དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • གྲོང་ཁྱེར་སྔོ་ལྗང་ཅན་དུ་སྒྱུར་རྒྱུའི་གྲོང་ཁྱེར་ལྷ་སའི་སྲོལ་ཡིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-09

    (2014ལོའི་ཟླ་2ཚེས་17ཉིན་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་14པའི་ཐོག་གྲོས་འཆམ་བྱུང་བ་དང་། 2014ལོའི་ཟླ་3ཚེས་31ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་9པའི་ཐོག་ཆོག་མཆན་ཐོབ་པ )

    ལེའུ་དང་པོ། སྤྱིའི་རྩ་འཛིན།  དོན་ཚན་དང་པོ། གྲོང་ཁྱེར་སྔོ་ལྗང་ཅན་བཟོ་རྒྱུ་དང་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་གྲོང་ཁྱེར་གྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་དང་ལེགས་བཅོས་ཀྱིས་འཚོ་བའི་ཁོར་ཡུག་མཛེས་སྡུག་ལྡན་པ་དང་། མི་དམངས་ཀྱི་ལུས་སེམས་བདེ་ཐང་ཡོང་བ། འབྱུང་ཁམས་སྐྱེད་ཚལ་གྱི་གྲོང་ཁྱེར་གཏོད་རྒྱུ་བཅས་ཀྱི་ཆེད་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི 《གྲོང་ཁྱེར་སྔོ་ལྗང་ཅན་དུ་སྒྱུར་རྒྱུའི་སྲོལ་ཡིག 》དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་འདི་ག་གྲོང་ཁྱེར་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྲོལ་ཡིག་འདི་བཟོས་པ་ཡིན།

    དོན་ཚན་གཉིས་པ། སྲོལ་ཡིག་འདི་གྲོང་ཁྱེར་འདི་གའི་སྲིད་འཛིན་ས་ཁོངས་ནང་གི་གྲོང་ཁྱེར་སྔོ་ལྗང་ཅན་དུ་སྒྱུར་རྒྱུའི་འཆར་འགོད་དང་། འཛུགས་སྐྲུན། སྲུང་སྐྱོབ། དོ་དམ་བཅས་བྱེད་རྒྱུའི་ཐད་སྤྱོད་རྒྱུ།

    ནགས་ཚལ་དང་། གནའ་ཤིང་གྲགས་ཅན། རྩ་ཆེའི་ཤིང་སྣ། སྤྱི་གླིང་། རང་བྱུང་སྲུང་སྐྱོབ་ཁུལ། གྲཌ་ཅན་མཛེས་ལྗོངས་ཁུལ་བཅས་ཀྱི་ཐད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞན་གྱི་གཏན་འབེབས་ཡོད་ཚེ་དེ་བཞིན་ལག་བསྟར་བྱེད་རྒྱུ།

    དོན་ཚན་གསུམ་པ། གྲོང་ཁྱེར་སྔོ་ལྗང་ཅན་དུ་སྒྱུར་རྒྱུའི་ལས་དོན་དེ་ངེས་པར་དུ་འབྱུང་ཁམས་ཨང་དང་པོར་འཇོག་པ་དང་། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་བྱེད་པ། ཚན་རིག་དང་མཐུན་པའི་འཆར་འགོད་བྱེད་པ། དམངས་ཡོངས་ཞུགས་པ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཐོག ལྗོན་ཤིང་བདག་དབང་ཡོད་མཁན་དང་བདག་སྲུང་མི་སྣའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ནས་གྲོང་ཁྱེར་སྔོ་ལྗང་ཅན་དུ་སྒྱུར་རྒྱུའི་བྱ་གཞག་རྒྱུན་མཐུད་ངང་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ།

    དོན་ཚན་བཞི་པ། གྲོང་ཁྱེར་དང་རྫོང་(ཆུད )མི་དམངས་སྲིད་གཞུང་གིས་ངེས་པར་དུ་གྲོང་ཁྱེར་སྔོ་ལྗང་ཅན་དུ་སྒྱུར་རྒྱུའི་བྱ་གཞག་དེ་རིམ་པ་འདི་གའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་འགོད་ནང་བཅུག་ནས་རང་སྲིད་འཛིན་ས་ཁུལ་གྱི་སྔོ་ལྗང་ཅན་ཁེབས་རྒྱའི་དམིགས་ཚད་བཟོ་རྒྱུ་དང་། སྔོ་ལྗང་ཅན་དུ་སྒྱུར་རྒྱུའི་དམིགས་ཚད་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་ཏེ་གྲོང་ཁྱེར་སྔོ་ལྗང་ཅན་གྱི་འཛུགས་སྐྲུན་དང་བདག་སྐྱོང་བྱེད་རྒྱུའི་གྲོན་དངུལ་འགན་སྲུང་བྱེད་རྒྱུ།

    ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་དང་ཁྲོམ་གཞུང་དོན་གཅོད་ཁང་གིས་འགན་འཁྲིར་གཞིགས་ནས་ཁོངས་གཏོགས་ས་ཁུལ་ནང་གི་གྲོང་ཁྱེར་སྔོ་ལྗང་ཅན་དུ་སྒྱུར་རྒྱུའི་ལས་དོན་ཡག་པོ་སྒྲུབ་དགོས།

    དོན་ཚན་ལྔ་པ། གྲོང་ཁྱེར་དང་རྫོང (ཆུད )ནཌ་ལས་སྔོ་སྒྱུར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་རང་སྲིད་འཛིན་ས་ཁུལ་ནང་གི་གྲོང་ཁྱེར་སྔོ་ལྗང་ཅན་དུ་སྒྱུར་རྒྱུའི་འཆར་འགོད་དང་། སྲུང་སྐྱོབ། བདག་གཉེར་བཅས་ཀྱི་ལས་དོན་སྒྲུབ་རྒྱུའི་འགན་འཁུར་རྒྱུ།

    གོང་འཕེལ་བསྒྱུར་བཅོས་དང་། རྒྱལ་ཁབ་ས་ཆ་ཐོན་ཁུངས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། ནོར་སྲིད། སྤྱི་བདེ། གྲོང་སྲིད་གྲོང་རྣམ། ཁོར་ཡུག་སྲུང་སྐྱོབ། འགྲིམ་འགྲུལ། ཆུ་བེད་སོགས་སྡེ་ཚན་གྱིས་འགན་འཁྲིར་གཞིགས་ནས་འདི་ག་གྲོང་ཁྱེར་གྱི་སྔོ་ལྗང་ཅན་དུ་སྒྱུར་རྒྱུའི་ལས་དོན་ཡག་པོ་སྒྲུབ་རྒྱུ།

    དོན་ཚན་དྲུག་པ། ཚན་པ་དང་མི་སྒེར་སུ་ཞིག་ཡིན་ཡང་ཚང་མས་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས་ཤིང་འཛུགས་སྔོ་སྒྱུར་དང་། སྔོ་ལྗང་ཅན་གྱི་འབྲས་བུ་དང་སྔོ་ལྗང་ཅན་གྱི་སྒྲིག་བཀོད་སྲུང་སྐྱོང་བྱེད་པའི་འོས་འགན་སྒྲུབ་དགོས་ཁར། སྔོ་ལྗང་ཅན་གྱི་ཁོར་ཡུག་བཟང་པོ་ལོངས་སྤྱོད་བྱེད་པའི་དབང་ཆ་ཡོད་པ་མ་ཟད། གྲོང་ཁྱེར་སྔོ་ལྗང་ཅན་དང་སྔོ་ལྗང་ཅན་གྱི་སྒྲིག་བཀོད་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་རིགས་བཀག་སྡོམ་དང་། ཐེར་འདོན། བཀག་འགོག་བྱེད་པའི་དབང་ཆ་ཡང་ཡོད།

