ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཀའ་རྒྱ།
ཨང་654པ།
《ཁེ་ལས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་ཀྱི་གནས་སྐབས་ལག་བསྟར་སྲོལ་ཡིག 》ལ་2014ལོའི་ཟླ་7ཚེས་23ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་ཐེངས་57པའི་ཐོག་གྲོས་འཆམ་བྱུང་བ་དང་ད་ཆ་ཁྱབ་བསྒྲགས་བྱ་རྒྱུ་དང་། 2014ལོའི་ཟླ་10ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།
ཙུང་ལི་ལི་ཁེ་ཆང་གིས།
2014ལོའི་ཟླ་8ཚེས་7ཉིན།
ཁེ་ལས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་ཀྱི་གནས་སྐབས་ལག་བསྟར་སྲོལ་ཡིག
དོན་ཚན་དང་པོ། འདྲ་མཉམ་འགྲན་རྩོད་འགན་ལེན་དང་། ཁེ་ལས་ཀྱི་ཁ་དན་ཚིག་གནས་དང་རང་འདོམས་ལ་སྐུལ་འདེད་གཏོང་བ། ཁེ་ལས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་ཚད་ལྡན་ཡོང་བ་བྱེད་པ། ཁེ་ལས་ཀྱི་ཡིད་རྟོན་གཅུན་སྡོམ་ལ་ཤུགས་སྣོན་རྒྱག་པ། ཉོ་ཚོང་བདེ་འཇགས་སྲུང་སྐྱོང་བྱེད་པ། སྲིད་གཞུང་གི་ལྟ་སྐུལ་དོ་དམ་གྱི་ནུས་ཆོད་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་ལྟ་སྐུལ་དོ་དམ་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱ་ཆེད་སྲོལ་ཡིག་འདི་གཏན་འབེབས་བྱས་པ་ཡིན།
དོན་ཚན་གཉིས་པ། སྲོལ་ཡིག་འདིའི་ནང་བརྗོད་པའི་ཁེ་ལས་ཀྱི་ཆ་འཕྲིན་ནི་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་ལ་ཐོ་འགོད་བྱས་པའི་ཁེ་ལས་ཀྱིས་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་པའི་བརྒྱུད་རིམ་ནང་ཆགས་པའི་ཆ་འཕྲིན་དང་དེ་བཞིན་སྲིད་གཞུང་སྡེ་ཚན་གྱིས་འགན་འཁྲི་སྒྲུབ་པའི་བརྒྱུད་རིམ་ནང་ཐོན་པའི་ཁེ་ལས་ཀྱི་གནས་ཚུལ་མཚོན་ཐུབ་པའི་ཆ་འཕྲིན་ལ་བརྗོད་ཀྱི་ཡོད།
དོན་ཚན་གསུམ་པ། ཁེ་ལས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་དེ་བདེན་པ་བདེན་ཐུབ་དང་དུས་ཐོག་དགོས། ཡོངས་བསྒྲགས་བྱས་པའི་ཁེ་ལས་ཀྱི་ཆ་འཕྲིན་དེ་རྒྱལ་ཁབ་ཀྱི་གསང་བ་དང་རྒྱལ་ཁབ་ཀྱི་བདེ་འཇགས་སམ་ཡང་ན་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་དང་འབྲེལ་བ་ཡོད་པས། གཙོ་འགན་འཁུར་མཁན་གསང་སྲུང་སྲིད་འཛིན་དོ་དམ་སྡེ་ཚན་ནམ་ཡང་ན་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ལ་སྙན་འབུལ་དགོངས་སྐོར་ཞུས་ནས་ཆོག་མཆན་ཐོབ་དགོས། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་འབྲེལ་ཡོད་སྡེ་ཚན་གྱིས་ཡོངས་བསྒྲགས་བྱས་པའི་ཁེ་ལས་ཀྱི་ཆ་འཕྲིན་དེ། ཁེ་ལས་ཚོང་ལས་ཀྱི་གསང་བའམ་ཡང་ན་མི་སྒེར་གྱི་གསང་བ་དང་འབྲེལ་བ་ཡོད་པས། གོང་རིམ་གཙོ་འགན་འཁུར་མཁན་སྡེ་ཚན་ལ་སྙན་འབུལ་དགོངས་སྐོར་ཞུས་ནས་ཆོག་མཆན་ཐོབ་དགོས།
