དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུའི་བཅའ་ཁྲིམས》ལག་བསྟར་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        (1994ལོའི་ཟླ་8ཚེས་18ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དྲུག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་10པའི་ཐོག་གྲོས་འཆམ་བྱུང་བ་དང་། 1997ལོའི་ཟླ་7ཚེས་17ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དྲུག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་25པའི་ཐོག་དག་བཅོས་ཐེངས་དང་པོ་བྱས་པ། 2004ལོའི་ཟླ་6ཚེས་9ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཐོག་དག་བཅོས་ཐེངས་གཉིས་པ་བྱས་པ། 2013ལོའི་ཟླ་5ཚེས་29ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་ཐོག་བཟོ་བཅོས་ཐེངས་བཞི་པ་བྱས་པ )

            ལེའུ་དང་པོ། སྤྱིའི་རྩ་འཛིན།

        དོན་ཚན་དང་པོ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུའི་བཅའ་ཁྲིམས 》(གཤམ་དུ 《ཆུ་ཁྲིམས 》ཞེས་བསྡུ་རྒྱུ )གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བྱ་ཐབས་འདི་བཟོས་པ་ཡིན།

        དོན་ཚན་གཉིས་པ། བོད་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་ཆུའི་ཐོན་ཁུངས་ལུགས་མཐུན་ངང་གསར་སྤེལ་དང་། བེད་སྤྱོད། གྲོན་ཆུང་། སྲུང་སྐྱོབ། ཆུའི་ཐོན་ཁུངས་དོ་དམ། ཆུ་སྐྱོན་སྔོན་འགོག་བཅས་བྱེད་རྒྱུར་བྱ་ཐབས་འདི་སྤྱོད་རྒྱུ། བྱ་ཐབས་འདིའི་ནང་བརྗོད་པའི་ཆུའི་ཐོན་ཁུངས་ཞེས་པའི་ནང་ས་ངོས་ཀྱི་ཆུ་དང་ས་འོག་གི་ཆུ་གཉིས་ཚུད་ཡོད།

        དོན་ཚན་གསུམ་པ། ཆུའི་ཐོན་ཁུངས་གསར་སྤེལ་དང་། བེད་སྤྱོད། གྲོན་ཆུང་། སྲུང་སྐྱོབ་བཅས་བྱེད་རྒྱུ་དང་ཆུ་སྐྱོན་འགོག་བཅོས་བྱེད་སྐབས། ངེས་པར་དུ་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོགས་བྱེད་རྒྱུ་དང་། རྩ་ལག་ཟུང་བཅོས། ཕྱོགས་བསྡུས་བེད་སྤྱོད། ཕན་འབྲས་ལ་དང་དོད་བཅས་བྱས་ཏེ་ཆུའི་ཐོན་ཁུངས་ཀྱི་བྱེད་ནུས་སྣེ་མང་འདོན་སྤེལ་བྱེད་དགོས་པ་དང་། འཚོ་བ་དང་། ཐོན་སྐྱེད་གཉེར་སྐྱོང་། འབྱུང་ཁམས་ཁོར་ཡུག་བཅས་ཀྱི་ཐད་ཆུ་བེད་སྤྱོད་བྱེད་རྒྱུ་མཐུན་སྦྱོར་ཡག་པོ་བྱེད་དགོས།

        དོན་ཚན་བཞི་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཆུའི་ཐོན་ཁུངས་གསར་སྤེལ་དང་། བེད་སྤྱོད། གྲོན་ཆུང་། སྲུང་སྐྱོབ། དེ་བཞིན་ཆུ་སྐྱོན་འགོག་བཅོས་བྱེད་རྒྱུ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་འཆར་འགོད་ནང་བཅུག་སྟེ་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་ཐད་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་མ་ཟད། ནུས་ལྡན་གྱི་བྱ་ཐབས་སྤྱད་དེ་ཆུའི་ཐོན་ཁུངས་གྲོན་ཆུང་དང་སྲུང་སྐྱོབ་བྱས་ཏེ་ཆུའི་ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད་ཐུབ་པ་བྱེད་དགོས།

        དོན་ཚན་ལྔ་པ། རང་སྐྱོང་ལྗོངས་ཀྱིས་ཆུའི་ཐོན་ཁུངས་ཐད་ཁྲིམས་ལྟར་ཆུ་འཐེན་འཁྲོལ་འཛིན་ལམ་ལུགས་དང་རིན་ཡོད་བེད་སྤྱོད་ལམ་ལུགས་ལག་བསྟར་བྱེད་རྒྱུ། ཆུ་སྤྱོད་སྤྱི་འབོར་ཚོད་འཛིན་དང་། ཆུ་སྤྱོད་ཕན་ཕྱོད་ཚོད་འཛིན། ཆུའི་བྱེད་ནུས་ཁུལ་གྱི་ཆུ་ངོས་བཙོག་དངོས་ཚོད་འཛིན་བཅས་ལག་བསྟར་ནན་པོ་བྱེད་དགོས།

        དོན་ཚན་དྲུག་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ལྗོངས་ཡོངས་ཀྱི་ཆུའི་ཐོན་ཁུངས་ཐད་གཅིག་གྱུར་དོ་དམ་དང་ལྟ་སྐུལ་བྱེད་འགན་འཁུར་དགོས། གྲོང་ཁྱེར (ས་གནས )དང་། རྫོང་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་གཏན་འབེབས་ཀྱི་དབང་ཚད་ལྟར་སྲིད་འཛིན་ཁུལ་ཁོངས་དེ་གའི་ཆུའི་ཐོན་ཁུངས་ཐད་གཅིག་གྱུར་དོ་དམ་དང་ལྟ་སྐུལ་བྱེད་འགན་འཁུར་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་འགན་བགོས་གཞིར་བཟུང་སྲིད་འཛིན་ཁུལ་ཁོངས་དེ་གའི་ནང་གི་ཆུའི་ཐོན་ཁུངས་གསར་སྤེལ་དང་། བེད་སྤྱོད། གྲོན་ཆུང་། སྲུང་སྐྱོབ་བཅས་བྱེད་རྒྱུའི་འབྲེལ་ཡོད་ལས་ཀའི་འགན་འཁུར་དགོས།

        དོན་ཚན་བདུན་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་ཡོངས་ཀྱིས་ཆུའི་ཐོན་ཁུངས་ལ་སྲུང་སྐྱོབ་དང་ཆུ་གྲོན་ཆུང་བྱེད་པའི་འདུ་ཤེས་འཛུགས་པ་དང་ཤུགས་ཆེར་གཏོང་དགོས། བཪྙན་འཕྲིན་དང་། རླུང་འཕྲིན། ཚགས་པར་དུས་དེབ་སོགས་སྨྱན་སྦྱོར་གྱིས་ཆུའི་ཐོན་ཁུངས་གྲོན་ཆུང་དང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་དེ་བཞིན་ས་ཆུ་མི་ཤོར་སྔོན་འགོག་དང་ཆུ་བོ་བཙོག་འགྱུར་སྔོན་འགོག་བྱེད་རྒྱུ་དྲིལ་བསྒྲགས་ཤུགས་ཆེ་བྱེད་དགོས།

        དོན་ཚན་བརྒྱད་པ། རང་སྐྱོང་ལྗོངས་ཀྱིས་ཆུའི་ཐོན་ཁུངས་གསར་སྤེལ་དང་། བེད་སྤྱོད། གྲོན་ཆུང་། སྲུང་སྐྱོབ། དོ་དམ་བཅས་བྱེད་རྒྱུ་དང་ཆུ་སྐྱོན་སྔོན་འགོག་བྱེད་རྒྱུ་སོགས་འབྲེལ་ཡོད་ཚན་རིག་ལག་རྩལ་ཞིབ་འཇུག་བྱེད་རྒྱུར་སྐུལ་ལྕག་གཏོང་བ་དང་རྒྱབ་སྐྱོར་བྱེད་དགོས་པ་དང་། གྲོན་ཆུང་ངང་ཆུ་འདྲེན་རྒྱུ་དང་ཆུའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་རྒྱུར་སྐུལ་ལྕག་གཏོང་དགོས་པ་མ་ཟད། གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི་ཚན་པ་དང་མི་སྒེར་ལ་བྱ་དགའ་སྤྲོད་དགོས། རང་སྐྱོང་ལྗོངས་ཀྱིས་འབྱུང་འཕྲོད་ཆུ་གྲོན་ཆུང་རྣམ་པའི་བཟོ་ལས་དང་། ཞིང་ལས། ཞབས་ཞུའི་ལས་རིགས་བཅས་ལ་སྐུལ་ལྕག་གཏོང་བ་དང་སྦྲགས་གོང་འཕེལ་བཏང་སྟེ་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་བཟང་བའི་སྤྱི་ཚོགས་ཤིག་སྐྲུན་དགོས།

