་ཅིང་། རྒྱལ་སྲུང་སློབ་གསོའི་སློབ་དེབ་བཟོ་སྒྲིག་བྱས་ནས་རྒྱལ་ཁབ་ཀྱི་གཞུང་ལས་པར་རྒྱལ་སྲུང་སློབ་གསོ་སྤེལ་རྒྱུར་ཤུགས་སྣོན་རྒྱག་དགོས། དེ་མིན་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་རང་སོ་སོའི་ལས་ཀའི་ངོ་བོ་དང་ཁྱད་ཆོས་ལ་གཞིགས་ནས་རྒྱལ་སྲུང་སློབ་གསོའི་ལས་དོན་སྤེལ་དགོས།

        དོན་ཚན་བཅུ་གསུམ་པ། བཟོ་ཚོགས་དང་། གུང་ཁྲན་རིང་ལུགས་གཞོན་ནུ་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས། དེ་བཞིན་སྤྱི་ཚོགས་ཚོགས་པ་གཞན་དག་བཅས་ཀྱིས་ངེས་པར་དུ་རང་ཉིད་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་རྒྱལ་སྲུང་སློབ་གསོའི་ལས་དོན་སྤེལ་དགོས།

        དོན་ཚན་བཅུ་བཞི་པ། གྲོང་ཁྱེར (ས་གནས )རིམ་པ་ཡན་གྱི་རྒྱལ་སྲུང་སློབ་གསོ་ལས་དོན་ཚན་པས་ངེས་པར་དུ་རྒྱལ་སྲུང་སློབ་གསོའི་ལས་དོན་གྱི་དགོས་མཁོ་གཞིར་བཟུང་། རྒྱལ་སྲུང་སློབ་གསོའི་དྲ་རྒྱའི་ལས་སྟེགས་སྐྲུན་རྒྱུར་ཤུགས་སྣོན་གྱིས་ཆ་འཕྲིན་མཉམ་སྤྱོད་བྱེད་ཐུབ་པ་དང་སྦྲགས། དྲ་རྒྱའི་ཆ་འཕྲིན་བདེ་འཇགས་ཐད་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། 

        དོན་ཚན་བཅོ་ལྔ་པ། རྫོང་རིམ་ཡན་གྱི་རྒྱལ་སྲུང་སློབ་གསོའི་ལས་དོན་ཚན་པས་ངེས་པར་དུ་རྒྱལ་སྲུང་སློབ་གསོའི་ཉམས་མྱོང་ཡོད་མཁན་མཁས་པ་དང་། དགེ་རྒན་ཆེ་མོ་བ། དགེ་རྒན། དངོས་ཞབས་དམག་མི། དམག་ལོག་དམག་དཔོན་བཅས་གདན་ཞུས་ཀྱིས་རྒྱལ་སྲུང་སློབ་གསོའི་གཙོ་ཁྲིད་དགེ་རྒན་ཚོགས་པ་བཙུགས་ནས་རྒྱལ་སྲུང་སློབ་གསོ་སྤེལ་རྒྱུའི་སྒྲོག་འགྲེལ་བྱེད་སྒོ་སྒྲིག་འཛུགས་བྱེད་དགོས།

        དོན་ཚན་བཅུ་དྲུག་པ། རྒྱལ་ཁབ་ཀྱི་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས་བྱ་གཞག་ཚན་པ་བཅས་ཀྱི་འགན་འཁུར་མི་སྣ་དང་། ལོ་ཆུང་གཞོན་ནུ། ཡུལ་དམག གྲ་སྒྲིག་དམག་ཞབས་མི་སྣ་བཅས་ཀྱིས་གཙོ་གནད་སློབ་གསོ་དང་ལེན་བྱེད་དགོས་པ་དང་། དེ་མིན་སྤྱི་དམངས་ཀྱིས་ཡོངས་ཁྱབ་སློབ་གསོ་དང་ལེན་བྱེད་དགོས། ཡོངས་ཁྱབ་སློབ་གསོ་དང་ལེན་བྱེད་མཁན་གྱིས་ངེས་པར་དུ་རྒྱལ་སྲུང་ལོ་རྒྱུས་དང་། རྒྱལ་སྲུང་རྒྱུན་ཤེས། རྒྱལ་སྲུང་ཁྲིམས་ལུགས་ཁྲིམས་སྲོལ། རྒྱལ་སྲུང་གནས་བབ། རྒྱལ་སྲུང་བདེ་འཇགས་སོགས་ཀྱི་རྩ་བའི་ཤེས་བྱ་སློབ་སྦྱོང་བྱེད་དགོས། གཙོ་གནད་སློབ་གསོ་དང་ལེན་བྱེད་མཁན་གྱིས་ཡོངས་ཁྱབ་སློབ་གསོའི་ནང་དོན་སློབ་སྦྱོང་བྱེད་པ་ཕུད། ད་དུང་རྒྱལ་སྲུང་ཐད་ཀྱི་རིགས་པའི་གཞུང་ལུགས་དང་ཤེས་བྱ་ངེས་པར་དུ་སློབ་སྦྱོང་བྱེད་དགོས་པ་མ་ཟད། དམག་དོན་ལག་རྩལ་ཡང་ངེས་ཅན་ཞིག་ཤེས་པ་བྱེད་དགོས།