དོན་ཚན་བཞི་པ། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེའི་ཁེ་ལས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་ལས་དོན་ལ་འགོ་ཁྲིད་བྱེད་པ་དང་། རྒྱལ་ཁབ་ཀྱི་སྤྱི་ཚོགས་ཡིད་རྟོན་ཆ་འཕྲིན་ལས་སྟེགས་འཛུགས་སྐྱོང་གི་སྤྱིའི་བླང་བྱ་གཞིར་བཟུང་། སྲིད་འཛིན་ས་ཁོངས་དེའི་ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས།
དོན་ཚན་ལྔ་པ། རྒྱལ་སྲིད་སྤྱི་ཁབ་ཁང་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་ཁེ་ལས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་ལས་དོན་ལ་སྐུལ་འདེད་དང་ལྟ་སྐུལ་དོ་དམ་བྱེད་པ་དང་། ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་མ་ལག་འཛུགས་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་སྲོལ་ཡིག་འདིའི་གཏན་འབེབས་གཞིར་བཟུང་། ཁེ་ལས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་ཀྱི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས།
རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་འབྲེལ་ཡོད་སྡེ་ཚན་གྱིས་སྲོལ་ཡིག་འདིའི་གཏན་འབེབས་གཞིར་བཟུང་། ཁེ་ལས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་ལས་དོན་ཡག་པོ་སྒྲུབ་དགོས།
དོན་ཚན་དྲུག་པ། བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་མ་ལག་ལ་བརྟེན་ནས་དེས་འགན་འཁྲི་སྒྲུབ་པའི་བརྒྱུད་རིམ་ནང་ཐོན་པའི་གཤམ་གསལ་གྱི་ཁེ་ལས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་དགོས་པ་སྟེ།
(གཅིག ) ཐོ་འགོད་དང་ཐོ་འགོད་སྙན་སེང་གི་ཆ་འཕྲིན་དང་།
(གཉིས ) ཉེར་སྤྱོད་ནོར་རྫས་གཏའ་འཇོག་ཐོ་འགོད་ཆ་འཕྲིན།
(གསུམ ) རྐང་དབང་གཏའ་འཇོག་ཐོ་འགོད་ཆ་འཕྲིན།
(བཞི ) སྲིད་འཛིན་ཆད་གཅོད་ཆ་འཕྲིན།
(ལྔ ) ཁྲིམས་ལྟར་ཡོངས་བསྒྲགས་བྱེད་དགོས་པའི་ཆ་འཕྲིན་གཞན་དག་བཅས་སོ།
གོང་གི་དོན་ཚན་ནང་གཏན་འབེབས་བྱས་པའི་ཁེ་ལས་ཀྱི་ཆ་འཕྲིན་དེ། ཆ་འཕྲིན་ཐོན་པའི་ཉིན་ནས་བཟུང་གི་ལས་ཀའི་ཉིན་མོ་20ཡི་ནང་ཚུན་དུ་ཡོངས་བསྒྲགས་བྱེད་དགོས།
དོན་ཚན་བདུན་པ། བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་ཕུད་པའི་སྲིད་གཞུང་སྡེ་ཚན་གཞན་དག (གཤམ་དུ་བསྡུས་མིང་ལ་སྲིད་གཞུང་སྡེ་ཚན་གཞན་དག་ཅེས་བརྗོད་རྒྱུ )གིས་འགན་འཁྲི་སྒྲུབ་པའི་བརྒྱུད་རིམ་ནང་ཐོན་པའི་གཤམ་གསལ་གྱི་ཁེ་ལས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་དགོས་པ་སྟེ།
