དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • 2012ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ཞི་མཐུན་དཔེ་བཟང་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        རང་ལྗོངས་ཀྱི་ཞི་མཐུན་དཔེ་བཟང་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གྱི་གཟེངས་བསྟོད་ཚོགས་ཆེན་ཐེངས་དང་པོ་འཚོགས་ཚུན་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་རྒྱ་ཆེའི་གྲྭ་བཙུན་གྱིས “གསར་གཏོད་བྱེད་སྒོར་མཐོར་གཏོང་གསར་པ་ཡོང་བ་དང་། དོ་དམ་ཞབས་ཞུར་འཕེལ་རྒྱས་གསར་པ་ཡོང་བ། དགོན་སྡེའི་གྲྭ་བཙུན་ལ་གཟུགས་བཪྙན་གསར་པ་ཡོང་བ ”བཅས་བྱེད་དགོས་པའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བླང་བྱ་ནན་ཏན་ངང་ལག་བསྟར་དོན་འཁྱོལ་བྱས་ཏེ་ཚད་མཐོའི་མཐོང་ཆེན་གྱིས་སྒྲིག་འཛུགས་ཞིབ་ཚགས་བྱས་པ་དང་། སྐུལ་འདེད་གཏིང་ཟབ་ཀྱིས་ཁྱོན་ཡོངས་ནས་ཞུགས་པ། དྲིལ་བསྒྲགས་ཤུགས་ཆེན་གྱིས་དོ་དམ་ལ་ཤུགས་སྣོན་བརྒྱབ་ཡོད་པ་རེད།

        ཞི་མཐུན་དཔེ་བཟང་གི་དགོན་སྡེ་གཏོད་པ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་དཔྱད་འདེམས་བྱེད་པའི་བྱེད་སྒོར་སྐུལ་འདེད་སྔར་བས་གཏིང་ཟབ་པོ་བཏང་ཡོད་པ་རེད།

        བྱེད་སྒོ་སྤེལ་རིང་རྒྱ་ཆེའི་དགོན་སྡེའི་གྲྭ་བཙུན་གྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་བོད་བརྒྱུད་ནང་བསྟན་གྱི “རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན ”བཅས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་པ་དང་འབྲེལ་དར་སྤེལ་ཡང་བཏང་ཞིང་། སྔོན་ཐོན་ལ་སློབ་སྦྱོང་དང་སྔོན་ཐོན་གྱི་རྗེས་ཟིན་པ་བྱས་པ་དང་། ཞི་མཐུན་དཔེ་བཟང་གི་དགོན་སྡེ་ཧུར་བརྩོན་ཆེན་པོས་བཏོད་པ། རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ཞིག་བྱེད་ཐུབ་པའི་བརྩོན་ལེན་བྱས་ནས་བོད་བརྒྱུད་ནང་བསྟན་དགོན་སྡེའི་གྲྭ་བཙུན་གྱི་གཟུགས་བཪྙན་བཟང་པོ་ཁྱོན་ཡོངས་ནས་མངོན་པར་བྱས་ཡོད་ལ་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་མང་དག་ཅིག་ཀྱང་ཐོན་ཡོད། དེས་མ་ཚད་ད་དུང་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་བྱེད་སྤྱོད་ལ་ངོ་རྒོལ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་གང་ཐུབ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུ་བཅས་ལ་ལེགས་སྐྱེས་གསར་པ་ཕུལ་ཡོད་པ་རེད།

