དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་དོན་འཁྱོལ་བཅས་ནན་ཏན་བྱེད་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་བརྡ་ཐོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ས་ཨུད་ཁག་དང་གྲོང་ཨུད། ལྗོངས་ཏང་ཨུད་ཀྱི་པུའུ་ཨུད་ཁག རང་སྐྱོང་ལྗོངས་ཀྱི་ཨུད་དང་། དོན། ཐིང་། ཅུད་བཅས་ཁག་གི་ཏང་ཙུའུ (ཏང་ཨུད ) མི་དམངས་ཚོགས་པ་ཁག་གི་ཏང་ཙུའུ་བཅས་ལ།

        ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་དོན་འཁྱོལ་བཅས་ནན་ཏན་བྱེད་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་བརྡ་ཐོ། ས་ཨུད་ཁག་དང་གྲོང་ཨུད། ལྗོངས་ཏང་ཨུད་ཀྱི་པུའུ་ཨུད་ཁག རང་སྐྱོང་ལྗོངས་ཀྱི་ཨུད་དང་། དོན། ཐིང་། ཅུད་བཅས་ཁག་གི་ཏང་ཙུའུ (ཏང་ཨུད ) མི་དམངས་ཚོགས་པ་ཁག་གི་ཏང་ཙུའུ་བཅས་ལ།

        ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་དོན་འཁྱོལ་བཅས་གཏིང་ཟབ་བྱེད་ཆེད། 《ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ནན་ཏན་བྱེད་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བརྡ་ཐོ 》(ཀྲུང་སྤེལ [2012]ཡིག་ཨང་10པའི )བླང་བྱ་གཞིར་བཟུང་། རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ད་ལྟ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་དོན་འཁྱོལ་བཅས་བྱེད་རྒྱུའི་འབྲེལ་ཡོད་དོན་གནད་བརྡ་ཐོ་གཏོང་རྒྱུ་གཤམ་གསལ།

        གཅིག ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་རྒྱུའི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་གང་ལེགས་བྱེད་དགོས།

        ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དེ་2012ལོའི་ཟླ་11ཚེས་8ནས་ཚེས་14ཉིན་བར་པེ་ཅིང་དུ་འཚོགས་པ་རེད། དེ་ནི་རང་རྒྱལ་འདི་ཉིད་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་རྒྱུའི་ཐག་གཅོད་རང་བཞིན་གྱི་དུས་མཚམས་སུ་སྐོང་ཚོགས་བྱས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་ཆེན་ཞིག་ཡིན་ལ་དར་ཆ་མཐོན་པོར་བསྒྲེངས་བ་དང། སྔ་འཛིན་ཕྱི་གཏོད། མཐུན་སྒྲིལ་འབད་འཐབ་བཅས་བྱེད་པའི་ཚོགས་ཆེན་ཞིག་ཀྱང་ཡིན་ཞིང་། དེར་ཏང་སེམས་དང་། དམག་སེམས། དམངས་སེམས་བཅས་གཅིག་སྒྲིལ་བྱེད་རྒྱུ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་དུ་སྤེལ་རྒྱུར་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན་ཡོད། ཚོགས་ཆེན་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ཐོག རྒྱལ་ཕྱི་རྒྱལ་ནང་གི་དུས་བབ་གོང་འཕེལ་དང་འགྱུར་ལྡོག་ལ་དབྱེ་ཞིབ་བྱས་ནས་འདས་ཟིན་པའི་ལོ་5རིང་གི་ལས་དོན་དང་ཏང་གི་ཚོགས་ཆེན་བཅུ་དྲུག་པ་འཚོགས་ཚུན་གྱི་འབད་འཐབ་བརྒྱུད་རིམ་དང་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཕྱིར་མིག་བལྟ་བ་དང་ཕྱོགས་སྡོམ་བྱས་ཤིང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་ལོ་རྒྱུས་གནས་བབ་གཏན་འཁེལ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ལེན་རྒྱུར་ངེས་པར་དུ་ཁོང་དུ་བརྟན་པོ་ཆུད་པ་བྱེད་དགོས་པའི་གཞི་རྩའི་བླང་བྱ་བཏོན་པ་དང་། སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་རྒྱུ་དང་ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་རྒྱུའི་དམིགས་ཚད་གཏན་འཁེལ་བྱས་ཐོག དུས་རབས་གསར་པའི་ཆ་རྐྱེན་འོག་ཕྱོགས་ཡོངས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གོང་དུ་སྤེལ་རྒྱུ་བཀོད་སྒྲིག་བྱས་པ་དང་། ཏང་འཛུགས་སྐྱོང་གི་ཚན་རིག་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་གོང་མཐོར་གཏོང་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་ཡོད། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ 《ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་ཀྱིས་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་ཕྱིར་འབད་འཐབ་བྱེད་དགོས 》ཞེས་པའི་སྙན་སྒྲོན་གནང་སྟེ། སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་རྒྱུ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གང་མགྱོགས་བྱེད་རྒྱུའི་བརྗིད་ཆེའི་དཔེ་རིས་བཀོད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྔར་བས་གོང་འཕེལ་གཏོང་རྒྱུར་ཁ་ཕྱོགས་གསལ་བཏོན་གནང་ཡོད་པས་དེ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་ཡིན་པ་དང་། ང་ཚོའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ཐོབ་པར་བྱེད་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་ཞིག་དང་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་ཡིན་ལ། མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཚད་ལྡན་ཞིག་ཀྱང་རེད། ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག (དག་བཅོས་འཆར་ཟིན )》དེས་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་དང་ལག་ལེན་གོང་འཕེལ་སོང་བའི་གྲུབ་འབྲས་མཚོན་པར་བྱས་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་གཏན་འཁེལ་བྱས་པའི་གལ་ཆེའི་རིགས་པའི་གཞུང་ལུགས་ཀྱི་ལྟ་བ་དང་གལ་ཆེའི་ལས་ཀའི་བཀོད་སྒྲིག་མཚོན་པར་བྱས་ཏེ་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ཐོག་ནས་ཏང་འཛུགས་སྐྱོང་ཕྱོགས་ཡོངས་ནས་བྱེད་པའི་རླབས་ཆེན་གྱི་ལས་གཞི་གསར་པ་དང་ཏང་འཛུགས་སྐྱོང་ཚན་རིག་དང་མཐུན་པ་བྱེད་རྒྱུའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་བླང་བྱ་ཁ་གསལ་བཏོན་ཡོད།

        ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་སྐབས་གསར་པའི་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་བདམས་ཐོན་བྱུང་ཞིང་། ཉམས་མྱོང་ཕུན་སུམ་ཚོགས་པ་དང་། ལོ་ན་གཞོན་ལ་འཇོན་ཐང་ཆེ་བ། སྤྱོད་ཡོན་གཉིས་ལྡན། འབད་འབུངས་བྱས་རྗེས་ཐོན་པ་བཅས་ཀྱི་བློ་མཐུན་ཁག་གཅིག་ཀྲུང་དབྱང་གི་འགོ་ཁྲིད་ཚན་ཁག་ནང་སླེབས་ཏེ་ཏང་གི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་སླར་ཡང་ཪྙིང་ཚབ་གསར་མཐུད་བྱུང་བ་དང་། དེས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་དར་རྒྱས་ཡོང་བ་དང་། གཅིག་རྒྱུན་གཅིག་འཛིན། ཤུལ་འཛིན་མཁན་ཡོད་པ་བཅས་གང་ལེགས་མངོན་ཐུབ་པ་བྱུང་ཡོད།

        ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་དོན་འཁྱོལ་བཅས་ནན་ཏན་བྱེད་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁྱོན་ཡོངས་དང་འབྲེལ་བ་ཡོད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ཡུན་རིང་གོང་འཕེལ་གཏོང་རྒྱུ་དང་འབྲེལ་བ་ཡོད་པས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་སྐུལ་སློང་བྱས་ཏེ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ། སེམས་ཤུགས་ཀྱིས་ཁེངས་བཞིན་པར་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ཐོབ་པར་འབད་འཐབ་བྱེད་རྒྱུར་འཕྲལ་ཕུགས་གཉིས་ཕན་གྱི་དོན་སྙིང་ཟབ་མོ་ལྡན་ཡོད།

        གཉིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ཆ་ཚང་ཞིང་གནད་ལ་འཁེལ་པོས་སློབ་སྦྱོང་དང་གོ་བ་ལེན་ཐུབ་པ་བྱེད་དགོས།

        ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་། དྲིལ་བསྒྲགས། ལག་བསྟར་དོན་འཁྱོལ་བཅས་བྱེད་དགོས་ན། དང་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཡིག་ཆ་སློབ་སྦྱོང་ནན་ཏན་བྱེད་དགོས་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་སྒྲོན་དང་ཏང་གི་སྒྲིག་ཡིག་སློབ་སྦྱོང་ཇི་མ་ཇི་བཞིན་བྱེད་དགོས་པ། བློ་མཐུན་ཞིས་ཅིན་ཕིང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་བྱེད་དགོས། དེའང་གཙོ་གནད་དུ་གཤམ་གསལ་གྱི་ཕྱོགས་ཁག་ཁོང་དུ་ཆུད་པ་བྱེད་དགོས་པ་སྟེ།

        (གཅིག ) ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་བརྗོད་དོན་གཙོ་བོར་གོ་བ་གཏིང་ཟབ་ལེན་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ཐོག བསམ་བློར་བཅིངས་འགྲོལ་དང་། སྒྱུར་བཅོས་སྒོ་དབྱེ། སྟོབས་ཤུགས་གཅིག་སྒྲིལ། འགག་སྒྲོལ་དཀའ་སེལ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་མདུན་སྐྱོད་བྱས་ཏེ་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འབད་འཐབ་བྱེད་དགོས། དེ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་བརྗོད་དོན་གཙོ་བོ་ཡིན་པ་དང་། དེས་ང་ཚོའི་ཏང་གིས་དར་ཆ་གང་ཞིག་བསྒྲེང་རྒྱུ་དང་། འགྲོ་ལམ་གང་ཞིག་ཐོག་བསྐྱོད་རྒྱུ། བསམ་པའི་འཁྱེར་སོ་གང་ཞིག་འཛིན་རྒྱུ། དམིགས་ཚད་གང་གི་ཕྱོགས་སུ་མུ་མཐུད་མདུན་སྐྱོད་བྱེད་རྒྱུ་བཅས་ཀྱི་གལ་ཆེའི་གནད་དོན་ཐད་ལན་ཁ་གསལ་བཏབ་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་དེང་རབས་ཀྲུང་གོ་གོང་འཕེལ་ཡར་ཐོན་ཡོང་བའི་དར་ཆ་ཞིག་ཡིན་ལ་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་མཐུན་སྒྲིལ་འབད་འཐབ་བྱེད་པའི་དར་ཆ་ཞིག་ཀྱང་ཡིན། བསམ་བློར་བཅིངས་འགྲོལ་གཏོང་རྒྱུ་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་གོང་འཕེལ་གཏོང་བའི་བསམ་བློའི་མཚོན་ཆ་སྟོབས་ཆེན་ཞིག་ཡིན་པ་དང་། སྒྱུར་བཅོས་སྒོ་དབྱེ་བྱེད་རྒྱུ་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་གོང་འཕེལ་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཡིན་པ། སྟོབས་ཤུགས་གཅིག་སྒྲིལ་དང་འགག་སྒྲོལ་དཀའ་སེལ་བྱེད་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་རྒྱུའི་གཞི་རྩའི་བླང་བྱ་ཞིག་ཡིན་པ། སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་2020ལོར་སླེབས་སྐབས་ཀྱི་འབད་འཐབ་དམིགས་ཚད་ཡིན་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་གནས་སའང་ཡིན།

        (གཉིས ) འདས་ཟིན་པའི་ལོ་ལྔ་དང་ལོ་བཅུའི་རིང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཐད་ཐོབ་པའི་ལོ་རྒྱུས་རང་བཞིན་ལྡན་པའི་གྲུབ་འབྲས་གསར་པ་ཤེས་རྟོགས་གཏིང་ཟབ་བྱེད་དགོས། ཏང་གི་ཚོགས་ཆེན་བཅུ་བདུན་པ་ཚུན་གྱི་ལོ་ལྔའི་རིང་ནི་ང་ཚོའི་ཏང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་བསྐྱོད་པའི་ལོ་ལྔ་ཡིན་པ་