(གཅིག ) སྲིད་འཛིན་ཆོག་འཐུས་ལ་ཆོག་མཆན་སྤྲོད་པ་དང་། བརྗེ་པོ་རྒྱག་པ། རྒྱུན་མཐུད་པ་བཅས་ཀྱི་ཆ་འཕྲིན་དང་།
(གཉིས ) སྲིད་འཛིན་ཆད་གཅོད་ཀྱི་ཆ་འཕྲིན།
(གསུམ ) ཁྲིམས་ལྟར་ཡོངས་བསྒྲགས་བྱེད་དགོས་པའི་ཆ་འཕྲིན་གཞན་དག་བཅས་སོ།
སྲིད་གཞུང་སྡེ་ཚན་གཞན་དག་གིས་ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་མ་ལག་ལ་བརྟེན་པ་དང་མ་ལག་གཞན་དག་ལ་བརྟེན་ནས་གོང་གི་གཏན་འབེབས་ནང་གི་ཁེ་ལས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་ཆོག བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་དང་སྲིད་གཞུང་སྡེ་ཚན་གཞན་དག་གིས་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཡིད་རྟོན་ཆ་འཕྲིན་ལས་སྟེགས་འཛུགས་སྐྱོང་གི་སྤྱིའི་བླང་བྱར་གཞིགས་ནས། ཁེ་ལས་ཀྱི་ཆ་འཕྲིན་ཕན་ཚུན་འབྲེལ་བ་དང་མཉམ་དུ་ལོངས་སྤྱོད་ཐུབ་པ་བྱེད་དགོས།
དོན་ཚན་བརྒྱད་པ། ཁེ་ལས་ཀྱིས་ལོ་རེའི་ཟླ་དང་པོའི་ཚེས་1ཉིན་ནས་ཟླ་དྲུག་པའི་ཚེས་30ཉིན་བར་ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་ཀྱི་མ་ལག་ལ་བརྟེན་ནས། བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་ལ་ལོ་གོང་མའི་ལོ་འཁོར་གྱི་སྙན་ཞུ་འབུལ་བ་དང་འབྲེལ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས།
ལོ་དེ་རང་ལ་བཙུགས་པ་དང་ཐོ་འགོད་བྱས་པའི་ཁེ་ལས་ཡིན་ཕྱིན་ལོ་ཕྱི་མ་ནས་བཟུང་ལོ་འཁོར་གྱི་སྙན་ཞུ་འབུལ་བ་དང་འབྲེལ་ཡོངས་བསྒྲགས་བྱེད་དགོས།
དོན་ཚན་དགུ་པ། ཁེ་ལས་ཀྱི་ལོ་འཁོར་སྙན་ཞུའི་ནང་དོན་ནང་།
(གཅིག ) ཡི་གེ་གཏོང་སའི་ཁེ་ལས་གནས་ཡུལ་དང་། སྦྲག་སྲིད་ཨང་རྟགས། འབྲེལ་གཏུག་ཁ་པར། གློག་རྡུལ་ཡིག་སྒམ་སོགས་ཀྱི་ཆ་འཕྲིན་དང་།
(གཉིས ) ཁེ་ལས་ལས་འགོ་འཛུགས་པ་དང་། ལས་མཚམས་འཇོག་པ། གཙང་རྩིས་རྒྱག་པ་སོགས་ཀྱི་རྒྱུན་གནས་ཆ་འཕྲིན།
(གསུམ ) ཁེ་ལས་ཀྱིས་མ་རྩ་བཏང་སྟེ་ཁེ་ལས་འཛུགས་པ་དང་རྐང་དབང་ཉོས་པའི་ཆ་འཕྲིན།
(བཞི ) ཚད་ཡོད་འགན་འཁྲི་ཀུང་སིའམ་མ་རྐང་ཚད་ཡོད་ཀུང་སིའི་ཁེ་ལས་ཡིན་ཚེ། མ་རྐང་བདག་པོའམ་གྲོས་འགོ་འདོན་མཁན་གྱིས་འཇལ་དགོས་པ་དང་དངོས་སུ་འཇལ་བའི་དངུལ་གྲངས་དང་། མ་དངུལ་གཏོང་བའི་དུས་ཚོད། མ་དངུལ་གཏོང་སྟངས་སོགས་ཀྱི་ཆ་འཕྲིན།
(ལྔ ) ཚད་ཡོད་འགན་འཁྲི་ཀུང་སིའི་མ་རྐང་བདག་པོའི་མ་རྐང་དབང་ཆ་བཤུག་སྤྲོད་སོགས་མ་རྐང་དབང་ཆ་བརྗེ་སྒྱུར་གྱི་ཆ་འཕྲིན།
(དྲུག ) ཁེ་ལས་ཀྱི་དྲ་ཚིགས་དང་དེ་བཞིན་དྲ་རྒྱའི་ཚོང་གཉེར་བྱེད་མཁན་གྱི་དྲ་ཐོག་ཚོང་ཁང་གི་མིང་དང་དྲ་ཚིགས་སོགས་ཀྱི་ཆ་འཕྲིན།