        ལེའུ་གཉིས་པ། ཆུའི་ཐོན་ཁུངས་འཆར་འགོད།

        དོན་ཚན་དགུ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་དགོས་མཁོ་དང་ཆུའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་པའི་ད་ལྟའི་གནས་ཚུལ་ལ་གཞིགས་ཏེ་ལྗོངས་ཡོངས་ཀྱི་ཆུའི་ཐོན་ཁུངས་ཐད་སྤྱིའི་འཆར་འགོད་བཟོས་ཏེ་ཆུའི་ཐོན་ཁུངས་གསར་སྤེལ་དང་། བེད་སྤྱོད། གྲོན་ཆུང་། སྲུང་སྐྱོབ་བྱེད་རྒྱུ་དང་ཆུ་སྐྱོན་སྔོན་འགོག་བྱེད་རྒྱུའི་ཐད་སྤྱིའི་བཀོད་སྒྲིག་བྱེད་དགོས། ཆུའི་ཐོན་ཁུངས་འཆར་འགོད་དེ་ཆུ་བོ་རྒྱུག་ཁུལ་གྱི་འཆར་འགོད་དང་ས་ཁོངས་འཆར་འགོད་གཉིས་ལ་དབྱེ་དགོས། ཆུ་བོ་རྒྱུག་ཁུལ་འཆར་འགོད་ནང་ཆུ་བོ་རྒྱུག་ཁུལ་ཕྱོགས་བསྡུས་འཆར་འགོད་དང་ཆུ་བོ་རྒྱུག་ཁུལ་ཆེད་ལས་འཆར་འགོད་གཉིས་ཚུད་ཡོད་ཅིང་། ས་ཁོངས་འཆར་འགོད་ནང་ས་ཁོངས་ཕྱོགས་བསྡུས་འཆར་འགོད་དང་ས་ཁོངས་ཆེད་ལས་འཆར་འགོད་གཉིས་ཚུད་ཡོད།

        དོན་ཚན་བཅུ་པ། རང་སྐྱོང་ལྗོངས་ནས་གཏན་འཁེལ་བྱས་པའི་གཙོ་གནད་ཀྱི་ཆུ་རྒྱུན་དང་། མཚེའུ། གྲོང་ཁྱེར (ས་གནས )ལས་བརྒལ་བའི་ཆུ་རྒྱུན་བཅས་ཀྱི་རྒྱུག་ཁུལ་ཕྱོགས་བསྡུས་འཆར་འགོད་དང་ས་ཁོངས་ཕྱོགས་བསྡུས་འཆར་འགོད་དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་རིམ་མཚུངས་འབྲེལ་ཡོད་སྡེ་ཚན་དང་འབྲེལ་ཡོད་གྲོང་ཁྱེར (ས་གནས )མི་དམངས་སྲིད་གཞུང་དང་མཉམ་དུ་བཟོས་ཏེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་སྙན་སེང་ཆོག་མཆན་ཞུ་དགོས་པ་མ་ཟད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ལའང་སྙན་ཐོ་དཔོད་དགོས། རྫོང་ལས་བརྒལ་བའི་ཆུ་རྒྱུན་གྱི་རྒྱུག་ཁུལ་ཕྱོགས་བསྡུས་འཆར་འགོད་དང་ས་ཁོངས་ཕྱོགས་བསྡུས་འཆར་འགོད་དེ་གྲོང་ཁྱེར (ས་གནས )མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་རིམ་མཚུངས་འབྲེལ་ཡོད་སྡེ་ཚན་དང་འབྲེལ་ཡོད་རྫོང་མི་དམངས་སྲིད་གཞུང་དང་མཉམ་དུ་བཟོས་ཏེ་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ལ་སྙན་སེང་ཆོག་མཆན་ཞུ་དགོས་པ་མ་ཟད་གོང་རིམ་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ལའང་སྙན་ཐོ་དཔོད་དགོས། རྫོང་ཁོངས་ནང་གི་ཆུ་རྒྱུན་གྱི་རྒྱུག་ཁུལ་ཕྱོགས་བསྡུས་འཆར་འགོད་དང་ས་ཁོངས་ཕྱོགས་བསྡུས་འཆར་འགོད་དེ་རྫོང་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་རིམ་མཚུངས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་བཟོས་ཏེ་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ལ་སྙན་སེང་ཆོག་མཆན་ཞུ་དགོས་པ་མ་ཟད། གོང་རིམ་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ལའང་སྙན་ཐོ་དཔོད་དགོས། ཆུ་འདྲེན་དང་། ཤྭ་འོད་སྔོན་འགོག ཐན་འགོག ཆུ་མཁོ་འདོན། ཆུ་ཤུགས་གློག་གཏོང་། ཆུའི་ཐོན་ཁུངས་སྲུང་སྐྱོབ། ཆུ་དཔྱད། ཆུ་སྤྱོད་གྲོན་ཆུང་སོགས་ཀྱི་ཆེད་ལས་འཆར་འགོད་རྣམས་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་བཟོས་ནས་རིམ་མཚུངས་ཀྱི་འབྲེལ་ཡོད་སྡེ་ཚན་གཞན་དག་གི་བསམ་འཆར་བསྡུ་ལེན་བྱས་རྗེས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ལ་སྙན་སེང་ཆོག་མཆན་ཞུ་དགོས།

        དོན་ཚན་བཅུ་གཅིག་པ། ཆུའི་ཐོན་ཁུངས་འཆར་འགོད་བཟོ་སྐབས། ངེས་པར་དུ་ཆུའི་ཐོན་ཁུངས་ལ་ཕྱོགས་བསྡུས་རྟོག་ཞིབ་དང་། ཚན་རིག་དང་མཐུན་པའི་རིགས་པས་ཁུངས་སྐྱེལ། ཕྱོགས་ཡོངས་ནས་ཚོད་སྐོར་བཅས་བྱེད་དགོས། ཆུ་བོ་རྒྱུག་ཁུལ་ཁྱབ་ཁོངས་ནང་གི་ས་ཁོངས་འཆར་འགོད་བཟོ་སྐབས་ངེས་པར་དུ་ཆུ་བོ་རྒྱུག་ཁུལ་གྱི་འཆར་འགོད་ལ་བསྟུན་དགོས་པ་དང་། ཆེད་ལས་འཆར་འགོད་བཟོ་སྐབས་ངེས་པར་དུ་ཕྱོགས་བསྡུས་འཆར་འགོད་ལ་བསྟུན་དགོས། ཆུ་བོ་རྒྱུག་ཁུལ་འཆར་འགོད་དང་ས་ཁོངས་འཆར་འགོད་ཐད་མཁོ་བའི་འགྲོ་གྲོན་དེ་དག་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ནང་འཇུག་དགོས།

        དོན་ཚན་བཅུ་གཉིས་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཆུ་དཔྱད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། རང་སྐྱོང་ལྗོངས་ཀྱི་ཆུ་དཔྱད་ལས་ཁུངས་ཀྱིས་ཆུ་དཔྱད་གཞི་འཛིན་གྲངས་མཛོད་འཛུགས་དགོས་པ་མ་ཟད། ཁྲིམས་ལྟར་གཞི་རྩའི་ཆུ་དཔྱད་ལྟ་ཞིབ་ཚད་ལེན་བྱས་པའི་དཔྱད་ཡིག་ཡོངས་བསྒྲགས་དང་མཉམ་སྤྱོད་བྱེད་དགོས།

        དོན་ཚན་བཅུ་གསུམ་པ། ཆུའི་ཐོན་ཁུངས་འཆར་འགོད་ལ་ཆོག་མཆན་ཐོབ་རྗེས་ངེས་པར་དུ་ལག་བསྟར་ནན་པོ་བྱེད་དགོས། ཆོག་མཆན་ཐོབ་ཟིན་པའི་ཆུ་བོ་རྒྱུག་ཁུལ་འཆར་འགོད་དང་། ས་ཁོངས་འཆར་འགོད། ཆེད་ལས་འཆར་འགོད་བཅས་ལ་བཟོ་བཅོས་རྒྱག་དགོས་ཚེ་ངེས་པར་དུ་འཆར་འགོད་བཟོ་སྒྲིག་གོ་རིམ་གཞིར་བཟུང་དེ་སྔ་ཆོག་མཆན་སྤྲོད་མཁན་ལས་ཁུངས་ལ་ཞིབ་མཆན་ཞུ་དགོས།

        དོན་ཚན་བཅུ་བཞི་པ། ཆུའི་འཛུགས་སྐྲུན་ལས་གྲྭ་དེ་ངེས་པར་དུ་ཆུ་བོ་རྒྱུག་ཁུལ་ཕྱོགས་བསྡུས་འཆར་འགོད་དང་འཚམ་པ་བྱེད་དགོས། ཆུའི་ལས་གྲྭའི་རྣམ་གྲངས་དེ་ཞིབ་མཆན་ནམ་ཞིབ་དཔྱད་ཆོག་མཆན་མ་ཐོབ་གོང་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ནས་དོ་དམ་གཏོགས་ཁོངས་དབང་ཚད་གཞིར་བཟུང་བདག་སྤྲོད་བྱས་པའི་ཉིན་སུམ་ཅུའི་ནང་ཚུན་དུ་ཆུ་བོ་རྒྱུག་ཁུལ་ཕྱོགས་བསྡུས་འཆར་འགོད་གཞིར་བཟུང་ཆུའི་ལས་གྲྭ་དེར་ཞིབ་བཤེར་བྱེད་དགོས་པ་མ་ཟད་དེར་མིང་འགོད་བསམ་འཆར་འབྲི་དགོས། འཆར་འགོད་ལ་མོས་མཐུན་གྱི་ཡིག་ཆ་རག་མེད་པའི་འཛུགས་སྐྲུན་རྣམ་གྲངས་ཡིན་ཕྱིན་འབྲེལ་ཡོད་སྡེ་ཚན་ནས་དེར་ཞིབ་མཆན་ནམ་ཞིབ་བཤེར་ཆོག་མཆན་སྤྲོད་མི་ཆོག

