དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • 《ཏང་སྲིད་འགོ་ཁྲིད་ལས་བྱེད་པ་ཁེ་ལས་སུ་འགན་གཅིག་ལྕོགས(བསྐོ་གཞག)འཁུར་བ་སྔར་བས་ཚད་ལྡན་ཡོང་བའི་གནད་དོན་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-09

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་བརྡ་ཐོ་བཏང་སྟེ 《ཏང་སྲིད་འགོ་ཁྲིད་ལས་བྱེད་པ་ཁེ་ལས་སུ་འགན་གཅིག་ལྕོགས (བསྐོ་གཞག )འཁུར་བ་སྔར་བས་ཚད་ལྡན་ཡོང་བ་བྱེད་པའི་གནད་དོན་སྐོར་གྱི་བསམ་འཆར 》པར་འགྲེམས་བྱས་པ་རེད། 《བསམ་འཆར 》དེས 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལས་པའི་བཅའ་ཁྲིམས 》དང 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་སྤྱོད་གཙང་སྲིད་ཞུགས་བྱེད་པའི་ཚད་གཞི་འགའ་ཞིག 》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞི་འཛིན་སར་བྱས་ནས་དེ་སྔོན་གྱི་སྲིད་ཇུས་དང་གཏན་འབེབས་ཀྱི་རྨང་གཞིའི་ཐོག་ཏང་སྲིད་འགོ་ཁྲིད་ལས་བྱེད་པས་ཁེ་ལས་སུ་འགན་གཅིག་ལྕོགས (བསྐོ་གཞག )འཁུར་བར་དོ་དམ་བྱེད་པའི་ལམ་ལུགས་སྔར་བས་ཚད་ལྡན་ཡོང་བ་དང་འཐུས་ཚང་དུ་བཏང་བས་ལས་བྱེད་པར་དོ་དམ་ནན་པོ་བྱེད་པའི་བླང་བྱ་མཚོན་ཡོད་པ་རེད།

        《བསམ་འཆར 》ནང་ད་ལྟ་འགན་འཁུར་བཞིན་ཡོད་པ་དང་ད་ལྟའི་ལས་གནས་ཐོག་མེད་ཀྱང་ལས་འཁྱུར (ལས་བྲལ )འགྲོ་ལུགས་གཉེར་མེད་པའི་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་ཁེ་ལས་སུ་འགན་གཅིག་ལྕོགས (བསྐོ་གཞག )བྱ་མི་ཆོག་པ་དང་། གཞུང་ལས་དགོངས་ཞུ་བྱས་པའམ་ཡང་ན་ལས་འཁྱུར (ལས་བྲལ )བྱས་པའི་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་ཁེ་ལས་སུ་འགན་གཅིག་ལྕོགས (བསྐོ་གཞག )འཁུར་སྐབས་ངེས་པར་དུ་ཚོད་འཛིན་ནན་པོ་དང་འགག་སྒོ་ནན་སྲུང་བྱེད་དགོས་ཤིང་ལས་ཀའི་དགོས་མཁོས་རྐྱེན་པས་ཁེ་ལས་སུ་འགན་གཅིག་ལྕོགས (བསྐོ་གཞག )འཁུར་དགོས་ཚེ་ལས་བྱེད་པར་དོ་དམ་བྱེད་པའི་དབང་ཚད་ལྟར་ཞིབ་བཤེར་མཆན་འགོད་ནན་པོ་བྱེད་དགོས། གཞུང་ལས་དགོངས་ཞུ་བྱས་པའམ་ཡང་ན་ལས་འཁྱུར (ལས་བྲལ )བྱས་རྗེས་ཀྱི་ལོ་གསུམ་ནང་ཚུན་དུ་རང་ཉིད་དེ་སྔོན་འགན་འཁུར་བའི་ས་ཁོངས་ཀྱི་ས་གནས་དང་ལས་སྒོའི་ཁྱབ་ཁོངས་སུ་ཡོད་པའི་ཁེ་ལས་སུ་འགན་གཅིག་ལྕོགས (བསྐོ་གཞག )འཁུར་མི་ཆོག་ལ་དེ་སྔོན་འགན་འཁུར་སྐབས་དོ་དམ་བྱེད་པའི་ལས་སྒོ་དང་འབྲེལ་བ་ཡོད་པའི་གཉེར་སྐྱོང་རང་བཞིན་གྱི་བྱེད་སྒོར་ཞུགས་མི་ཆོག་པའི་གཏན་འབེབས་བྱས་ཡོད་པ་རེད།

