དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • ཀྲུང་དབྱང་གི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གིས《“སྤྱོད་ཚུལ་བཞིའི”མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་བྱེད་དགོས་པ་དང་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-09

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་དབྱང་གི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གིས 《“སྤྱོད་ཚུལ་བཞིའི ”མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་བྱེད་དགོས་པ་དང་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པའི་སྐོར་གྱི་བརྡ་ཐོ 》པར་འགྲེམས་བྱས་ཏེ་ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ལ 《ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་བྱེད་དགོས་པ་དང་ཆུས་ཟོས་ལ་ངོ་རྒོལ་བྱེད་དགོས་པའི་སྲོལ་ཡིག 》ལག་བསྟར་ནན་པོ་བྱེད་པ་དང་། ཆེད་དོན་བཅོས་སྒྲིག་བྱ་རྒྱུ་དེ་སློབ་གསོ་ལག་ལེན་བྱེད་སྒོའི་དག་ཐེར་བཅོས་སྒྲིག་གི་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ། ལམ་ལུགས་འཛུགས་སྐྱོང་བྱ་རྒྱུ་དེ་གནད་དོན་ཐག་གཅོད་བྱེད་པའི་རྩ་བཅོས་ཇུས་གཞིར་བརྩི་བ། རྣམ་འགྱུར་སྒམ་བརླིང་དང་། ཚད་གཞི་ནན་པོ། སྒྲིག་ཁྲིམས་དམ་པོ་བཅས་ཀྱི་ཐོག་ནས་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་ཕན་འབྲས་ཐོན་ཐུབ་པ་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།

        《བརྡ་ཐོའི 》ནང་མང་ཚོགས་ཀྱིས་གོང་ཞུ་བྱས་པའི “སྤྱོད་ཚུལ་བཞིའི ”མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཁྱོན་ཡོངས་ནས་སྤེལ་དགོས། དགོས་མེད་དང་མང་དྲགས་པའི་ཡིག་ཆ་དང་ཚོགས་འདུ་དང་ཞིབ་བཤེར་དཔྱད་བསྡུར་སྐྱོན་མང་དྲགས་པ་་བཅས་བཅོས་སྒྲིག་བྱེད་དགོས་ཤིང་། ཚོགས་འདུའི་གྲངས་འབོར་དང་། ཚོགས་ཡུན། ཚོགས་ཞུགས་མི་གྲངས་བཅས་ཚོད་འཛིན་ནན་པོ་བྱེད་དགོས་པ་དང་། ཡིག་ཆ་དང་། གནས་ཚུལ་མདོར་བསྡུས། ནང་སྤྱོད་དུས་དེབ་བཅས་ཚོད་འཛིན་ནན་པོ་བྱེད་དགོས་པ། དཔྱད་བསྡུར་ཚད་ལོན་གཟེངས་བསྟོད་བྱེད་སྒོ་གཙང་བཤེར་ནན་པོ་བྱེད་དགོས་པ་དང་ཆབས་ཅིག་ཚད་ལྡན་དུ་གཏོང་དགོས། “སྒོ་འཛུལ་དཀའ་བ་དང་། རྣམ་འགྱུར་ངན་པ། བྱ་བ་སྒྲུབ་དཀའ་བ ”བཅས་བཅོས་སྒྲིག་བྱེད་དགོས་ཤིང་། ཁག་འགན་ཕར་དཀྲི་ཚུར་དཀྲི་དང་། “བཟའ་འཁྱེར་བཀག་ལེན ”སྤྱོད་ཚུལ་དྲག་རྩུབ་བཅས་ཀྱི་བྱ་སྤྱོད་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས་པ་དང་། སྦུག་མཐུན་གཡོ་བསྒྱུར་དང་དབང་ཆ་བོགས་གཏོད་སོགས་ཀྱི་བྱ་སྤྱོད་ཞིབ་གཅོད་མཐའ་གཅིག་ཏུ་བྱེད་དགོས་པ། “ཐ་མལ་དང་། སྒྱིད་ལུག