    དོན་ཚན་བདུན་པ། གྲོང་ཁྱེར་དང་རྫོང་(ཆུད )ནགས་ལས་སྔོ་སྒྱུར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་གྲོང་ཁྱེར་དང་ཉེ་འཁོར་ས་ཁུལ་གྱི་རི་ལྡེབས་ནགས་ས་དང་། གཙང་པོ་དང་མཚེའུ་ཡི་ཆུ་རྒྱུད། འདམ་ར་སོགས་རང་བྱུང་སྐྱེ་ཁམས་ས་ཁོངས་ལ་སྲུང་སྐྱོབ་དང་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་སྔོ་ལྗང་ཅན་གྱི་འབྱུང་ཁམས་མ་ལག་གཏོད་དགོས།

    དོན་ཚན་བརྒྱད་པ། ཚན་པ་དང་མི་སྒེར་ནས་མ་རྩ་འཇོག་པ་དང་། ཞལ་འདེབས་འབུལ་བ། འདེབས་འཛུགས་ཁས་ལེན། བདག་སྐྱོང་ཁས་ལེན་སོགས་ཀྱི་རྣམ་པའི་ཐོག་ནས་གྲོང་ཁྱེར་སྔོ་ལྗང་ཅན་བཟོ་བ་དང་བདག་སྐྱོང་བྱེད་པའི་ནང་ཞུགས་རྒྱུར་འདི་ག་གྲོང་ཁྱེར་ནས་སྐུལ་མ་གཏོང་རྒྱུ། མ་རྩ་འཇོག་པ་དང་། ཞལ་འདེབས་འབུལ་བ། ཁས་ལེན་འདེབས་འཛུགས། ཁས་ལེན་བདག་སྐྱོང་བཅས་བྱེད་མཁན་ཚན་པའམ་ཡང་ན་མི་སྒེར་སུ་ཞིག་ཡིན་རུང་སྔོ་ལྗང་ཁུལ་དང་ལྗོན་ཤིང་ལ་དུས་ཚད་ངེས་གཏན་གྱི་རང་མིང་འདོགས་པའི་དབང་ཆ་ཡོད།

    ཚན་པའམ་ཡང་ན་མི་སྒེར་གྱིས་ཉེ་འཁོར་གྱི་ཤིང་འཛུགས་དང་འཚམ་པའི་རི་རྒོད་ས་རྒོད་ཐོག་ཏུ་སྔོ་ལྗང་ནགས་བཟོའི་འགན་གཙང་ལེན་རྒྱུར་སྐུལ་མ་བཏང་ནས་གྲོང་ཁྱེར་དང་རྫོང་(ཆུད )ནགས་ལས་སྔོ་སྒྱུར་གཙོ་འགན་འཁུར་མཁན་སྡེ་ཚན་གྱི་མཛུབ་ཁྲིད་འོག་གྲོས་མཐུན་འཇོག་པ་དང་། གྲོས་མཐུན་གྱི་གཏན་འབེབས་ལ་གཞིགས་ནས་དེར་བདག་སྐྱོང་བྱེད་དགོས་པ་མ་ཟད་དུས་ཚད་ངེས་གཏན་གྱི་བེད་སྤྱོད་བྱེད་དབང་ཡོད།

    དོན་ཚན་དགུ་པ། གྲོང་ཁྱེར་དང་རྫོང་(ཆུད )མི་དམངས་སྲིད་གཞུང་གིས་ངེས་པར་དུ་གྲོང་ཁྱེར་སྔོ་ལྗང་ཅན་དུ་སྒྱུར་རྒྱུའི་ལས་ཀའི་ནང་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་ཚན་པའམ་ཡང་ན་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་རྒྱུ། 

    ལེའུ་གཉིས་པ། འཆར་འགོད་དང་འཛུགས་སྐྲུན།

    དོན་ཚན་བཅུ་པ། གྲོང་ཁྱེར་ནགས་ལས་སྔོ་སྒྱུར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་གྲོང་ཁྱེར་སྔོ་ལྗང་ཅན་དུ་སྒྱུར་རྒྱུའི་འཆར་འགོད་ལ་གཞིགས་ཏེ་གྲོང་ཁྱེར་གྱི་སྔོ་ལྗང་ཁུལ་ཁོངས་གཏོགས་ཀྱི་འཆར་འགོད་བཟོ་རྒྱུ་དང་རིགས་ཁག་གི་སྔོ་ལྗང་ཁུལ་གྱི་མཚམས་ཐིག (གཤམ་ལ་སྔོ་ཐིག་ཅེས་བསྡུ་རྒྱུ )གཏན་འཁེལ་བྱས་ནས་གྲོང་ཁྱེར་གྱི་ངོ་བོ་དང་། གཞི་ཁྱོན། གོང་འཕེལ་བཅས་དང་འཚམ་པའི་སྔོ་ལྗང་ཁུལ་གྱི་རྒྱ་ཁྱོན་བཀོད་སྒྲིག་བྱེད་རྒྱུ་དང་། སྤྱི་པའི་སྔོ་ལྗང་ཁུལ་དང་། སྡོད་གནས་ཁུལ་གྱི་སྔོ་ལྗང་ཁུལ། འགོག་སྲུང་སྔོ་ལྗང་ཁུལ། ཐོན་སྐྱེད་སྔོ་ལྗང་ཁུལ། མཛེས་ལྗོངས་ཀྱི་ནགས་ས་སོགས་ལུགས་མཐུན་ངང་བཀོད་སྒྲིག་བྱེད་རྒྱུ་མ་ཟད་སྔོ་ཐིག་ལམ་ལུགས་ཀྱི་ཐོག་ནས་དོ་དམ་བྱེད་རྒྱུ།

    རྫོང་(ཆུད )མི་དམངས་སྲིད་གཞུང་གིས་ངེས་པར་དུ་གྲོང་ཁྱེར་སྔོ་ལྗང་བཟོ་བའི་མ་ལག་གི་གྲོང་ཁྱེར་གྱི་འཆར་འགོད་ལ་གཞིགས་ནས་རྫོང་(ཆུད )དེ་གའི་སྔོ་ལྗང་ཁུལ་ཁོངས་གཏོགས་ཀྱི་འཆར་འགོད་བཟོ་རྒྱུ།

    སྔོ་ཐིག་གང་བྱུང་དུ་བསྐྱར་སྒྲིག་བྱེད་མི་ཆོག་ཅིང་། འཛུགས་སྐྲུན་གྱི་རྐྱེན་པས་བསྐྱར་སྒྲིག་བྱེད་དགོས་ཚེ་གྲོང་ཁྱེར་དང་རྫོང་(ཆུད )གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་འཆར་འགོད་བྱས་པའི་སྔོ་ལྗང་ཁུལ་གྱི་སྤྱི་འབོར་ཉུང་དུ་མི་གཏོང་བའི་རྨང་གཞིའི་ཐོག གྲོང་ཁྱེར་དང་རྫོང་(ཆུད )ནགས་ལས་སྔོ་སྒྱུར་གཙོ་འགན་འཁུར་མཁན་ཚན་པའི་བསམ་འཆར་བསྡུ་ལེན་བྱས་རྗེས་དེ་སྔའི་ཞིབ་བཤེར་ཆོག་མཆན་གྱི་གོ་རིམ་ལ་གཞིགས་ཏེ་སྙན་སེང་བཀའ་འཁྲོལ་ཞུ་རྒྱུ།

