དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་འགོ་ཁྲིད་ལས་བྱེད་པའི་སྤྱོད་གཙང་རང་འདོམས་ལས་དོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        2014ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པའི་སྐབས་དེར་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ལྗོངས་ཏང་ཨུད་ཀྱི “བསྲུང་བྱ་རྣམ་བཅུ ”དང “བླང་བྱ་ཁག་དགུའི ”དགོངས་དོན་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་པ་དང་དཀའ་སྤྱད་འབད་འཐབ་དང་ཧུར་བསྲིས་གྲོན་ཆུང་གི་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་ནས་ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་ཏན་ཏིག་བྱེད་པ་དང་ཆུད་ཟོས་གཏོང་བར་ངོ་རྒོལ་བྱེད་རྒྱུར་སྐུལ་འདེད་བཏང་སྟེ་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་སྤྲོ་སྣང་དོད་པ་དང་སྤྱོད་བཟང་གཞུང་དྲང་གི་དུས་ཆེན་ཞིག་གཏོང་ཐུབ་པ་བྱེད་ཆེད་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཐིང་གིས་ཆེད་མངགས་གཤམ་གསལ་གྱི་བརྡ་ཐོ་འདི་བཏང་བ་སྟེ།

        རིམ་ཁག་ཏང་སྲིད་ལས་ཁུངས་དང་། མི་དམངས་ཚོགས་པ། གཞུང་ཁོངས་ཁེ་ལས་དང་བྱ་གཞག་ཚན་པ་དང་དངུལ་རྩའི་སྒྲིག་གཞི་བཅས་ཀྱིས་གཞུང་དངུལ་བེད་སྤྱད་དེ་ཤོག་སྦག་དང་། ཨ་རག་དང་ཐ་མག མེ་ཏོག ཟས་རིགས་སོགས་ཀྱི་ལོ་གསར་གྱི་ཉེར་མཁོའི་འབུལ་རྟེན (དཀའ་ངལ་ཡོད་པའི་མང་ཚོགས་དང་ལས་བཟོར་འཚམས་འདྲི་བྱེད་པ་དེ་དེའི་ཁོངས་སུ་མི་ཚུད་པ )ཉོས་ནས་སྤྲོད་མི་ཆོག་པ་དང་། གཞུང་དངུལ་བེད་སྤྱད་དེ་རིགས་ཁག་གི་དངོས་ཟོག་ཉོ་སྒྲུབ་གཱ་ཉོ་བ་དང་གཤམ་སྤྲོད་བྱེད་མི་ཆོག་པ་དང་དུས་ཆེན་གྱི་མིང་ཐོག་ནས་གཞུང་དངུལ་བེད་སྤྱད་དེ་ཟ་འཐུང་བྱེད་མི་ཆོག་པ། གཞུང་དངུལ་བེད་སྤྱད་དེ་ཕན་ཚུན་འཚམས་འདྲི་བྱེད་པ་དང་། ཕན་ཚུན་འབུལ་རྟེན་སྤྲོད་པ། ཕན་ཚུན་གསོལ་སྟོན་བཤམས་ནས་མགྲོན་པོར་འབོད་པ་སོགས་ལོ་གསར་ལ་འཚམས་འདྲི་ཞུ་བའི་བྱེད་སྒོ་སྤེལ་མི་ཆོག་པ། དོ་དམ་དང་ཞབས་ཞུ་བྱ་ཡུལ་དང་། ཁོངས་གཏོགས་ཁུལ་ནང་གི་ཁོངས་གཏོགས་ཚན་པ་དང་མི་སྒེར། འགན་དབང་སྤྱོད་པ་དང་འབྲེལ་བ་ཡོད་པའི་ཚན་པ་དང་མི་སྒེར་བཅས་ཀྱི་དངུལ་སྨར་དང་། རིན་ཐང་ལྡན་པའི་དངུལ་འཛིན། དངུལ་གཏོང་སྤྲོད་ཀྱི་དཔང་འཛིན། རྩ་ཆེའི་དངོས་ཟོག་བཅས་དང་ལེན་བྱེད་མི་ཆོག་པ། མིང་སྣ་ཚོགས་ཀྱི་ཐོག་ནས