        《བསམ་འཆར 》ནང་གཏན་འབེབས་ལྟར་ཆོག་མཆན་ཐོབ་ནས་ཁེ་ལས་སུ་འགན་གཅིག་ལྕོགས་འཁུར་མཁན་ཏང་སྲིད་འགོ་ཁྲིད་ལས་བྱེད་པས་ཁེ་ལས་ནས་ཐོབ་ཆ་དང་། བྱ་དགའི་དངུལ། ཁ་གསབ་དངུལ་སོགས་ལེན་མི་ཆོག་པ་དང་། མ་རྐང་དབང་ཆ་དང་ཁེ་ཕན་གཞན་ལེན་མི་ཆོག་པ། ལས་འགན་གཅིག་ཡན་གཅིག་ལྕོགས་བྱ་མི་ཆོག་པ། འགན་གཅིག་ལྕོགས་འཁུར་བ་དེ་འགན་འཛིན་ཡུན་ཚད་ལམ་ལུགས་ལག་ལེན་བསྟར་རྒྱུ་ཡིན་པ་དང་འགན་འཛིན་ཡུན་ཚད་ལོན་ཚེ་ངེས་པར་དུ་བསྐྱར་ཞིབ་མཆན་འགོད་དམ་ཡང་ན་ཐོ་འགོད་བྱེད་དགོས་པ་དང་འགན་འཛིན་ཡུན་ཚད་སྐབས་གཉིས་ལས་འཁུར་མི་ཆོག་པ། ལས་འགན་གཅིག་ལྕོགས་འཁུར་བའི་ལོ་ཚད་ནི་ལོ་70ཡིན་པ་བཅས་བཏོན་ཡོད་པ་རེད།

        《བསམ་འཆར 》ནང་དུས་བཀག་རིང་ཏང་སྲིད་འགོ་ཁྲིད་ལས་བྱེད་པས་སྒྲིག་འགལ་ངང་ཁེ་ལས་སུ་འགན་གཅིག་ལྕོགས (བསྐོ་གཞག )འཁུར་བའི་གནས་ཚུལ་ལ་གཙང་བཤེར་བྱེད་དགོས། ས་གནས་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས 《བསམ་འཆར 》གྱི་གཏན་འབེབས་གཞིར་བཟུང་ལས་བྱེད་པར་དོ་དམ་བྱེད་པའི་དབང་ཚད་ལྟར་འགོ་ཁྲིད་ལས་བྱེད་པས་ཁེ་ལས་སུ་འགན་གཅིག་ལྕོགས (བསྐོ་གཞག )འཁུར་བའི་གནས་ཚུལ་ལ་ཐེངས་གཅིག་རིང་མཐིལ་རྟོགས་གྲལ་བཤེར་བྱས་ནས་གནད་དོན་ཤེས་རྟོགས་ཐུབ་ཚེ་དུས་བཀག་ནང་ཡོ་བསྲང་བྱེད་དུ་འཇུག་དགོས་ཞེས་བླང་བྱ་བཏོན་ཡོད་པ་རེད།

        དུས་མཚུངས 《བསམ་འཆར 》ནང་ས་གནས་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས 《བསམ་འཆར 》གྱི་དགོངས་དོན་གཞིར་བཟུང་ལས་བྱེད་པར་དོ་དམ་བྱེད་པའི་དབང་ཚད་ལྟར་བབ་བསྟུན་གྱི་དོ་དམ་དང་ལག་བསྟར་བྱེད་ཐབས་བཟོས་ཏེ་རིམ་ཁག་དང་རིགས་ཁག་གི་འགོ་ཁྲིད་ལས་བྱེད་པས་ཁེ་ལས་སུ་འགན་གཅིག་ལྕོགས (བསྐོ་གཞག )འཁུར་བའི་བྱ་སྤྱོད་ཚད་ལྡན་ཡོང་བ་བྱེད་པ་དང་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།