    དོན་ཚན་བཅུ་གཅིག་པ། ལས་ཁུངས་དང་མི་སྒེར་སུ་ཞིག་གིས་ཀྱང་སྔོ་ལྗང་ཁུལ་རང་དགར་བཟུང་སྤྱོད་བྱེད་མི་ཆོག གལ་ཏེ་སྔོ་ལྗང་ཁུལ་གནས་སྐབས་བཟུང་སྤྱོད་བྱེད་དགོས་ངེས་ཡིན་ཚེ་ངེས་པར་དུ་གྲོང་ཁྱེར་དང་རྫོང་(ཆུད )ནགས་ལས་སྔོ་སྒྱུར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཞིབ་དཔྱད་མོས་མཐུན་བྱས་པ་བརྒྱུད་རིམ་མཚུངས་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་དགོས་པ་མ་ཟད་གཏན་འབེབས་གཞིར་བཟུང་སྔོ་ལྗང་ཅན་འཛུགས་སྐྲུན་བྱེད་པའི་གསབ་དངུལ་འཇལ་དགོས། བེད་སྤྱོད་དུས་ཚད་ཐིམ་རྗེས་ངེས་པར་དུ་སྔར་བཞིན་སླར་གསོ་བྱེད་རྒྱུ་མ་ཟད་གྲོང་ཁྱེར་དང་རྫོང་(ཆུད )ནགས་ལས་སྔོ་སྒྱུར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་ངོས་གཏན་འཁེལ་རྒྱུ། གཏོར་སྐྱོན་བཟོས་པར་ངེས་པར་དུ་སྐྱིན་ཚབ་སྤྲོད་འགན་འཁུར་དགོས།

    དོན་ཚན་བཅུ་གཉིས་པ། སྔོ་ལྗང་ཁུལ་བཟོ་རྒྱུའི་འགན་འཁྲི་དེ་གཤམ་གསལ་གྱི་གཏན་འབེབས་གཞིར་བཟུང་གཏན་འཁེལ་བྱེད་རྒྱུ་སྟེ།

    (གཅིག ) སྤྱི་པའི་སྔོ་ལྗང་ཁུལ་ནི་གྲོང་ཁྱེར་དང་རྫོང་(ཆུད )ནགས་ལས་སྔོ་སྒྱུར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་སྒྲིག་འཛུགས་བྱས་་ནས་འཛུགས་སྐྲུན་བྱེད་རྒྱུ།

    (གཉིས ) གཞུང་ལམ་དང་། ལྕགས་ལམ། ཆུ་ལམ། ཆུ་མཛོད་སོགས་ས་སྤྱོད་ཁོངས་ནང་གི་སྤྱི་པའི་སྔོ་ལྗང་ཁུལ་ནི་འབྲེལ་ཡོད་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་སྒྲིག་འཛུགས་བྱས་ནས་འཛུགས་སྐྲུན་བྱེད་རྒྱུ།

    (གསུམ ) འཛུགས་སྐྲུན་ཨར་ལས་ཀྱི་ཟུར་གཏོགས་སྔོ་ལྗང་ཁུལ་དེ་འཛུགས་སྐྲུན་ཚན་པས་བཟོ་རྒྱུ།

    (བཞི ) ཚན་པའམ་ཡང་ན་མི་སྒེར་གྱིས་འགན་གཙང་བླངས་པའི་ནགས་བཟོ་དང་འཚམ་པའི་ས་རྒོད་རི་རྒོད་རིགས་འགན་གཙང་ལེན་མཁན་གྱིས་སྔོ་ལྗང་བཟོ་རྒྱུ།

    གོང་གསལ་ནང་གསེས་ཀྱི་གཏན་འབེབས་ཕུད་པའི་སྔོ་ལྗང་ཁུལ་བཟོ་རྒྱུའི་འགན་འཁྲི་ཁ་གསལ་མེད་རིགས་གྲོང་ཁྱེར་དང་རྫོང་(ཆུད )མི་དམངས་སྲིད་གཞུང་གིས་གཏན་འཁེལ་བྱེད་རྒྱུ།

    སྤྱི་པའི་སྔོ་ལྗང་ཁུལ་དེ་གྲོང་ཁྱེར་དང་རྫོང་(ཆུད )མི་དམངས་སྲིད་གཞུང་གིས་གཏན་འཁེལ་བྱས་ཁར་ཁྱབ་བསྒྲགས་བྱེད་རྒྱུ།

    དོན་ཚན་བཅུ་གསུམ་པ། གྲོང་ཁྱེར་དང་རྫོང་(ཆུད )གི་འཛུགས་སྐྲུན་རྣམ་གྲངས་རིགས་ཀྱི་གྲོང་ཁྱེར་སྔོ་ལྗང་ཅན་ལ་སྤྱོད་པའི་ས་ཆའི་བསྡུར་ཚད་དེ་ངེས་པར་དུ་གཤམ་གསལ་གྱི་ཚད་གཞི་ཟིན་པ་བྱེད་དགོས་པ་སྟེ།

    (གཅིག ) སྡོད་གནས་ཁུལ་དང་སྤྱི་པའི་སྔོ་ལྗང་ཁུལ་ཁྱབ་ཚད་དེ་35%ལས་མི་ཉུང་བ་བྱེད་རྒྱུ་དང་། དེའི་ནང་ཁུལ་གསར་གྱི་སྔོ་ལྗང་ཁུལ་ཁྱབ་ཚད་དེ་35%ལས་མང་བ་དགོས་པ་དང་གྲོང་ཁུལ་ཪྙིང་པའི་སྔོ་ལྗང་ཁུལ་ཁྱབ་ཚད་15%ལས་མི་ཉུང་བ་བྱེད་དགོས་པ་དང་།

    (གཉིས ) བཟོ་ལས་ཀྱི་སྔོ་ལྗང་ཁུལ་ཁྱབ་ཚད་དེ་20%ལས་མི་ཉུང་བ་དང་། སྦགས་བཙོག་ཆེ་བའི་ཚན་པ་དང་ཉེན་ཆེའི་དངོས་རྫས་མཛོད་ཁང་གི་སྔོ་ལྗང་ཁུལ་ཁྱབ་ཚད་དེ་40%ལས་མི་ཉུང་བ་བྱེད་རྒྱུ་དང་སྦྲགས་ཚད་གཞི་ལྟར་འགོག་སྲུང་སྔོ་ལྗང་ཁུལ་བཟོ་དགོས་པ།

    (གསུམ ) གྲོང་ཁྱེར་གྱི་རྒྱ་ལམ་དང་གྲོང་སྲིད་ཀྱི་སྤྱི་སྤྱོད་སྒྲིག་བཀོད་ཀྱི་སྔོ་ལྗང་ཁུལ་ཁྱབ་ཚད་དེ་15%ལས་མི་ཉུང་བ་བྱེད་དགོས་པ་བཅས་ཡིན།

    འཛུགས་སྐྲུན་རྣམ་གྲངས་ཀྱི་གྲོང་ཁྱེར་སྔོ་ལྗང་ཁུལ་གྱི་རྒྱ་ཁྱོན་དེ་གཏན་འབེབས་བྱས་པའི་ཚད་གཞིར་མ་སླེབས་པའི་ཐོག་འཛུགས་སྐྲུན་བྱེད་དགོས་ངེས་ཡིན་ཚེ་ངེས་པར་དུ་གྲོང་ཁྱེར་དང་རྫོང་(ཆུད )ནགས་ལས་སྔོ་སྒྱུར་དང་། རྒྱལ་ཁབ་ས་ཆ་ཐོན་ཁུངས། གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་བཅས་ཀྱི་གཙོ་འགན་འཁུར་མཁན་ཚན་པ་ནས་ཞིབ་དཔྱད་མོས་མཐུན་ཐོབ་དགོས་ཁར་རིམ་མཚུངས་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་དགོས་པ་དང་། ཆོག་མཆན་ཐོབ་རྗེས་འཛུགས་སྐྲུན་ཚན་པས་ངེས་པར་དུ་གཏན་འབེབས་གཞིར་བཟུང་གྲོང་ཁྱེར་དང་རྫོང་(ཆུད )ནགས་ལས་སྔོ་སྒྱུར་གཙོ་འགན་འཁུར་མཁན་སྡེ་ཚན་ལ་གྲོང་ཁྱེར་སྔོ་ལྗང་ཅན་གྱི་གསབ་དངུལ་འཇལ་དགོས་པ་དང་། གྲོང་ཁྱེར་དང་རྫོང་(ཆུད )ནགས་ལས་སྔོ་སྒྱུར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ས་ཆ་གཞན་དུ་སྔོ་ལྗང་ཅན་བཟོ་རྒྱུ་གཅིག་གྱུར་ཐོག་སྒྲིག་འཛུགས་བྱེད་རྒྱུ།

