《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས 》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གི་རྩ་འཛུགས་བཅའ་ཁྲིམས 》ཀྱི་གཏན་འབེབས་གཞིར་བཟུང་ཁ་རུབ་ཆུས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོ་སྐོང་ཚོགས་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གསུམ་པའི་ཐོག་གཏན་འབེབས་བྱས་དོན།
གཅིག ཆབ་མདོ་རྫོང་གི་རྫོང་མེད་པར་བཟོས་ནས་ཆུས་བཙུགས་པས་ཁ་རུབ་ཆུས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོ་སྐོང་ཚོགས་བྱེད་དགོས།
གཉིས། ཆབ་མདོ་རྫོང་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་འཐུས་མི་རྣམས་ཁ་རུབ་ཆུས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་འཐུས་མིར་བསྒྱུར་རྒྱུ།
གསུམ། ཁ་རུབ་ཆུས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོ་དེ་ཆབ་མདོ་རྫོང་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྐོང་ཚོགས་བྱ་རྒྱུ།
བཞི། ཁ་རུབ་ཆུས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོའི་ཐོག་ཆུས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣ་དང་ཆུས་ཀྲང་དང་། ཆུས་ཀྲང་གཞོན་པ། ཆུས་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆུས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་བཅས་ཁྲིམས་ལྟར་འདེམས་ཐོན་བྱ་རྒྱུ།
ལྔ། ཁ་རུབ་ཆུས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣའི་མིང་སྐལ་སྔར་བཞིན་མི་19ཡིན་པ།
དྲུག ཁ་རུབ་ཆུས་མི་དམངས་འཐུས་མི་ཚོགས་ཆེན་དེ་རང་སྐྱོང་ལྗོངས་ཀྱི་རྫོང་དང་ཆུས་གཞན་དག་གི་མི་དམངས་འཐུས་མི་ཚོགས་ཆེན་དང་དུས་མཚུངས་སུ་སྐབས་བརྗེ་རྒྱུ་བཅས།