རྒྱལ་སྲིད་སྤྱི་ཁྱབ་ཁང་གི 《ཁེ་ལས་ཆ་འཕྲིན་ཡོངས་བསྒྲགས་ཀྱི་གནས་སྐབས་ལག་བསྟར་སྲོལ་ཡིག 》དང་། རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས་ཀྱི 《ཁེར་རྐྱང་བཟོ་ཚོང་དུད་ཚང་གི་ལོ་འཁོར་སྙན་ཞུའི་གནས་སྐབས་ལག་བསྟར་བྱ་ཐབས 》 《ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ལོ་འཁོར་སྙན་ཞུའི་ཡོངས་བསྒྲགས་གནས་སྐབས་ལག་བསྟར་བྱ་ཐབས 》བཅས་ཀྱི་གཏན་འབེབས་གཞིར་བཟུང་། 2014ལོའི་ཟླ་10ཚེས་1ཉིན་ནས་ཁེ་ལས་ཀྱི་ལོ་འཁོར་སྙན་ཞུའི་ཡོངས་བསྒྲགས་ལམ་ལུགས་ལག་བསྟར་བྱ་རྒྱུ་དང་། དེ་སྔའི་ཁེ་ལས་ཀྱི་ལོ་བཤེར་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་ལག་ཁྱེར་དཔྱད་ཞིབ་ལམ་ལུགས་མེད་པ་བཟོ་རྒྱུ་ཡིན་པས་ད་ལྟ་འབྲེལ་ཡོད་ཀྱི་གནད་དོན་ཡོངས་བསྒྲགས་བྱ་རྒྱུ་གཤམ་གསལ།
གཅིག ལོ་འཁོར་སྙན་ཞུའི་ཡོངས་བསྒྲགས་ཁྱབ་ཁོངས་ནི་རིགས་འདྲ་མིན་གྱི་ཁེ་ལས་དང་། ཁེར་རྐྱང་བཟོ་ཚོང་དུད་ཚོང་། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཅས་ཡིན་པ་དང་།
གཉིས། ལོ་འཁོར་སྙན་ཞུའི་ཡོངས་བསྒྲགས་དུས་ཚོད་ནི་2014ལོའི་ཟླ་10ཚེས་1ཉིན་ནས་2015ལོའི་ཟླ་6ཚེས་30ཉིན་བར་2013ལོའི་ལོ་འཁོར་གྱི་སྙན་ཞུ་འབུལ་དགོས་པ་དང་། 2015ལོའི་ཟླ་1ཚེས་1ཉིན་ནས་2015ལོའི་ཟླ་6ཚེས་30ཉིན་བར་2014ལོའི་ལོ་འཁོར་གྱི་སྙན་ཞུ་འབུལ་དགོས་པ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས 2014ལོའི་ལོ་འཁོར་གྱི་སྙན་ཞུ་འབུལ་ཆོག་པ།
གསུམ། ལོ་འཁོར་སྙན་ཞུའི་ཡོངས་བསྒྲགས་ནང་དོན་དང་། བྱ་ཐབས། བླང་བྱ་བཅས་ནི་ཁེ་ལས་དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་བོད་རང་སྐྱོང་ལྗོངས་བཟོ་ཚོང་ཅུས་ཀྱི་གཞུང་ཕྱོགས་དྲ་ཚུགས་ཀྱི “ཁེ་ལས་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་མ་ལག ”བརྒྱུད་རང་ཤུགས་སུ་འབུལ་རྒྱུ་དེ་ཡིན། ཁེར་རྐྱང་བཟོ་ཚོང་དུད་ཚང་གིས་གོང་གསལ་དྲ་ཚིགས་བརྒྱུད་དེ་འབུལ་ཆོག་ལ་ཡིག་ཐོག་སྙན་ཞུ་ཡང་འབུལ་ཆོག ﹙http︰//www.xzaic.gov.cn/བརྒྱུད་ཞིབ་ཕྲའི་གནས་ཚུལ་མཁྱེན་རྟོགས་ཡོད་པ་ཞུ ﹚
བཞི། ཁྲིམས་ལུགས་ཀྱི་འགན་འཁྲི་ནི་ཁྲོམ་རའི་གྲུབ་ཆ་གཙོ་བོས་ཕུལ་བའི་ལོ་འཁོར་སྙན་ཞུའི་ཡོངས་བསྒྲགས་ཆ་འཕྲིན་གྱི་མངོན་སུམ་བཅོས་མིན་རང་བཞིན་དང་དུས་ཐོག་རང་བཞིན་ལ་འགན་འཁུར་རྒྱུ་དེ་ཡིན། དུས་བཅད་ནང་མ་ཕུལ་བའམ་ཡང་ན་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་ཟུར་བཤེར་བརྒྱུད་དོན་དངོས་དང་མི་མཐུན་པའི་གནས་ཚུལ་ཐོན་ཚེ “གཉེར་སྐྱོང་རྒྱུན་གཏན་མིན་པའི་མིང་ཐོའམ་ཡང་ན་གཉེར་སྐྱོང་རྒྱུན་གཏན་མིན་པའི་སྣང་ཚུལ ”ཞེས་པའི་ཁོངས་སུ་འཇུག་རྒྱུ་ཡིན།
ཆེད་མངགས་སྤྱི་བསྒྲགས་འདི་སྤེལ་བ་ཡིན།
བོད་རང་སྐྱོང་ལྗོངས་བཟོ་ཚོང་སྲིད་འཛིན་དོ་དམ་ཅུས།
2014ལོའི་ཟླ་9ཚེས་22ཉིན།