(བདུན ) ཁེ་ལས་ཀྱི་ལས་མིའི་མི་གྲངས་དང་། མ་རྩའི་བསྡོམས་འབོར། བུ་ལོན་ཟུག་པའི་བསྡོམས་འབོར། གཞན་ལ་ཁག་འཁུར་དང་ཁག་ཐེག་བྱས་པ། དབང་མཁན་གྱི་ཁེ་དབང་བསྡོམས་རྩིས། གཉེར་སྐྱོང་གི་སྤྱིའི་ཡོང་འབབ། གཉེར་སྐྱོང་གི་ལས་སྒོ་གཙོ་བོའི་ཡོང་འབབ། ཁེ་བཟང་་བསྡོམས་འབོར། ཁེ་བཟང་གཙང་མ། ཁྲལ་འཇལ་སྤྱི་འབོར་བཅས་ཀྱི་ཆ་འཕྲིན་ཚུད་ཡོད།
གོང་གསལ་གྱི་ནང་གསེས་དང་པོ་དང་དྲུག་པ་བར་གཏན་འབེབས་བྱས་པའི་ཆ་འཕྲིན་རྣམས་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས་པ་དང་། ནང་གསེས་བདུན་པའི་གཏན་འབེབས་ཀྱི་ཆ་འཕྲིན་རྣམས་སྤྱི་ཚོགས་ལ་ཡོང་བསྒྲགས་བྱེད་མིན་དེ་ཁེ་ལས་ཀྱིས་གདམ་ག་བྱེད་ཆོག
ཁེ་ལས་ཀྱིས་མོས་མཐུན་བྱས་རྗེས་སྤྱི་དམངས་དང་ཁྲིམས་ཚན་ནམ་རྩ་འཛུགས་གཞན་གྱིས་ཁེ་ལས་ཀྱིས་ཡོངས་བསྒྲགས་མི་བྱེད་པའི་གདམ་ག་བྱས་པའི་ཆ་འཕྲིན་འདྲི་རྩད་བྱེད་ཆོག
དོན་ཚན་བཅུ་པ། ཁེ་ལས་ཀྱིས་གཤམ་གསལ་གྱི་ཆ་འཕྲིན་བཟོས་པའི་ཉིན་ནས་བརྩིས་པའི་ལས་ཀའི་ཉིན་20ནང་ཚུན་དུ་ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་ཀྱི་མ་ལག་བརྒྱུད་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས་པ་སྟེ།
(གཅིག ) ཚད་ཡོད་འགན་འཁྲི་ཀུང་སིའི་མ་རྐང་བདག་པོའམ་མ་རྐང་ཚད་ཡོད་ཀུང་སིའི་གྲོས་འགོ་འདོན་མཁན་གྱིས་འཇལ་དགོས་པ་དང་དངོས་སུ་འཇལ་དགོས་པའི་དངུལ་གྲངས་དང་། མ་དངུལ་གཏོང་བའི་དུས་ཚོད། མ་དངུལ་གཏོང་སྟངས་སོགས་ཀྱི་ཆ་འཕྲིན་དང་།
(གཉིས ) ཚད་ཡོད་འགན་འཁྲི་ཀུང་སིའི་མ་རྐང་བདག་པོའི་མ་རྐང་དབང་ཆ་བཤུག་སྤྲོད་སོགས་མ་རྐང་དབང་ཆ་བརྗེ་སྒྱུར་གྱི་ཆ་འཕྲིན།
(གསུམ ) སྲིད་འཛིན་ཆོག་འཐུས་ལག་ཁྱེར་ཐོབ་པ་དང་། བརྗེ་སྒྱུར། རྒྱུན་མཐུད་བཅས་ཀྱི་ཆ་འཕྲིན།
(བཞི ) ཤེས་བྱའི་བདག་དབང་བུན་ཚབ་ཏུ་འཇོག་པའི་ཐོ་འགོད་ཆ་འཕྲིན།
(ལྔ ) སྲིད་འཛིན་གྱི་ཆད་པ་ཕོག་པའི་ཆ་འཕྲིན།
(དྲུག ) ཁྲིམས་ལྟར་ཡོངས་བསྒྲགས་བྱེད་དགོས་པའི་ཆ་འཕྲིན་གཞན་དག་བཅས་སོ།
བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་ཁེ་ལས་ཀྱིས་གོང་གསལ་གྱི་གཏན་འབེབས་ལྟར་ཡོངས་བསྒྲགས་ཀྱི་འོས་འགན་ལག་བསྟར་བྱས་མེད་པ་ཤེས་ཚེ། དུས་བཀག་ལྟར་ལག་བསྟར་བྱེད་དགོས་པའི་བཀའ་གཏོང་དགོས།
དོན་ཚན་བཅུ་གཅིག་པ། སྲིད་གཞུང་སྡེ་ཚན་དང་ཁེ་ལས་ཀྱིས་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་གྱི་དོན་དངོས་དང་སྐབས་འཕྲལ་གྱི་གནས་ཚུལ་ལ་འགན་འཁུར་དགོས།
དོན་ཚན་བཅུ་གཉིས་པ། སྲིད་གཞུང་སྡེ་ཚན་གྱིས་ཁེ་ལས་ཀྱིས་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་ཡང་དག་མིན་པ་ཤེས་ཚེ། དུས་ཐོག་ཏུ་ཡོ་བསྲང་བྱེད་དགོས། སྤྱི་དམངས་དང་ཁྲིམས་ཚན་ནམ་རྩ་འཛུགས་གཞན་དག་ལ་སྲིད་གཞུང་གིས་ཡོང་བསྒྲགས་བྱས་པའི་ཆ་འཕྲིན་ཡང་དག་མིན་པའི་དཔང་རྟགས་ཡོད་ཚེ། སྲིད་གཞུང་ཕྱོགས་ལ་ཡོ་བསྲང་བྱེད་རྒྱུའི་བླང་བྱ་འདོན་དབང་ཡོད།
