དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བོད་ཀྱིས་སྒྲིག་ཁྲིམས་ཀྱི་བླང་བྱ་ནན་པོ་བཏོན་ནས་གཞུང་དངུལ་སྤྱད་དེ་ལག་རྟགས་སྤྲོད་པའི་སྤྱོད་ངན་བཀག་འགོག་ནན་པོ་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        ཀྲུང་དབྱང་སྒྲིག་ཨུད་ལྟ་ཞིབ་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱིས 《གཞུང་དངུལ་སྤྱད་དེ་ལག་རྟགས་ཉོ་བ་དང་སྤྲོད་པ་བཀག་འགོག་ནན་པོ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ 》གཤམ་སྤེལ་བྱས་ནས་གཞུང་དངུལ་སྤྱད་དེ་ལག་རྟགས་སྤྲོད་པའི་སྤྱོད་ངན་བཀག་འགོག་ནན་པོ་བྱེད་དགོས་པ་བསྐྱར་བསྒྲགས་བྱས་པ་དང་འབྲེལ་ནན་བཤད་ཀྱང་བྱས་པ་རེད།

        《བརྡ་ཐོའི 》ནང་བཏོན་དོན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ལྗོངས་ཏང་ཨུད་ཀྱི “སྲུང་བྱ་རྣམ་བཅུ ”དང “བླང་བྱ་དོན་ཚན་དགུ ”བཏོན་པ་ནས་བཟུང་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་ཀྱིས “སྤྱོད་ཚུལ་བཞིའི ”ཐད་ལྷག་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ནན་པོ་བྱས་སྟབས་གཞུང་འཁོར་སྒེར་སྤྱོད་དང་གཞུང་དངུལ་སྤྱད་དེ་ཟ་འཐུང་བྱེད་པ་སོགས་མང་ཚོགས་ཀྱི་བསམ་འཆར་ཆེ་བའི་ཚུལ་མིན་སྤྱོད་ཚུལ་བཀག་འགོག་ནུས་ལྡན་ཐུབ་ནས་ཏང་སྲོལ་དང་སྲིད་སྲོལ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། འོན་ཀྱང་ཏང་སྲིད་རྩ་འཛུགས་མི་ཉུང་བ་ཞིག་གི་འགོ་ཁྲིད་ལས་བྱེད་པས་གཞུང་དངུལ་སྤྱད་དེ་ལག་རྟགས་ཉོ་བ་དང་སྤྲོད་པ་བཀག་འགོག་བྱ་རྒྱུའི་བླང་བྱར་ངོས་འཛིན་བྱེད་སྟངས་མི་འདང་བ་དང་ལག་བསྟར་བྱེད་ཤུགས་ཆུང་བས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་སྒྲིག་འགལ་ཡ་མེད་བྱེད་ཀྱི་ཡོད།

        《བརྡ་ཐོའི 》ནང་རིམ་ཁག་ཏང་སྲིད་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རང་རྟོགས་ངང “གཏན་འགོག་ལྔ ”བྱེད་དགོས་པ་སྟེ། གཞུང་དངུལ་སྤྱད་དེ་ཐ་མག་དང་ཨ་རག་དང་། ཟོག་ཉོའི་གཱ གློག་རྡུལ་གཱ་སོགས་ལག་རྟགས་ཉོ་བ་དང་སྤྲོད་པ་གཏན་འགོག་བྱེད་དགོས་པ་དང་། ཚོགས་འདུ་དང་བརྟག་ཞིབ་སོགས་གཞུང་དོན་བྱེད་སྒོའི་ནང་དྲན་གསོའི་དངོས་པོའམ་ཡང་ན་ཡུལ་ཟོག་སོགས་ལག་རྟགས་སྤྲོད་པ་གཏན་འགོག་བྱེད་དགོས་པ། རྒྱུ་མཚན་ནམ་ཡང་ན་རྣམ་པ་གང་རུང་གི་ཐོག་ནས་གོང་རིམ་སྡེ་ཚན་ལ་གཞུང་དངུལ་སྤྱད་དེ་ལག་རྟགས་སྤྲོད་པ་གཏན་འགོག་བྱེད་དགོས་པ། དོ་དམ་དང་ཡང་ན་ཞབས་འདེགས་ཞུ་ཡུལ་དང་དེ་བཞིན་འགན་དབང་སྤྱོད་པ་དང་འབྲེལ་བ་ཡོད་པའི་ཚན་པའམ་ཡང་ན་མི་སྒེར་གྱི་རྒྱུ་ནོར་དང་ལེན་བྱ་རྒྱུ་གཏན་འགོག་བྱེད་དགོས་པ། གཞུང་དངུལ་སྤྱད་དེ་འགྲོ་སོང་རྩིས་ཞུའམ་ཡང་ན་ངོ་བོ་འགྱུར་ནས་ལག་རྟགས་ཉོ་བའི་འབྲེལ་ཡོད་གྲོན་དངུལ་རྩིས་ཞུ་བྱ་རྒྱུ་གཏན་འགོག་བྱེད་དགོས་པ་བཅས་རེད།

