དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • 2013ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ཞི་མཐུན་དཔེ་བཟང་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ལྗོངས་ཡོངས་ཀྱི་ཞི་མཐུན་དཔེ་བཟང་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་འདེམས་ཀྱི་བྱེད་སྒོ་སྤེལ་ཚུན་རིམ་པ་ཁག་དང་སྡེ་ཚན་ཁག་དང་དགོན་སྡེའི་དོ་དམ་ཨུ་ལྷན་ཁག་གིས་དོ་དམ་དང་། ཞབས་ཞུ། སློབ་གསོ་བཅས་ཀྱི་འགན་ནུས་ནན་ཏན་བསྒྲུབས་པ་དང་སྒྲིག་འཛུགས་གང་ལེགས་དང་། བཀོད་སྒྲིག་ཞིབ་ཚགས། སྐུལ་སློང་རྒྱ་ཁྱབ། མཐུན་སྦྱོར་ནན་ཏན་བཅས་བྱས་ནས་ལྗོངས་དེ་ཡོངས་ཀྱི་དགོན་སྡེ་ཁག་དང་རྒྱ་ཆེའི་གྲྭ་བཙུན་ཚོས་རང་འགུལ་ངང་ཞུགས་པ་དང་གསར་གཏོད་བྱེད་སྒོའི་ནང་གཏིང་ཟབ་ཞུགས་པར་མཐུན་སྒྲིལ་དང་། སློབ་གསོ། སྣེ་ཁྲིད་བཅས་བྱས་པས་ཆོས་ལུགས་ལས་རིགས་ཁྲོད་ཞི་མཐུན་གཏོད་པ་དང་། སྔོན་ཐོན་བརྩོན་ལེན་བྱེད་པ། གཟི་ཁྲེལ་རྟོགས་པ། རྒྱལ་ཁབ་ཀྱི་དྲིན་འཇལ་བ་བཅས་ཀྱི་ཞི་མཐུན་རྣམ་པ་ཞིག་ཆགས་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་བོད་བརྒྱུད་ནང་བསྟན་ཁྱབ་ཁོངས་ཞི་མཐུན་ལམ་ལྷོང་ཡོང་བའི་བྱ་ཐབས་གསར་པ་དང་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཡོད། གཏོད་འདེམས་བྱེད་སྒོའི་ཁྲོད་དགོན་སྡེ་ཁག་དང་རྒྱ་ཆེའི་གྲྭ་བཙུན་ཚོས་བོད་བརྒྱུད་ནང་བསྟན་གྱི་ཕུལ་བྱུང་རིག་གནས་དར་སྤེལ་ཤུགས་ཆེན་གཏོང་བ་དང་བོད་བརྒྱུད་ནང་བསྟན་གྱི “རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན། དད་ལྡན་པར་བདེ་བ་སྐྲུན་པ ”བཅས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱེད་པ་དང་དར་སྤེལ་བཏང་བས་ཆོས་ལུགས་ལས་རིགས་ལ་རྒྱལ་གཅེས་ཆོས་གཅེས་དང་། དར་ཚུལ་བཟང་བ། གཏམ་བཟང་སྤྱོད་བཟང་བཅས་ཀྱི་དར་སྲོལ་བཟང་པོ་ཞིག་གཏོད་པ་དང་བོད་བརྒྱུད་ནང་བསྟན་གྱི་རྒྱལ་ཁབ་དཔལ་གྱིས་བརྒྱན་པ་དང་། སེམས་ཅན་བདེ་ལ་འགོད་པ། རང་ཕན་གཞན་ཕན་བཅས་ཀྱི་བསམ་པའི་བརྩོན་ལེན་མཚོན་ནས་ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་འབོར་ཆེན་ཞིག་ཐོན་པས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་མི་རིགས་དང་ཆོས་ལུགས་སྤྱད་དེ་བོད་ལ་ཟིང་འཁྲུག་སློང་བ་དང་བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་ལམ་ལ་གཏོར་བཤིག་གཏོང་བའི་ཁ་ཕྲལ་གྱི་ལྐོག་གཡོར་ཕར་རྒོལ་ནུས་ལྡན་བྱས་པ་རེད།

        སྔོན་ཐོན་ལ་སྐུལ་མ་གཏོང་བ་དང་མིག་དཔེ་བཏོད་དེ་གཏོད་འདེམས་བྱེད་སྒོ་དེ་དགོན་སྡེ་ཁག་དང་རྒྱ་ཆེའི་གྲྭ་བཙུན་ཚོའི་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཏུ་མུ་མཐུད་འགྱུར་བ་བྱ་ཕྱིར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དགའ་ལྡན་དགོན་སོགས་དགོན་སྡེ་150ལ “2013ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ཞི་མཐུན་དཔེ་བཟང་དགོན་སྡེའི ”གཟི་བརྗིད་མཚན་སྙན་དང་། ཚེ་དབང་སོགས་གྲྭ་བཙུན་10401ལ “2013ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན ”གྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་གཏན་འབེབས་བྱས་ཡོད། རེ་བར་གཟེངས་བསྟོད་ཐོབ་པའི་ཞི་མཐུན་དཔེ་བཟང་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ཚོས་མཚན་སྙན་ལ་གཅེས་སྤྲས་དང་ཡང་འབད་བསྐྱར་འབད་བྱས་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་མུ་མཐུད་མཐོན་པོར་སྒྲེང་བ་དང་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་ལམ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པ་བྱེད་པའི་ཐབས་ལམ་གསར་པ་འཚོལ་ཞིབ་དང་ལག་བསྟར་ཧུར་ཐག་བྱས་ཐོག་ལྗོངས་ཡོངས་ཀྱི་ཞི་མཐུན་དང་བརྟན་ལྷིང་ཆེད་ནུས་པ་འདོན་སྤེལ་ཧུར་ཐག་བྱེད་དགོས།

        རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་དེ་ཡོངས་ཀྱི་རྒྱ་ཆེའི་དགོན་སྡེ་དང་གྲྭ་བཙུན་ཚོར་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་ངེས་པར་དུ་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི ”སྐོར་གྱི་འཐབ་ཇུས་གལ་ཆེན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པ། “ཁྲིམས་ལྟར་བོད་བཅོས་སྐྱོང་དང་བོད་ཡུན་རིང་འཛུགས་སྐྲུན་བྱེད་དགོས་པའི ”སྐོར་གྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་བཅས་བྱེད་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་འདེམས་ཀྱི་བྱེད་སྒོ་མུ་མཐུད་སྤེལ་རྒྱུ་དེ་སྒུལ་ཤུགས་སུ་བྱེད་པ་དང་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་མིག་དཔེར་བྱས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་སྲུང་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་བརྩི་སྲུང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལ་བརྩི་སྲུང་། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་བརྩི་སྲུང་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཏང་དང་སྲིད་གཞུང་དང་བློ་སེམས་གཅིག་མཐུན་དང་། བྱ་སྤྱོད་གཅིག་གྱུར། འདུན་པ་གཅིག་མཐུན་བཅས་བྱས་ནས་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་དང་། མཐུན་སྒྲིལ་ཡར་ཐོན། སྤྱི་ཚོགས་ལ་ཞབས་ཞུ་བཅས་ཀྱི་སྲོལ་རྒྱུན་བཟང་པོ་སྔར་བས་དར་སྤེལ་གཏོང་བ་དང་། མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་བཅས་ཡོང་བ་བྱེད་མཁན་གྱི་བློ་བརྟན་འགྱུར་མེད་ཀྱི་སྲུང་སྐྱོང་པ་བྱས་ནས་ཉམས་ལེན་དང་རྟོགས་པ་ཆེ་རུ་གཏོང་བ་དང་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པ་ཡོང་རྒྱུར་སྐུལ་མ་གཏོང་མཁན་གྱི་བརྩོན་པ་ཅན་ཞིག་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དགོན་སྡེའི་དོ་དམ་ཨུ་ལྷན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་ཧུར་ཐག་བྱས་ཏེ་ཐུན་མོང་ཐོག་དགོན་སྡེ་དོ་དམ་ཡག་པོ་བྱེད་པ་དང་བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་ལམ་སྲུང་སྐྱོང་ཏན་ཏིག་བྱས་ནས་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་སྲིང་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་བརྟན་ལྷིང་བཅས་ཡོང་བ་བྱེད་པ་དང་། བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་སྔར་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།