དགོན་སྡེར་བཅའ་སྡོད་ཀྱི་ལས་བྱེད་པ་ཡོངས་ལ།
2013 ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པའི་སྐབས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་དགོན་སྡེའི་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ (ཆེད་མངགས་པ )ཡོངས་ལ་བླ་ན་མ་མཆིས་པའི་གུས་འདུད་དང་བྱམས་བརྩེའི་འཚམས་འདྲི་ཞུ་རྒྱུ་ཡིན་ཁར་ཁྱེད་རྣམས་བརྒྱུད་རྒྱ་ཆེའི་གྲྭ་བཙུན་ཡོངས་ལ་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན།
འདས་ཟིན་པའི་ལོ་གཅིག་ནང་ལྗོངས་ཡོངས་ཀྱི་རིམ་ཁག་དགོན་སྡེའི་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ (ཆེད་མངགས་པ )ཡོངས་ཀྱིས་དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་ལེན་དོན་འཁྱོལ་ཏན་ཏིག་བྱས་ཏེ་སློབ་གསོ་དང་། དོ་དམ། ཞབས་ཞུ་བཅས་འགན་ནུས་ཆེན་པོ་གསུམ་ལ་དམིགས་ནས་དཀའ་ངལ་ཁྱད་བསད་བྱེད་པ་དང་། ལས་གནས་བརྟན་སྲུང་བྱེད་པ། རང་འགན་གཙང་སྒྲུབ་བྱེད་པ། འོས་འགན་ཆུད་ཟོས་སུ་མི་གཏོང་བ་བཅས་བྱས་ནས་རྒྱ་ཆེའི་གྲྭ་བཙུན་ཡོངས་ལ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་སྒྲོག་འགྲེལ་བྱས་པ་དང་། རྒྱ་ཆེའི་གྲྭ་བཙུན་ཚོར་ཏཱ་ལའི་རུ་ཚོགས་ཀྱི “རང་བཞིན་གསུམ ”གྱི་ཁ་ཕྲལ་གྱི་ངོ་བོར་ངོས་འཛིན་ཟབ་མོ་བྱ་རྒྱུའི་སློབ་གསོ་བཏང་བ། རྒྱ་ཆེའི་གྲྭ་བཙུན་ཡོངས་ལ་རང་འགུལ་ངང་རྒྱལ་གཅེས་ཆོས་གཅེས་དང་སྒྲིག་བཀུར་ཁྲིམས་སྲུང་བྱེད་པའི་དཔེ་སྟོན་བྱ་རྒྱུར་ཁྲིད་སྟོན་བྱས་པ།
“དྲུག་འཛུགས ”དང་། “གཅིག་རེ་དྲུག ” “ཡོད་པ་དགུ ” “ ཁྱབ་པ་གཅིག ” “གསར་གཏོད་གཅིག ” “སློབ་གསོ་གཅིག ” “འདུ་འགོད་གཅིག ”སོགས་དགོན་སྡེར་ཕན་ལ་གྲྭ་བཙུན་ལའང་ཕན་པའི་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ། ཐབས་བརྒྱ་ཇུས་སྟོང་ངང་རྒྱ་ཆེའི་གྲྭ་བཙུན་ལ་དཀའ་གནད་སེལ་རོགས་བྱས་ཁར་བྱ་བཟང་དང་བྱ་བ་ངོ་མ་སྒྲུབ་རོགས་བྱས་པ། དགོན་སྡེའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ། གྲྭ་བཙུན་གྱི་སློབ་སྦྱོང་དང་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་བཏང་བས་རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཚོའི་སྤྲོ་སེམས་འཁོལ་བའི་དགའ་བསུ་དང་གདེང་འཇོག་ཡག་པོ་ཐོབ་པ། ལྗོངས་ཡོངས་ཀྱི་དགོན་སྡེ་རྒྱུན་བསྲིང་བརྟན་ལྷིང་དང་། ཁྱོན་ཡོངས་བརྟན་ལྷིང་། ལོ་ཧྲིལ་པོ་བརྟན་ལྷིང་བཅས་ཡོང་རྒྱུའི་འགན་ལེན་བྱས་ཐོག་ལྗོངས་ཡོངས་སུ “གནད་དོན་ཆེན་པོ་མི་ཐོན་པ་བྱེད་དགོས་པ་དང་གནད་དོན་འབྲིང་བ་མི་ཐོན་པ་བྱེད་དགོས་པ་དང་གནད་དོན་ཆུང་ངུ་ཡང་མི་ཐོན་པའི་བརྩོན་ལེན་བྱ་རྒྱུའི ”དམིགས་ཚད་མངོན་འགྱུར་ཡོང་ཕྱིར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