ཁེ་ལས་ཀྱིས་རང་གིས་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་ཡང་དག་མིན་པ་ཤེས་ཚེ། དུས་ཐོག་ཏུ་ཡོ་བསྲང་བྱེད་དགོས་པ་མ་ཟད། ཁེ་ལས་ཀྱི་ལོ་འཁོར་གྱི་སྙན་ཞུའི་ཡོངས་བསྒྲགས་ཆ་འཕྲིན་ལོ་རེའི་ཟླ་6པའི་ཚེས་30གོང་ཡོ་བསྲང་བྱེད་དགོས། ཡོ་བསྲང་བྱས་པའི་སྔ་རྟིང་གི་ཆ་འཕྲིན་ཆབས་ཅིག་ཏུ་ཡོངས་བསྒྲགས་བྱེད་དགོས།
དོན་ཚན་བཅུ་གསུམ་པ། སྤྱི་དམངས་དང་ཁྲིམས་ཚན་ནམ་རྩ་འཛུགས་གཞན་དག་གིས་ཁེ་ལས་ཀྱིས་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་རྫུས་མ་ཡིན་པ་ཤེས་ཚེ། བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་ལ་ཐེར་འདོན་བྱེད་ཆོག་པ་དང་ཐེར་འདོན་འབྱོར་བའི་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་ཐེར་འདོན་གྱི་དཔྱད་གཞི་འབྱོར་བའི་ཉིན་ནས་བརྩིས་པའི་ལས་ཀའི་ཉིན་20ནང་ཚུན་དུ་ཞིབ་བསྡུར་བྱས་ཏེ་ཐག་གཅོད་བྱེད་དགོས་པ་མ་ཟད། ཐག་གཅོད་བྱས་ཚུལ་ཡིག་ཐོག་ནས་ཐེར་འདོན་བྱེད་མཁན་ལ་ལན་སྤྲོད་དགོས།
སྤྱི་དམངས་དང་ཁྲིམས་ཚན་ནམ་རྩ་འཛུགས་གཞན་དག་གིས་སྲོལ་ཡིག་འདིའི་གཏན་འབེབས་ལྟར་ཡོངས་བསྒྲགས་བྱས་པའི་ཁེ་ལས་ཀྱི་ཆ་འཕྲིན་ལ་དོགས་པ་ཡོད་ཚེ། སྲིད་གཞུང་སྡེ་ཚན་ལ་ཞིབ་བཤེར་ཡོང་བའི་འདུན་པ་ཞུ་ཆོག་པ་དང་། ཞིབ་བཤེར་གྱི་འདུན་ཞུ་འབྱོར་བའི་སྲིད་གཞུང་སྡེ་ཚན་གྱིས་འདུན་ཞུ་འབྱོར་བའི་ཉིན་ནས་བརྩིས་པའི་ལས་ཀའི་ཉིན་20ནང་ཚུན་དུ་ཡིག་ཐོག་ནས་འདུན་ཞུ་བྱེད་མཁན་ལ་ལན་སྤྲོད་དགོས།
དོན་ཚན་བཅུ་བཞི་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་དང་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་དྲང་སྙོམས་ཚད་ལྡན་གྱི་བླང་བྱ་ལྟར། ཁེ་ལས་ཀྱི་ཐོ་འགོད་ཨང་རྟགས་སོགས་ལ་གཞིགས་ནས་སྐབས་བསྟུན་ཨང་ཀི་དཀྲུགས་ཏེ་འཐེན་བཤེར་བྱེད་རྒྱུའི་ཁེ་ལས་གཏན་འཁེལ་བྱེད་དགོས་པ་དང་རྩ་འཛུགས་ཀྱིས་ཁེ་ལས་ཀྱིས་ཡོངས་བསྒྲགས་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱེད་དགོས།
བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་ཡིག་ཐོག་གི་ཞིབ་བཤེར་དང་། ས་ཆ་དངོས་སུ་བརྟག་དཔྱད། དྲ་རྒྱའི་ལྟ་ཞིབ་སོགས་བརྒྱུད་ཁེ་ལས་ཀྱིས་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་འཐེན་བཤེར་བྱེད་ཆོག བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་རྩིས་པའི་ལས་དོན་ཁང་དང་། ཁྲལ་དོན་པའི་ལས་དོན་ཁང་། ཁྲིམས་རྩོད་པའི་ལས་དོན་ཁང་སོགས་ཆེད་ལས་སྒྲིག་གཞིར་མངག་བཅོལ་བྱས་ཏེ། ཁེ་ལས་ཀྱིས་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་འཐེན་བཤེར་གྱི་འབྲེལ་ཡོད་ལས་དོན་སྒྲུབ་ཆོག་པ་མ་ཟད། སྲིད་གཞུང་གི་སྡེ་ཚན་གཞན་དག་གིས་ཞིབ་བཤེར་དང་ཞིབ་བཤེར་བྱས་པའི་འབྲས་བུའམ་ཆེད་ལས་ཀྱི་སྒྲིག་གཞིའི་ཆེད་ལས་ཀྱི་ཆོད་སྡོམ་ཁྲིམས་བཞིན་སྤྱོད་དགོས།