        ལེའུ་གསུམ་པ།     ཆུའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད།

        དོན་ཚན་བཅོ་ལྔ་པ། ཆུའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་སྐབས་ངེས་པར་དུ་གསར་སྤེལ་དང་སྲུང་སྐྱོབ་གལ་ཆེ་མཉམ་འཛིན་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཕན་དར་གནོད་མེད་བཟོ་རྒྱུ་ཕན་ཚུན་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ཐོག་ཆུ་སྟོད་ཆུ་སྨད་དང་། གཡས་གཡོན་ངོགས་གཉིས། དེ་བཞིན་འབྲེལ་ཡོད་ས་ཁུལ་དབར་བཅས་ཀྱི་ཁེ་ཕན་ལ་ལྟ་རྟོག་བྱས་ནས་ཆུའི་ཐོན་ཁུངས་ཀྱི་ཕྱོགས་བསྡུས་ཕན་འབྲས་འདོན་སྤེལ་གང་ལེགས་བྱེད་དགོས།

        ཆུའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་སྐབས་ངེས་པར་དུ་སྔོན་ལ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་འཚོ་བའི་སྤྱོད་ཆུ་མཁོ་འདོན་ཐུབ་པ་བྱེད་དགོས་པ་དང་སྦྲགས། ཞིང་འབྲོག་ལས་དང་། བཟོ་ལས། འབྱུང་ཁམས་ཁོར་ཡུག་གི་སྤྱོད་ཆུ་སོགས་ཀྱི་དགོས་མཁོར་ལྟ་རྟོག་བྱེད་དགོས།

        ཐན་སྐྱོན་དང་ཕྱེད་ཐན་སྐྱོན་ས་ཁུལ་དུ་ཆུའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་སྐབས་ངེས་པར་དུ་འབྱུང་ཁམས་ཁོར་ཡུག་གི་སྤྱོད་ཆུའི་དགོས་མཁོར་བསམ་གཞིག་གང་ལེགས་བྱེད་དགོས།

        དོན་ཚན་བཅུ་དྲུག་པ། རང་སྐྱོང་ལྗོངས་ཀྱིས་བསྐྱར་སྐྱེས་ཆུ་དང་། ཆར་ཆུ། འབྲུབ་ཆུ་བཅས་བེད་སྤྱོད་གཏོང་རྒྱུར་སྐུལ་ལྕག་གཏོང་རྒྱུ་དང་། སྐྱེད་ཚལ་གྱི་སྔོ་ལྗང་དང་། ཁོར་ཡུག་འཕྲོད་བསྟེན། ལས་གྲྭ་ཨར་སྐྲུན། ཆུ་གྲོན་ཆེ་བའི་ལས་རིགས་སོགས་ཀྱིས་བསྐྱར་སྐྱེས་ཆུ་བེད་སྤྱོད་གཏོང་རྒྱུར་སྐུལ་ལྕག་བཏང་སྟེ་བཙོག་ཆུ་བསྐྱར་སྤྱོད་བྱེད་ཚད་གོང་མཐོར་བཏང་ནས། ཆུའི་ཐོན་ཁུངས་རྒྱུན་སྲིང་བེད་སྤྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས།

        དོན་ཚན་བཅུ་བདུན་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གོང་འཕེལ་བསྒྱུར་བཅོས་སྡེ་ཚན་དང་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ལྗོངས་ཡོངས་ཀྱི་ཆུའི་ཐོན་ཁུངས་ཀྱི་གཞི་ཆེའི་སྙོམས་བགོས་བྱེད་འགན་འཁུར་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་འབྲེལ་ཡོད་ཚན་པ་དང་མཉམ་དུ་རང་ལས་རིམ་པ་གཅིག་གིས་མཐོ་བའི་དུས་འབྲིང་དང་དུས་རིང་གི་ཆུའི་དགོས་མཁོའི་འཆར་འགོད་དང་ས་ཁུལ་དེ་གའི་དོན་དངོས་གནས་ཚུལ་ལ་གཞིགས་ཏེ་དུས་འབྲིང་དང་དུས་རིང་གི་ཆུའི་དགོས་མཁོའི་འཆར་འགོད་བཟོ་དགོས་པ་དང་རིམ་མཚུངས་གོང་འཕེལ་སྒྱུར་བཅོས་ཚན་པ་ནས་ཞིབ་བཤེར་ཆོག་མཆན་ཐོབ་རྗེས་ལག་བསྟར་བྱེད་དགོས།

        དོན་ཚན་བཅོ་བརྒྱད་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་ཆུ་བོ་རྒྱུག་ཁུལ་གྱི་འཆར་འགོད་དང་དུས་འབྲིང་དང་དུས་རིང་གི་ཆུའི་དགོས་མཁོའི་འཆར་འགོད་ལྟར་ཆུ་རྒྱུག་ཁུལ་ཚན་པར་བྱས་ཏེ་ཆུ་མང་ཉུང་གི་ཚད་གཞི་བགོ་འགྲེམས་བྱེད་རྒྱུའི་ཇུས་གཞི་གཏན་འཁེལ་བཟོ་དགོས། ཆུ་འབོར་ཚད་གཞི་བགོ་འགྲེམས་བྱེད་རྒྱུའི་ཇུས་གཞི་བཟོ་སྐབས་ངེས་པར་དུ་འབྱུང་ཁམས་ཁོར་ཡུག་གི་སྤྱོད་ཆུ་ལུགས་མཐུན་ཡོང་བ་བྱེད་དགོས། འབྱུང་ཁམས་བཅོས་སྐྱོང་གི་དགོས་མཁོར་གཞིགས་ཏེ་དེ་སྔ་ཆོག་མཆན་སྤྲད་པའི་གོ་རིམ་ལྟར་བཟོས་ཟིན་པའི་ཆུ་འབོར་བགོ་འགྲེམས་ཇུས་གཞིར་ལེགས་སྒྲིག་བྱས་ན་འགྲིག

        དོན་ཚན་བཅུ་དགུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་ཆོག་མཆན་སྤྲད་ཟིན་པའི་ཆུ་འབོར་བགོ་འགྲེམས་ཇུས་གཞི་དང་ལོ་འཁོར་གྱི་སྔོན་དཔག་ཆུ་འབོར་ཡོང་ཚད་ལྟར་ལོ་འཁོར་གྱི་ཆུ་འབོར་བགོ་འགྲེམས་བྱེད་པའི་ཇུས་གཞི་དང་གཏོང་འཐེན་གྱི་འཆར་གཞི་གཏན་འཁེལ་བཟོས་ནས་ཆུ་འབོར་ཚད་གཞི་གཅིག་གྱུར་ཐོག་གཏོང་འཐེན་ལག་བསྟར་བྱེད་དགོས།

        དོན་ཚན་ཉི་ཤུ་པ། རང་སྐྱོང་ལྗོངས་ཀྱིས་ཆུ་སྤྱོད་ཐད་སྤྱི་འབོར་ཚོད་འཛིན་ལག་བསྟར་བྱེད་རྒྱུ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་ལས་རིགས་ཀྱི་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་ལས་རིགས་ཀྱི་ཆུ་སྤྱོད་བཅད་གྲངས་གཏན་འཁེལ་བཟོས་ཏེ་རིམ་མཚུངས་ཀྱི་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་དང་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་སྡེ་ཚན་ལ་སྙན་སེང་ཞུས་ནས་ཞིབ་དཔྱད་མོས་མཐུན་བྱུང་རྗེས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་ཁྱབ་བསྒྲགས་བྱེད་རྒྱུ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་གོང་འཕེལ་སྒྱུར་བཅོས་སྡེ་ཚན་གྱིས་རིམ་མཚུངས་ཀྱི་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་དང་མཉམ་དུ་ཆུ་སྤྱོད་བཅད་གྲངས་དང་། དཔལ་འབྱོར་ལག་རྩལ་ཆ་རྐྱེན། དེ་བཞིན་ཆུ་འབོར་བགོ་འགྲེམས་ཇུས་གཞི་གཞིར་བཟུང་སོ་སོའི་སྲིད་འཛིན་ཁུལ་ཁོངས་སུ་སྤྱོད་ཐུབ་པའི་ཆུ་འབོར་གཏན་འཁེལ་བྱས་ཏེ་ལོ་འཁོར་གྱི་སྤྱོད་ཆུའི་འཆར་གཞི་གཏན་འཁེལ་བཟོ་དགོས།

        དོན་ཚན་ཉེར་གཅིག་པ། རང་སྐྱོང་ལྗོངས་ཀྱིས་ཆུ་འཐེན་འཁྲོལ་འཛིན་ལམ་ལུགས་ལག་བསྟར་བྱེད་རྒྱུ། ཚན་པ་དང་མི་སྒེར་གྱིས་ཆུ་འཐེན་ལས་གྲྭའམ་ཡང་ན་སྒྲིག་བཀོད་བེད་སྤྱད་དེ་ཐད་ཀར་གཙང་པོ་དང་། མཚེའུའམ་ཡང་ན་ས་འོག་ནས་ཆུའི་ཐོན་ཁུངས་བེད་སྤྱོད་དགོས་ཚེ། ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་དོ་དམ་གཏོགས་ཁོངས་ཀྱི་དབང་ཆ་ཡོད་པའི་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ལ་ཆུ་འཐེན་འཁྲོལ་འཛིན་རེ་འདུན་ཞུ་དགོས།