        དོན་ཚན་བཅུ་བདུན་པ། རྒྱལ་སྲུང་སློབ་གསོ་སྤེལ་སྐབས། ངེས་པར་དུ་སློབ་གསོ་བྱ་ཡུལ་མི་འདྲ་བའི་ཁྱད་ཆོས་གཞིར་བཟུང་འཆར་གཞི་ཡོད་པ་དང་། རིམ་པ་འབྱེད་པ། བྱ་ཐབས་མང་བ་བཅས་ཀྱི་རྣམ་པ་སྣ་ཚོགས་ཐོག་ནས་སྤེལ་དགོས་པ་སྟེ། (གཅིག ) རྒྱལ་ཁབ་ཀྱི་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས་བྱ་གཞག་ཚན་པ་བཅས་ཀྱི་འགན་འཁུར་མི་སྣས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། ལས་སྒོའི་སྦྱོང་བརྡར། རྒྱལ་སྲུང་སློབ་གསོ་ཉིན་མོའི་བྱེད་སྒོ་སོགས་དང་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་རྒྱལ་སྲུང་སློབ་གསོ་དང་ལེན་བྱེད་དགོས། (གཉིས ) ཡུལ་དམག་དང་གྲ་སྒྲིག་དམག་ཞབས་མི་སྣས་ཆབ་སྲིད་སློབ་གསོ་དང་། རྩ་འཛུགས་བཅོས་སྒྲིག དམག་དོན་སྦྱོང་བརྡར་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་རྒྱལ་སྲུང་སློབ་གསོ་དང་ལེན་བྱེད་དགོས། (གསུམ ) སྤྱི་དམངས་གཞན་དག་ལ་རྒྱལ་སྲུང་སློབ་གསོ་སྤེལ་སྐབས། ཆབ་སྲིད་བསམ་བློའི་སློབ་གསོ་དང་། ཁྲིམས་ལུགས་སློབ་གསོ། དམག་བཀུར་ཁྱིམ་སྐྱོང་བྱེད་སྒོ་སྤེལ་བ། དྲན་གསོའི་བྱེད་སྒོ་སྤེལ་བ། གལ་ཆེའི་དུས་ཆེན་ལ་རྟེན་འབྲེལ་བྱེད་པ་སོགས་དང་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་རྒྱལ་སྲུང་སློབ་གསོ་དང་ལེན་བྱེད་དགོས།