    དོན་ཚན་བཅུ་བཞི་པ། གྲོང་ཁྱེར་དང་རྫོང་(ཆུད )གི་རྒྱལ་ཁབ་ས་ཆ་ཐོན་ཁུངས་དང་། གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་འཛུགས་སྐྲུན་རྣམ་གྲངས་ལ་ཞིབ་མཆན་སྤྲོད་སྐབས་འཛུགས་སྐྲུན་རྣམ་གྲངས་ཀྱི་ཚང་སྒྲིག་གྲོང་ཁྱེར་སྔོ་ལྗང་ཅན་གྱི་ལས་གྲྭའི་ཇུས་འགོད་འཆར་གཞིར་ངེས་པར་དུ་གྲོང་ཁྱེར་དང་རྫོང་(ཆུད )ནགས་ལས་སྔོ་སྒྱུར་གཙོ་འགན་འཁུར་མཁན་སྡེ་ཚན་གྱི་བསམ་འཆར་བསྡུ་ལེན་བྱེད་དགོས་པ་དང་། ཇུས་འགོད་ཚད་གཞི་མ་ལོན་པའི་རིགས་ལ་འཛུགས་སྐྲུན་འཁྲོལ་འཛིན་སྤྲོད་མི་ཆོག

    དོན་ཚན་བཅོ་ལྔ་པ། གསར་སྐྲུན་དང་། རྒྱས་སྐྲུན། བསྐྱར་སྐྲུན་བཅས་བྱེད་པའི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཚང་སྒྲིག་གྲོང་ཁྱེར་སྔོ་ལྗང་ཅན་གྱི་ལས་གྲྭ་དེ་ངེས་པར་དུ་གཙོ་རྐང་ལས་གྲྭ་དང་མཉམ་དུ་ཇུས་འགོད་དང་མཉམ་དུ་འཛུགས་སྐྲུན་བྱེད་དགོས། སྔོ་ལྗང་ཁུལ་བཟོ་བའི་འགྲོ་གྲོན་དེ་ངེས་པར་དུ་འཛུགས་སྐྲུན་ལས་གྲྭའི་སྤྱིའི་གྲོན་དངུལ་ནང་འཇུག་དགོས།

    འཛུགས་སྐྲུན་ཚན་པས་ངེས་པར་དུ་ཚང་སྒྲིག་སྔོ་ལྗང་ཅན་གྱི་ལས་གྲྭ་ལས་མཇུག་སྒྲིལ་རྗེས་གྲོང་ཁྱེར་དང་རྫོང་(ཆུད )ནགས་ལས་སྔོ་སྒྱུར་གཙོ་འགན་འཁུར་མཁན་སྡེ་ཚན་ལ་ཞིབ་བཤེར་རྩིས་ལེན་དགོས་པའི་སྙན་སེང་ཞུས་ཏེ་ཚད་གཞི་ལོན་རྗེས་བེད་སྤྱོད་བྱེད་རྒྱུར་རྩིས་སྤྲད་ན་འགྲིག

    དོན་ཚན་བཅུ་དྲུག་པ། སྔོ་ལྗང་ཅན་གྱི་ལས་གྲྭ་ལས་མཇུག་སྒྲིལ་ནས་ཞིབ་བཤེར་རྩིས་ལེན་གྱི་ཚད་གཞི་ལོན་རྗེས་འཛུགས་སྐྲུན་ཚན་པས་ངེས་པར་དུ་སྔོ་ལྗང་ཁུལ་གྱི་ངོས་ལེབ་རི་མོའི་མཚོན་བྱང་བཟོས་ཏེ་མངོན་གསལ་དོད་སར་ཡུན་རིང་ཡོངས་བསྒྲགས་བྱེད་དགོས།

    དོན་ཚན་བཅུ་བདུན་པ། སྔོ་ལྗང་ཅན་གྱི་ལས་གྲྭའི་འཛུགས་སྐྲུན་ཐད་ངེས་པར་དུ་ས་གནས་ཀྱི་ཁྱད་ཆོས་མངོན་པ་དང་ས་མཐོའི་འབྱུང་ཁམས་ཀྱི་ཆ་རྐྱེན་དང་འཚམ་ཞིང་དཔལ་འབྱོར་ཐད་ལུགས་དང་མཐུན་པའི་རྩི་ཤིང་རིགས་འདེབས་འཛུགས་བྱེད་དགོས་པ་མ་ཟད། རྩི་ཤིང་གི་སྐྱེ་ཁམས་དང་། འདེབས་འཛུགས་རྣམ་པ། རྩི་ཤིང་སྣ་རིགས་ཀྱི་སྣེ་མང་རང་བཞིན་དང་ལུགས་མཐུན་རང་བཞིན་བཅས་ལ་དོ་སྣང་བྱེད་དགོས།

    དོན་ཚན་བཅོ་བརྒྱད་པ། གྲོང་ཁྱེར་དང་རྫོང་(ཆུད )གི་གྲོང་ཁྱེར་སྔོ་ལྗང་ཅན་གྱི་ལས་གྲྭའི་ཇུས་འགོད་དང་། ཨར་སྐྲུན། ལྟ་སྡོམ་བཅས་བྱེད་རྒྱུ་དེ་ངེས་པར་དུ་དེ་མཚུངས་ཀྱི་འོས་ཐོབ་ཆ་རྐྱེན་ཡོད་པའི་ཇུས་འགོད་དང་། ཨར་སྐྲུན། ལྟ་སྡོམ་བཅས་ཚན་པར་མངགས་བཅོལ་བྱེད་དགོས། ཁྲིམས་ལྟར་ངེས་པར་དུ་འོས་སྐུལ་བྱེད་དགོས་པའི་གྲོང་ཁྱེར་གྱི་སྔོ་ཅན་དུ་སྒྱུར་རྒྱུའི་ལས་གཞིའི་རིགས་ལ་རྒྱལ་ཁབ་དང་། རང་སྐྱོང་ལྗོངས། འདི་ག་གྲོང་ཁྱེར་བཅས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་འོས་སྐུལ་རྒྱག་དགོས།

    ལེའུ་གསུམ་པ། སྲུང་སྐྱོབ་དང་བདག་གཉེར། 

    དོན་ཚན་བཅུ་དགུ་པ། གྲོང་ཁྱེར་དང་རྫོང་(ཆུད )གི་གྲོང་ཁྱེར་སྔོ་ལྗང་ཅན་སྲུང་སྐྱོབ་དང་བདག་གཉེར་བྱེད་རྒྱུའི་འགན་འཁྲི་དེ་གཤམ་གསལ་གྱི་གཏན་འབེབས་ལྟར་གཏན་འཁེལ་བྱེད་རྒྱུ་སྟེ།

    (གཅིག ) གྲོང་ཁྱེར་གྱི་སྤྱི་པའི་སྔོ་ལྗང་ཁུལ་དང་། གྲོང་ཁྱེར་འགྲོ་ལམ་གཡས་གཡོན་གྱི་ལྗོན་ཤིང་། འགྲོ་ལམ་གཙོ་ཕལ་གཉིས་ཀྱི་སྔོ་ལྗང་རྒྱུད་བཅས་དེ་དག་གྲོང་ཁྱེར་དང་རྫོང་(ཆུད )ནགས་ལས་སྔོ་སྒྱུར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་འགན་འཁུར་རྒྱུ་དང་།