        དང་། དཀའ་ངལ་དང་ཉེན་ཁ་འདྲ་མིན་གྱིས་ཉམས་སད་ཐེག་པ་དང་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ཐོབ་པའི་ལོ་ལྔ་ཡིན། འདས་ཟིན་པའི་ལོ་ལྔའི་རིང་གི་ལས་དོན་ནི་ཏང་གི་ཚོགས་ཆེན་བཅུ་དྲུག་པ་ཚུན་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་ལོ་བཅུའི་ལག་ལེན་དངོས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ལོ་བཅུ་པོ་དེའི་རིང་ང་ཚོའི་ཏང་གིས་རང་རྒྱལ་གོང་འཕེལ་གཏོང་བའི་གལ་ཆེའི་འཐབ་ཇུས་གོ་སྐབས་དམ་འཛིན་དང་བེད་སྤྱོད་ཡག་པོ་བཏང་ནས་འགྲན་སློང་ཆེ་རིགས་རབ་དང་རིམ་པ་ལས་རྣམ་པར་རྒྱལ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་གོང་འཕེལ་གྱི་དུས་རིམ་གསར་པའི་ཕྱོགས་སུ་སྐུལ་འདེད་ཤུགས་ཆེ་བཏང་ཡོད། ལོ་བཅུའི་རིང་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་དང་། དཔལ་འབྱོར་དངོས་ཤུགས། ཚན་རྩལ་དངོས་ཤུགས་བཅས་སྐས་རིམ་ཆེན་པོ་ཞིག་གི་ཐོག་ཏུ་སླེབས་ཡོད་པ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་དང་། གྲོང་མིའི་ཡོང་འབབ་ཆུ་ཚད། སྤྱི་ཚོགས་འགན་སྲུང་ཆུ་ཚད་བཅས་སྐས་རིམ་ཆེན་པོ་ཞིག་གི་ཐོག་ཏུ་སླེབས་ཡོད་པ། ཕྱོགས་བསྡུས་རྒྱལ་སྟོབས་དང་། རྒྱལ་སྤྱིའི་ཐོག་ལ་འགྲན་རྩོད་བྱེད་ཤུགས། རྒྱལ་སྤྱིའི་ཐོག་ལ་བག་ཆགས་བཟང་པོ་འཇོག་ཤུགས་བཅས་སྐས་རིམ་ཆེན་པོ་ཞིག་གི་ཐོག་ཏུ་སླེབས་ཡོད་པ། རྒྱལ་ཁབ་ཀྱི་རྣམ་པར་ལོ་རྒྱུས་རང་བཞིན་ལྡན་པའི་འགྱུར་ལྡོག་གསར་པ་བྱུང་བ་བཅས་ནི་རང་རྒྱལ་གྱི་དཔལ་འབྱོར་རྒྱུན་མཐུད་གོང་འཕེལ་དང་། དམངས་གཙོ་ཟམ་མི་ཆད་པར་ཚགས་ཚུད་དུ་སོང་བ། རིག་གནས་ཉིན་བཞིན་གྲ་རྒྱས་སོང་བ། སྤྱི་ཚོགས་བརྟན་ལྷིང་ཡིན་པ་བཅས་ཀྱི་དུས་སྐབས་ཤིག་ཡིན་པ་དང་། དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བ་དང་མི་དམངས་ལ་དངོས་ཕན་ཐོབ་ཆེ་ཤོས་ཀྱི་དུས་སྐབས་ཤིག་ཡིན། དུས་མཚུངས་ངེས་པར་དུ་རིག་པ་དྭངས་གསལ་གྱིས་མཐོང་ཐུབ་པ་བྱེད་རྒྱུ་ནི། ང་ཚོའི་ལས་དོན་ནང་ད་དུང་མི་འདང་བའི་ཆ་མང་དག་ཅིག་གནས་ཡོད་པ་དང་། མདུན་སྐྱོད་ལམ་བུའི་ཐོག་ད་དུང་དཀའ་ངལ་དང་གནད་དོན་མི་ཉུང་བ་གནས་ཡོད་པས་སྔར་འཕྲད་མ་མྱོང་བའི་ཉེན་ཁ་དང་འགྲན་སློང་དེ་རིགས་ལ་ང་ཚོས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་དང་བདེ་དུས་ཉེན་ཟོན་བྱས་ཏེ་སྔར་བས་ནན་ཏན་གྱིས་ཐག་གཅོད་བྱེད་དགོས།

        (གསུམ ) ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་ལོ་རྒྱུས་ཀྱི་གནས་བབ་དང་མཛུབ་ཁྲིད་ཀྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་དགོས། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ནི་མར་ཁེ་སི་རིང་ལུགས་དང་དེང་རབས་ཀྲུང་གོའི་དོན་དངོས་དང་དུས་རབས་ཀྱི་ཁྱད་ཆོས་ཟུང་དུ་འབྲེལ་བའི་འབྲས་བུ་ཞིག་ཡིན་པ་དང་། མར་ཁེ་སི་རིང་ལུགས་ཀྱི་གོང་འཕེལ་གཏོང་རྒྱུའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་གཅིག་སྡུད་ཐོག་མཚོན་པ་ཞིག་ཡིན་པས་དེས་དུས་བབ་གསར་པའི་འོག་ཇི་ལྟ་བུའི་གོང་འཕེལ་ཡོང་བ་བྱེད་དགོས་པ་དང་གོང་འཕེལ་ཅི་འདྲ་གཏོང་དགོས་པ་སོགས་ཀྱི་གནད་དོན་ཆེ་རིགས་ཐད་ཚན་རིག་དང་མཐུན་པའི་ལན་གསར་པ་ཞིག་བཏབ་ནས་ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ཉིད་ལ་ངོས་འཛིན་བྱེད་པའི་ཆུ་ཚད་གསར་པའི་ཐོག་ཏུ་བཞག་ཡོད་པ་དང་། དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་གོང་འཕེལ་གྱི་བསམ་བློ་གཏོང་ཡུལ་གསར་པ་ཞིག་བཏོད་ཡོད། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་གི་གྲུབ་འབྲས་གསར་ཤོས་ཤིག་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་མཉམ་སྡེབ་བློ་གྲོས་ཀྱི་ཉིང་བཅུད་ཅིག་ཡིན་པ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཡོངས་ལ་མཛུབ་ཁྲིད་བྱེད་པའི་བསམ་བློའི་མཚོན་ཆ་སྟོབས་ལྡན་ཞིག་ཡིན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་དང་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ་བཅས་ནི་ཏང་གིས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པའི་མཛུབ་ཁྲིད་བསམ་བློ་ཞིག་ཡིན། འབྱུང་འགྱུར་ལ་ཁ་ཕྱོགས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བར་དངོས་ཡོད་ཀྱི་དོན་སྙིང་དང་ལོ་རྒྱུས་ཀྱི་ཕུགས་དོན་ཟབ་མོ་ལྡན་ཡོད་པས་ངེས་པར་དུ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་དེ་རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོའི་ནང་ལག་བསྟར་ཐུབ་པ་དང་ཏང་འཛུགས་སྐྱོང་བྱེད་པའི་ཕྱོགས་ཚང་མའི་ནང་མཚོན་ཐུབ་པ་བྱེད་དགོས། ང་ཚོས་ངེས་པར་དུ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་དེ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སྔར་བས་རང་འགུལ་ཐོག་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱེད་པའི་དོན་སྙིང་ཨང་དང་པོར་བརྩི་བ་དང་། ངེས་པར་དུ་མི་རྩ་བར་འཛིན་རྒྱུ་དེ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སྔར་བས་རང་འགུལ་ཐོག་ལག་བསྟར་དང་དོན་འཁྱོལ་བྱེད་པའི་ལྟེ་བའི་ལངས་ཕྱོགས་ལ་བརྩི་བ། ངེས་པར་དུ་ཁྱོན་ཡོངས་དང་རྒྱུན་མཐུད་ངང་གོང་འཕེལ་གཏོང་རྒྱུ་དེ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སྔར་བས་རང་འགུལ་ཐོག་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱེད་པའི་གཞི་རྩའི་བླང་བྱར་བརྩི་བ། ངེས་པར་དུ་གཅིག་གྱུར་འཆར་འགོད་བྱེད་རྒྱུ་དེ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སྔར་བས་རང་འགུལ་ཐོག་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱེད་པའི་རྩ་བའི་བྱ་ཐབས་ལ་བརྩི་བ་བཅས་བྱེད་དགོས། བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་ཡར་རྒྱས། དམ་པ་དོན་གཉེར་བཅས་བྱེད་རྒྱུ་ནི་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་མངོན་གསལ་དོད་ཤོས་ཀྱི་དགོངས་དོན་སྙིང་པོ་ཞིག་ཡིན།