        དོན་ཚན་བཅོ་བརྒྱད་པ། སློབ་གྲྭའི་རྒྱལ་སྲུང་སློབ་གསོ་ནི་སྤྱི་དམངས་ལ་རྒྱལ་སྲུང་སློབ་གསོ་གཏོང་བའི་རྨང་གཞི་ཡིན་པས་རྒྱལ་སྲུང་སློབ་གསོ་དེ་ངེས་པར་དུ་ལས་ཀའི་འཆར་གཞི་དང་སློབ་གསོའི་ནང་དོན་ཁོངས་སུ་འཇུག་དགོས། སློབ་ཆུང་དང་དམའ་རིམ་སློབ་འབྲིང་གིས་ངེས་པར་དུ་སློབ་མར་གཞི་རྩའི་རྒྱལ་སྲུང་སློབ་གསོ་སྤེལ་དགོས་ལ། རྒྱལ་སྲུང་སློབ་གསོའི་ནང་དོན་དེ་འབྲེལ་ཡོད་སློབ་ཚན་ནང་འཇུག་དགོས། སློབ་མ་རྣམས་སློབ་གྲྭར་སྡོད་རིང་རྒྱལ་སྲུང་སློབ་གསོའི་སློབ་ཚན་ཉུང་མཐར་ཡང་ཚོགས་ཐུན་བཅུ་གཉིས་ཟིན་དགོས། གཞན་ཡང་སློབ་གྲྭས་ས་ཁུལ་དེ་གའི་དོན་དངོས་དང་ཟུང་འབྲེལ་གྱིས་སློབ་མ་སྒྲིག་འཛུགས་ཐོག་རྒྱལ་སྲུང་སློབ་གསོ་གཙོ་དོན་བྱེད་པའི་ན་ཆུང་དམག་སློབ་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ཆོག མཐོ་རིམ་སློབ་འབྲིང་དང་། མཐོ་རིམ་སློབ་འབྲིང་དང་མཚུངས་པའི་སློབ་གྲྭས་ངེས་པར་དུ་སློབ་མར་རྒྱལ་སྲུང་སློབ་གསོ་ཆ་ཚང་ཙམ་ཞིག་རྒྱག་དགོས་ལ། སློབ་ཁང་དུ་སློབ་ཁྲིད་བྱ་རྒྱུ་དང་། དམག་དོན་སྦྱོང་བརྡར་སྤྲོས་རྒྱུ། སྤྱི་ཚོགས་ལག་ལེན་བྱེད་སྒོར་ཞུགས་རྒྱུ་བཅས་དང་ཟུང་འབྲེལ་བྱས་ནས་རྒྱལ་སྲུང་སློབ་གསོ་སྤེལ་དགོས། སློབ་མ་སློབ་གྲྭར་སྡོད་རིང་རྒྱལ་སྲུང་སློབ་གསོའི་སློབ་ཚན་ཉུང་མཐར་ཡང་ཚོགས་ཐུན་ཉི་ཤུ་ཟིན་དགོས་ཤིང་། དངོས་སུ་དམག་དོན་སྦྱོང་བརྡར་བྱེད་པའི་དུས་ཚོད་ཉུང་མཐར་ཡང་གཟའ་འཁོར་གཅིག་ཡོད་དགོས།

        མཐོ་རིམ་སློབ་གྲྭས་ངེས་པར་དུ་སློབ་མར་ཆ་ཚང་ལ་གོ་རིམ་ལྡན་པའི་རྒྱལ་སྲུང་སློབ་གསོ་གཏོང་དགོས། དེ་ཡང་རྒྱལ་སྲུང་སློབ་གསོའི་སློབ་ཚན་བཀོད་སྒྲིག་དང་། སློབ་མའི་དམག་དོན་སྦྱོང་བརྡར་སྤེལ་བ། རྒྱལ་སྲུང་སློབ་གསོའི་དགེ་རྒན་བསྐོ་གཞག་བཅས་བྱེད་དགོས། སློབ་མ་རྣམས་སློབ་གྲྭར་སྡོད་རིང་རྒྱལ་སྲུང་ཐད་ཀྱི་རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་ཉུང་མཐར་ཡང་ཚོགས་ཐུན་སུམ་ཅུ་སོ་དྲུག་ཟིན་དགོས་པ་དང་། དངོས་སུ་དམག་དོན་སྦྱོང་བརྡར་བྱེད་པའི་དུས་ཚོད་ཉུང་མཐར་ཡང་གཟའ་འཁོར་གཉིས་ཡོད་དགོས། མཐོ་རིམ་སློབ་གྲྭ་དང་། མཐོ་རིམ་སློབ་འབྲིང་། མཐོ་རིམ་སློབ་འབྲིང་དང་མཚུངས་པའི་སློབ་གྲྭ་བཅས་ཀྱི་སློབ་མས་རྒྱལ་སྲུང་སློབ་གསོ་དང་ལེན་བྱས་ཚུལ་འབྱོར་ཐོ་རྒྱག་དགོས་པ་དང་། སྦྱངས་འབྲས་རྣམས་སྒེར་གྱི་སློབ་ཐོའི་ཡིག་ཚགས་ནང་འགོད་དགོས།

        དོན་ཚན་བཅུ་དགུ་པ། སློབ་གྲྭས་ངེས་པར་དུ་སློབ་མའི་ལུས་ཁམས་དང་སེམས་ཁམས་ཀྱི་ཁྱད་ཆོས་གཞིར་བཟུང་། དམག་དོན་བྱེད་སྒོའི་དུས་ཚོད་དང་། སྦྱོང་གཞི། ཤུགས་ཚད་བཅས་ལུགས་མཐུན་བཀོད་སྒྲིག་བྱེད་དགོས་ལ། བདེ་འཇགས་སྔོན་ཇུས་ཀྱང་བཟོས་ནས་ཉེན་འགོག་བྱ་ཐབས་སྤྱད་དེ་སློབ་མའི་ལུས་ཁམས་བདེ་འཇགས་ལ་འགན་སྲུང་ཐུབ་པ་བྱེད་དགོས།