    (གཉིས ) གཞུང་ལམ་དང་། ལྕགས་ལམ། ཆུ་ལམ། ཆུ་མཛོད་སོགས་ཁྱབ་ཁོངས་ནང་གི་སྔོ་ལྗང་ཁུལ་དེ་འབྲེལ་ཡོད་གཙོ་འགན་འཁུར་མཁན་ཚན་པས་འགན་འཁུར་རྒྱུ།

    (གསུམ ) མཛེས་ལྗོངས་ནགས་ས་དང་འགོག་སྲུང་སྔོ་ལྗང་ཁུལ་ནི་རིམ་ཁག་མི་དམངས་སྲིད་གཞུང་ནས་དམིགས་འཛུགས་བྱས་པའི་ཚན་པས་འགན་འཁུར་རྒྱུ།

    (བཞི ) སྡོད་གནས་ཁུལ་གྱི་སྔོ་ལྗང་ཁུལ་དེ་སྡོད་ཁུལ་སྡེ་ལས་དོ་དམ་ཚན་པའམ་ཡང་ན་ཁུལ་དེ་གནས་སའི་ཤང་དང་གྲོང་རྡལ་ཁྲོམ་གཞུང་དོན་གཅོད་ཁང་གིས་འགན་འཁུར་རྒྱུ།

    (ལྔ ) ཐོན་སྐྱེད་སྔོ་ལྗང་ཁུལ་དེ་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་མཁན་ཚན་པས་འགན་འཁུར་རྒྱུ་བཅས་སོ།

    གྲོང་ཁྱེར་དང་རྫོང་(ཆུད )ནགས་ལས་སྔོ་སྒྱུར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་སྔོ་ལྗང་ཁུལ་བདག་སྐྱོང་བྱེད་རྒྱུའི་ལག་རྩལ་ཐད་ལ་མཛུབ་ཁྲིད་བྱེད་དགོས། སྲུང་སྐྱོབ་དང་བདག་གཉེར་བྱེད་འགན་འཁུར་མཁན་ཚན་པ་གསལ་པོ་མེད་པའམ་ཡང་ན་རྩོད་གཞི་ཡོད་པའི་སྔོ་ལྗང་ཁུལ་གྱི་རིགས་ལ་གནས་སའི་གྲོང་ཁྱེར་དང་རྫོང་(ཆུད )མི་དམངས་སྲིད་གཞུང་ནས་སྲུང་སྐྱོབ་དང་བདག་གཉེར་བྱེད་འགན་འཁུར་མཁན་ཚན་པ་གཏན་འཁེལ་བྱེད་དགོས།

    དོན་ཚན་ཉི་ཤུ་པ། གྲོང་ཁྱེར་ནགས་ལས་སྔོ་སྒྱུར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་སྔོ་ལྗང་ཁུལ་བདག་སྐྱོང་ལག་རྩལ་ཚད་གཞི་བཟོས་ཐོག གྲོང་ཁྱེར་མི་དམངས་སྲིད་གཞུང་ལ་གོང་འབུལ་ཞུས་ནས་ཆོག་མཆན་ཐོབ་རྗེས་ལག་བསྟར་བྱེད་རྒྱུར་ཡོངས་བསྒྲགས་བྱེད་དགོས།

    བདག་སྐྱོང་འགན་འཁུར་ཚན་པས་ངེས་པར་དུ་བདག་སྐྱོང་ལག་རྩལ་གྱི་ཚད་གཞི་གཞིར་བཟུང་བདག་སྐྱོང་དོ་དམ་བྱེད་དགོས་ཁར། གནོད་འགོག་གེགས་སེལ་གྱི་འཕྲལ་སྡོམ་སྔོན་ཇུས་བཟོས་ནས། རླུང་ཆེན་དང་། དྲག་ཆར། གངས་ཆེན་སོགས་ཀྱི་གེགས་སྐྱོན་གནམ་གཤིས་འཕྲད་སྐབས་ངེས་པར་དུ་བདེ་འཇགས་འགོག་སྲུང་གི་བྱ་ཐབས་སྤྱོད་དགོས།

    དོན་ཚན་ཉེར་གཅིག་པ། གྲོང་ཁྱེར་གྱི་འགྲོ་ལམ་དང་གཞུང་ལམ་གྱི་སྔོ་ལྗང་ཅན་དེ་འཁོར་རིཌ (མི )སྐྱོད་སའི་མཐོང་རྒྱ་དང་འཚམ་དགོས་པ་མ་ཟད་ལོང་བའི་འགྲོ་ལམ་བཟུང་སྤྱོད་བྱེད་མི་ཆོག འགྲོ་ལམ་གྱི་ལྗོན་ཤིང་གིས་གྲོང་མིའི་སྡོད་ཁང་གི་དཀར་ཆ་དང་། རླུང་འགྲོ། མདོང་ལམ། འགྲིམ་འགྲུལ་བདེ་འཇགས་བཅས་ལ་གནོད་པ་ཡོད་པའམ་ཡང་ན་སྤྱི་པའི་སྒྲིག་བཀོད་རིགས་རྒྱུན་ལྡན་བེད་སྤྱོད་བྱེད་རྒྱུར་འགོག་རྐྱེན་བཟོ་རིགས་ལ་གྲོང་ཁྱེར་དང་རྫོང་(ཆུད )ནགས་ལས་སྔོ་སྒྱུར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་སྒྲིག་བཀོད་བདེ་འཇགས་ངང་སྤྱོད་རྒྱུ་དང་རྩི་ཤིང་རྒྱུན་གཏན་ལྟར་འཚར་ལོངས་ཡོང་རྒྱུར་ལྟ་རྟོགས་བྱེད་པའི་རྩ་དོན་བཟུང་ནས་ཐག་གཅོད་བྱེད་དགོས།

    དོན་ཚན་ཉེར་གཉིས་པ། སྤྱི་པའི་སྔོ་ལྗང་ཁུལ་གྱི་ལྗོན་ཤིང་གཅོད་འབྲེག་གམ་ཡང་ན་རྩ་སྤོས་རྒྱག་དགོས་ཚེ་ངེས་པར་དུ་ལྗོན་ཤིང་བདག་དབང་ཡོད་མཁན་གྱིས་གྲོང་ཁྱེར་དང་རྫོང་(ཆུད )ནགས་ལས་སྔོ་སྒྱུར་གཙོ་འགན་འཁུར་མཁན་སྡེ་ཚན་ལ་རེ་འདུན་ཞུ་དགོས། ཐེངས་གཅིག་ལ་ཤིང་རྐང་20མན་གཅོད་འབྲེག་གམ་ཡང་ན་རྩ་སྤོས་རྒྱག་དགོས་རིགས་གྲོང་ཁྱེར་དང་རྫོང་(ཆུད )ནགས་ལས་སྔོ་སྒྱུར་གཙོ་འགན་འཁུར་མཁན་སྡེ་ཚན་གྱི་ཆོག་མཆན་ཐོབ་དགོས། ཐེངས་གཅིག་ལ་ཤིང་རྐང་20ཡན་གཅོད་འབྲེག་གམ་ཡང་ན་རྩ་སྤོས་རྒྱག་དགོས་རིགས་གྲོང་ཁྱེར་དང་རྫོང་(ཆུད )ནགས་ལས་སྔོ་སྒྱུར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཞིབ་བཤེར་བསམ་འཆར་བཏོན་རྗེས་རིམ་མཚུངས་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་རྒྱུར་འབུལ་རྒྱུ་དང་སྦྲགས་འབྲེལ་ཡོད་ཀྱི་ཚད་གཞི་ལྟར་གྲོང་ཁྱེར་སྔོ་ལྗང་ཅན་གྱི་སྐྱིན་གསབ་གྲོན་དངུལ་འཇལ་དགོས།

