ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་གྱི་ལོ་གཅིག་རིང་།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་ལྗོངས་ཀྱི་དྲིལ་བསྒྲགས་བསམ་བློའི་རིག་གནས་འཐབ་ཕྱོགས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུའི་ལམ་ཕྱོགས་གཙོ་བོ་དམ་པོར་བཟུང་བ་དང་། ཐོན་ཁུངས་དང་སེམས་ཤུགས་ཚང་མ་གཅིག་དུ་བསྒྲིལ་བ། དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་བརྗོད་བྱ་གཙོ་བོ་མཆོག་ཏུ་འཛིན་ནས་ལྟེ་བའི་རིན་ཐང་ལྟ་བ་དང་། ཀྲུང་གོའི་ཕུགས་འདུན། བོད་གསར་རྙིང་བསྡུར་བ། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སོགས་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་ཁག་ཚ་ཚ་འུར་འུར་ངང་སྤེལ་བ་རེད། སྐབས་ཤིག་རིང་ལྗོངས་ཡོངས་ཀྱི་བསམ་བློ་དང་རིག་གནས་དྲིལ་བསྒྲགས་ལས་དོན་ལ་བཀྲག་མདངས་འཚེར་ས་རྒྱུན་ཆད་མེད་པར་ཐོན་པ་དང “བཅུད་གསབ ”ནུས་པ་ཆེན་པོ་ཞིག་འདོན་སྤེལ་གང་ལེགས་ཐུབ་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱ་ཕྱིར་བསམ་པའི་སྟོབས་ཤུགས་གཅིག་སྒྲིལ་བྱུང་ཡོད།
ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་གྲོལ་རྗེས་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚོགས་ཆེན་བཅོ་བརྒྱད་པའི་སྒྲོག་འགྲེལ་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཇུས་འགོད་སྔ་ཙམ་བྱས་པ་མ་ཟད། ད་དུང་ལྗོངས་ཡོངས་སུ་ལྗོངས་དང་། ས་ཁུལ། རྫོང་། ཤང་།
གྲོང་ཚོ་བཅས་རིམ་པ་ལྔའི་སྒྲོག་འགྲེལ་ཚོགས་པ་དང་ཐོག་བཙུགས་ཡོད། ལྷག་པར་དུ་ལྗོངས་ཡོངས་སུ་སྤེལ་བའི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་འཚོ་བའི་བྱེད་སྒོ་དང་ཟུང་འབྲེལ་གྱིས་མི་རིགས་ཁག་གི་ལས་བྱེད་པ་ཁྲི་2.1ལྷག་ཙམ་གྲོང་ཚོ་དང་། སྡེ་ཁུལ། གྲོང་ལྷན་བཅས་སུ་མངགས་པ་དང་ཁོང་ཚོས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་གཞི་རིམ་གྱི་མི་རིགས་ཁག་གི་མང་ཚོགས་ལ་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སྒྲོག་འགྲེལ་རྒྱ་ཁྱབ་ཏུ་བྱས་ཡོད་པ་རེད།