འཐེན་བཤེར་བྱས་པའི་འབྲས་བུ་དེ་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་ཀྱི་མ་ལག་བརྒྱུད་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་དགོས།
དོན་ཚན་བཅོ་ལྔ་པ། བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་ཁེ་ལས་ཀྱིས་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་ཁྲིམས་ལྟར་ཟུར་བཤེར་རམ་ཡང་ན་ཐེར་འདོན་གོང་ཞུ་གཞིར་བཟུང་ཞིབ་བཤེར་བྱེད་པར་ཁེ་ལས་ཀྱིས་གཞོགས་འདེགས་བྱས་ཏེ། བློ་འདྲི་དང་བརྟག་དཔྱད་དང་ལེན་གྱིས་གནས་ཚུལ་ཇི་མ་ཇི་བཞིན་བརྗོད་པ་དང་འབྲེལ་ཡོད་དཔྱད་གཞིའི་ཡིག་ཆ་མཁོ་འདོན་བྱེད་དགོས།
གཞོགས་འདེགས་ཡག་པོ་མི་བྱེད་མཁན་ཁེ་ལས་ལ་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་མ་ལག་བརྒྱུད་ཡོངས་བསྒྲགས་བྱེད་དགོས།
དོན་ཚན་བཅུ་དྲུག་པ། སྤྱི་དམངས་དང་ཁྲིམས་མི་སུ་འདྲ་ཞིག་དང་དེ་བཞིན་རྩ་འཛུགས་གཞན་གང་འདྲ་ཞིག་གིས་ཀྱང་ཡོངས་བསྒྲགས་བྱས་པའི་ཁེ་ལས་ཀྱི་ཆ་འཕྲིན་ཁྲིམས་འགལ་ངང་བཟོ་བཅོས་བྱེད་མི་རུང་ལ། ཁེ་ལས་ཀྱི་ཆ་འཕྲིན་ཁྲིམས་འགལ་ངང་ཐོབ་ཐབས་བྱེད་མི་ཆོག
དོན་ཚན་བཅུ་བདུན་པ། གཤམ་གསལ་གྱི་གནད་དོན་རིགས་གཅིག་ཡོད་པར་རྫོང་རིམ་པ་ཡན་གྱི་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་གཉེར་སྐྱོང་གི་ནམ་རྒྱུན་དང་མི་འདྲ་བའི་མིང་གཞུང་ནང་བཅུག་ནས་ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་མ་ལག་བརྒྱུད་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་པ་དང་། དེས་ལག་བསྟར་བྱེད་དགོས་པའི་ཡོངས་བསྒྲགས་ཀྱི་འོས་འགན་དྲན་སྐུལ་བྱེད་པ་དང་། གནད་དོན་ཚབས་ཆེ་བར་འབྲེལ་ཡོད་གཙོ་གཉེར་སྡེ་ཚན་གྱིས་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་སྲིད་འཛིན་གྱི་ཆད་པ་གཅོད་པ། མི་གཞན་ལ་གྱོང་གུན་བཟོས་པར་ཁྲིམས་ལྟར་སྐྱིན་ཚབ་སྤྲོད་པའི་འགན་འཁུར་བ། ནག་ཉེས་བསགས་པར་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་བ་བཅས་བྱེད་དགོས།
(གཅིག ) ཁེ་ལས་ཀྱིས་སྲོལ་ཡིག་འདིའི་ནང་གཏན་འབེབས་བྱས་པའི་དུས་བཀག་གི་ཡོངས་བསྒྲགས་ཀྱི་ལོ་འཁོར་སྙན་ཞུར་མི་གཞིགས་པའམ་ཡང་ན་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་བཀའ་ཕབ་པའི་དུས་བཀག་ཡོངས་བསྒྲགས་ཀྱི་འབྲེལ་ཡོད་ཁེ་ལས་ཀྱི་ཆ་འཕྲིན་ལ་མ་གཞིགས་པ་དང་།