        ཁྱིམ་ཚང་གི་འཚོ་བ་དང་། ཕྱུགས་རིགས་དང་ཁྱིམ་བྱ་ཐར་ཐོར་དུ་གསོ་ཚགས་དང་ནང་དུ་གསོ་ཚགས་བྱས་པའི་འཐུང་ཆུ་སོགས་ལ་ཕྲན་བུ་འཐེན་སྤྱོད་བྱེད་དགོས་རིགས་དང་། ཞིང་ལས་ཐན་འགོག་ཐད་གནས་སྐབས་འཕྲལ་མཁོའི་ཆུ་འཐེན་སྤྱོད། སྤྱི་པའི་བདེ་འཇགས་སམ་ཡང་ན་སྤྱི་པའི་ཁེ་ཕན་གྱི་གནོད་འཚེ་སྔོན་འགོག་དང་སེལ་རྒྱུའི་ཐད། གནས་སྐབས་འཕྲལ་མཁོའི་ཆུ་འཐེན་སྤྱོད། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་གནས་སྐབས་འཕྲལ་མཁོའི་ཆུ་འཐེན་སྤྱོད། དེ་བཞིན་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་གནད་དོན་་གཞན་དག་བཅས་ཕུད་པ་ཡིན།

        དོན་ཚན་ཉེར་གཉིས་པ། ཚན་པ་དང་མི་སྒེར་གྱིས་དོ་དམ་གཏོགས་ཁོངས་ཀྱི་དབང་ཆ་ཡོད་པའི་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ལ་ཁྲིམས་ལྟར་ཆུ་འཐེན་འཁྲོལ་འཛིན་གཉེར་སྒྲུབ་བྱས་རྗེས་ངེས་པར་དུ་ཆུ་འཐེན་སྣེ་མགོར་ཚད་མཐུན་གྱི་ཆུ་འཐེན་རྩིས་ཆས་བསྒར་ནས་བཅད་གྲངས་བཞིན་ཆུ་འཐེན་དགོས་པ་མ་ཟད་ཆུ་འཐེན་རྩིས་ཆས་རྒྱུན་གཏན་ལྟར་བེད་སྤྱོད་ཐུབ་པ་བྱས་ཐོག་གཏན་འབེབས་གཞིར་བཟུང་ཆུ་འཐེན་སྤྱོད་བྱས་པའི་སྙན་ཞུའི་རེའུ་མིག་འབྲི་དགོས། རང་མཚམས་ཀྱིས་ཆུ་འཐེན་རྩིས་ཆས་བཤིག་པ་དང་བརྗེ་པོ་རྒྱག་པ་སོགས་བྱེད་མི་ཆོག

        དོན་ཚན་ཉེར་གསུམ་པ། ཆུ་འཐེན་སྤྱོད་ཀྱི་འཛུགས་སྐྲུན་རྣམ་གྲངས་གསར་སྐྲུན་དང་། སྒྱུར་བཅོས། རྒྱས་སྐྲུན་སོགས་བྱེད་སྐབས། འཛུགས་སྐྲུན་རྣམ་གྲངས་ལས་གཉེར་བྱེད་མཁན་ཚན་པས་ངེས་པར་དུ་ཁྲིམས་ལྟར་འཛུགས་སྐྲུན་རྣམ་གྲངས་ཀྱི་ཆུའི་ཐོན་ཁུངས་ཐད་རིགས་པས་ཁུངས་སྐྱེལ་བྱས་ནས་འཛུགས་སྐྲུན་རྣམ་གྲངས་ཀྱི་ཆུའི་ཐོན་ཁུངས་ལ་རིགས་པས་ཁུངས་སྐྱེལ་གྱི་སྙན་ཞུའི་ཡི་གེ་བཟོ་སྒྲིག་བྱེད་དགོས་པ་དང་། ཆུ་འཐེན་ཚད་ཅུང་ཉུང་ལ་མཐའ་འཁོར་གྱི་ཁོར་ཡུག་ལ་ཤུགས་རྐྱེན་ཡང་ཅུང་ཆུང་བའི་རིགས་ལ་འཛུགས་སྐྲུན་རྣམ་གྲངས་ཀྱི་ཆུའི་ཐོན་ཁུངས་ལ་རིགས་པས་ཁུངས་སྐྱེལ་བྱེད་པའི་རེའུ་མིག་བྲིས་ན་འགྲིག ཆུའི་ཐོན་ཁུངས་ཀྱི་རིགས་པས་ཁུངས་སྐྱེལ་གྱི་སྙན་ཞུའི་ཡི་གེ་དང་། ཆུའི་ཐོན་ཁུངས་ལ་རིགས་པས་ཁུངས་སྐྱེལ་བྱེད་པའི་རེའུ་མིག་ལ་ཆོག་མཆན་ཐོབ་རྗེས་གཞི་ནས་ཆུ་འཐེན་འཁྲོལ་འཛིན་རེ་འདུན་ཞུས་ནས་བླངས་ན་འགྲིག

        དོན་ཚན་ཉེར་བཞི་པ། རིག་དངོས་སྲུང་སྐྱོབ་ཚན་པའི་འཛུགས་སྐྲུན་ཚོད་འཛིན་ཁུལ་དང་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་གསར་སྤེལ་བཀག་འགོག་ཁུལ་གྱི་མཐའ་འཁོར་དུ་གཏེར་ཁ་སྔོག་འདོན་བྱེད་པའམ་ལས་གྲྭ་འཛུགས་སྐྲུན་བྱས་ནས་ཆུ་བཤངས་འགྲེམས་སྐམ་དང་ཆུ་འཐེན་བྲི་གཅོག་བྱེད་དགོས་རིགས་ངེས་པར་དུ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ལ་རེ་འདུན་དང་ཆུ་འཐེན་བྲི་ཐབས་ཀྱི་ཇུས་གཞི་འབུལ་དགོས་པ་དང་། ཞིབ་བཤེར་ཆོག་མཆན་ཐོབ་རྗེས་ཆུ་འཐེན་འཁྲོལ་འཛིན་གྱི་འགྲོ་ལུགས་གཉེར་དགོས་པ་མ་ཟད་ཆོག་མཆན་ཐོབ་པའི་ཇུས་གཞི་གཞིར་བཟུང་ཆུ་བཤངས་འགྲེམས་སྐམ་དང་ཆུ་འཐེན་བྲི་ཐབས་ཀྱི་ལས་འགོ་རྩོམ་རྒྱུ།

        དོན་ཚན་ཉེར་ལྔ་པ། དམིགས་བསལ་གནས་ཚུལ་རྐྱེན་གྱིས་ཆུ་འཐེན་གྱི་གཞི་རྒྱ་ཆེ་རུ་གཏོང་དགོས་ཚེ། ངེས་པར་དུ་དོ་དམ་གཏོགས་ཁོངས་ཀྱི་དབང་ཆ་ཡོད་པའི་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ལ་རེ་འདུན་ཞུ་དགོས་པ་དང་། ཆོག་མཆན་ཐོབ་རྗེས་གཞི་ནས་ལོ་འཁོར་གྱི་འཆར་གཞི་ལས་བརྒལ་ནས་ཆུ་འཐེན་ན་འགྲིག

        དོན་ཚན་ཉེར་དྲུག་པ། རང་སྐྱོང་ལྗོངས་ཀྱིས་ཆུའི་ཐོན་ཁུངས་རིན་ཡོད་བེད་སྤྱོད་གཏོང་བའི་ལམ་ལུགས་ལག་བསྟར་བྱེད་རྒྱུ། ཆུ་འཐེན་འཁྲོལ་འཛིན་ཐོབ་པའི་ཚན་པ་དང་མི་སྒེར་གྱིས་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཆུའི་ཐོན་ཁུངས་བེད་སྤྱོད་གཏོང་བའི་འགྲོ་གྲོན་འཇལ་དགོས། ཆུ་ཤུགས་གློག་འདོན་ས་ཚིགས་ཀྱིས་ངེས་པར་དུ་གློག་གཏོང་ཚད་ལ་གཞིགས་ཏེ་ཆུའི་ཐོན་ཁུངས་ཀྱི་འགྲོ་གྲོན་འཇལ་དགོས། གྲོང་གསེབ་ཀྱི་སྤྱི་ཕན་རང་བཞིན་གྱི་ཆུ་ཤུགས་གློག་འདོན་ས་ཚིགས་ཀྱིས་ཆུའི་ཐོན་ཁུངས་ཀྱི་འགྲོ་གྲོན་འཇལ་བའི་དུས་ཚོད་དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་ལོགས་སུ་གཏན་འཁེལ་བཟོ་རྒྱུ། གཏེར་ཁ་སྔོག་འདོན་བྱེད་སྐབས་ཆུ་བཤངས་འགྲེམས་སྐམ་མམ་འཛུགས་སྐྲུན་ལས་གྲྭའི་ཆུ་འཐེན་བྲི་གཅོག་བྱེད་དགོས་རིགས། ངེས་པར་དུ་ཆུ་འཐེན་རྩིས་སམ་ཡང་ན་སྒྲིག་ཆས་ཐོག་འཁོད་པའི་ནུས་ཕྱོད་ཆ་ཚང་གི་རྒྱུན་མཐུད་འཁོར་སྐྱོད་བྱེད་པའི་ཆུ་འཐེན་ནུས་བཞིན་རྩིས་བརྒྱབ་པའི་ཉིན་རེའི་ཆུ་འཐེན་ཚད་མང་ཤོས་ལ་གཞིགས་ནས་ཆུའི་ཐོན་ཁུངས་ཀྱི་འགྲོ་གྲོན་བསྡུ་རྒྱུ། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་དང་དེའི་ཁོངས་མིས་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་དེ་གའི་ཆུ་རྫིང་དང་ཆུ་མཛོད་ནང་གི་ཆུ་བེད་སྤྱོད་གཏོང་བ་དང་། དེ་བཞིན་གྲོང་ཚོའི་ཡུལ་མིས་འགན་གཙང་བླངས་པའམ་ཉམས་བཟོ་བྱས་པའི་ཆུ་རྫིང་དང་། ཆུ་དོང་། རྫིང་བུ། ཆུ་ཡུར་བཅས་ནང་གི་ཆུ་བེད་སྤྱོད་གཏོང་བར་ཆུའི་ཐོན་ཁུངས་ཀྱི་འགྲོ་གྲོན་འཇལ་མི་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་རིམ་དབྱེའི་དོ་དམ་དབང་ཚད་གཞིར་བཟུང་ཆུའི་ཐོན་ཁུངས་ཀྱི་འགྲོ་གྲོན་བསྡུ་རྒྱུའི་འགན་འཁུར་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ནོར་སྲིད་སྡེ་ཚན་དང་ཟོག་གོང་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་འབྲེལ་ཡོད་གཏན་འབེབས་དང་དོ་དམ་དབང་ཚད་གཞིར་བཟུང་ཆུའི་ཐོན་ཁུངས་ཀྱི་འགྲོ་གྲོན་ལ་དོ་དམ་དང་ལྟ་སྐུལ་བྱེད་འགན་འཁུར་དགོས།