ལོ་གཅིག་རིང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དང་། ལྟེ་བའི་རིན་ཐང་ལྟ་བ། ཀྲུང་གོའི་ཕུགས་འདུན། བོད་གསར་རྙིང་བསྡུར་བ། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སོགས་སྒྲོག་འགྲེལ་བྱེད་སྒོ་རབ་དང་རིམ་པ་སྤེལ་བར་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ཞིང་འབྲོག་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད་ཅིང་། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་རིགས་པའི་གཞུང་ལུགས་དང་སློབ་གསོའི་ལས་དོན་སྤེལ་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བྱས་རིམ་མཚོན་པ་དང་གོམ་སྟབས་བརྟན་པོ་ཞིག་སྤོས་པ་ར་འཕྲོད་ཀྱང་ཐུབ་ཀྱི་ཡོད། ད་ཆ་རང་ལྗོངས་སུ་རིགས་གཅིག་མཁས་པ་དང་རིག་གནས་པས་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་བྱེད་པ་དང་། འགོ་ཁྲིད་ལས་བྱེད་པས་སྲིད་ཇུས་སྒྲོག་འགྲེལ་བྱེད་པ། རྒྱ་ཆེའི་མང་ཚོགས་ཀྱིས་ཉེ་འཁོར་དུ་བྱུང་བའི་བྱ་བ་བརྗོད་པ་བཅས་ཀྱི་སྒྲོག་འགྲེལ་མ་ལག་ཅིག་ཕྱོགས་ཡོངས་ནས་བཙུགས་པ་སྤྱི་དང་ལྷག་པར་དུ་ང་ཚོས་བརྗོད་འོས་པ་ཞིག་ནི་གསོ་སྦྱོང་བྱས་པ་བརྒྱུད་ཞིང་འབྲོག་པ་ལས་གྲུབ་པའི་སྒྲོག་འགྲེལ་པ་2400ལྷག་ཙམ་གྱིས་ཞིང་ནང་དང་ཞིང་དུད་དུ་སྒྲོག་འགྲེལ་བྱེད་པར་བསྐྱོད་ཅིང་། ཁོང་ཚོས་ཏང་གི་འབོད་སྒྲ་ཁྱིམ་ཚང་ཁྲི་སྟོང་མང་པོར་བརྒྱུད་བསྒྲགས་བྱེད་པའི་ནང་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་འགྱུར་བ་བྱས་ཡོད་ལ་སྒྲོག་འགྲེལ་ལས་དོན་དེའང་རྒྱུན་གཏན་ཅན་དུ་གྱུར་ཡོད་པ་རེད།
སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་ཆེད་རང་ལྗོངས་ཀྱིས་རྒྱ་ཆེའི་ལས་བྱེད་མང་ཚོགས་ཁྲོད་དུ་རྣམ་པ་སྣ་ཚོགས་སྤྱད་དེ་བོད་གསར་པ་དང་། འཕེལ་རྒྱས་གསར་པ། འགྱུར་ལྡོག་གསར་པ། འཚོ་བ་གསར་པ་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད། 2013ལོའི་ཟླ་5ཚེས་23ཉིན་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་62འཁོར་བའི་དྲན་གསོའི་ཉིན་མོར་བོད་གསར་རྙིང་བསྡུར་བའི་བྱེད་སྒོའི་དྲན་གསོའི་དུས་ཚོད་དེ་འདྲ་ཞིག་ཏུ་སྤེལ་འགོ་བཙུགས་ཤིང་། ཡིག་འབྲུ་ཁྲི་2དང་། རྩ་ཆེའི་པར་རིས་200ལྷག་ཙམ། དངོས་པོ་དང་པར་གཞི་མང་པོ་བསྟན་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་འོག་བོད་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་བཤུ་གཞོག་དང་གཉའ་གནོན་ཆེན་པོ་ཕོག་པའི་ཡ་ང་བའི་འཚོ་བ་དང་དབུལ་ཕོངས་རྗེས་ལུས་ཀྱི་འཚོ་བ་ཇི་མ་ཇི་བཞིན་དུ་མཚོན་པར་བྱས་ཡོད། དེ་དང་བསྡུར་གཞི་མངོན་གསལ་དོད་པོ་ཞིག་ཏུ་གྱུར་པ་ནི་ཡིག་འབྲུ་ཁྲི་1ལྷག་ཙམ་དང་པར་རིས་100ལྷག་ཙམ་གྱི་ཐོག་ནས་དམངས་གཙོ་བཅོས་སྒྱུར་བྱས་ཚུན་བོད་ཀྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། འཚོ་བ། སྣོད་བཅུད་འཛུགས་སྐྲུན་བཅས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་ལེགས་སུ་འགྲོ་བའི་བདེ་སྐྱིད་འཚོ་བ་མཚོན་པར་བྱས་པ་དེ་རེད།
བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དང་། བོད་དམག་ཁུལ་ཁང་གི་དམག་དོན་ལོ་རྒྱུས་འགྲེམས་སྟོན་ཁང་། ཕོ་བྲང་པོ་ཏ་ལའི་ཞོལ་གྲོང་སོགས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་ལྟ་སྐོར་བ་རྒྱུན་ཆད་རྒྱུ་མེད་ཅིང་། འགྲེམས་སྟོན་ཁང་དེ་དག་གིས་པར་རིས་དང་དངོས་རྫས་འབོར་ཆེན་འགྲེམས་སྟོན་བྱས་ནས་བོད་འཕེལ་རྒྱས་འབྱུང་རིམ་ཁག་མཚོན་པར་བྱས་ཏེ་མི་སྔར་བས་མང་པོས་ལོ་རྒྱུས་ཤེས་རྟོགས་བྱ་རྒྱུ་དང་། གསར་བརྗེའི་སྲོལ་རྒྱུན་རྒྱུན་འཛིན་བྱ་རྒྱུ། ད་ལྟའི་བདེ་སྐྱིད་འཚོ་བར་གཅེས་སྤྲས་སྔར་ལས་ལྷག་པ་བྱ་རྒྱུ་བཅས་ལ་སྟབས་བདེ་བསྐྲུན་ཡོད། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གིས་ལྟ་སྐོར་དུ་ཡོང་བའི་སློབ་ཕྲུག་ཚོར་སྟབས་བདེ་བསྐྲུན་པ་མ་ཟད། ད་དུང་སློབ་གྲྭ་ཁག་དང་རང་འགུལ་ངང་འབྲེལ་བ་བྱས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའི་འགན་འཁྲི་ཡང་ལེགས་པར་བསྒྲུབས་ཡོད་པ་རེད།
ན་ནིང་ཟླ་བཅུ་གཅིག་པར་རང་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་དྲ་སྦྲེལ་ལས་དོན་ཨུ་ཡོན་ལྷན་ཁང་ཐོག་མ་བཙུགས་པ་ནི་དྲ་སྦྲེལ་ལས་དོན་ལ་ཏང་གིས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། རང་བོད་ལྗོངས་ཀྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པ། རང་ལྗོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་པ་བཅས་ཀྱི་བྱ་སྤྱོད་གལ་ཆེན་ཞིག་རེད། སྐབས་དེ་དང་བསྟུན་ནས་རང་ལྗོངས་ཀྱིས་སྨྱན་སྦྱོར་གསར་གྲས་འཛུགས་སྐྲུན་དང་དོ་དམ་བྱ་རྒྱུར་ཁྲིམས་ལུགས་ལྟར་ཤུགས་སྣོན་བརྒྱབ་པ་དང་དྲ་སྦྲེལ་ཁྱབ་ཁོངས་ཁྲོད་ཀྱི་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ལྟེ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་། དམག་འཐབ་བྱེད་ཤུགས། ཤུགས་རྐྱེན་ཐེབས་ཤུགས་བཅས་ཆེ་རུ་བཏང་ཡོད་ལ་རང་ལྗོངས་ཀྱི་དྲ་སྦྲེལ་སྐྱོན་བྲལ་དང་གོ་རིམ་ལྡན་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཀྱང་བཏང་ཡོད་པ་རེད།
