དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • ལྗོངས་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པར་སྤྲིངས་པའི་འཚམས་འདྲིའི་ཡི་གེ

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ལྗོངས་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས་རྣམས་ལ།

        2013ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་300ཡི་ཚབ་ཞུས་ནས་བོད་ཀྱི་ལོ་རྒྱུས་ཀྱི་དུས་མཚམས་ཁག་ཏུ་ལེགས་སྐྱེས་གལ་ཆེན་ཕུལ་མཁན་ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས་ལ་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན།

        འདས་པའི་ལོ་གཅིག་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་གྱིས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་བསམ་བློ་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་དང་། ཏང་ཀྲུང་དབྱང་གིས་གཏན་ལ་ཁེལ་བའི “ལྟེ་བ་གཅིག ”དང “དོན་ཆེན་གཉིས ”“འགན་ལེན་བཞི ” བཅས་ལ་དམ་པོར་གཞིགས་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་སྤེལ་གཏོང་བའི་བརྗོད་བྱ་གཙོ་བོར་སྟངས་འཛིན་གང་ལེགས་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ལ་དམ་འཛིན་བྱེད་པ། དར་ཆ་གསལ་སྟོན་ངང་ཁ་ཕྲལ་ལ་ངོ་རྒོལ། སེམས་ནུས་གང་ཡོད་བཏོན་ནས་དམངས་འཚོར་ཕན་འདོགས་པ། རྒྱུན་འཁྱོངས་ལྷོད་མེད་ངང་ཏང་འཛུགས་སྐྱོང་ལ་དམ་འཛིན་བཅས་བྱས་པར་བརྟེན་དཔལ་འབྱོར་བརྟན་ལ་མྱུར་བའི་ངང་འཕེལ་རྒྱས་དང་། སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་། མང་ཚོགས་ཀྱི་འཚོ་བར་ལེགས་བཅོས་མངོན་གསལ་དོད་པོ། མི་རིགས་མཐུན་སྒྲིལ་སྔར་བས་སྲ་བརྟན་དང་རིག་གནས་བྱ་གཞག་འཕེལ་རྒྱས་མགྱོགས་སུ་ཕྱིན་པ། ཏང་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་ཐེབས་པ་བཅས་ཀྱི་གྲུབ་འབྲས་གསར་པ་ཐོབ་ཡོད། དེ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བྱམས་བརྩེའི་ཐུགས་ཁུར་གནང་བའི་འབྲས་བུ་དང་། རྒྱལ་ཡོངས་མི་དམངས་དང་ལྷག་དོན་དུ་ཁ་གཏད་བོད་སྐྱོར་ཞིང་ཆེན་གྲོང་ཁྱེར་དང་། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུད་ཁག ཀྲུང་དབྱང་གི་གཙོ་གནད་རྐང་འཛིན་ཁེ་ལས་བཅས་ཀྱིས་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བའི་འབྲས་བུ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་བཅས་ཡིན་ལ་དེ་དག་གི་ཁྲོད་རྒྱ་ཆེའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས་ཀྱི་བློ་རིག་དང་སེམས་ནུས་ཀྱང་འདུས་ཡོད། ཁྱེད་རྣམ་པས་ཐོག་མཐའ་བར་གསུམ་དུ་ཕུགས་བསམ་གྱི་དད་སེམས་བརྟན་དུ་བཏང་ནས་ལས་འཁྱུར་ངལ་གསོ་བརྒྱབ་ཀྱང་སེམས་ཤུགས་མི་ཉམས་པར་ཏང་གི་གཟི་བརྗིད་སྲོལ་རྒྱུན་དང “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”དར་སྤེལ་ཤུགས་ཆེན་བཏང་ཐོག་ནུས་པ་ལྷག་མ་ཧུར་ཐག་བཏོན་ནས་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་དང་ལྷག་དོན་དུ་ཁ་ཕྲལ་ལ་ངོ་རྒོལ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་སོགས་གནད་དོན་གལ་ཆེན་ཐད་ལངས་ཕྱོགས་བརྟན་པོ་དང་གོམ་སྟབས་གཅིག་མཐུན་ཡོང་རྒྱུར་སེམས་རྩ་འཁོལ་པོས་དོ་ཁུར་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་སྤེལ་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་པས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཁྱེད་རྣམ་པར་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་ཟོལ་མེད་ཀྱི་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

        ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་ནི་ཏང་དང་རྒྱལ་ཁབ་ཀྱི་རྒྱུ་ནོར་རྩ་ཆེན་ཡིན་ལ་རང་ལྗོངས་ཀྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བཅས་ཀྱི་སྟོབས་ཤུགས་གལ་ཆེན་ཡང་ཡིན། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་ཁག་སྔར་མུས་བཞིན་ལག་བསྟར་དོན་འཁྱོལ་གྱིས་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་རྒན་གྲས་ཀྱི་ཆབ་སྲིད་ཀྱི་ཐོབ་ཐང་དང་འཚོ་བའི་ཐོབ་ཐང་མུ་མཐུད་དོན་འཁྱོལ་ཟབ་མོ་བྱས་ཁར་ཆབ་སྲིད་ཐད་ལས་བྱེད་པ་རྒན་གྲས་ལ་བརྩི་བཀུར་དང་། བསམ་བློའི་ཐད་ལས་བྱེད་པ་རྒན་གྲས་ལ་སེམས་ཁུར། འཚོ་བའི་ཐད་ལས་བྱེད་པ་རྒན་གྲས་ལ་ལྟ་སྐྱོང་བཅས་དངོས་འབྲེལ་བྱེད་ཐུབ་པ་བྱས་ཏེ་རྒྱ་ཆེའི་ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས་ལ་རྒས་དུས་འཚོ་བརྟེན་ཡོད་པ་དང་། རྒས་དུས་སྨན་བཅོས་ཐུབ་པ། རྒས་དུས་སྤྲོ་སྐྱིད་གཏོང་རྒྱུ་ཡོད་པ། རྒས་ཀྱང་ལས་རྒྱུ་ཡོད་པ་བཅས་བྱེད་དགོས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས་ལ་རང་རེའི་ཏང་གིས་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་དོན་སེམས་ལ་ཐོག་མཐའ་བར་གསུམ་དུ་བཅངས་ཐོག་ཏང་ཡོན་ལས་བྱེད་དཔུང་ཁག་ཁྲོད་ཀྱི་སྤེལ་རོགས་ཁྲིད་གསུམ་གྱི་ནུས་པ་དང་། མི་རབས་རྗེས་མར་སེམས་ཁུར་བྱེད་པ་དང་སློབ་གསོ་རྒྱག་པའི་ཁྲོད་ཀྱི་དཔེ་སྟོན་གྱི་ནུས་པ། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་ཀྱི་ཤུགས་རྐྱེན་ནུས་པ་གལ་ཆེན། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བའི་ཁྲོད་ཀྱི་སྐུལ་འདེད་ནུས་པ་བཅས་འདོན་སྤེལ་གང་ལེགས་བྱས་ནས་འབྱོར་ཕྱུག་གི་བོད་ལྗོངས་དང་། ཞི་མཐུན་གྱི་བོད་ལྗོངས། བདེ་སྐྱིད་ཀྱི་བོད་ལྗོངས། ཁྲིམས་སྐྱོང་གི་བོད་ལྗོངས། ཤེས་དཔལ་གྱི་བོད་ལྗོངས། མཛེས་སྡུག་གི་བོད་ལྗོངས་བཅས་སྐྲུན་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུར་ལྷག་བསམ་ཟོལ་མེད་ངང་རེ་བ་བྱེད་བཞིན་ཡོད།

        མཇུག་ཏུ་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས་ལ་དཔྱིད་གསར་དུས་ཆེན་སྤྲོ་པོ་དང་། ཚེ་རིང་ནད་མེད། ཁྱིམ་མི་སྤྲོ་སྐྱིད། བཀྲ་ཤིས་བདེ་ལེགས་བཅས་ཀྱི་སྨོན་འདུན་ལྷག་བསམ་ཟོལ་མེད་ངང་ཞུ་རྒྱུ་ཡིན།

                 ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས།

                                                                                                 2013ལོའི་ཟླ་2ཚེས་2ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།