        དོན་ཚན་ཉེར་བདུན་པ། འཛུགས་སྐྲུན་རྣམ་གྲངས་གསར་སྐྲུན་དང་། བཟོ་བཅོས། རྒྱས་སྐྲུན་བཅས་བྱེད་སྐབས་ངེས་པར་དུ་ཆུ་གྲོན་ཆུང་གི་བྱ་ཐབས་ཇུས་གཞི་བཟོ་དགོས་པ་དང་། ཆུ་གྲོན་ཆུང་གི་སྒྲིག་བཀོད་ཆ་ཚང་སྒྲིག་སྦྱོར་བྱེད་དགོས། ཆུ་གྲོན་ཆུང་བྱེད་རྒྱུའི་སྒྲིག་བཀོད་དེ་གཙོ་རྐང་ལས་གྲྭ་དང་མཉམ་དུ་ཇུས་འགོད་དང་། མཉམ་དུ་ཨར་ལས། མཉམ་དུ་རྩིས་ལེན་བེད་སྤྱོད་བཅས་བྱེད་དགོས། སྐྲུན་ཟིན་པའི་འཛུགས་སྐྲུན་རྣམ་གྲངས་ལ་ཆུ་གྲོན་ཆུང་གི་ལེ་ལག་སྒྲིག་བཀོད་མེད་ཚེ། དུས་བཀག་ནང་ཆུ་གྲོན་ཆུང་གི་སྒྲིག་བཀོད་ལེ་ལག་ཆ་ཚང་སྒྲིག་སྦྱོར་བྱེད་དགོས།

        དོན་ཚན་ཉེར་བརྒྱད་པ། ཆུ་ནུས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱེད་སྐབས་ངེས་པར་དུ་ཆུ་རྒྱུག་ཁུལ་གྱི་ཕྱོགས་བསྡུས་འཆར་འགོད་དང་། ཆུ་གློག འབྲུབ་འགོག་སོགས་ཀྱི་ཆེད་ལས་འཆར་འགོད་དང་འཚམ་པ་བྱས་ཏེ་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུ་དང་། ཆུ་མཁོ་འདོན་དང་ཞིང་ཆུ་གཏོང་རྒྱུ། ཉ་ལས་སོགས་ཐད་ཀྱི་དགོས་མཁོར་ལྟ་རྟོག་གང་ཐུབ་བྱེད་དགོས།

        ཆུ་ནུས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱེད་སྐབས་ཁྲིམས་ལྟར་ཆུ་ནུས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱེད་པའི་འཁྲོལ་འཛིན་ཞུ་དགོས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མོས་མཐུན་བརྒྱུད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་འོས་སྐུལ་དང་། ཧབ་འཚོང་སྐུལ་བའམ་སྒོ་བྱང་འགེལ་བའི་བྱ་ཐབས་སྤྱད་དེ་ཆུའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱེད་དབང་གཞན་བཤུག་བཏང་ན་འགྲིག་ཅིང་། དེ་ལས་བྱུང་བའི་ཡོང་འབབ་དེ་ནོར་སྲིད་ལ་སྤྲོད་དགོས། ཆུ་ནུས་ཐོན་ཁུངས་གསར་སྤེལ་དོ་དམ་བྱ་ཐབས་དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ལོགས་སུ་གཏན་འབེབས་བཟོ་རྒྱུ།

        དོན་ཚན་ཉེར་དགུ་པ། ཚན་པ་དང་མི་སྒེར་སུ་འདྲ་ཞིག་གིས་ཀྱང་ཆུ་འཐེན་པ་དང་ཆུ་བཀག (འཁྱིལ )པ། ཆུ་བཤངས་པ་བཅས་བྱེད་སྐབས་སྤྱི་པའི་ཁེ་ཕན་དང་མི་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་མི་ཆོག

        ལེའུ་བཞི་པ།      ཆུའི་ཐོན་ཁུངས་སྲུང་སྐྱོང།

        དོན་ཚན་སུམ་ཅུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་རིམ་མཚུངས་ཁོར་ཡུག་སྲུང་སྐྱོང་གཙོ་འགན་འཁུར་མཁན་སྡེ་ཚན་དང་། དེ་བཞིན་འབྲེལ་ཡོད་སྡེ་ཚན་གཞན་དག་དང་མཉམ་དུ་སྲིད་འཛིན་དེ་གའི་ས་ཁོངས་ཀྱི་ཆུའི་བྱེད་ནུས་ཁུལ་དབྱེ་མཚམས་འཆར་གཞི་བཟོ་དགོས་པ་དང་། རིམ་པ་དེ་གའི་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་པ་བྱེད་དགོས་པ་མ་ཟད་རང་ལས་རིམ་པ་གཅིག་གིས་མཐོ་བའི་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་དང་ཁོར་ཡུག་སྲུང་སྐྱོང་གཙོ་འགན་འཁུར་མཁན་སྡེ་ཚན་ལ་སྙན་ཐོ་དཔོད་དགོས།

        དོན་ཚན་སོ་གཅིག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཆུའི་བྱེད་ནུས་ཁུལ་གྱི་ཆུ་བོའི་བཙོག་དངོས་ཐེག་ནུས་ཞིབ་དཔྱད་གཏན་འཁེལ་བྱེད་དགོས་པ་མ་ཟད་རིམ་མཚུངས་ཁོར་ཡུག་སྲུང་སྐྱོང་གཙོ་འགན་འཁུར་མཁན་སྡེ་ཚན་ལ་ཆུ་བྱེད་ནུས་ཁུལ་དེར་བཙོག་འབུད་སྤྱི་འབོར་ཚད་བཀག་གི་བསམ་འཆར་འདོན་དགོས།

        རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ཆུའི་བྱེད་ནུས་ཁུལ་གྱི་ཆུའི་སྤུས་ཚད་ལ་སྐབས་བསྟུན་ལྟ་ཞིབ་ཚད་ལེན་བྱེད་དགོས་པ་དང་། ཚད་བཀག་གི་བཙོག་འབུད་སྤྱི་འབོར་ལས་བརྒལ་ཏེ་ཆུའི་སྤུས་ཀ་ཇེ་སྡུག་ཏུ་འགྲོ་བའི་གནས་ཚུལ་ཤེས་རྟོགས་བྱུང་ཚེ། ངེས་པར་དུ་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གིས་དུས་ཐོག་ཏུ་བཅོས་སྒྲིག་བྱ་ཐབས་སྤྱོད་དགོས་པ་དང་འབྲེལ་རིམ་མཚུངས་ཁོར་ཡུག་སྲུང་སྐྱོང་གཙོ་འགན་འཁུར་མཁན་སྡེ་ཚན་ལ་བརྡ་ཁྱབ་གཏོང་དགོས།

        དོན་ཚན་སོ་གཉིས་པ། རང་སྐྱོང་ལྗོངས་ཀྱི་འཐུང་ཆུའི་ཆུ་འགོ་སྲུང་སྐྱོབ་ཁུལ་གྱི་ལམ་ལུགས་འཛུགས་རྒྱུ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་འཐུང་ཆུའི་ཆུ་འགོ་སྲུང་སྐྱོབ་ཁུལ་དབྱེ་མཚམས་གཏན་འཁེལ་བཟོས་ཏེ་མངོན་ཆེའི་མཚོན་རྟགས་འཛུགས་དགོས་པ་དང་འབྲེལ་སྤྱི་བསྒྲགས་སྤེལ་དགོས།

        རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་འཐུང་ཆུའི་བདེ་འཇགས་ཀྱི་གློ་བུར་དོན་རྐྱེན་ལ་འཕྲལ་སྡོམ་ཐག་གཅོད་ཀྱི་ལམ་སྲོལ་བཙུགས་ནས་འཕྲལ་ཐོན་གྱི་དོན་རྐྱེན་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས།

        དོན་ཚན་སོ་གསུམ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཞིང་ཁུལ་དང་འབྲོག་ཁུལ་གྱི་མི་ཕྱུགས་ཀྱི་འཐུང་ཆུ་དང་། གྲོང་ཁྱེར་གྲོང་རྡལ་གྱི་ཆུ་མཁོ་འདོན་གྱི་ལས་གྲྭ་འཛུགས་སྐྲུན་དང་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཡུལ་མིའི་འཐུང་ཆུའི་ཆ་རྐྱེན་ལེགས་བཅོས་བྱས་ནས་འཐུང་ཆུ་གཙང་མ་ཡོང་བར་འགན་ལེན་བྱེད་དགོས།

        དོན་ཚན་སོ་བཞི་པ། འཐུང་ཆུའི་ཆུ་འགོ་སྲུང་སྐྱོབ་བྱེད་ཁུལ་དུ་བཙོག་ཆུ་གཏོང་ས་བཟོ་མི་ཆོག