        སྔོན་ཐོན་ལ་གཟེངས་བསྟོད་དང་དཔེ་མཚོན་གསར་འཛུགས་བྱས་ཏེ་ཞི་མཐུན་དཔེ་བཟང་དགོན་སྡེ་གཏོད་པ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་དཔྱད་འདེམས་བྱེད་པའི་བྱེད་སྒོ་སྔར་བས་གཏིང་ཟབ་སྤེལ་ཆེད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སེ་ར་དགོན་སོགས་དགོན་སྡེ་100ལ “2012ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ཞི་མཐུན་དཔེ་བཟང་དགོན་སྡེ ”ཡི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་དང་བསྟན་འཛིན་སྐལ་བཟང་སོགས་གྲྭ་བཙུན་7587ལ “2012ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན ”གྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་གཏན་འབེབས་བྱས་ཡོད་པ་རེད། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱིས་མཚན་སྙན་ལ་གཅེས་འཛིན་དང་། ང་རྒྱལ་མྱུར་སྤོང་། གྲུབ་འབྲས་དར་སྤེལ། ཡང་འབད་བསྐྱར་འབད་བཅས་བྱས་ཏེ་བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་ལམ་སྲུང་སྐྱོང་དང་། ཆོས་ལུགས་ཞི་མཐུན་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་སྲུང་སྐྱོང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བཅས་བྱ་ཕྱིར་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད།

        རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགོན་སྡེའི་གྲྭ་བཙུན་ལ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཙོང་ཁ་པ་སོགས་བླ་མ་སྐྱེས་ཆེན་རིམ་བྱོན་དང་ད་རེས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་དཔེ་མཚོན་མིག་དཔེར་འཛིན་པ། བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་བཟང་པོའི་རྒྱུན་འཛིན་པ། ཏང་གི་ཆོས་ལུགས་སྲིད་ཇུས་དང་ཆོས་ལུགས་ལས་དོན་ལ་དོ་དམ་གྱི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་གཞིར་བཟུང་ཆོས་ལུགས་བྱེད་སྒོ་སྤེལ་བ། བོད་བརྒྱུད་ནང་བསྟན་གྱི་འདུལ་ཁྲིམས་དང་བསྟན་དོན་ནང་གི་སྤྱི་ཚོགས་ཡར་ཐོན་ཡོང་བ་བྱ་རྒྱུ་དང་མི་དམངས་ལ་བདེ་སྐྱིད་ཐོབ་རྒྱུར་ཕན་པ་ཡོད་པའི་མཐུན་རྐྱེན་དར་སྤེལ་ཤུགས་ཆེན་གཏོང་བ། འདུལ་ཁྲིམས་དང་བསྟན་དོན་འཆད་འགྲེལ་བྱེད་སྐབས་དུས་རབས་འཕེལ་རྒྱས་དང་སྤྱི་ཚོགས་ཡར་རྒྱས་ཀྱི་བླང་བྱ་དང་མཐུན་པར་བྱས་ནས་འཆད་འགྲེལ་བྱེད་པ། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་། དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་། དགོན་སྡེའི་ཆེད་བསྐོས་ལས་འགན་འཁུར་མཁན་ཆེད་མངགས་པ་བཅས་ལ་རྒྱབ་སྐྱོར་དང་གཞོགས་འདེགས་ཧུར་ཐག་བྱས་ནས་དགོན་སྡེར་དོ་དམ་ཡག་པོ་བྱེད་པ་དང་དགོན་སྡེའི་ཞི་མཐུན་ལས་དོན་ལ་དོ་དམ་ཡག་པོ་བྱེད་པ། ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་དང་རང་འགུལ་ངང་དབྱེ་མཚམས་གསལ་པོར་འབྱེད་པ། མེས་རྒྱལ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་ནང་མི་ཞུགས་པ། སྤྱི་ཚོགས་ཀྱི་སྒྲིག་ལམ་ཟང་ཟིང་བཟོ་བའི་བྱ་སྤྱོད་ནང་མི་ཞུགས་པ་བཅས་བྱས་ནས་འབྱོར་ཕྱུག་དང་། ཞི་མཐུན། བདེ་སྐྱིད། ཁྲིམས་སྐྱོང་། ཤེས་དཔལ། མཛེས་སྡུག་བཅས་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་ཕྱིར་ཆོས་ལུགས་ལས་རིགས་ཀྱིས་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།