        (བཞི )ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཕུན་སུམ་ཚོགས་པའི་གོ་དོན་ལ་གོ་བ་གཏིང་ཟབ་ལེན་དས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ཐོབ་པ་བྱེད་རྒྱུའི་གཞི་རྩའི་བླང་བྱར་གོ་བ་གཏིང་ཟབ་ལེན་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་དེང་རབས་ཀྲུང་གོའི་གོང་འཕེལ་དང་ཡར་ཐོན་གྱི་རྩ་བའི་ཁ་ཕྱོགས་ཤིག་ཡིན་པས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁོ་ནས་མ་གཏོགས་ཀྲུང་གོ་གོང་འཕེལ་གཏོང་མི་ཐུབ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཅས་ནི་ཏང་དང་མི་དམངས་ཀྱིས་ལོ་ངོ་90ལྷག་ཙམ་རིང་འབད་འཐབ་དང་། གསར་སྐྲུན། གསོག་འཇོག་བཅས་བྱས་པའི་རྩ་བའི་གྲུབ་འབྲས་ཤིག་ཡིན་པས་ངེས་པར་དུ་གཅེས་འཛིན་ཚད་མེད་དང་། ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས། གོང་འཕེལ་ཟམ་མི་ཆད་པ་གཏོང་བ་བཅས་བྱས་ནས་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད་བཅས་བརྟན་པོ་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ནི་མངོན་འགྱུར་གྱི་ཐབས་ལམ་ཞིག་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ནི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་ཡིན་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་རྩ་བའི་འགན་སྲུང་ཞིག་ཡིན་པ་བཅས་དེ་གསུམ་པོ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་ལག་ལེན་ནང་གཅིག་གྱུར་བྱུང་ཡོད་པས་དེ་ནི་ཏང་གིས་མི་དམངས་རྣམས་འགོ་ཁྲིད་ནས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་དུས་ཡུན་རིང་པོའི་ལག་ལེན་ནང་ཆགས་པའི་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་སྤྱིའི་གཞི་འཛིན་ས་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་ཡིན་པ་དང་། སྤྱིའི་ཁྱབ་བཀོད་ནི་ཕྱོགས་ལྔ་གཞི་གཅིག་ཏུ་འགྱུར་བ་བྱེད་རྒྱུ་དེ་ཡིན་པ། སྤྱིའི་ལས་འགན་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་བྱེད་རྒྱུ་དེ་ཡིན། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ཐོབ་པ་བྱེད་པར་གཤམ་གསལ་གྱི་གཞི་རྩའི་བླང་བྱ་ཁོང་དུ་དམ་ཟབ་ཆུད་དགོས་པ་སྟེ། ངེས་པར་དུ་མི་དམངས་ཀྱི་གཙོ་རྐང་གནས་བབ་རྒྱུན་འཁྱོངས་དང་། ངེས་པར་དུ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས། ངེས་པར་དུ་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས། ངེས་པར་དུ་སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་རྒྱུ་རྒྱུན་འཁྱོངས། ངེས་པར་དུ་ཐུན་མོང་ཐོག་ཕྱུག་པོའི་ལམ་དུ་སྐྱོད་རྒྱུ་རྒྱུན་འཁྱོངས། ངེས་པར་དུ་སྤྱི་ཚོགས་ཞི་མཐུན་ཡོང་བར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས། ངེས་པར་དུ་ཞི་བས་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས། ངེས་པར་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བཅས་བྱེད་དགོས་པ་མ་ཟད། དེ་དག་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་དད་སེམས་ཞིག་ཏུ་འགྱུར་བ་བྱེད་དགོས། ཏང་གི་གཞི་རྩའི་ལམ་ཕྱོགས་ནི་ཏང་དང་རྒྱལ་ཁབ་ཀྱི་སྲོག་རྩ་ཡིན་པས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལག་ལེན་ནང་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་རྒྱུ་དེ་དང་རྩ་བའི་རྩ་དོན་བཞི་དང་སྒྱུར་བཅོས་སྒོ་དབྱེའི་རྩ་བ་གཉིས་གཅིག་གྱུར་ཡོང་བ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཏན་ཏན་ཏིག་ཏིག་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ཐོབ་ཐུབ་པ་བྱེད་དགོས།