        ཆུ་བོ་དང་མཚེའུ་སོགས་ཆུ་རྒྱུད་དུ་ཆུ་སྙིགས་དང་བཙོག་ཆུ་གློད་དགོས་ཚེ་ངེས་པར་དུ་ཆུ་ནུས་ཐོན་ཁུལ་ཁོངས་ཀྱི་བླང་བྱ་དང་གཏན་འབེབས་བྱས་པའི་བཙོག་ཆུ་གློད་རྒྱུའི་ཚད་གཞི་དང་འཚམ་པ་བྱེད་དགོས། དོ་དམ་གཏོགས་ཁོངས་ཀྱི་དབང་ཆ་ཡོད་པའི་ཁོར་ཡུག་སྲུང་སྐྱོང་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་ཞིབ་བཤེར་བྱེད་དགོས།

        གཙང་པོ་དང་མཚེའུ་ཡི་རྒྱུད་དུ་བཙོག་ཆུ་གློད་ས་གསར་སྐྲུན་དང་བཟོ་བཅོས། རྒྱས་སྐྲུན་བཅས་བྱེད་དགོས་ཚེ་ངེས་པར་དུ་དོ་དམ་གཏོགས་ཁོངས་ཀྱི་དབང་ཆ་ཡོད་པའི་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ནས་མོས་མཐུན་བྱུང་བ་བརྒྱུད་ཁོར་ཡུག་སྲུང་སྐྱོང་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་འཛུགས་སྐྲུན་རྣམ་གྲངས་དེ་གའི་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་གི་ཞིབ་དཔྱད་ཡིག་ཆར་ཞིབ་མཆན་འགོད་རྒྱུའི་འགན་འཁུར་དགོས།

        དོན་ཚན་སོ་ལྔ་པ། ཆུ་ལམ་དང་མཚེའུ་ཡི་དོ་དམ་བྱེད་ཁོངས་ནང་བྱེ་མ་སྔོག་འདོན་དང་ས་ལེན་པ། དེ་བཞིན་གཏེར་ཁའི་ཐོན་ཁུངས་གཞན་དག་སྔོག་འདོན་བྱེད་དགོས་ཚེ་ངེས་པར་དུ་ས་གནས་དེ་གའི་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ལ་ཁྲིམས་ལྟར་འཁྲོལ་འཛིན་ཞུ་དགོས་པ་དང་། སྡེ་ཚན་གཞན་དག་དང་འབྲེལ་བ་ཡོད་ཚེ་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཁྲིམས་ལྟར་གཉེར་སྒྲུབ་བྱེད་དགོས།

        དོན་ཚན་སོ་དྲུག་པ། ས་ངོས་ཀྱི་ཆུ་གསར་སྤེལ་བེད་སྤྱོད་བྱེད་སྐབས་ངེས་པར་དུ་ཆུ་བོའི་ལུགས་མཐུན་གྱི་རྒྱུག་ཚད་དང་། མཚེའུ་དང་ཆུ་མཛོད་ཀྱི་ལུགས་མཐུན་ཆུ་ཁའི་མཐོ་ཚད། ཆུའི་རང་བྱུང་གི་གཙང་འགྱུར་བྱེད་ནུས་བཅས་རྒྱུན་འཁྱོངས་ཐུབ་པ་བྱས་ཏེ་འབྱུང་ཁམས་ཁོར་ཡུག་ལ་གཏོར་སྐྱོན་མི་ཕོག་པ་བྱེད་དགོས།

        དོན་ཚན་སོ་བདུན་པ། ཆུ་ལམ་གསར་སྦོལ་དང་འཁྱག་རོམ་གསར་སྤེལ་བྱེད་མི་ཆོག ཆུ་ལམ་རྒྱུད་དུ་གྲམ་སྐོར་རྨོ་འདེབས་བྱེད་དགོས་ངེས་ཡིན་ཚེ། ངེས་པར་དུ་ཚན་རིག་དང་མཐུན་པའི་རིགས་པས་ཁུངས་སྐྱེལ་བྱས་རྗེས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ནས་མོས་མཐུན་བྱུང་བ་བརྒྱུད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་དགོས།

        དོན་ཚན་སོ་བརྒྱད་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ས་འོག་ཆུ་སྔོག་འདོན་བཀག་སྡོམ་ཁུལ་དང་། ས་འོག་ཆུ་སྔོག་འདོན་ཚོད་འཛིན་བྱེད་ཁུལ་དབྱེ་མཚམས་གཏན་འཁེལ་བཟོས་ཏེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་སྤྱི་བསྒྲགས་བྱེད་དགོས།

        རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་ས་འོག་ཆུ་གསར་སྤེལ་བེད་སྤྱོད་ལ་ལྟ་སྐུལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། ས་འོག་ཆུ་སྔོག་འདོན་བྱེད་སྐབས་ངེས་པར་དུ་གཅིག་གྱུར་འཆར་འགོད་ལག་བསྟར་བྱས་ཏེ་བེད་སྤྱོད་འོས་ཤིང་འཚམ་པ་བྱས་ཐོག་ས་འོག་ཆུའི་ཆུ་ཁ་མཐོ་ཚད་ལུགས་མཐུན་ཡོང་བ་རྒྱུན་འཁྱོངས་ཐུབ་པ་བྱེད་དགོས་པ་མ་ཟད་ས་འོག་ཆུའི་ཆུ་ཁ་མཐོ་ཚད་དང་། འབོར་ཚད། སྤུས་ཚད་བཅས་ལ་འགྱུར་ལྡན་ཚད་ལེན་བྱེད་དགོས།

        དོན་ཚན་སོ་དགུ་པ། ས་འོག་ཆུ་སྔོག་འདོན་བྱེད་མཁན་ཚན་པས་ངེས་པར་དུ་ཁྲོན་པའི་གཏིང་རིང་ཚད་དང་། བར་ཐག སྔོག་འདོན་བྱེད་ཚད་བཅས་ལུགས་མཐུན་གཏན་འཁེལ་བྱེད་དགོས་པ་མ་ཟད་ལོ་རེའི་ཟླ་12པའི་ཚེས་31ཉིན་གྱི་གོང་ལ་དོ་དམ་གཏོགས་ཁོངས་ཀྱི་དབང་ཆ་ཡོད་པའི་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ལ་ལོ་དེ་གའི་ཆུ་འཐེན་གནས་ཚུལ་དང་ལོ་འཁོར་རྗེས་མའི་ཆུ་འཐེན་འཆར་གཞིའི་གྲོས་འགོ་འདོན་དགོས།

        དོན་ཚན་བཞི་བཅུ་པ། གཏེར་ཁ་སྔོག་འདོན་བྱེད་པའམ་ས་འོག་གི་ལས་གྲྭ་འཛུགས་སྐྲུན་བྱས་པའི་རྐྱེན་གྱིས་ས་འོག་གི་ཆུ་ཁ་དམའ་རུ་སོང་བ་དང་། ཆུ་སྦགས་བཙོག་བཟོ་བ། ཆུ་འགོ་སྐམ་པའམ་ས་རྡིབ་པ་བཅས་ཀྱི་གནས་ཚུལ་ཐོན་སྲིད་པས་གཏེར་ཁ་སྔོག་འདོན་བྱེད་མཁན་ཚན་པའམ་འཛུགས་སྐྲུན་ཚན་པས་ངེས་པར་དུ་སྔོན་འགོག་དང་གསབ་སྐྱོང་གི་བྱ་ཐབས་སྤྱོད་དགོས། མི་གཞན་གྱི་ཐོན་སྐྱེད་དང་འཚོ་བར་གྱོང་གུན་བཟོས་ཚེ་ཁྲིམས་ལྟར་སྐྱིན་གསབ་སྤྲོད་དུ་འཇུག་དགོས།

        དོན་ཚན་ཞེ་གཅིག་པ། ཆུའི་ལས་གྲྭ་སྲུང་སྐྱོབ་བྱེད་ཁུལ་ནང་ཆུའི་ལས་གྲྭ་འཁོར་སྐྱོད་བྱེད་རྒྱུར་ཤུགས་རྐྱེན་བཟོ་བ་དང་ཆུའི་ལས་གྲྭའི་བདེ་འཇགས་ཐད་ལ་གནོད་འཚེ་བཟོ་བའི་བཤིག་གཏོར་དང་། ཁྲོན་པ་འདྲུ་བ། རྡོ་བཤགས་པ། ས་ལེན་པ་སོགས་ཀྱི་ལས་ཀ་སྤེལ་རྒྱུར་བཀག་སྡོམ་བྱེད་དགོས།

        ལེའུ་ལྔ་པ།    ཆུ་དོན་གྱི་རྩོད་གཞི་ཐག་གཅོད་དང་ལྟ་སྐུལ་ཞིབ་བཤེར།

        དོན་ཚན་ཞེ་གཉིས་པ། རིམ་ཁག་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་བྱ་ཐབས་སྤྱད་དེ་ཆུ་དོན་གྱི་རྩོད་གཞི་སྔོན་འགོག་དང་བཀག་སྡོམ་བྱེད་དགོས། སྲིད་འཛིན་ཁུལ་ཁོངས་མི་འདྲ་བའི་དབར་ཆུ་དོན་གྱི་རྩོད་གཞི་ཐོན་ཚེ་ངེས་པར་དུ་གྲོས་མོལ་ཐག་གཅོད་བྱེད་དགོས་པ་དང་། གྲོས་མོལ་ཐག་གཅོད་མ་བྱུང་ཚེ་གོང་རིམ་མི་དམངས་སྲིད་གཞུང་ནས་ཁྲུན་གཅོད་བྱེད་དགོས་པ་མ་ཟད། འབྲེལ་ཡོད་ཕྱོགས་གཉིས་ཀས་ངེས་པར་དུ་བརྩི་སྲུང་ལག་བསྟར་བྱེད་དགོས།