2013 ལོ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་འཛུགས་ཀྱི་ལོ་ཞིག་དང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་རྒྱུར་རྨང་གཞི་བརྟན་པོ་འདིང་བའི་གལ་ཆེའི་ལོ་ཞིག ལྗོངས་ཡོངས་སུ་ཁ་ཕྲལ་ལ་ངོ་རྒོལ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་འགན་ལྕི་བའི་ལོ་ཞིག་བཅས་ཡིན་པས་དགོན་སྡེར་བཅའ་སྡོད་ལས་བྱེད་པ་ཡོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་དང་རྒྱལ་ཁབ་ཀྱི་ཆོས་ལུགས་ལས་དོན་དོ་དམ་གྱི་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་ལག་ལེན་དོན་འཁྱོལ་བྱེད་པ། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་དང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། སློབ་གསོ་དང་། དོ་དམ། ཞབས་ཞུ་བཅས་གཙོ་གནད་དུ་བྱས་ཏེ་དགོན་སྡེར་དོ་དམ་ཤུགས་སྣོན་དང་གསར་གཏོད་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་དོན་འཁྱོལ་གཏིང་ཟབ་བྱེད་པ། དགོན་སྡེ་དོ་དམ་བྱེད་པའི་ཕུགས་ཕན་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ། དགོན་སྡེའི་གྲྭ་བཙུན་ལ་སློབ་གསོ་གཏོང་ཤུགས་དང་གཅེས་སྐྱོང་བྱ་ཤུགས་ཆེ་རུ་གཏོང་བ། ཆོས་ལུགས་ལས་དོན་ལ་ཁྲིམས་ལུགས་ཁྲིམས་སྲོལ་བཞིན་དོ་དམ་བྱེད་པ། དགོན་སྡེའི་གྲྭ་བཙུན་ཡོངས་ལ་ཐོས་བསམ་སྒོམ་གསུམ་དང་འཚོ་བའི་ཁྲོད་ཀྱི་དཀའ་ངལ་སེལ་རོགས་དང་གནད་དོན་ཐག་གཅོད་བྱེད་རོགས་བྱེད་པ། དགོན་སྡེའི་གྲྭ་བཙུན་ཡོངས་ལ་རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། ཡོན་ཚད་མཐོར་གཏོང་། ཞི་མཐུན་གོང་བཀུར་བཅས་བྱ་རྒྱུའི་སློབ་གསོ་བཏང་སྟེ་དགོན་སྡེ་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་རང་འགུལ་ངང་སྲུང་སྐྱོང་བྱས་ནས་སྤྱི་ཚོགས་ཀྱི་དུས་བབ་རྒྱུན་བསྲིང་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་བརྟན་ལྷིང་བཅས་ཡོང་བའི་འགན་ལེན་བྱས་ཐོག་འབྱོར་ཕྱུག་དང་། ཞི་མཐུན། བདེ་སྐྱིད། ཁྲིམས་སྐྱོང་། ཤེས་དཔལ། མཛེས་སྡུག་བཅས་ལྡན་པའི་བོད་ལྗོངས་སྐྲུན་པའི་ཕན་འབྲས་དངོས་ལས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བློ་ཡིད་ཚིམས་པོ་ཡོང་བ་བྱེད་རྒྱུའི་རེ་བ་ཡོད།
དགོན་སྡེར་བཅའ་སྡོད་ལས་བྱེད་པ (ཆེད་མངགས་པ )ཡོངས་ལོ་གསར་པའི་ནང་སྐུ་གཟུགས་གསལ་ཐང་དང་། བྱ་བ་ལམ་ལྷོངས། ཁྱིམ་ཚང་འཆམ་མཐུན་བཅས་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན།
ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ལྷན་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས།
2013ལོའི་ཟླ་2ཚེས་1ཉིན།