        (ལྔ )སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་རྒྱུ་དང་སྒོ་ཀུན་ནས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་རྒྱུའི་དམིགས་ཚད་ལ་གོ་བ་གཏིང་ཟབ་ལེན་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་དོན་དངོས་ལ་གཞིགས་ནས་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་རྒྱུ་དང་སྒོ་ཀུན་ནས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་རྒྱུའི་དམིགས་ཚད་བཏོན་ཡོད། ཏང་གི་ཚོགས་ཆེན་བཅུ་དྲུག་པ་དང་། བཅུ་བདུན་པའི་ཐོག་གཏན་འཁེལ་བྱས་པའི་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུའི་དམིགས་ཚད་ཀྱི་རྨང་གཞིའི་ཐོག་ཧུར་བརྩོན་ཆེན་པོས་བླང་བྱ་གསར་པ་མངོན་འགྱུར་ཡོང་བ་བྱེད་དགོས་པ་སྟེ། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་ཡོང་བ་དང་། མི་དམངས་ཀྱི་དམངས་གཙོ་རྒྱུན་ཆད་མེད་པར་རྒྱ་ཆེར་འགྲོ་བ། རིག་གནས་འཇམ་ཤུགས་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་སྒོ་ཀུན་ནས་གོང་མཐོར་འགྲོ་བ། ཐོན་ཁུངས་གྲོན་ཆུང་ཡོད་པ་དང་ཁོར་ཡུག་མཐུན་རྐྱེན་བཟང་བའི་སྤྱི་ཚོགས་འཛུགས་སྐྲུན་བྱེད་རྒྱུར་ཡར་རྒྱས་ཆེན་པོ་ཡོང་བ་བྱེད་རྒྱུ་དེ་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་ཡོང་རྒྱུར་སྐུལ་འདེད་མགྱོགས་སུ་གཏོང་བ། རིག་གནས་དོ་དམ་སྒྲིག་གཞི་དང་རིག་གནས་བཟོ་འདོན་གཉེར་སྐྱོང་བྱེད་རྒྱུའི་ལམ་སྲོལ་གང་མགྱོགས་འཐུས་ཚང་དུ་གཏོང་བ། ཚན་རིག་དང་མཐུན་ལ་ཕན་ནུས་ལྡན་པའི་སྤྱི་ཚོགས་དོ་དམ་སྒྲིག་གཞི་གང་མགྱོགས་ཆགས་པ་བྱེད་པ། འབྱུང་ཁམས་དཔལ་ཡོན་ལྡན་པའི་ལམ་ལུགས་གང་མགྱོགས་འཛུགས་པ། བརྒྱུད་རིམ་ལྡན་ཞིང་ཆ་ལག་ཚང་བ་དང་། ཚན་རིག་དང་མཐུན་ཞིང་ཚད་དང་ལྡན་པ། འཁོར་རྒྱུག་ནུས་པ་ལྡན་པ་བཅས་ཀྱི་ལམ་ལུགས་མ་ལག་འཛུགས་པ་བཅས་བྱས་ནས་ཕྱོགས་གང་ཅིའི་ཐད་ཀྱི་ལམ་ལུགས་དེ་བས་གནད་སྨིན་འཐུས་ཚང་དང་དེ་བས་གཏན་འཇགས་གནད་འཁེལ་ཡོང་བ་བྱེད་དགོས།

        (དྲུག )སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་དར་སྤེལ། སྤྱི་ཚོགས་འཛུགས་སྐྱོང་། འབྱུང་ཁམས་དཔལ་ཡོན་འཛུགས་སྐྱོང་སོགས་ཐད་ཀྱི་གལ་ཆེའི་བཀོད་སྒྲིག་ལ་གོ་བ་གཏིང་ཟབ་ལེན་དགོས། དཔལ་འབྱོར་འཛུགས་སྐྲུན་བྱེད་རྒྱུའི་ཐད་ངེས་པར་དུ་གོང་འཕེལ་གཏོང་རྒྱུ་ནི་བསྙོན་མེད་དོན་དམ་ཡིན་པའི་འཐབ་ཇུས་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུ་བརྗོད་དོན་གཙོ་བོར་འཛིན་པ། དཔལ་འབྱོར་གོང་འཕེལ་གཏོང་སྟངས་འགྱུར་ལྡོག་མགྱོགས་སུ་གཏོང་རྒྱུ་གཙོ་རྐང་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་ཀྱི་འགྲོ་ལམ་གསར་པའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་རྒྱུ་དང་དཔལ་འབྱོར་གོང་འཕེལ་གཏོང་སྟངས་འགྱུར་ལྡོག་མགྱོགས་སུ་གཏོང་རྒྱུའི་དམག་འཐབ་དྲག་པོར་རྒྱལ་ཁ་ཐོབ་པ་བྱས་ནས་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་གསོན་ཤུགས་དང་འགྲན་རྩོད་ཀྱི་ནུས་པ་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པ་བྱེད་དགོས། ཆབ་སྲིད་འཛུགས་སྐྱོང་བྱེད་པའི་ཐད་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་གོང་འཕེལ་གཏོང་བའི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་མུ་མཐུད་ཆབ་སྲིད་སྒྲིག་གཞི་སྒྱུར་བཅོས་ལ་ཧུར་ཞིང་བརྟན་པོའི་ངང་སྐུལ་འདེད་བཏང་སྟེ་ཏང་གིས་འགོ་ཁྲིད་བྱེད་པ་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་ནུས་ལྡན་ཡོང་རྒྱུ་མཐའ་འཁྱོངས་ཀྱིས་དེ་བས་རྒྱ་ཆེ་བ་དང་ཕུན་སུམ་ཚོགས་པ། དེ་བས་འཐུས་སྒོ་ཚང་བ་བཅས་ཀྱི་མི་དམངས་དམངས་གཙོ་གོང་འཕེལ་གཏོང་དགོས། རིག་གནས་དར་སྤེལ་གཏོང་རྒྱུའི་ཐད་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་གོང་འཕེལ་གཏོང་རྒྱུའི་ལམ་བུའི་ཐོག་བསྐྱོད་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་འཛུགས་སྐྱོང་དང་ལག་བསྟར་ཧུར་ཐག་བྱས་ཏེ་མི་དམངས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ནས་རྒྱལ་དམངས་ཀྱི་བྱང་ཚད་གོང་མཐོར་གཏོང་བ་དང་། རིག་གནས་སྤྱི་ཡོངས་ཀྱི་སྟོབས་ཤུགས་དང་འགྲན་རྩོད་ཀྱི་ནུས་པ་ཆེ་རུ་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྱོང་བྱེད་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། སྤྱི་ཚོགས་འཛུགས་སྐྱོང་བྱེད་རྒྱུའི་ཐད་ངེས་པར་དུ་གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་གང་མགྱོགས་འཐུས་སྒོ་ཚང་དུ་བཏང་ཐོག སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པ་དང་། དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་རྒྱུ་གཙོ་གནད་དུ་བྱས་ཐོག དམངས་ཀྱི་ཁེ་ཕན་མང་ཙམ་བསྒྲུབ་པ་དང་དམངས་ཀྱི་སེམས་ཁྲལ་མང་ཙམ་སེལ་ཏེ་མི་དམངས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་མི་དམངས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མི་དམངས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་སྦྱོང་དུས་སློབ་མཁན་ཡོད་པ་དང་། ལས་ཀར་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་བརྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ་བཅས་བྱེད་རྒྱུའི་ཐོག་མུ་མཐུད་ཡར་རྒྱས་གསར་པ་ཡོང་བ་བྱེད་དགོས། འབྱུང་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་རྒྱུའི་ཐད་ངེས་པར་དུ་རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་དང་བསྟུན་པ། རང་བྱུང་ལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་འབྱུང་ཁམས་དཔལ་ཡོན་གྱི་འདུ་ཤེས་བཙུགས་ཏེ་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་བྱེད་པའི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་བྱས་ཐོག འབྱུང་འཕྲོད་ཀྱི་གོང་འཕེལ་དང་། རྒྱུན་འཁོར་གྱི་གོང་འཕེལ། ཐཱན་ཉུང་གི་གོང་འཕེལ་བཅས་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་བྱེད་པའི་བར་སྟོང་ཆགས་སྟངས་དང་། ཐོན་ལས་གྲུབ་ཆ། ཐོན་སྐྱེད་བྱེད་སྟངས། འཚོ་བ་སྐྱེལ་སྟངས་བཅས་ཆགས་པ་བྱེད་རྒྱུ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ཧུར་ཐག་བྱས་ནས་ཀྲུང་ཧྭ་མི་རིགས་ནམ་ཡང་རྒྱུན་མཐུད་གོང་འཕེལ་ཡོང་བ་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་ད་དུང་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་མགྱོགས་སུ་གཏོང་རྒྱུ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས ”ལག་བསྟར་བྱེད་རྒྱུ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ། མེས་རྒྱལ་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུ། མིའི་རིགས་ཀྱི་ཞི་བདེ་དང་གོང་འཕེལ་ཡོང་བའི་བླ་ན་མེད་པའི་བྱ་གཞག་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་ཐད་གལ་ཆེའི་བཀོད་སྒྲིག་བྱས་ཡོད།