        ཚན་པའི་དབར་དང་། མི་སྒེར་དབར། ཚན་པ་དང་མི་སྒེར་གྱི་དབར་ཆུ་དོན་གྱི་རྩོད་གཞི་ཐོན་ཚེ། ངེས་པར་དུ་གྲོས་མོལ་ཐག་གཅོད་བྱེད་དགོས་པ་དང་། དོ་བདག་ནས་གྲོས་མོལ་བྱེད་འདོད་མེད་པའམ་ཡང་ན་གྲོས་མོལ་མ་བྱུང་ཚེ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ངམ་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ལ་འདུམ་འགྲིག་བྱེད་རྒྱུར་རེ་འདུན་ཞུས་ན་འགྲིག་ལ། ཐད་ཀར་མི་དམངས་ཁྲིམས་ཁང་ལ་དམངས་དོན་ཞུ་གཏུག་བརྒྱབ་ནའང་འགྲིག་ཅིང་། འབྲེལ་ཡོད་མི་དམངས་སྲིད་གཞུང་ངམ་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ནས་འདུམ་འགྲིག་མ་ཐུབ་ཚེ། མི་དམངས་ཁྲིམས་ཁང་ལ་དམངས་དོན་ཞུ་གཏུག་བརྒྱབ་ནའང་འགྲིག

        ཤང (གྲོང་རྡལ )མི་དམངས་སྲིད་གཞུང་གིས་ངེས་པར་དུ་སོ་སོའི་ཤང་གྲོང་ནང་ཐོན་པའི་ཆུ་དོན་རྩོད་གཞི་དུས་ཐོག་ཏུ་འདུམ་འགྲིག་བྱེད་དགོས་པ་དང་། གོང་རིམ་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཆུ་དོན་རྩོད་གཞི་འདུམ་འགྲིག་བྱེད་རྒྱུར་གཞོགས་འདེགས་བྱེད་དགོས།

        ཆུ་དོན་རྩོད་གཞི་ཐག་གཅོད་མ་བྱས་གོང་། དོ་བདག་ཕྱོགས་རྐྱང་པ་ནས་ད་གནས་ལ་འགྱུར་བ་གཏོང་མི་ཆོག

        དོན་ཚན་ཞེ་གསུམ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་ཆུའི་སྲིད་འཛིན་ལྟ་སྐུལ་ཞིབ་བཤེར་རུ་ཁག་བཙུཌ་ཏེ་དེའི་ཐད་ཀྱི་མི་སྣ་བསྐོ་སྒྲིག་བྱས་ཐོག་ལམ་ལུཌ་འཐུས་ཚང་བཙུཌ་ནས་ཆུའི་སྲིད་འཛིན་ལྟ་སྐུལ་ཞིབ་བཤེར་རུ་ཁག་ལ་དོ་དམ་བྱེད་རྒྱུར་འགན་འཁུར་དགོས།

        དོན་ཚན་ཞེ་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་ཆུའི་ལས་གྲྭ་འཛུགས་སྐྲུན་དང་། ཆུ་བཤངས་འདྲེན། ཆུ་གྲོན་ཆུང་། ཆུ་བགོ་འགྲེམས་ཀྱི་ཇུས་གཞི་དང་དེ་བཞིན་གཏོང་འཐེན་གྱི་འཆར་གཞི་ལག་བསྟར་སོགས་ཀྱི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཆུའི་བཅའ་ཁྲིམས་དང་བྱ་ཐབས་འདི་དང་རྒྱབ་འགལ་བྱེད་མཁན་བྱེད་སྤྱོད་རིགས་ལ་ངེས་པར་དུ་ཁྲིམས་ལུགས་ལྟར་རྩད་གཅོད་ཐག་གཅོད་བྱེད་དགོས།

        དོན་ཚན་ཞེ་ལྔ་པ། ཆུའི་སྲིད་འཛིན་ལྟ་སྐུལ་ཞིབ་བཤེར་བྱེད་མཁན་མི་སྣས་ལྟ་སྐུལ་ཞིབ་བཤེར་གྱི་འགན་ནུས་སྒྲུབ་སྐབས། ངེས་པར་དུ་སྲིད་འཛིན་ཁྲིམས་སྒྱུར་གྱི་ལག་ཁྱེར་བཏོན་ནས་ཁྲིམས་ལུགས་ལྟར་ལྟ་སྐུལ་ཞིབ་བཤེར་བྱེད་དགོས།

        དོན་ཚན་ཞེ་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་དང་དེའི་ཆུའི་སྲིད་འཛིན་ལྟ་སྐུལ་ཞིབ་བཤེར་བྱེད་མཁན་མི་སྣས་ཁྲིམས་ལུགས་བཞིན་ལྟ་སྐུལ་ཞིབ་བཤེར་བྱེད་སྐབས་གཤམ་གསལ་གྱི་བྱ་ཐབས་སྤྱོད་དབང་ཡོད། (གཅིག )ཞིབ་བཤེར་བྱ་ཡུལ་ཚན་པར་འབྲེལ་ཡོད་ཀྱི་ཡིག་ཆ་དང་། ལག་ཁྱེར། དཔྱད་ཡིག་བཅས་འདོན་དུ་བཅུག་རྒྱུའི་བླང་བྱ་བཏོན་དགོས་པ་དང་།

        (གཉིས )ཞིབ་བཤེར་བྱ་ཡུལ་ཚན་པར་འབྲེལ་ཡོད་ཀྱི་གནད་དོན་ཐད་ཁྲིམས་ལྟར་འགྲེལ་བཤད་རྒྱག་ཏུ་བཅུག་རྒྱུའི་བླང་བྱ་འདོན་དགོས་པ།

        (གསུམ )ཞིབ་བཤེར་བྱ་ཡུལ་ཚན་པའི་ཐོན་སྐྱེད་བྱེད་སར་བསྐྱོད་ནས་བརྟག་དཔྱད་ཀྱི་བདེན་དཔང་བླང་དགོས་པ།

        (བཞི )ཞིབ་བཤེར་བྱ་ཡུལ་ཚན་པར་ཁྲིམས་འགལ་བྱེད་སྤྱོད་རིགས་མཚམས་འཇོག་བྱེད་རྒྱུའི་བཀའ་གཏོང་དགོས་པ་དང་འབྲེལ་ཁྲིམས་འཁོད་ཀྱི་འོས་འགན་སྒྲུབ་ཏུ་བཅུག་དགོས་པ་བཅས་སོ།

        དོན་ཚན་ཞེ་བདུན་པ། འབྲེལ་ཡོད་ཚན་པའམ་མི་སྒེར་གྱིས་ཆུའི་སྲིད་འཛིན་ལྟ་སྐུལ་ཞིབ་བཤེར་བྱེད་མཁན་མི་སྣས་ཞིབ་བཤེར་ལྟ་སྐུལ་གྱི་ལས་དོན་སྤེལ་བར་ངེས་པར་དུ་གཞོགས་འདེགས་བྱས་ཏེ་གནས་ཚུལ་ཇི་མ་ཇི་བཞིན་ཤོད་དགོས་པ་དང་། འབྲེལ་ཡོད་ཀྱི་གཞི་འཛིན་གྲངས་ཀ་དང་དཔྱད་ཡིག་མཁོ་འདོན་བྱེད་དགོས་པ་ལས་ཁས་ལེན་མི་བྱེད་པ་དང་། ནར་འགྱངས་གཏོང་བའམ་རྫུན་ཞུ་སོགས་བྱེད་མི་ཆོག་ལ། ཆུའི་སྲིད་འཛིན་ལྟ་སྐུལ་ཞིབ་བཤེར་བྱེད་མཁན་མི་སྣས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་འགོག་རྐྱེན་ཡང་བཟོ་མི་ཆོག

        དོན་ཚན་ཞེ་བརྒྱད་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་དང་དེའི་ཆུའི་སྲིད་འཛིན་ལྟ་སྐུལ་ཞིབ་བཤེར་བྱེད་མཁན་མི་སྣས་ཁྲིམས་ལྟར་འགན་འཁྲི་སྒྲུབ་སྐབས་རང་འགན་གཞན་དཀྲིའམ་ཁས་མི་ལེན་པ་སོགས་བྱེད་མི་ཆོག་ལ། འགན་དབང་གང་བྱུང་དུ་སྤྱོད་པའམ་དབང་ཆར་བརྟེན་ནས་སྒེར་དོན་སྒྲུབ་པ་སོགས་བྱེད་མི་ཆོག་པ་མ་ཟད། དབང་ཚད་ལས་བརྒལ་ནས་ཁྲིམས་སྒྱུར་ཡང་བྱེད་མི་ཆོག

        ལེའུ་དྲུག་པ།    བཅའ་ཁྲིམས་ཀྱི་འགན་འཁྲི།

        དོན་ཚན་ཞེ་དགུ་པ། བྱ་ཐབས་འདིའི་གཏན་འབེབས་དང་འགལ་བའི་བྱེད་སྤྱོད་རིགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་ཆད་གཅོད་ཀྱི་གཏན་འབེབས་ཡོད་ཚེ་གཏན་འབེབས་དེ་བཞིན་བྱེད་རྒྱུ།