(གཉིས ) ཁེ་ལས་ཀྱི་ཡོངས་བསྒྲགས་ཆ་འཕྲིན་ནང་གནད་དོན་ངོ་མ་སྦ་གསང་བྱེད་པ་དང་རྫུས་བཟོ་བྱེད་པ་གཉིས་སོ།
གཉེར་སྐྱོང་གི་ནམ་རྒྱུན་དང་མི་འདྲ་བའི་མིང་གཞུང་ནང་བཅུག་པའི་ཁེ་ལས་ཀྱིས་སྲོལ་ཡིག་འདིའི་གཏན་འབེབས་གཞིར་བཟུང་། ཡོངས་བསྒྲགས་ཀྱི་འོས་འགན་ལག་བསྟར་བྱེད་མཁན་ལ་རྫོང་རིམ་པ་ཡན་གྱི་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་གཉེར་སྐྱོང་གི་ནམ་རྒྱུན་དང་མི་འདྲ་བའི་མིང་གཞུང་ནང་ནས་འདོན་པ་དང་། སྲོལ་ཡིག་འདིའི་གཏན་འབེབས་ལ་མ་གཞིགས་པར་ཡོངས་བསྒྲགས་ཀྱི་འོས་འགན་མ་འཁུར་བར་ལོ་3ཕྱིན་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་ནམ་ཡང་ན་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་མི་དམངས་སྲིད་གཞུང་གི་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་ཁྲིམས་ལས་ཚབས་ཆེན་འགལ་བའི་ཁེ་ལས་ཀྱི་མིང་ཐོའི་ནང་འཇུག་པ་མ་ཟད། ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་གྱི་ཡོངས་བསྒྲགས་མ་ལག་བརྒྱུད་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་དགོས། ཁྲིམས་ལས་ཚབས་ཆེན་འགལ་བའི་ཁེ་ལས་ཀྱི་མིང་ཐོའི་ནང་བཅུག་པའི་ཁྲིམས་གཏན་འཁེལ་བའི་འཐུས་མི་དང་འགན་འཁུར་བས་ལོ་3ནང་ཁེ་ལས་གཞན་གྱི་ཁྲིམས་གཏན་འཁེལ་བའི་འཐུས་མི་དང་འགན་འཁུར་བའི་འགན་འཁུར་མི་ཆོག
ཁྲིམས་ལས་ཚབས་ཆེན་འགལ་བའི་ཁེ་ལས་དེ་ཁེ་ལས་ཀྱི་མིང་ཐོའི་ནང་བཅུག་པའི་ཉིན་ནས་བཟུང་ལོ་5ཡི་ནང་དོན་ཚན་དང་པོའི་གཏན་འབེབས་ལས་སླར་ཡང་མ་འགལ་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་ནམ་ཡང་ན་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་ཁྲིམས་ལས་ཚབས་ཆེན་འགལ་བའི་ཁེ་ལས་ཀྱི་མིང་ཐོའི་ནང་ནས་འདོན་དགོས།
དོན་ཚན་བཅོ་བརྒྱད་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་དང་དེ་བཞིན་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ཡིད་རྟོན་གཅུན་སྡོམ་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྲིད་གཞུང་གི་ཉོ་སྒྲུབ་དང་། ལས་གྲྭའི་སུས་འཇོན་དེ་འགུགས། གཞུང་ཁོངས་ས་ཆ་ནང་བཤུག་གཏོང་བ་དང་གཟི་བརྗིད་མཚན་སྙན་ཐོབ་པ་སོགས་ཀྱི་ལས་ཀའི་ཁྲོད་ཁེ་ལས་ཀྱི་ཆ་འཕྲིན་དེ་ཚོད་བགམ་བྱ་ཡུལ་གཙོ་བོར་བརྩིས་ནས་གཉེར་སྐྱོང་གི་ནམ་རྒྱུན་དང་མི་འདྲ་བའི་མིང་གཞུང་ངམ་ཡང་ན་ཁྲིམས་ལས་ཚབས་ཆེན་འགལ་བའི་ཁེ་ལས་ཀྱི་མིང་ཐོའི་ནང་བཅུག་པའི་ཁེ་ལས་ལ་ཁྲིམས་ལྟར་ཚོད་འཛིན་བྱེད་པའམ་ཡང་ན་དེའི་ནང་འཇུག་རྒྱུ་གཏན་འགོག་བྱེད་དགོས།