        (བདུན ) ཏང་འཛུགས་སྐྱོང་ཚན་རིག་དང་མཐུན་པ་བྱེད་རྒྱུའི་ཆུ་ཚད་སྒོ་ཀུན་ནས་མཐོ་རུ་གཏོང་རྒྱུར་གོ་བ་གཏིང་ཟབ་ལེན་དགོས། དུས་བབ་གསར་པའི་འོག་ཏང་ལ་འཕྲད་པའི་སྲིད་སྐྱོང་གི་ཚོད་བགམ་དང་། སྒྱུར་བཅོས་སྒོ་དབྱེའི་ཚོད་བགམ། ཁྲོམ་རའི་དཔལ་འབྱོར་གྱི་ཚོད་བགམ། ཕྱི་རོལ་ཁོར་ཡུག་གི་ཚོད་བགམ་བཅས་ནི་ཡུན་རིང་བ་དང་། ཪྙོག་འཛིང་ཆེ་བ། ཛ་དྲག་ཆེ་བ་བཅས་རེད། སྙིང་སྟོབས་ཉམས་པའི་ཉེན་ཁ་དང་། ནུས་པ་ཞན་པའི་ཉེན་ཁ། མང་ཚོགས་དང་ཁ་བྲལ་བའི་ཉེན་ཁ། སྒྱིད་ལུག་རུལ་སུངས་སུ་འགྲོ་བའི་ཉེན་ཁ་བཅས་ཏང་ཡོངས་ཀྱི་མདུན་དུ་མངོན་གསལ་དོད་པོས་གནས་ཡོད། ཏང་གི་སྲིད་སྐྱོང་ནུས་པ་འཛུགས་སྐྱོང་དང་། སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་རྒྱུའི་བརྗོད་དོན་གཙོ་བོ་དེ་ཁོང་དུ་བརྟན་པོ་ཆུད་པ་བྱས་ཏེ་བསམ་བློ་བཅིངས་འགྲོལ་དང་སྒྱུར་བཅོས་གསར་གཏོད་བྱེད་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཏང་ལ་དོ་དམ་དང་ཏང་ནན་སྐྱོང་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་གི་བསམ་བློ་འཛུགས་སྐྱོང་དང་། རྩ་འཛུགས་འཛུགས་སྐྱོང་། སྤྱོད་ཚུལ་ལེགས་སྐྱོང་། རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ། ལམ་ལུགས་འཛུགས་སྐྱོང་བཅས་བྱེད་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཐོག རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་དུ་གཏོང་བ། རང་ངོས་གསར་བརྗེས། རང་ངོས་ཡར་རྒྱས་ཡོང་བ་བཅས་ཀྱི་ནུས་པ་ཆེ་རུ་བཏང་སྟེ་སློབ་སྦྱོང་གི་རྣམ་པ་དང་། ཞབས་ཞུའི་རྣམ་པ། གསར་གཏོད་ཀྱི་རྣམ་པ་བཅས་ལྡན་པའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་ཞིག་ཏུ་འཛུགས་སྐྱོང་བྱས་ནས་ཏང་དེ་ཉིད་སྔ་ཕྱི་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་སྐྲུན་པའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་ཞིག་ཏུ་འགྱུར་ཐུབ་པའི་འགན་ལེན་བྱེད་དགོས།

        གསུམ། ནན་ཏན་ངང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དྲིལ་བསྒྲགས་ཡག་པོ་བྱེད་དགོས།

        རིམ་ཁག་ཏང་རྩ་འཛུགས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དྲིལ་བསྒྲགས་བྱེད་རྒྱུར་ཚད་མཐོའི་མཐོང་ཆེན་དང་། སྒྲིག་འཛུགས་ཚགས་ཚུད། ཚན་རིག་དང་མཐུན་པའི་ཇུས་འགོད། བཀོད་སྒྲིག་ཞིབ་ཚགས། ཆ་ཚང་གནད་འཕིགས། གཏིང་ཟབ་གོ་རིམ་ལྡན་པ་བཅས་བྱས་ཏེ་དགོངས་དོན་དེ་རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་ཁོང་དུ་སྔར་བས་ཡག་པོ་ཆུད་ཐུབ་པ་བྱེད་དགོས། རང་རྟོགས་ངང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ཐོག་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་བ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པས་གཏན་འཁེལ་གནང་བའི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་རྒྱུའི་ཐོག་བློ་རིག་དང་སྟོབས་ཤུགས་གཅིག་སྒྲིལ་ཡོང་བ་བྱས་ཏེ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་བ་བྱེད་དགོས།