    སྤྱི་པའི་སྔོ་ལྗང་ཁུལ་གྱི་ལྗོན་ཤིང་གཅོད་འབྲེག་གམ་ཡང་ན་རྩ་སྤོས་རྒྱག་དགོས་ཚེ་བདག་དབང་ཡོད་མཁན་གྱིས་ངེས་པར་དུ་ལྗོན་ཤིང་གཅོད་འབྲེག་གམ་ཡང་ན་རྩ་སྤོས་རྒྱག་རྒྱུའི་ལྗོན་ཤིང་གི་སྣ་རིགས་དང་། གྲངས་འབོར། གནས་ས་བཅས་ཚུད་པའི་གཅོད་འབྲེག་གམ་ཡང་ན་རྩ་སྤོས་རྒྱག་རྒྱུའི་ཇུས་གཞི་དང་། གསབ་འདེབས་འཆར་གཞི། རྩ་སྤོས་བརྒྱབ་རྗེས་ཀྱི་བདག་སྐྱོང་བྱ་ཐབས་བཅས་འབུལ་དགོས། གྲོང་ཁྱེར་དང་རྫོང་(ཆུད )ནགས་ལས་སྔོ་སྒྱུར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་སྙན་ཞུ་དང་ལེན་བྱས་པའི་ཉིན་ནས་བཟུང་ལས་ཀའི་ཉིན་བདུན་གྱི་ནང་ཚུན་དུ་ཞིབ་བཤེར་ཆོག་མཆན་སྤྲོད་པའི་ཐག་གཅོད་བྱེད་དགོས། ཆོག་མཆན་སྤྲད་མེད་པའི་རིགས་ལ་ཡིག་ཐོག་ནས་རྒྱུ་རྐྱེན་གསལ་བཤད་བྱེད་དགོས།

    ངེས་པར་དུ་ཤིང་གཅོད་སའི་ས་ཡུལ་དངོས་ལ་ཤིང་གཅོད་འཁྲོལ་འཛིན་སྤྱི་བསྒྲགས་བྱས་ཏེ་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས།

    དོན་ཚན་ཉེར་གསུམ་པ། ཚན་པ་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་སྤྱི་པའི་སྔོ་ལྗང་ཁུལ་གྱི་ལྗོན་ཤིང་གང་བྱུང་དུ་གཅོད་འབྲེག་དང་། རྩ་སྤོས་རྒྱག་པ། ཡལ་བཞུར་རྒྱག་པ་སོགས་བྱེད་མི་ཆོག

    གྲོང་ཁྱེར་གྱི་སྤྱི་པའི་ལྗོན་ཤིང་རིགས་གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་དང་མཐུན་ཚེ་གྲོང་ཁྱེར་དང་རྫོང་(ཆུད )ནགས་ལས་སྔོ་སྒྱུར་གཙོ་འགན་འཁུར་མཁན་སྡེ་ཚན་གྱི་ཆོག་མཆན་ཐོབ་རྗེས་གཞི་ནས་གཅོད་འབྲེག་བྱེད་ཆོག་པ་སྟེ།

    (གཅིག ) སྡོང་པོ་སྐམ་ཟིན་པ་དང་།

    (གཉིས ) འགོས་ནད་རང་བཞིན་གྱི་ནད་འབུའི་གནོད་འཚེ་ཕོག་ནས་གསོར་འཇོག་བྱེད་རིན་མེད་པའམ་ཡང་ན་དེ་མིན་གྱི་ཚབས་ཆེའི་ནད་འབུའི་གནོད་སྐྱོན་ཕོག་ཡོད་པ།

    (གསུམ ) སྤྱི་པའི་བདེ་འཇགས་ལ་གནོད་ཅིང་རྩ་སྤོས་རྒྱག་ཐབས་མེད་པ་བཅས་སོ།

    གྲོང་ཁྱེར་གྱི་སྤྱི་པའི་ལྗོན་ཤིང་རིགས་གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་དང་མཐུན་ཚེ་གྲོང་ཁྱེར་དང་རྫོང་(ཆུད )ནགས་ལས་སྔོ་སྒྱུར་གཙོ་འགན་འཁུར་མཁན་སྡེ་ཚན་གྱི་ཆོག་མཆན་ཐོབ་རྗེས་གཞི་ནས་རྩ་སྤོས་རྒྱག་པའམ་ཡང་ན་ཡལ་བཞུར་རྒྱག་ཆོག་པ་སྟེ།

    (གཅིག ) གྲོང་ཁྱེར་འཛུགས་སྐྲུན་བྱེད་རྒྱུར་དགོས་མཁོ་ཡོད་པ་དང་།

    (གཉིས ) གྲོང་མིའི་སྡོད་ཁང་གི་དཀར་ཆ་དང་རླུང་འགྲོ་ལ་གནོད་སྐྱོན་ཆེ་བ།

    (གསུམ ) སྤྱི་པའི་བདེ་འཇགས་ལ་གནོད་ཅིང་མིའི་ལུས་ཁམས་དང་ཡང་ན་རྒྱུ་ནོར་ལ་གྱོ ང་གུན་བཟོ་ཉེན་ཡོད་པ་བཅས་སོ།

    དོན་ཚན་ཉེར་བཞི་པ། གྲོང་ཁྱེར་སྔོ་ལྗང་ཅན་དང་སྔོ་ལྗང་ཅན་གྱི་སྒྲིག་བཀོད་ལ་གཏོར་སྐྱོན་གཏོང་བའི་གཤམ་གསལ་གྱི་བྱེད་སྤྱོད་རིགས་བཀག་འགོག་བྱེད་རྒྱུ་སྟེ།

    (གཅིག ) ལྗོན་ཤིང་ངམ་ཡང་ན་གྲོང་ཁྱེར་སྔོ་ལྗང་ཅན་གྱི་སྒྲིག་བཀོད་ཐོག་ཡི་གེ་བརྐོ་པ་དང་། གཟེར་རྒྱག་པ། ཁེབས་གཡོག་པ། ཕྱུགས་རིགས་འདོགས་པ། གློག་སྐུད་ཁྲིད་པ། བརྡ་ཁྱབ་བྱང་བུ་དང་སྦྱར་ཡིག་འགེལ་བ་དང་།

    (གཉིས ) ལྗོན་ཤིང་འགྲམ་དང་ཡང་ན་སྔོ་ལྗང་ཁུལ་དུ་དངོས་པོ་མེར་བསྲེགས་པ་དང་། ཆུ་སྙིགས་དང་ཡང་ན་དུག་གནོད་ལྡན་པའི་དངོས་པོ་བཤོ་བ།

    (གསུམ ) སྔོ་ལྗང་ཁུལ་དུ་སྒོ་ཕྱུགས་གསོ་བ་དང་། ས་དོང་འདྲུས་ནས་ས་ལེན་པ། ཨར་པོ་རྒྱག་པ། ཤོག་སྦག་རྒྱག་པ། ཚོང་ཁྲོམ་འདོན་པ། རླངས་འཁོར་འཇོག་པ།

    (བཞི ) གྲོང་ཁྱེར་སྔོ་ལྗང་ཅན་དང་གྲོང་ཁྱེར་སྔོ་ལྗང་ཅན་གྱི་སྒྲིག་བཀོད་ལ་གཏོར་སྐྱོན་གཏོང་བ། དེ་མིན་གྱི་བྱེད་སྤྱོད་བཅས་སོ།