2013ལོའི་ཟླ་ལྔ་པར་སྐབས་དགུ་པའི་རིག་གནས་དངོས་མང་སྟོན་ཚོགས་ཧྲེན་ཀྲེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། ལྗོངས་ནང་ཁུལ་གྱི་ཁེ་ལས་བྱ་གཞག་ཚན་པ་30ལྷག་ཙམ་དང་མི་130ལྷག་ཙམ་ལས་གྲུབ་པའི་བོད་ཀྱི་འཐུས་མི་ཚོགས་པས་འགྲེམས་རྫས་རྩེར་སོན་4000ལྷག་ཙམ་དང་མ་འཇོག་ངོ་སྤྲོད་རྣམ་གྲངས་ཆེ་རིགས་6འཁྱེར་ཏེ་རིག་གནས་ཐོན་ལས་ཕྱོགས་བསྡུས་ཁང་དང་མངོན་མིན་རིག་གནས་ཤུལ་བཞག་ཁང་དུ་བཅའ་སྡོད་བྱས་ནས་གངས་ལྗོངས་ས་མཐོའི་བརྗིད་ཆགས་ཡིད་འོང་གི་རང་བྱུང་མཛེས་ལྗོངས་དང་དམིགས་བསལ་ཁྱད་ཆོས་ལྡན་པའི་མིས་བཟོས་ཡུལ་ལྗོངས་བསྐྱར་དུ་མངོན་པར་བྱས་ལ་རང་ལྗོངས་ཀྱི་རིག་གནས་སྒྱུར་བཅོས་དང་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གསར་ཤོས་ཁྱོན་ཡོངས་ནས་མཚོན་པར་བྱས་ཡོད། དེའི་རིང་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་དང་། 《བོད་ཀྱི་གསང་བ 》ཞེས་པའི་རྒྱུན་མཐུད་འཁྲབ་ཚན་བཟོ་སྐྲུན་ཀུང་སི། 《འུན་ཤིང་ཀོང་ཇོ 》ཞེས་པའི་དངོས་ལྗོངས་ཟློས་གར་གཙོ་སྐྲུན་ཚན་པ་སོགས་ཀྱིས་ཀྱང་གློག་བརྙན་དང་། བརྙན་འཕྲིན། སྒུལ་བརྙན་བཅས་ཀྱི་བརྩམས་ཆོས་འཁྱེར་ནས་འགྲེམས་སྟོན་ནང་ཞུགས། ཟླ་5ཚེས་18ཉིན་གཉེར་བའི་རང་སྐྱོང་ལྗོངས་ཀྱི་རིག་གནས་ཐོན་ལས་ཚོང་འགུགས་མ་འདྲེན་རྣམ་གྲངས་འོས་སྦྱོར་ཚོགས་འདུས་རྒྱལ་ཁབ་ཕྱི་ནང་གི་རིག་གནས་ཁེ་ལས་200ལྷག་ཙམ་གྱི་འཐུས་མི་དང་སྨྱན་སྦྱོར་ཚན་པ་བཅུ་ལྷག་གི་གསར་འགོད་པ་སྤེལ་རེས་གྲོས་མོལ་དང་དྲིལ་བསྒྲགས་ཁྱབ་གདལ་བྱེད་པར་ཡོང་རྒྱུའི་ཡིད་དབང་འཕྲོག འོས་སྦྱོར་ཚོགས་འདུའི་ཐོག་རིག་གནས་ཐོན་ལས་རྣམ་གྲངས་10ལ་མིང་རྟགས་བཀོད་པ་དང་། མིང་རྟགས་བཀོད་པའི་མ་དངུལ་སྒོར་དུང་ཕྱུར་9.6ལྷག་ཙམ་ཟིན་གྱི་ཡོད། སྒོར་དུང་ཕྱུར་10ལ་ཉེ་བའི་རིག་གནས་ཐོན་ལས་ཀྱི་གན་རྒྱ་དེ་དག་ནི་རང་ལྗོངས་ཀྱི་རིག་གནས་ཐོན་ལས་སྒྲིག་གཞི་སྒྱུར་བཅོས་ལ་ཕན་འབྲས་ཐོབ་པའི་བསྡུས་རིས་ལྟ་བུ་ཤིག་ཡིན། རིག་གནས་དངོས་མང་སྟོན་ཚོགས་རིང་ཕྱོགས་བསྡུས་ཁང་དང་མངོན་མིན་རིག་གནས་ཤུལ་བཞག་ཁང་གང་དུ་ཡིན་རུང་བོད་ཀྱི་འགྲེམས་ཁང་དུ་ཡོང་མཁན་ཧ་ཅང་མང་པོ་ཡོད་ཅིང་། དེའི་རིང་བོད་ཀྱི་ཐུན་མིན་ཁྱད་ཆོས་དང་། རྒྱ་ཆེ་ཞིང་གཏིང་ཟབ་པའི་བོད་ཀྱི་རིག་གནས་ཀྱིས་ཚང་མའི་མིག་དབང་འཕྲོག་ཡོད། དོན་སྙིང་གཞན་ཞིག་གི་ངོས་ནས་བརྗོད་ན་ཧ་ཅང་འཁྲུག་ཆ་དོད་པའི་རིག་གནས་དངོས་མང་སྟོན་ཚོགས་ཁང་གི་རྣམ་པ་དེ་ནི་ཏག་ཏག་རང་ལྗོངས་ཀྱི་ཉེ་བའི་ལོ་ཤས་རི ང་གི་རིག་གནས་སྒྱུར་བཅོས་འཕེལ་རྒྱས་ཀྱི་བྱ་གཞག་ཉིན་བཞིན་དར་རྒྱས་ཕྱིན་པའི་དངོས་བྲིས་ཤིག་ཡིན།