        《བརྡ་ཐོའི 》ནང་ནན་བཤད་བྱས་དོན། རིམ་ཁག་ཏང་ཨུད (ཏང་ཙུའུ )ཀྱིས་གཞུང་དངུལ་སྤྱད་དེ་ལག་རྟགས་ཉོ་བ་དང་སྤྲོད་པ་བཀག་འགོག་བྱ་རྒྱུ་དེ་སྤྱོད་ཚུལ་དང་སྒྲིག་ལམ་ནན་དུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་དང་དོ་དམ་བྱེད་ཕོད་པ་དང་། རིམ་པ་རེ་རེ་བཞིན་དམ་འཛིན། རིམ་པ་རེ་རེ་བཞིན་འགན་འཁུར་བ་བཅས་བྱས་ནས་ཚུལ་མིན་སྤྱོད་ཚུལ་ཡོ་བསྲང་དང་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པ། སློབ་གསོ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་སྲོལ་དང་ཏང་གི་སྒྲིག་ལམ་དང་སྤྱོད་གཙང་རང་འདོམས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ། སྤྱོད་གཙང་གོང་བཀུར་གྱི་རྣམ་པ་གཏོད་དགོས་པ། ནོར་དོན་དོ་དམ་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ་དང་བེད་སྤྱོད་ཁྱབ་ཁོངས་ལ་ནན་པོར་གཞིགས་ནས་ནོར་སྲིད་མ་དངུལ་བེད་སྤྱོད་ཡག་པོ་བྱས་ཏེ་འགྲོ་སོང་རྩིས་ཞུའི་ཞིབ་མཆན་གོ་རིམ་ཚད་ལྡན་ཡོང་བ་བྱེད་དགོས་པ། གཞུང་དངུལ་སྤྱད་དེ་ལག་རྟགས་ཉོ་བ་དང་སྤྲོད་པའི་བྱེད་སྤྱོད་ཚབས་ཆུང་ཙམ་ལ་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཁ་ཏ་བསླབ་བྱ་བྱེད་དགོས་ཤིང་། གནས་ཚུལ་ཚབས་ཆེན་ཡོད་ཚེ་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས་ཏང་སྲིད་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་རྒྱུ། བརྡ་ཐོ་འདི་གཤམ་སྤེལ་བྱས་རྗེས་སྔར་བཞིན་ཡ་མེད་སྒྲིག་འགལ་བྱེད་མཁན་ཡིན་ཕྱིན་ནན་ལ་ལྕི་བའི་ཆད་པ་གཅོད་རྒྱུ། ཡ་མེད་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཤེས་རྟོགས་བྱུང་ཚེ་དེ་མུར་ཞིབ་གཅོད་བྱེད་པ་དང་བརྡ་ཁྱབ་བཏང་ཁར་དམར་རྗེན་དུ་བཏོན་ནས་ཟིལ་ཤུགས་ཆགས་པ་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི “སྲུང་བྱ་རྣམ་བཅུ ”དང “བླང་བྱ་དོན་ཚན་དགུ ”དང་དེ་བཞིན་སྤྱོད་ཚུལ་འཛུགས་སྐྱོང་དང་སྤྱོད་གཙང་ངང་སྲིད་དོན་སྒྲུབ་དགོས་པའི་གཏན་འབེབས་ལས་འགལ་བའི་ས་ཁུལ་དང་། སྡེ་ཚན། ཚན་པ་བཅས་ལ་ཏང་ཨུད (ཏང་ཙུའུ )ཀྱི་འགན་འཁྲི་གཙོ་བོ་དང་སྒྲིག་ཨུད (སྒྲིག་བཤེར་ཚོགས་ཆུང )ཀྱི་ལྟ་སྐུལ་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།