        དོན་ཚན་ལྔ་བཅུ་པ། བྱ་ཐབས་འདིའི་དོན་ཚན་ཉེར་གཉིས་པའི་གཏན་འབེབས་དང་རྒྱབ་འགལ་བྱས་ནས་ཆུ་འཐེན་གྱི་རྩིས་ཆས་བསྒར་མེད་པའི་རིགས་ལ་དོ་དམ་གཏོགས་ཁོངས་ཀྱི་དབང་ཆ་ཡོད་པའི་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ནས་དུས་བཀག་ནང་རྩིས་ཆས་བསྒར་དགོས་པའི་བཀའ་གཏོང་རྒྱུ་དང་འབྲེལ། ལས་གྲྭའི་ཇུས་འགོད་ཆུ་འཐེན་ནུས་ཀྱི་སྒྲིག་ཆས་ཐོག་འཁོད་པའི་ནུས་ཕྱོད་ཆ་ཚང་རྒྱུན་མཐུད་འཁོར་སྐྱོད་བྱེད་པའི་ཆུ་འཐེན་ནུས་རྩིས་བརྒྱབ་པའི་ཉིན་རེའི་ཆུ་འཐེན་ཚད་མང་ཤོས་དང་། ཆུའི་ཐོན་ཁུངས་ཀྱི་འགྲོ་གྲོན་བསྡུར་ཚད་གཞིར་བཟུང་ཆུའི་ཐོན་ཁུངས་ཀྱི་འགྲོ་གྲོན་བསྡུ་རྒྱུ་མ་ཟད། དངུལ་ཆད་སྒོར་5000ཡན་ནས་ཁྲི་2མན་འགེལ་རྒྱུ་དང་། གནས་ཚུལ་ཚབས་ཆེའི་རིགས་ལ་དེའི་ཆུ་འཐེན་འཁྲོལ་འཛིན་མེད་པ་བཟོ་རྒྱུ།

        རྩིས་ཆས་སྒྲིག་བཀོད་ཚད་མཐུན་མེད་པའམ་འཁོར་སྐྱོད་རྒྱུན་གཏན་བཞིན་མི་ཐུབ་པའི་རིགས་ལ་དུས་བཀག་ནང་བརྗེ་པོ་རྒྱག་པའམ་ཉམས་བཟོ་བྱེད་དུ་འཇུག་རྒྱུའི་བཀའ་གཏོང་རྒྱུ་དང་། དུས་ཚད་ཡོལ་ཡང་བརྗེ་པོ་མི་རྒྱག་པའམ་ཉམས་བཟོ་བྱས་མེད་པའི་རིགས་ལ། ལས་གྲྭའི་ཇུས་འགོད་ཀྱི་ཆུ་འཐེན་ནུས་སམ་སྒྲིག་ཆས་ཐོག་འཁོད་པའི་ནུས་ཕྱོད་ཆ་ཚང་རྒྱུན་མཐུད་འཁོར་སྐྱོད་བྱེད་པའི་ཆུ་འཐེན་ནུས་བཞིན་རྩིས་བརྒྱབ་པའི་ཉིན་རེའི་ཆུ་འཐེན་ཚད་མང་ཤོས་དང་། ཆུའི་ཐོན་ཁུངས་ཀྱི་འགྲོ་གྲོན་བསྡུར་ཚད་གཞིར་བཟུང་ཆུའི་ཐོན་ཁུངས་ཀྱི་འགྲོ་གྲོན་བསྡུ་རྒྱུ་མ་ཟད། སྒོར་ཁྲི་1མན་གྱི་དངུལ་ཆད་འགེལ་རྒྱུ་དང་། གནས་ཚུལ་ཚབས་ཆེའི་རིགས་ལ་དེའི་ཆུ་འཐེན་འཁྲོལ་འཛིན་མེད་པ་བཟོ་རྒྱུ།

        དོན་ཚན་ང་གཅིག་པ། བྱ་ཐབས་འདིའི་དོན་ཚན་ཉེར་ལྔ་པའི་གཏན་འབེབས་དང་འགལ་ནས་ཆོག་མཆན་མ་ཐོབ་པར་ཆུ་འཐེན་གྱི་གཞི་རྒྱ་ཆེ་རུ་གཏོང་མཁན་རིགས་ལ། དོ་དམ་གཏོགས་ཁོངས་ཀྱི་དབང་ཆ་ཡོད་པའི་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ནས་ཁྲིམས་འགལ་གྱི་བྱེད་སྤྱོད་མཚམས་འཇོག་བྱེད་རྒྱུའི་བཀའ་བཏང་སྟེ་དུས་བཀག་ནང་གསབ་སྐྱོང་གི་བྱ་ཐབས་སྤྱོད་པ་དང་འབྲེལ་དངུལ་ཆད་སྒོར་ཁྲི་2ཡན་དང་སྒོར་ཁྲི་10མན་འགེལ་རྒྱུ་དང་། གནས་ཚུལ་ཚབས་ཆེའི་རིགས་ལ་དེའི་ཆུ་འཐེན་འཁྲོལ་འཛིན་མེད་པ་བཟོ་རྒྱུ།

        དོན་ཚན་ང་གཉིས་པ། བྱ་ཐབས་འདིའི་དོན་ཚན་སོ་དགུ་པའི་གཏན་འབེབས་དང་འགལ་ནས་ལོ་འཁོར་གྱི་ཆུ་འཐེན་གནས་ཚུལ་སྙན་སེང་མི་ཞུ་བའི་རིགས་ལ། དོ་དམ་གཏོགས་ཁོངས་ཀྱི་དབང་ཆ་ཡོད་པའི་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ནས་དུས་བཀག་ནང་ཡོ་བསྲང་བྱེད་རྒྱུའི་བཀའ་གཏོང་རྒྱུ་དང་འབྲེལ་དངུལ་ཆད་སྒོར་5000ཡན་དང་སྒོར་ཁྲི་2མན་འགེལ་རྒྱུ་དང་། གནས་ཚུལ་ཚབས་ཆེའི་རིགས་ལ་དེའི་ཆུ་འཐེན་འཁྲོལ་འཛིན་མེད་པ་བཟོ་རྒྱུ། ལོ་འཁོར་རྗེས་མའི་ཆུ་འཐེན་འཆར་གཞིའི་གྲོས་འགྲོ་སྙན་སེང་མི་ཞུ་བའི་རིགས་ལ། དོ་དམ་གཏོགས་ཁོངས་ཀྱི་དབང་ཆ་ཡོད་པའི་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ནས་དུས་བཀག་ནང་ཡོ་བསྲང་བྱེད་རྒྱུའི་བཀའ་གཏོང་དགོས་པ་མ་ཟད། དངུལ་ཆད་སྒོར་5000ཡན་དང་སྒོར་ཁྲི་2མན་འགེལ་ན་འགྲིག

        དོན་ཚན་ང་གསུམ་པ། བྱ་ཐབས་འདིའི་དོན་ཚན་ཞེ་བརྒྱད་པའི་གཏན་འབེབས་དང་འགལ་ནས་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་དང་དེའི་ཆུའི་སྲིད་འཛིན་ལྟ་སྐུལ་ཞིབ་བཤེར་བྱེད་མཁན་མི་སྣས་རང་འགན་ཟོལ་འཇོག་དང་། འགན་དབང་གང་བྱུང་དུ་སྤྱོད་པ། ཉེར་ཕྱོགས་གཡོ་ཟོལ་བྱེད་པ་བཅས་ལ་འབྲེལ་ཡོད་སྡེ་ཚན་གྱིས་དེའི་འགན་འཁུར་མི་སྣ་གཙོ་བོ་དང་དེ་མིན་ཐད་ཀའི་འགན་འཁྲི་ཡོད་མཁན་མི་སྣར་ཁྲིམས་ལུགས་ལྟར་སྲིད་འཛིན་ཆད་པ་གཅོད་རྒྱུ། དོགས་ཡོད་ཉེས་གསོག་རིགས་ལ། ཁྲིམས་འཛིན་ལས་ཁུངས་ནས་ཐག་གཅོད་བྱེད་རྒྱུ།

        ལེའུ་བདུན་པ།    ཞར་བྱུང་།

        དོན་ཚན་ང་བཞི་པ། རྒྱལ་སྤྱིའི་གཙང་པོ་རྒྱུག་ཁུལ་གསར་སྤེལ་དང་། བེད་སྤྱོད། སྲུང་སྐྱོབ་བཅས་བྱེད་དགོས་ཚེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་བྱེད་རྒྱུ།

        ཕྱི་རྒྱལ་གྱི་རྩ་འཛུགས་སམ་ཡང་ན་མི་སྒེར་གྱིས་རང་སྐྱོང་ལྗོངས་སྲིད་འཛིན་མངའ་ཁོངས་ནང་དུ་ཆུ་དོན་བྱེད་སྒོ་སྤེལ་དགོས་ཚེ། ངེས་པར་དུ་རང་སྐྱོང་ལྗོངས་ཀྱི་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ལ་ཞིབ་དཔྱད་ཞུ་དགོས་པ་དང་འབྲེལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ལ་སྙན་སེང་ཞུས་ནས་ཞིབ་མཆན་ཐོབ་པ་བྱེད་དགོས།

        དོན་ཚན་ང་ལྔ་པ། བྱ་ཐབས་འདི་2013ལོའི་ཟླ་10པའི་ཚེས་1ཉིན་ནས་ལག་བསྟར་བྱེད་རྒྱུ།

        (ལྗོངས་མི་དམངས་འཐུས་ཚོགས་རྩོམ་སྒྱུར་ཁང་གིས་མཁོ་འདོན་བྱས་པ་གཞིར་བཟུང )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།