བག་གཡེང ”བཅས་ཀྱི་སྤྱོད་ཚུལ་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་དགོས་པ། གཞུང་དངུལ་བཏང་སྟེ་ལག་རྟགས་འབུལ་བ་དང་། གཞུང་དངུལ་བཏང་སྟེ་ཟ་འཐུང་བྱེད་པ། རྒྱས་སྤྲོས་ཆུད་ཟོས་སོགས་ཀྱི་བྱ་སྤྱོད་བཅོས་སྒྲིག་བྱེད་དགོས་ཤིང་། སྤྱི་དོན་བྱེད་སྒོའི་ནང་ལག་རྟགས་དང་། འབུལ་རྟེན། རིན་ལྡན་འཛིན་ཤོག གཏོང་སྤྲོད་དཔང་འཛིན་བཅས་འབུལ་སྐྱེལ་ལམ་ཡང་ན་དང་ལེན་བྱ་རྒྱུ་གཏན་འགོག་བྱེད་དགོས་པ་དང་། གཞུང་དངུལ་བཏང་སྟེ་རྒྱས་སྤྲོས་ལོངས་སྤྱོད་གཏན་འགོག་དང་། སྤྱི་དོན་དང་འབྲེལ་བ་མེད་པའི་གསོལ་སྟོན་གཤོམས་རྒྱུ་གཏན་འགོག་བྱེད་དགོས་པ། རྒྱས་སྤྲོས་རྣམ་པའི་ཐོག་ནས་དགོང་ཚོགས་གཉེར་བའི་སྣང་ཚུལ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པ། རྒྱལ་ཁབ་ཕྱིའི་ཚོང་འགུགས་མི་སྣ་རིམ་པ་མཐོ་བའི་གསོལ་མགྲོན་ཁང་དུ་བཀོད་སྒྲིག་བྱེད་པ་སོགས་ཀྱི་གནད་དོན་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས་པ། ཚད་གཞི་ལས་བརྒལ་ཏེ་རླངས་འཁོར་བཀོད་སྒྲིག་བྱེད་པ་དང་། གཞུང་ལས་ཁང་མང་པོ་བཟུང་བ། ཐོག་ཁང་དང་ཚོམས་ཆེན་ལ་སོགས་གང་བྱུང་དུ་སྐྲུན་པ་སོགས་ཀྱི་བྱ་སྤྱོད་བཅོས་སྒྲིག་བྱེད་དགོས་ཤིང་། གྲངས་བརྒལ་ཚད་བརྒལ་གྱིས་རླངས་འཁོར་སྒྲིག་བྱེད་པ་དང་། གཞུང་འཁོར་སྒེར་སྤྱོད་བྱེད་པ། དམག་ཁོངས་ཀྱི་རླངས་འཁོར་དང་ཉེན་རྟོག་པའི་རླངས་འཁོར་གྱི་འཁོར་རྟགས་གང་བྱུང་དུ་སྤྱོད་པ་སོགས་ཀྱི་བྱ་སྤྱོད་ཞིབ་གཅོད་མཐའ་གཅིག་ཏུ་བྱེད་དགོས་པ། ཏང་སྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པས་རྒྱ་ཁྱོན་ལས་བརྒལ་ནས་བཟུང་བ་དང་སྤྱོད་པའི་གཞུང་ལས་ཁང་། དེ་བཞིན་གཞུང་ལས་ཁང་མང་པོ་བཟུང་བ་སོགས་ཀྱི་གནད་དོན་ཁྱོན་ཡོངས་ནས་གཙང་བཤེར་བྱེད་དགོས་ཤིང་། འགོ་ཁྲིད་ལས་བྱེད་པས་སྒྲིག་སྲོལ་ལས་འགལ་ཏེ་སྡོད་ཁང་མང་པོ་བཟུང་བ་ཞིབ་གཅོད་ནན་པོ་བྱེད་དགོས་པ་དང་ཏང་སྲིད་ལས་ཁུངས་ཀྱིས་གཏན་འབེབས་ལས་འགལ་ཏེ་ཐོག་ཁང་དང་ཚོམས་ཆེན་ལ་སོགས་འཛུགས་སྐྲུན་དང་མཛེས་བཟོ་རྒྱས་པོ་བྱ་རྒྱུ་བཀག་འགོག་ནན་པོ་བྱེད་དགོས་པ། “གཞུང་གྲོན་གསུམ ”གི་གཏོང་སྒོ་ཆེ་དྲགས་པ་བཅོས་སྒྲིག་བྱེད་དགོས་ཤིང་། སྔོན་རྩིས་ལས་བརྒལ་བའང་ཡང་ན་སྔོན་རྩིས་མེད་པའི་གཏོང་སྒོ་ནན་འགོག་བྱེད་དགོས་པ་དང་། གཞུང་དོན་སྣེ་ལེན་གྱི་ཚད་གཞི་ནན་ཏུ་གཏོང་དགོས་པ། གཞུང་སྤྱོད་རླངས་འཁོར་གྱི་གཏོང་སྒོ་ཚོད་འཛིན་ནན་པོ་བྱེད་དགོས་པ། གཞུང་དོན་སྒྲུབ་ཕྱིར་སྐབས་ཐོག་ཏུ་ཕྱི་རྒྱལ་དུ (རྒྱལ་མཚམས་ནས་ཐོན་པ )ཕྱི་འགྲོའི་ཚོགས་པ་སྒྲིག་འཛུགས་ཀྱི་གྲངས་འབོར་དང་གཞི་ཁྱོན་ཚོད་འཛིན་ནན་པོ་བྱེད་དགོས་པ། རྟོག་ཞིབ་རང་བཞིན་གྱི་འཚམས་འདྲི་བཀོད་སྒྲིག་བྱེད་མི་ཆོག་ཅེས་བསྟན་ཡོད་པ་རེད།