    དོན་ཚན་ཉེར་ལྔ་པ། གྲོང་སྲིད་དང་། འགྲིམ་འགྲུལ། གློག་ཤུགས། འཕྲིན་གཏོང་སོགས་ཀྱི་འཛུགས་སྐྲུན་རྣམ་གྲངས་གཉེར་བའི་རྐྱེན་གྱིས་སྔོ་ལྗང་ཅན་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་ཚེ་འཛུགས་སྐྲུན་ཚན་པས་ངེས་པར་དུ་ལས་འགོ་མ་ཚུགས་གོང་གྲོང་ཁྱེར་དང་རྫོང་(ཆུད )ནགས་ལས་སྔོ་སྒྱུར་གཙོ་འགན་འཁུར་མཁན་སྡེ་ཚན་དང་གྲོས་མོལ་བྱས་ནས་སྲུང་སྐྱོབ་དང་སླར་གསོ་བྱེད་རྒྱུའི་བྱ་ཐབས་བཟོ་དགོས།

    (པར་ངོས་དྲུག་པར་མཐུད )

    དོན་ཚན་ཉེར་དྲུག་པ། སྐུད་ལམ་ལ་གློ་བུར་དུ་གནད་དོན་ཐོན་ནས་ལྗོན་ཤིང་འགྱེལ་ཏེ་འགྲིམ་འགྲུལ་དང་། ཨར་སྐྲུན། གྲོང་སྲིད་སྒྲིག་བཀོད་བཅས་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོས་རིགས་འབྲེལ་ཡོད་ཚན་པས་ངེས་པར་དུ་འཕྲལ་མར་གྲོང་ཁྱེར་དང་རྫོང་(ཆུད )ནགས་ལས་སྔོ་སྒྱུར་གཙོ་འགན་འཁུར་མཁན་སྡེ་ཚན་ལ་བརྡ་ཐོ་གཏོང་དགོས། གྲོང་ཁྱེར་དང་རྫོང་(ཆུད )ནགས་ལས་སྔོ་སྒྱུར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་འབྲེལ་ཡོད་ཚན་པ་དང་མཉམ་དུ་འཕྲལ་མར་ཐག་གཅོད་བྱེད་དགོས།

    དོན་ཚན་ཉེར་བདུན་པ། འགྲིམ་འགྲུལ་ལས་འཛོལ་ལམ་ཡང་ན་དེ་མིན་ལས་དོན་གྱི་རྐྱེན་པས་གྲོང་ཁྱེར་གྱི་སྔོ་ལྗང་ཅན་དང་སྔོ་ལྗང་ཅན་གྱི་སྒྲིག་བཀོད་ལ་གཏོར་སྐྱོན་ཕོག་རིགས་དོན་རྐྱེན་བཟོ་མཁན་ནམ་ཡང་ན་འགན་འཁུར་ཚན་པས་ངེས་པར་དུ་གྲོང་ཁྱེར་དང་རྫོང་(ཆུད )ནགས་ལས་སྔོ་སྒྱུར་གཙོ་འགན་འཁུར་མཁན་སྡེ་ཚན་ལ་གྲོང་ཁྱེར་སྔོ་ལྗང་ཅན་གྱི་སྐྱིན་གསབ་གྲོན་དངུལ་འཇལ་དགོས།

    དོན་ཚན་ཉེར་བརྒྱད་པ། ཉེན་སེལ་གུད་སྐྱོབ་དང་གློ་བུར་རང་བཞིན་གྱི་དོན་རྐྱེན་ཐག་གཅོད་བྱེད་རྒྱུ་སོགས་ཀྱི་དགོས་མཁོའི་རྐྱེན་པས་ལྗོན་ཤིང་ཡལ་བཞུར་རྒྱག་དགོས་པའམ་ཡང་ན་གཅོད་འབྲེག་བྱེད་དགོས་པ་བྱུང་ཚེ་ཛ་དྲག་གནས་ཚུལ་ཐག་གཅོད་བྱེད་མཁན་ཚན་པས་ངེས་པར་དུ་གནས་ཚུལ་ཐག་གཅོད་བྱས་ཉིན་ནས་བཟུང་ཉིན་10ཡི་ནང་ཚུན་དུ་འབྲེལ་ཡོད་ཐག་གཅོད་བྱས་ཚུལ་གྲོང་ཁྱེར་དང་རྫོང་(ཆུད )ནགས་ལས་སྔོ་སྒྱུར་གཙོ་འགན་འཁུར་མཁན་སྡེ་ཚན་ལ་སྙན་སེང་ཞུ་དགོས།

    དོན་ཚན་ཉེར་དགུ་པ། གྲོང་ཁྱེར་དང་རྫོང་(ཆུད )ནགས་ལས་སྔོ་སྒྱུར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་གྲོང་ཁྱེར་སྔོ་སྒྱུར་སྐྱེ་དངོས་ཀྱི་ནད་འབུ་འགོག་བཅོས་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། ཤིང་སོན་རིགས་ནང་འདྲེན་བྱེད་སྐབས་ངེས་པར་དུ་འགོས་ནད་བརྟག་ཞིབ་བྱེད་དགོས་པ་དང་། འགོས་ནད་ཀྱི་བརྟག་ཞིབ་ཚད་གཞི་མ་ལོན་པའི་ཤིང་སོན་ནང་འདྲེན་བྱེད་མི་ཆོག རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་ཤིང་སོན་དང་དེའི་སོན་རིགས་ཀྱི་ཐོན་ཁུངས་བརྗེ་རེས་དང་། ནང་འདྲེན་བྱེད་སྐབས་རྒྱལ་ཁབ་དང་། རང་སྐྱོང་ལྗོངས། འདི་གའི་གྲོང་ཁྱེར་བཅས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་འགྲོ་ལུགས་སྒྲུབ་དགོས།

    དོན་ཚན་སུམ་ཅུ་པ། གྲོང་ཁྱེར་དང་རྫོང་(ཆུད )ནགས་ལས་སྔོ་སྒྱུར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་གནའ་ཤིང་གྲགས་ཅན་ཕུད་པའི་སྡོང་རྒན་དང་ཡང་ན་ས་གནས་དེ་གའི་གནམ་གཤིས་དང་མི་འཕྲོད་པའི་རྐྱེན་གྱིས་ཁོར་ཡུག་ལ་སྦགས་བཙོག་བཟོ་བའི་ལྗོན་ཤིང་རིགས་ཞིབ་བཤེར་ཆོག་མཆན་ཞུ་བའི་གོ་རིམ་ལྟར་གསབ་འདེབས་གསར་འཛུགས་བྱེད་དགོས།

    དོན་ཚན་སོ་གཅིག་པ། སྔོ་ལྗང་བཟོ་རྒྱུའི་ཁ་གསབ་གྲོན་དངུལ་དང་སྔོ་ལྗང་ཅན་གྱི་སྐྱིན་ཚབ་གྲོན་དངུལ་བསྡུ་ཐབས་དེ་གྲོང་ཁྱེར་ནོར་སྲིད་དང་ཟོག་གོང་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ནགས་ལས་སྔོ་སྒྱུར་གཙོ་འགན་འཁུར་མཁན་སྡེ་ཚན་དང་མཉམ་དུ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་བཟོས་ཏེ་གྲོང་ཁྱེར་མི་དམངས་སྲིད་གཞུང་ལ་ཕུལ་ནས་ཆོག་མཆན་ཐོབ་རྗེས་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་རྒྱུ།

    སྔོ་ལྗང་བཟོ་བའི་ཁ་གསབ་གྲོན་དངུལ་དང་སྔོ་ལྗང་ཅན་གྱི་སྐྱིན་ཚབ་གྲོན་དངུལ་རྣམས་ངེས་པར་དུ་གྲངས་ཚང་ཐོག་ནོར་སྲིད་ལ་རྩིས་འབུལ་ཞུས་ཐོག སྔོ་ལྗང་ཅན་བཟོ་བའི་ཐད་ཆེད་སྤྱོད་བྱེད་དགོས་པ་ལས་གཞན་སྤྱོད་བྱེད་མི་ཆོག