་དུས་ཆེན་གྱི་གོ་སྐབས་དང་བསྟུན་ཏེ་འཕྲལ་མར་དངུལ་གཏོར་བ་དང་གང་བྱུང་དུ་ཕོགས་སྣོན་དང་། གསབ་དངུལ། བྱ་དགའི་དངུལ། དངོས་རྫས་བཅས་སྤྲོད་མི་ཆོག་པ། མིང་སྣ་ཚོགས་ཀྱི་ཐོག་ནས་གཞུང་དངུལ་བེད་སྤྱད་དེ་ཡུལ་སྐོར་སྤྲོ་གསེང་དང་འགྲོ་གྲོན་མཐོ་བའི་ལུས་སྦྱོང་དང་རོལ་རྩེད་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་དང་དེའི་ཁྲོད་ཞུགས་མི་ཆོག་པ་བཅས་རེད། ལོ་མཇུག་གི་རིགས་ཁག་གི་དཔྱད་བསྡུར་ཚད་ལོན་གྱི་གཟེངས་བསྟོད་བྱེད་སྒོ་ཚོད་འཛིན་ནན་པོ་བྱེད་པ་དང་རིགས་ཁག་གི་ཇ་སྟོན་ཚོགས་འདུ་དང་། མཉམ་སྤྲོའི་ཚོགས་འདུ། དུས་ཆེན་གྱི་རྟེན་འབྲེལ་མཛད་སྒོ་བཅས་ཉུང་དུ་གཏོང་དགོས། ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་སྣེ་འཁྲིད་དེ་ཧུར་བསྲི་གྲོན་ཆུང་དང་གོམས་སྲོལ་ངན་པ་སྒྱུར་བཅོས་དང་ཏང་སྲོལ་སྲིད་སྲོལ་བཟང་པོའི་ཐོག་ནས་དམངས་སྲོལ་དང་སྤྱི་ཚོགས་ཀྱི་སྤྱོད་ཚུལ་སྐུལ་ཁྲིད་བྱེད་དགོས། ཏང་ཡོན་ལས་བྱེད་པ་རྣམ་པ་སྣ་ཚོགས་ཀྱི་རྒྱན་འཛུགས་བྱེད་སྒོར་ཞུགས་མི་ཆོག་པ་དང་། མནའ་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་སོགས་ཀྱི་ལས་དོན་ལ་བརྟེན་ནས་རྒྱས་སྤྲོས་རྒྱས་གཤོམ་བྱས་ཏེ་དངུལ་དང་རྒྱུ་ནོར་བསྡུ་ལེན་བྱེད་མི་ཆོག་པ། གཞུང་འཁོར་སྒེར་སྤྱོད་དང་འགོ་ཁྲིད་ལས་བྱེད་པས་རང་དགར་གཞུང་འཁོར་བཀོལ་སྤྱོད་བྱེད་མི་ཆོག་པ། དུས་ཆེན་གྱི་གོ་སྐབས་དང་བསྟུན་ནས་དཔོན་གནས་སློང་རྒྱག་པ་དང་དཔོན་གནས་ཉོ་ཚོང་བྱེད་མི་ཆོག་པ་སོགས་རེད།

        རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་ཞིབ་བཤེར་གྱི་འགན་འཁྲི་ལག་ལེན་ནན་ཏན་བསྟར་བ་དང་དུས་ཐོག་ཏུ་མངོན་ཞིབ་ལྐོག་འདྲི་བྱས་ཏེ་བཀག་རྒྱ་ཡོད་ཀྱང་སྒྲིག་ཁྲིམས་ལས་འགལ་བའི་ཚན་པ་དང་མི་སྒེར་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་རྒྱུ་རེད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གཏན་འབེབས་དོན་ཚན་བརྒྱད་དང “བསྲུང་བྱ་རྣམ་བཅུ ”ལས་འགལ་བའི་བྱེད་སྤྱོད་ལ་ཐེར་འདོན་གོང་ཞུ་བྱ་རྒྱུའི་དགའ་བསུ་ཞུ་རྒྱུ་དང་ཐེར་འདོན་གོང་ཞུའི་ཁ་པར་ཨང་གྲངས་ནི་12388(08916322166)ཡིན།

        བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཐིང་ནས།

        2014ལོའི་ཟླ་1ཚེས་6ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།