2012ལོའི་ཟླ་བ་བཞི་པར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་2011ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་སྔོན་ཐོན་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་དང་དགོན་སྡེར་བཅའ་སྡོད་ཕུལ་བྱུང་ལས་བྱེད་པར་གཟེངས་བསྟོད་གཟབ་རྒྱས་ཐེངས་དང་པོ་བྱས་ཚུན་ལྗོངས་ཡོངས་ཀྱི་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་དང་དགོན་སྡེར་བཅའ་སྡོད་རྒྱ་ཆེའི་ལས་བྱེད་པ་དང་ཆོས་ལུགས་ལས་དོན་གྱི་ལས་བྱེད་པ་ཚོས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་སྒུལ་ཤུགས་སུ་བྱས་ཏེ་སྔོན་ཐོན་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་དང་དགོན་སྡེར་བཅའ་སྡོད་ཕུལ་བྱུང་ལས་བྱེད་པ་མིག་དཔེར་བྱེད་པ་དང་། དགོན་སྡེའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་འགན་ལྕི་ཁུར་ཕོད་པ། དོ་དམ་དང་། ཞབས་ཞུ། སློབ་གསོ་བཅས་འགན་ནུས་གསུམ་ནན་ཏན་ངང་བསྒྲུབས་པ། གྲྭ་བཙུན་ལ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དང་། ཏང་གི་ཆོས་ལུགས་སྲིད་ཇུས། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་བཅས་སྒྲོག་འགྲེལ་བྱེད་པ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐོག་གི་གཡོ་རྫུས་རང་བཞིན། བྱ་ཐབས་ཐོག་གི་མགོ་སྐོར་རང་བཞིན་བཅས་ལ་གྲྭ་བཙུན་ཚོས་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱ་རྒྱུར་ཁྲིད་སྟོན་བྱེད་པ། བླ་མ་སྐྱེས་ཆེན་རིམ་བྱུང་གི “རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན ”བཅས་ཀྱི་བརྗོད་བྱ་གཙོ་བོའི་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་སློབ་གསོའི་བྱེད་སྒོ་ཤུགས་ཆེན་སྤེལ་བ། ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་པ་དང་དཔྱད་འདེམས་བྱེད་པའི་བྱེད་སྒོ་མུ་མཐུད་སྤེལ་བ་བཅས་བྱས་ཏེ་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། ཆོས་ལ་དགའ་ཞེན་བཅས་ཀྱི་རྒྱ་ཆེའི་གྲྭ་བཙུན་གྱི་བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཡོད། “གཅིག་དྲུག ”དང་། དགོན་སྡེར “ཡོད་པ་དགུ ” “ཁྱབ་པ་གཅིག ”སོགས་དགོན་སྡེ་དང་གྲྭ་བཙུན་ལ་ཕན་པའི་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་བློ་གཅིག་སེམས་གཅིག་ངང་གྲྭ་བཙུན་དང་གྲོགས་པོ་སྒྲིག་པ་དང་། གྲྭ་བཙུན་གྱི་དཀའ་ངལ་ཏན་ཏིག་སེལ་བ། དགོན་སྡེའི་རྨང་གཞིའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་སྒོ་ཀུན་ནས་མཐོ་རུ་གཏོང་བ། གྲྭ་བཙུན་གྱི་སློབ་སྦྱོང་དང་འཚོ་བའི་ཆ་རྐྱེན་ནུས་ལྡན་ངང་ལེགས་སུ་གཏོང་བ་བཅས་བྱས་པར་བརྟེན་རྒྱ་ཆེའི་གྲྭ་བཙུན་གྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་དང་སྙིང་དབུས་ནས་བརྩི་བཀུར་ཐོབ་སྟེ་ལྗོངས་ཡོངས་ཀྱི་ཆོས་ལུགས་ཁྱབ་ཁོངས་རྒྱུན་མཐུད་བརྟན་ལྷིང་ཡོང་རྒྱུ་འགན་ལེན་བྱ་རྒྱུ་དང “གནས་ཚུལ་ཆེ་འབྲིང་ཆུང་གསུམ་གང་ཡང་མི་ལྷག་པའི ”དམིགས་ཚད་མངོན་འགྱུར་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ལ་སྔོན་ཐོན་དཔེ་བཟང་ཡང་ཁག་གཅིག་ཐོན་ཡོད།