        (གཅིག )སློབ་སྦྱོང་དང་སྦྱོང་བརྡར་སྤྲོས་རྒྱུར་དངོས་འབྲེལ་དམ་འཛིན་ཡག་པོ་བྱེད་དགོས། རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་སྦྱོང་བརྡར་འཛིན་གྲྭ་དང་རིག་ལམ་དཔྱད་བསྡུར་འཛིན་གྲྭ་གཉེར་བར་བརྟེན་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་དགོས། རིམ་ཁག་ཏང་ཨུད (ཏང་ཙུའུ )ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་བྱེད་རྒྱུ་དེ་ལྟེ་བའི་ནང་དོན་ཞིག་ལ་བརྩིས་ཏེ་བརྒྱུད་རིམ་ལྡན་པའི་སློབ་སྦྱོང་དང་སྦྱོང་བརྡར་གྱི་འཆར་གཞི་བཟོ་བ་དང་ཆེད་དོན་བཏོན་ནས་རིག་ལམ་དཔྱད་བསྡུར་བྱས་ཏེ་སློབ་སྦྱོང་བྱེད་རྒྱུ་གཏིང་ཟབ་པ་དང་གོ་དོན་མཐིལ་རྟོགས་ཡོང་གང་ཐུབ་བྱེད་དགོས། རིམ་ཁག་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གྱིས་སློབ་སྦྱོང་གི་སྣེ་ཁྲིད་དང་ཞིབ་འཇུག་ལྟ་ཀློག་གཏིང་ཟབ་བྱས་ནས་སྔོན་དུ་སློབ་སྦྱོང་བྱེད་ཐུབ་པ་དང་སློབ་སྦྱོང་གཏིང་ཟབ་བྱེད་ཐུབ་པ་དགོས། རིམ་ཁག་ཏང་སློབ (སྲིད་འཛིན་སློབ་གླིང ) ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དེ་ལས་བྱེད་པར་སློབ་གསོ་སྦྱོང་བརྡར་སྤྲོས་པའི་ནང་དོན་གཙོ་བོ་ཞིག་ལ་བརྩིས་ཏེ་དུས་ཚོད་གཅིག་སྡུད་ཐོག དུས་ཁག་ཁག་བགོས་ཀྱིས་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པར་རེས་མོས་སྦྱོང་བརྡར་ཐེངས་གཅིག་སྤྲོས་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱིས་རྣམ་པ་འདྲ་མིན་སྣ་ཚོགས་སྤྱད་དེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་དགོས། ལས་བྲལ་ལས་འཁྱུར་མི་སྣའི་ཁྲོད་ཀྱི་ཏང་ཡོན་གྱི་སློབ་སྦྱོང་ལ་དམ་འཛིན་ཡག་པོ་བྱེད་རྒྱུ་དང་། ཐག་རིང་ས་ཁུལ་གྱི་ཞིང་འབྲོག་པའི་ཏང་ཡོན་གྱི་སློབ་སྦྱོང་ལ་དམ་འཛིན་ཡག་པོ་བྱེད་རྒྱུ། ལས་ཤོར་མི་སྣ་དང་ཕྱོགས་མིའི་ཁྲོད་ཀྱི་ཏང་ཡོན་གྱི་སློབ་སྦྱོང་ལ་དམ་འཛིན་ཡག་པོ་བྱེད་རྒྱུ་བཅས་ལ་དོ་སྣང་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དེ་སློབ་གཞིའི་ནང་འཇུག་པ་དང་། སློབ་ཁང་དུ་སླེབས་པ། སློབ་མའི་བློ་ལ་འཇགས་པ་བཅས་བྱེད་རྒྱུའི་ལས་དོན་དམ་འཛིན་ཡག་པོ་བྱས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་བྱེད་རྒྱུ་དེ་སློབ་གྲྭའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་གཏོང་རྒྱུ་དང་སློབ་ཁང་དུ་སློབ་ཁྲིད་བྱེད་རྒྱུའི་གལ་ཆེའི་ནང་དོན་དུ་བརྩི་དགོས།

        (གཉིས ) གཅིག་སྡུད་ཐོག་སྒྲོག་འགྲེལ་བྱེད་སྒོ་སྤེལ་དགོས། ད་ལྟ་ནས་འགོ་བཙུགས་ཏེ་དུས་སང་གི་ལོ་འགོའི་བར་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་གཅིག་སྡུད་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སྒྲོག་འགྲེལ་བྱེད་སྒོ་སྤེལ་དགོས། རང་སྐྱོང་ལྗོངས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་བྱེད་རྒྱུའི་སྒྲོག་འགྲེལ་ཚོགས་པ་སྒྲིག་འཛུགས་བྱས་ནས་ས་གནས (གྲོང་ཁྱེར )ཁག་ཏུ་བསྐྱོད་དེ་སྒྲོག་འགྲེལ་བྱེད་རྒྱུ་ཡིན། ས་གནས (གྲོང་ཁྱེར )ཁག་གིས་ཀྱང་ས་གནས (གྲོང་ཁྱེར )དེ་གའི་སྒྲོག་འགྲེལ་གྱི་བྱེད་སྒོ་ཧུར་ཐག་སྤེལ་དགོས་ཤིང་། གཏམ་བཤད་སྤེལ་ནུས་ལྡན་པའི་རིགས་པའི་གཞུང་ལུགས་དང་ལས་ཀ་དངོས་བྱེད་མཁན་ཟུར་འཐེན་གྱིས་སྒྲོག་འགྲེལ་ཚོགས་པ་བཙུགས་ཐོག ཞིང་འབྲོག་ཁུལ་དང་། ཁེ་ལས། ལས་ཁུངས། སློབ་གྲྭ་བཅས་སུ་ཟབ་འཇུག་གིས་མདུན་ས་རང་དུ་སྒྲོག་འགྲེལ་བྱེད་དགོས་པ་དང་ཆེད་མངགས་སྒྲོག་འགྲེལ་ཚོགས་པ་སྒྲིག་འཛུགས་བྱས་ནས་སློབ་གྲྭ་ཆེ་མོར་སྒྲོག་འགྲེལ་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྒྲོག་འགྲེལ་བྱེད་པའི་སྣེ་ཁྲིད་དེ་བྱ་སྤྱོད་ངོ་མའི་ཐོག་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་སྐུལ་ཁྲིད་ཀྱིས་སློབ་སྦྱོང་བྱེད་དགོས།