        《བརྡ་ཐོའི 》ནང “སྤྱོད་ཚུལ་བཞིའི ”མངོན་པའི་གནད་དོན་ཐག་གཅོད་བྱ་རྒྱུར་དམ་པོར་དམིགས་ནས་ལམ་ལུགས་འཛུགས་སྐྱོང་ལས་དོན་གྱི་གཙོ་གནད་ཁོང་དུ་ཆུད་པ་བྱེད་དགོས། ད་ཡོད་ལམ་ལུགས་གསེད་བཅོས་ནན་པོ་བྱེད་པ་དང་སྦྲགས་མེད་པ་བཟོ་བ་དང་། བཅོས་སྒྲིག་བྱེད་པ། གསར་འཛུགས་བྱེད་པ་བཅས་ཀྱི་ལས་དོན་ཡག་པོ་སྤེལ་དགོས། འབྲེལ་ཡོད་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། ཕྱི་ཚུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ཐད་ཚན་རིག་དང་མཐུན་ལ་དམངས་གཙོ་ལྡན་པའི་ཐབས་ཇུས་ལམ་སྲོལ་དང་ལས་དོན་དོན་འཁྱོལ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ལས་བྱེད་པ་འདེམས་བསྐོ་བེད་སྤྱོད་དང་ཞིབ་དཔྱད་གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ། ཚོགས་འདུ་དང་། ཡིག་ཆ། གནས་ཚུལ་མདོར་བསྡུས། དཔྱད་བསྡུར་གཟེངས་བསྟོད། ཚད་ལོན་བྱེད་སྒོ། བརྟག་དཔྱད་ཞིབ་འཇུག་སོགས་ཐད་ཀྱི་ལམ་ལུགས་དང་གཏན་འབེབས་འཐུས་སྒོ་ཚང་དུ་དང་ཚད་ལྡན་དུ་གཏོང་དགོས་པ། དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ཐད་ལས་ཁུངས་དང་། འགོ་ཁྲིད་ལས་བྱེད་པ། ཁྲིམས་འཛིན་ལྟ་སྐུལ་དོ་དམ་སྡེ་ཚན། སྐར་ཁུང་ཚན་པ། ཞབས་ཞུའི་ལས་རིགས་བཅས་ཀྱིས་ལས་འགན་སྒྲུབ་པ་དང་འགན་འཁྲི་ཁུར་བའི་འབྲེལ་ཡོད་ལམ་ལུགས་དང་གཏན་འབེབས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ཏང་ཡོན་ལས་བྱེད་པས་མང་ཚོགས་དང་ཐད་ཀར་འབྲེལ་བ་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་པ། མང་ཚོགས་ཀྱིས་རེ་ཞུ་བྱེད་པ་དང་གནས་ཚུལ་གོང་ཞུ་བྱེད་པའི་ཐབས་ལམ་ཤར་བགྲོད་ཐུབ་པ་བྱེད་དགོས་པ། སྐྱིད་འདོད་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ཐད་ཏང་སྲིད་ལས་ཁུངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ལས་ཀ་དང་འཚོ་བའི་ཐོབ་ཐང་གི་ལམ་ལུགས་དང་གཏན་འབེབས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། གཞུང་དོན་སྣེ་ལེན་ལམ་ལུགས་དང་གཞུང་དོན་སྒྲུབ་ཕྱིར་ཕྱི་རྒྱལ་དུ (རྒྱལ་མཚམས་ནས་ཐོན་པ )ཕྱི་འགྲོའི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་པ། གཞུང་ཁོངས་དངུལ་རྩའི་ཁེ་ལས་དང་གཞུང་ཁོངས་ཁེ་ལས་ཀྱི་འགན་འཁུར་བའི་གོ་གནས་འཛད་སྤྱོད་དོ་དམ་ལམ་ལུགས་བཟོ་དགོས་པ། བག་མེད་ལོངས་སྤྱོད་ལ་ངོ་རྒོལ་བྱེད་པའི་ཐད་ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་བྱེད་དགོས་པ་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་དགོས་པའི་སྐོར་གྱི་ལམ་ལུགས་དང་གཏན་འབེབས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ། ཐོག་ཁང་དང་ཚོམས་ཆེན་ལ་སོགས་འཛུགས་སྐྲུན་གྱི་དོ་དམ་ལམ་ལུགས་དང (གཞུང་གྲོན་གསུམ )གྱི་སྔོན་རྩིས་དོ་དམ་དང་ཡོངས་བསྒྲགས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་པ། དུས་སྟོན་དང་། གླེང་སྟེགས། འགྲེམས་ཚོགས། ལུས་རྩལ་འགྲན་ཚོགས། ཚོང་འགུགས་མ་འདྲེན་སོགས་ཐད་ཀྱི་དོ་དམ་གཏན་འབེབས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ། ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལམ་ལུགས་ཡོངས་བསྒྲགས་དང་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་ལྟ་སྐུལ་ཐབས་ལམ་སྔར་བས་ཤར་བགྲོད་ཐུབ་པ་བྱེད་དགོས་པ་དང་། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་ལམ་ལུགས་ལག་བསྟར་བྱ་ཚུལ་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་ལོ་འཁོར་གྱི་ཞིབ་དཔྱད་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་འགན་འཁྲིའི་ལམ་ལུགས་ཞིབ་དཔྱད་ཀྱི་ནང་དོན་གལ་ཆེན་གྲས་སུ་བཅུག་ནས་འགོ་ཁྲིད་ལས་བྱེད་པ་འདེམས་བསྐོ་བེད་སྤྱོད་དང་འགོ་ཁྲིད་ལས་བྱེད་པར་བྱ་དགའ་ཆད་གཅོད་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩིས་ནས་སྒྲིག་འགལ་བྱ་སྤྱོད་ཞིབ་བཤེར་ནན་པོ་བྱེད་དགོས་པ་བཅས་ཀྱི་ནན་བཤད་བྱས་ཡོད་པ་རེད།

        《བརྡ་ཐོའི 》ནང་ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་ཆེད་དོན་བཅོས་སྒྲིག་གི་འགག་སྒྲོལ་དམག་འཐབ་ནུས་ཤུགས་ཡོད་རྒུས་རྒྱག་དགོས་ཤིང་། བཅོས་སྒྲིག་འཆར་གཞི་ཞིབ་ཕྲ་བཟོས་ཏེ་བཅོས་སྒྲིག་གི་འགན་འཁྲི་དང་། འཕེལ་རིམ་གྱི་ཡུན་ཚད། ཚད་ལྡན་གྱི་བླང་བྱ་བཅས་གཏན་འཁེལ་ཁ་གསལ་བྱེད་དགོས་པ། བྱ་ཐབས་ངོ་མ་སྤྱད་དེ་སྤྱོད་ཚུལ་ཐད་ཀྱི་ཐག་གཅོད་དཀའ་བའི་གནད་དོན་སྟོབས་ཤུགས་གཅིག་སྡུད་ཀྱིས་ཐག་གཅོད་བྱེད་དགོས་པ་དང་། རེ་རེ་བཞིན་བཅོས་སྒྲིག་བྱེད་དགོས་པ། རེ་རེ་བཞིན་ཚད་བརྒལ་བྱེད་དགོས་པ། རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་གཙོ་བོས་སྣེ་འཁྲིད་དེ་བཅོས་སྒྲིག་བྱེད་དགོས་པ་དང་། ལས་རིགས་ཁོངས་གཏོགས་ཀྱི་གཙོ་གཉེར་སྡེ་ཚན་གྱིས་གཞན་གྱི་སྔོན་དུ་བཅོས་སྒྲིག་བྱེད་དགོས་པ། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་རྩིས་བཤེར་སོགས་སྡེ་ཚན་གྱིས་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་བཀའ་རྒྱ་ཡོད་བཞིན་དུ་སྒྲིག་འགལ་བྱས་རིགས་ཞིབ་གཅོད་མཐའ་གཅིག་ཏུ་བྱེད་དགོས་པ་དང་དུས་ཐོག་ཏུ་བརྡ་ཁྱབ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།