        དོན་ཚན་ཉི་ཤུ་པ། གཤམ་གྱི་ཆ་རྐྱེན་འཛོམས་པའི་དྲན་གསོ་ཁང་དང་། གལ་ཆེའི་ལོ་རྒྱུས་མི་སྣའི་ཞུགས་གནས། སྔོན་གཤེགས་དཔའ་བོའི་བང་སོ། གསར་བརྗེའི་ལོ་རྒྱུས་རྗེས་ཤུལ། རྟེན་རྫས་བཤམས་སྟོན་ཁང་། དམག་དོན་ལོ་རྒྱུས་བཤམས་སྟོན་ཁང་། ཉེན་རྟོག་ལོ་རྒྱུས་བཤམས་སྟོན་ཁང་། དམག་དཔུང་གི་མཚན་སྡོད་ཁང་། ཚན་རྩལ་ཁང་། རིག་གནས་ཁང་། ན་གཞོན་བྱིས་པའི་ཕོ་བྲང་སོགས་རྒྱལ་སྲུང་སློབ་གསོ་སྤེལ་ནུས་ལྡན་པའི་ས་ཆ་རྣམས་ལ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་རྒྱལ་སྲུང་སློབ་གསོའི་རྟེན་གཞིའི་མིང་བཏགས་ཆོག་པ་སྟེ། (གཅིག ) མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ་དང་། བོད་སྐྱོད་རྒན་རབས་པའི་སྙིང་སྟོབས་ཀྱི་ནང་དོན་ཡོད་པ། (གཉིས ) འཐུས་སྒོ་ཚང་བའི་དོ་དམ་སྒྲིག་གཞི་དང་སྒྲིག་སྲོལ་ལམ་ལུགས་ཡོད་པ། (གསུམ ) དེ་མཚུངས་ཀྱི་རྒྱལ་སྲུང་སློབ་གསོའི་སྒྲིག་བཀོད་ཡོད་པ། (བཞི ) དགོས་ངེས་ཀྱི་གྲོན་དངུལ་འགན་ལེན་ཡོད་པ། (ལྔ ) ངེས་གཏན་གྱི་སྤྱི་ཚོགས་སློབ་གསོའི་ཕན་འབྲས་ཡོད་པ་བཅས། 

        དོན་ཚན་ཉེར་གཅིག་པ། ཚན་པ་དང་མི་སྒེར་གང་ཡིན་རུང་ཚང་མར་རྒྱལ་སྲུང་སློབ་གསོ་སྤེལ་གནས་དང་དེའི་སྒྲིག་བཀོད་ལ་སྲུང་སྐྱོབ་བྱ་རྒྱུའི་འོས་འགན་ཡོད། 

        དོན་ཚན་ཉེར་གཉིས་པ། རྒྱལ་སྲུང་སློབ་གསོའི་རྟེན་གཞི་ནས་སྒྲིག་འཛུགས་ཡོད་པའི་རྒྱལ་སྲུང་སློབ་གསོའི་བྱེད་སྒོར་ངེས་པར་དུ་གླ་རིན་མི་ལེན་པར་སྒོ་འབྱེད་དགོས། དངོས་ཞབས་དམག་མི་དང་སློབ་གྲྭ་འབྲིང་ཆུང་གི་སློབ་མར་རྒྱུན་དུ་གླ་རིན་མི་ལེན་པར་སྒོ་འབྱེད་དགོས། རྒྱལ་སྟོན་དུས་ཆེན་དང་། དམག་འཛུགས་དུས་ཆེན། རྒྱལ་སྲུང་སློབ་གསོའི་ཉིན་མོ་བཅས་ལ་སྤྱི་ཚོགས་ལ་གླ་རིན་མི་ལེན་པར་སྒོ་འབྱེད་དགོས། 