སྔོན་ཐོན་ལ་གཟེངས་བསྟོད་དང་། དཔེ་སྟོན་འཛུགས་པ། དགོན་སྡེའི་དོ་དམ་ལ་སྔར་བས་ཤུགས་སྣོན་དང་གསར་གཏོད་བཅས་བྱ་ཆེད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འབྲས་སྤུངས་དགོན་སོགས་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་དྲུག་ཅུར “2012ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་སྔོན་ཐོན་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང ”གི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་དང་། ནོར་བུ་སོགས་དགོན་སྡེར་བཅའ་སྡོད་ལས་བྱེད་པ་དགུ་བརྒྱར “2012ལོའི་ལོ་འཁོར་གྱི་དགོན་སྡེར་བཅའ་སྡོད་བོད་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་ལས་བྱེད་པའི ”གཟི་བརྗིད་མཚན་སྙན་སྤྲོད་རྒྱུ། སྐར་ཟླ་སོགས་ཆོས་ལུགས་ལས་དོན་གྱི་ལས་བྱེད་པ་བརྒྱར “2012ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཆོས་ལུགས་ལས་དོན་གྱི་ཕུལ་བྱུང་ལས་བྱེད་པའི ”གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་བཅས་ཀྱི་གཏན་འབེབས་བྱ་རྒྱུ་ཡིན། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་གྱིས་གཟི་བརྗིད་ལ་གཅེས་འཛིན་དང་། གྲུབ་འབྲས་དར་སྤེལ་གཏོང་བ། ལས་ཀའི་སྤྱོད་ཚུལ་དེ་བས་ནན་དུ་གཏོང་བ། དེ་བས་ཏན་ཏིག་གི་སྒོ་ནས་ལས་དོན་སྒྲུབ་པ་བཅས་བྱས་ཏེ་ཏང་གི་ཆོས་ལུགས་སྲིད་ཇུས་དང་རྒྱལ་ཁབ་ཀྱིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་བཅའ་ཁྲིམས་ཁྲིམས་སྲོལ་མུ་མཐུད་དྲིལ་བསྒྲགས་ཡག་པོ་བྱས་ནས་དགོན་སྡེ་དོ་དམ་ཡག་པོ་དང་། ཞི་མཐུན་ལ་དོ་དམ། བརྟན་ལྷིང་ལ་དོ་དམ་བཅས་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་རེ་བ་ཟབ་མོ་དང་མངགས་བཅོལ་ཆུད་ཟོས་སུ་མི་གཏོང་རྒྱུའི་རེ་བ་ཡོད།
རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང (དགོན་སྡེའི་ཆེད་བསྐོས་ལས་འགན་འཁུར་མཁན་ཆེད་མངགས་པ )དང་དགོན་སྡེར་བཅའ་སྡོད་རྒྱ་ཆེའི་ལས་བྱེད་པ་དང་ཆོས་ལུགས་ལས་དོན་གྱི་ལས་བྱེད་པས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱ་རྒྱུ་གོ་སྐབས་སུ་བྱེད་པ། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་མིག་དཔེར་བྱེད་པ། དགོན་སྡེའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་ཀྱི་སྲིད་ཇུས་བྱེད་ཐབས་ཁག་སྒོ་ཀུན་ནས་དོན་འཁྱོལ་ཡག་པོ་བྱེད་པ། བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་ལམ་སྲུང་སྐྱོང་ཧུར་ཐག་བྱེད་པ། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ་བཅས་བྱས་ནས་འབྱོར་ཕྱུག་དང་། ཞི་མཐུན། བདེ་སྐྱིད། ཁྲིམས་སྐྱོང་། ཤེས་དཔལ། མཛེས་སྡུག་བཅས་ལྡན་པའི་བོད་ལྗོངས་བཅས་བསྐྲུན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།