    ལེའུ་བཞི་པ། བཅའ་ཁྲིམས་ཀྱི་འགན་འཁྲི། 

    དོན་ཚན་སོ་གཉིས་པ། སྲོལ་ཡིག་འདིའི་དོན་ཚན་བཅུ་གཅིག་པའི་གཏན་འབེབས་ལས་འགལ་བའི་རིགས་གྲོང་ཁྱེར་དང་རྫོང་(ཆུད )ནགས་ལས་སྔོ་སྒྱུར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་དུས་བཀག་ནང་ཡོ་བསྲང་དང་། དུས་བཀག་ནང་ཕྱིར་སྤྲོད། སྔར་བཞིན་སླར་གསོ་བཅས་བྱེད་དུ་འཇུག་རྒྱུ་དང་སྦྲགས་སྒོར་5000ཡན་ནས་སྒོར་ཁྲི་1མན་གྱི་དངུལ་ཆད་འགེལ་ཆོག

    དོན་ཚན་སོ་གསུམ་པ། སྲོལ་ཡིག་འདིའི་དོན་ཚན་ཉེར་གསུམ་པའི་གཏན་འབེབས་ལས་འགལ་བའི་རིགས་གྲོང་ཁྱེར་དང་རྫོང་(ཆུད )ནགས་ལས་སྔོ་སྒྱུར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཁྲིམས་འགལ་གྱི་བྱེད་སྤྱོད་མཚམས་འཇོག་བྱེད་དགོས་རྒྱུའི་བཀའ་གཏོང་རྒྱུ་མ་ཟད་དམིགས་འཛུགས་ཀྱི་ས་ཆར་བཅད་པའི་ཤིང་གྲངས་ཀྱི་ལྡབ་10གསབ་འཛུགས་བྱེད་དུ་འཇུག་རྒྱུ་དང་ཆབས་ཅིག་བཅད་པའི་ཤིང་གི་དངོས་ཡོད་རིན་ཐང་གི་ལྡབ་1ཡན་ནས་དང་ལྡབ་3མན་གྱི་དངུལ་ཆད་འགེལ་ཆོག

    དོན་ཚན་སོ་བཞི་པ། སྲོལ་ཡིག་འདིའི་དོན་ཚན་ཉེར་བཞི་པའི་ནང་ཚན་དང་པོའི་གཏན་འབེབས་ལས་འགལ་བའི་རིགས་གྲོང་ཁྱེར་དང་རྫོང་(ཆུད )ནགས་ལས་སྔོ་སྒྱུར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་སྦྲགས་སྒོར་20ཡན་ནས་སྒོར་100མན་གྱི་དངུལ་ཆད་འགེལ་ཆོག སྲོལ་ཡིག་འདིའི་དོན་ཚན་ཉེར་བཞི་པའི་ནང་ཚན་གཉིས་པ་དང་གསུམ་པའི་གཏན་འབེབས་ལས་འགལ་རིགས་གྲོང་ཁྱེར་དང་རྫོང་(ཆུད )ནགས་ལས་སྔོ་སྒྱུར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་སྦྲགས་སྒོར་500ཡན་ནས་སྒོར་1000མན་གྱི་དངུལ་ཆད་འགེལ་རྒྱུ། དོན་ཚན་ཉེར་བཞི་པའི་ནང་ཚན་བཞི་པའི་གཏན་འབེབས་ལས་འགལ་རིགས་གྲོང་ཁྱེར་དང་རྫོང་(ཆུད )ནགས་ལས་སྔོ་སྒྱུར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་དོན་དངོས་གྱོ ང་གུན་གྱི་ལྡབ་1ཡན་ནས་ལྡབ་3མན་གྱི་དངུལ་ཆད་འགེལ་ཆོག

    དོན་ཚན་སོ་ལྔ་པ། གྲོང་ཁྱེར་དང་རྫོང་(ཆུད )ནགས་ལས་སྔོ་སྒྱུར་གཙོ་འགན་འཁུར་མཁན་སྡེ་ཚན་གྱི་ལས་དོན་མི་སྣས་ཁྲིམས་ལྟར་གཞུང་དོན་སྒྲུབ་སྐབས་དེར་འགོག་རྐྱེན་བཟོས་ནས་ཚབས་ཆེའི་རྗེས་འབྲས་ངན་པ་བཟོས་རིགས་སྤྱི་བདེ་ཚན་པས 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས 》གཞིར་བཟུང་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ་དང་། ཉེས་གསོག་ཚད་ལ་སླེབས་རིགས་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ།

    དོན་ཚན་སོ་དྲུག་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ནས་གཤམ་གསལ་གྱི་བྱེད་སྤྱོད་རིགས་ཐོན་ཚེ་དེ་གནས་ཡུལ་གྱི་ཚན་པའམ་ཡང་ན་གོང་རིམ་གཙོ་འགན་འཁུར་མཁན་ལས་ཁུངས་ཀྱིས་ཐད་ཀར་འགན་འཁྲི་འཁུར་མཁན་གྱི་འགན་འཁུར་མི་སྣ་དང་དེ་མིན་གྱི་ཐད་ཀར་འགན་འཁྲི་ཡོད་མཁན་མི་སྣར་ཁྲིམས་ལྟར་ཉེས་ཆད་གཅོད་རྒྱུ་དང་། ཉེས་གསོག་དོགས་གཞི་ཡོད་རིགས་ཁྲིམས་འཛིན་ལས་ཁུངས་ཀྱིས་ཐག་གཅོད་བྱེད་དགོས་པ་སྟེ།

    (གཅིག ) སྲོལ་ཡིག་འདི་དང་འབྲེལ་བ་ཡོད་པའི་སྡེ་ཚན་དང་དེ་བཞིན་ལས་དོན་མི་སྣས་དབང་ཆ་གང་བྱུང་དུ་སྤྱོད་པ་དང་། འགན་འཁྲི་སྣང་མེད་དུ་འཇོག་པ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱེད་པ་དང་།

    (གཉིས ) ནགས་ལས་སྔོ་སྒྱུར་གཙོ་འགན་འཁུར་མཁན་སྡེ་ཚན་དང་དེའི་ལས་དོན་མི་སྣས་སྔོ་སྒྱུར་ཁ་གསབ་གྲོན་དངུལ་དང་སྔོ་ལྗང་ཅན་གྱི་སྐྱིན་ཚབ་གྲོན་དངུལ་བཙན་བཟུང་དང་། འཐེན་ཉར། སྒེར་སྤྱོད་བཅས་བྱེད་པ།

    (གསུམ ) སྲོལ་ཡིག་འདི་ལས་འགལ་བའི་དེ་མིན་གྱི་བྱེད་སྤྱོད་གཞན་དག་བཅས་སོ།

    ལེའུ་ལྔ་པ། ཞར་བྱུང་།

    དོན་ཚན་སོ་བདུན་པ། སྲོལ་ཡིག་འདི་2014ལོའི་ཟླ་7ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ། 1996ལོའི་ཟླ་7པའི་ཚེས་12ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དྲུག་པའིརྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉི་ཤུ་པའི་ཐོག་ཆོག་མཆན་ཐོབ་པའི 《གྲོང་ཁྱེར་སྔོ་ལྗང་ཅན་དུ་སྒྱུར་རྒྱུའི་གྲོང་ཁྱེར་ལྷ་སའི་སྲོལ་ཡིག 》དེ་ཆབས་ཅིག་ཏུ་རྩིས་མེད་གཏོང་རྒྱུ།

    (ལྗོངས་མི་དམངས་འཐུས་ཚོགས་དྲུང་ཡིག་ཁང་ནས་མཁོ་འདོན་བྱས་པ་གཞིར་བཟུང )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།