        དོན་ཚན་ཉེར་གསུམ་པ། རང་སྐྱོང་ལྗོངས་ཀྱི་རྒྱལ་སྲུང་སློབ་གསོའི་ལས་དོན་ཚན་པས་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་རྒྱལ་སྲུང་སློབ་གསོའི་རྨང་གཞིའི་ཤེས་བྱའི་སློབ་དེབ་རྩོམ་སྒྲིག་བྱ་རྒྱུ་སྒྲིག་འཛུགས་བྱེད་དགོས། ས་གནས་ཁག་དང་། འབྲེལ་ཡོད་སྡེ་ཚན་ཁག་གིས་ཀྱང་དགོས་མཁོ་གཞིར་བཟུང་རམ་འདེགས་རང་བཞིན་དང་ཁ་གསབ་རང་བཞིན་གྱི་རྒྱལ་སྲུང་ཤེས་བྱའི་སློབ་དེབ་རྩོམ་སྒྲིག་བྱ་རྒྱུ་སྒྲིག་འཛུགས་བྱེད་ཆོག་ཅིང་། དེ་ཡང་རིམ་པ་གཅིག་མཚུངས་ཀྱི་རྒྱལ་སྲུང་སློབ་གསོའི་ལས་དོན་ཚན་པར་ཞིབ་བཤེར་བྱ་རྒྱུར་འབུལ་དགོས། 

        དོན་ཚན་ཉེར་བཞི་པ། སྤྱི་ཚོགས་རྩ་འཛུགས་དང་མི་སྒེར་གྱིས་རྒྱལ་སྲུང་སློབ་གསོའི་བྱ་གཞག་ལ་རྒྱབ་སྐྱོར་བྱེད་ཆེད་རྒྱུ་ནོར་ལེགས་སྐྱེས་སུ་ཕུལ་བར་སྐུལ་མ་གཏོང་དགོས། ལེགས་སྐྱེས་ཕུལ་དངོས་དང་ལེན་བྱེད་མཁན་རྩ་འཛུགས་ཀྱིས་ངེས་པར་དུ་ལེགས་སྐྱེས་ཕུལ་དངོས་རྣམས་རྒྱལ་སྲུང་སློབ་གསོའི་བྱ་གཞག་ཐོག་བེད་སྤྱོད་གཏོང་དགོས། 

        དོན་ཚན་ཉེར་ལྔ་པ། གཤམ་གསལ་བྱ་སྤྱོད་རིགས་ཡོད་ན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་སློབ་གསོའི་བཅའ་ཁྲིམས 》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་དེར་ཐག་གཅོད་བྱེད་དགོས་པ་སྟེ། (གཅིག )རྒྱལ་སྲུང་སློབ་གསོའི་བྱེད་སྒོ་རྩ་བ་ནས་མ་སྤེལ་བའི་རིགས། (གཉིས )རྒྱལ་སྲུང་སློབ་གསོའི་གྲོན་དངུལ་གཞན་སྤྱོད་དང་བཀག་ཉར་བྱེད་པའི་རིགས། (གསུམ )རྒྱལ་སྲུང་སློབ་གསོའི་སྒྲིག་བཀོད་བཙན་བཟུང་དང་གཏོར་བཤིག་གཏོང་བའམ་ཡང་ན་འགྲེམས་དངོས་གཏོར་བརླག་གཏོང་བའི་རིགས། (བཞི )བསྙད་འཚོལ་ཟིང་སློང་བྱས་ནས་རྒྱལ་སྲུང་སློབ་གསོའི་ལས་དོན་དང་བྱེད་སྒོའི་སྒྲིག་ལམ་དཀྲུག་པའམ་ཡང་ན་རྒྱལ་སྲུང་སློབ་གསོའི་མིང་འཁྱེར་ནས་རྒྱུ་དངུལ་ཁ་བསླུས་རྒྱག་པའི་རིགས། (ལྔ )རྒྱལ་སྲུང་སློབ་གསོའི་འགན་འཁུར་མཁན་གྱི་རྒྱལ་ཁབ་ལས་དོན་མི་སྣས་རྒྱལ་སྲུང་སློབ་གསོའི་ལས་དོན་སྤེལ་སྐབས་ལས་འགན་སྣང་མེད་ལྷོད་གཡེང་དུ་གཏོང་བ་དང་། འགན་དབང་གང་བྱུང་དུ་སྤྱོད་པ། ཉེར་ཕྱོགས་གཡོ་ཟོལ་བྱེད་པའི་རིགས་བཅས། 

        དོན་ཚན་ཉེར་དྲུག་པ། བྱ་ཐབས་འདི་2015ལོའི་ཟླ་དང་པོའི་ཚེས་1ནས་བཟུང་ལག་བསྟར་བྱ་རྒྱུ། 

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།