དོན་ཚན་བཅུ་དགུ་པ། སྲིད་གཞུང་སྡེ་ཚན་གྱིས་སྲོལ་ཡིག་གི་གཏན་འབེབས་དེར་མ་གཞིགས་པར་འགན་འཁྲི་ལག་ལེན་བསྟར་བར་ལྟ་ཞིབ་ལས་ཁུངས་དང་གོང་རིམ་སྲིད་གཞུང་སྡེ་ཚན་གྱིས་ལེགས་བཅོས་བྱེད་དགོས་པའི་བཀའ་གཏོང་བ་དང་། གནད་དོན་ཚབས་ཆེ་བར་གཙོ་འགན་འཁུར་མཁན་དང་དེ་བཞིན་ཐད་ཀའི་འགན་འཁུར་མཁན་ལ་ཁྲིམས་ལྟར་ཆད་པ་གཅོད་པ། ནག་ཉེས་བསགས་པར་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་བ་བཅས་བྱེད་དགོས།
དོན་ཚན་ཉི་ཤུ་པ། ཡོངས་བསྒྲགས་བྱས་པའི་ཁེ་ལས་ཀྱི་ཆ་འཕྲིན་ཁྲིམས་འགལ་ངང་བཟོ་བཅོས་སམ་ཡང་ན་ཁེ་ལས་ཀྱིས་ཆ་འཕྲིན་ཁྲིམས་འགལ་ངང་ཐོབ་ཐབས་བྱེད་པར་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་དགོས།
དོན་ཚན་ཉེར་གཅིག་པ། སྤྱི་དམངས་དང་ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་གྱིས་སྲིད་གཞུང་སྡེ་ཚན་གྱིས་ཁེ་ལས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་པའི་ལས་དོན་ཁྲོད་ཀྱི་ཞིབ་ཕྲའི་སྲིད་འཛིན་བྱ་སྤྱོད་ཀྱིས་དེའི་ཁྲིམས་དོན་ཁེ་དབང་ལ་གནོད་འཚེ་བཏང་བའི་ངོས་འཛིན་བྱས་པར་ཁྲིམས་ལྟར་སྲིད་འཛིན་བསྐྱར་གྲོས་བྱེད་པའམ་ཡང་ན་སྲིད་འཛིན་ཞུ་གཏུག་བྱ་རྒྱུའི་རེ་ཞུ་བྱེད་དགོས།
དོན་ཚན་ཉེར་གཉིས་པ། ཁེ་ལས་ཀྱིས་སྲོལ་ཡིག་དེའི་གཏན་འབེབས་གཞིར་བཟུང་ཆ་འཕྲིན་ཡོངས་བསྒྲགས་བྱེད་པར་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་གཞན་གཞིར་བཟུང་ཆ་འཕྲིན་ཡོངས་བསྒྲགས་བྱེད་པའི་དེའི་འོས་འགན་མེད་པ་བཟོ་མི་ཆོག
དོན་ཚན་ཉེར་གསུམ་པ། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་དབང་ཆ་སྤྲད་པའི་སྤྱི་པའི་ལས་དོན་ལ་དོ་དམ་བྱེད་པའི་འགན་ནུས་ལྡན་པའི་རྩ་འཛུགས་ཀྱིས་ཁེ་ལས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་པར་སྲོལ་ཡིག་འདིའི་ནང་ཁེ་ལས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་པའི་སྐོར་གྱི་སྲིད་གཞུང་སྡེ་ཚན་གྱི་གཏན་འབེབས་འཚམ་པོ་སྤྱོད་དགོས།
དོན་ཚན་ཉེར་བཞི་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་མ་ལག་གི་ལག་རྩལ་ཚད་ལྡན་བཟོ་རྒྱུའི་འགན་འཁུར་དགོས།
སྒེར་གཉེར་བཟོ་ཚོང་དུད་ཚང་དང་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ཆ་འཕྲིན་ཡོངས་བསྒྲགས་ཀྱི་ཞིབ་ཕྲའི་བྱ་ཐབས་རྒྱལ་སྲིད་སྤྱི་ཁྱབ་ཁང་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་ལོགས་སུ་བཟོ་དགོས།
དོན་ཚན་ཉེར་ལྔ་པ། སྲོལ་ཡིག་འདི་2014ལོའི་ཟླ་10ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཡིན།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