        (གསུམ ) གསར་འགྱུར་ཐོག་ནས་དྲིལ་བསྒྲགས་བྱེད་རྒྱུ་སྒྲིག་འཛུགས་ཞིབ་ཚགས་བྱེད་དགོས། རིམ་ཁག་གསར་འགྱུར་དྲིལ་བསྒྲགས་སྡེ་ཚན་དང་། རིམ་ཁག་རླུང་འཕྲིན་བཪྙན་འཕྲིན། དུས་དེབ་ཚགས་པར་སོགས་གསར་འགྱུར་སྨྱན་སྦྱོར་གྱིས་དྲིལ་བསྒྲགས་གསར་འགྱུར་སྤེལ་རྒྱུའི་ཆེད་མངགས་འཆར་འགོད་བཟོ་བ་དང་། ཆེད་དོན་ཆེད་སྒྲོམ་འཛུགས་པ་དང་གསར་འགྱུར་རབ་དང་རིམ་པ་སྤེལ་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དྲིལ་བསྒྲགས་དང་། སྤྱི་ཚོགས་ལས་རིགས་ཁག་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་བྱས་ཚུལ་དང་དགའ་སྤྲོའི་ཚུར་སྣང་ལན་ཆ་དྲིལ་བསྒྲགས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ནང་དངོས་ཡོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་གྲུབ་འབྲས་དང་འཕེལ་རིམ་གསར་པ་དྲིལ་བསྒྲགས་བཅས་ཤུགས་ཆེན་བྱས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལས་ཁུངས་དང་། ཁེ་ལས། ཞིང་འབྲོག་ཁུལ། སྡེ་ཁུལ། དགོན་སྡེ། སློབ་ཁང་བཅས་སུ་སླེབས་པ་དང་མི་རྣམས་ཀྱི་བློ་ལ་འཇགས་པ་བྱེད་རྒྱུར་སྐུལ་འདེད་བཏང་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་མི་སེམས་ལ་ཟུག་ཐུབ་པ་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་བཏོན་པའི་གལ་ཆེའི་རིགས་པའི་གཞུང་ལུགས་ཀྱི་ལྟ་བ་དང་། གལ་ཆེའི་མཛད་ཕྱོགས་སྲིད་ཇུས། གལ་ཆེའི་ལས་དོན་གྱི་བཀོད་སྒྲིག་བཅས་ཤེས་རྟོགས་ལྟ་ཀློག་གཏིང་ཟབ་བྱས་ནས་གླེང་ཕྱོགས་ཀྱི་ཁྲིད་སྟོན་བྱེད་ནུས་ཤུགས་ཆེར་གཏོང་དགོས། གནད་ལ་འཁེལ་བ་དང་ནང་དོན་ཟབ་པའི་གསར་འགོད་དང་། ཕྱོགས་བསྡུས་རྒྱས་བཤད། ཆེད་བརྗོད། དཔྱད་གཏམ། རིགས་པའི་གཞུང་ལུགས་བཅས་ཀྱི་རྩོམ་ཡིག་ཁག་གཅིག་འདོན་དགོས། གསར་འགྱུར་ལས་དོན་པ་སྒྲིག་འཛུགས་བྱས་ནས་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་དེ་ཞིང་འབྲོག་ཁུལ་དང་། གྲོང་ཁྱེར་གྲོང་རྡལ་གྱི་སྡེ་ཁུལ། མང་ཚོགས་བཅས་ཀྱི་ཁྲོད་ནས་བྱུང་བའི་གསོན་ཉམས་ལྡན་པའི་གསར་འགྱུར་ཁག་གཅིག་འདོན་དགོས།

        (བཞི ) དྲ་རྒྱའི་ཐོག་ནས་དྲིལ་བསྒྲགས་ཧུར་ཐག་བྱེད་དགོས། དྲ་རྒྱའི་སྨྱན་སྦྱོར་སྒྲིག་འཛུགས་བྱས་ནས་རིམ་སྤེལ་གསར་འགྱུར་དང་། དྲ་ཞུགས་རྩད་འདྲི་གླེང་མོལ། གླེང་སྟེགས་མཉམ་སྦྱར་ཡིག་ཆུང་སོགས་ཀྱི་བྱེད་ཐབས་སྤྱད་དེ་དྲ་རྒྱའི་ཁྱད་ཆོས་ལྡན་པའི་དྲིལ་བསྒྲགས་གསར་འགྱུར་སྤེལ་ཐོག་དྲ་རྒྱའི་ཐོག་གི་གླེང་ཕྱོགས་ལ་ཁྲིད་སྟོན་ཧུར་ཐག་བྱས་ཏེ་དྲ་མིའི་སེམས་ཁུར་ལ་ལན་འདེབས་ནུས་ལྡན་བྱས་ནས་དྲ་རྒྱའི་ཐོག་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་བྱེད་པའི་ཤུགས་དྲག་ཅིག་ཆགས་པ་བྱེད་དགོས། དཔོད་ཆུང་དང་། སྤྱི་ཚོགས་ཀྱི་འབྲེལ་བའི་དྲ་རྒྱ། སྒུལ་འཁྱེར་བརྒྱུད་ལམ་སྣེ་མང་སོགས་ཀྱི་ལག་རྩལ་དང་བྱེད་ཐབས་གསར་པ་སྤྱོད་རྒྱུར་དོ་སྣང་བྱས་ནས་དྲ་མིས་ཐེ་ཞུགས་བྱེད་པའི་ཧུར་བརྩོན་རང་བཞིན་སྐུལ་སློང་གིས་དྲ་རྒྱའི་ཐོག་གི་དྲིལ་བསྒྲགས་བྱེད་པའི་དངོས་ཕན་རང་བཞིན་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་དགོས།

        བཞི། སྒོ་ཀུན་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་དགོས།

        ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར། དོན་འཁྱོལ་བཅས་བྱེད་པར་ས་ཁུལ་དང་སྡེ་ཚན་དེ་གའི་དོན་དངོས་དང་འབྲེལ་བ་དམ་ཟབ་བྱེད་པ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་དངོས་དང་འབྲེལ་བ་བྱས་ཏེ་ཀྲུང་དབྱང་གི་བོད་ཀྱི་མཛུབ་ཁྲིད་མཛད་ཕྱོགས་སྐོར་དང་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་ཟུང་འབྲེལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་གསུང་བཤད་དང་གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་ཟུང་འབྲེལ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་དང་ཟུང་འབྲེལ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་མཐུན་སྦྱོར་ཚོགས་ཆུང་དང་ཀྲུང་དབྱང་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་དགོངས་དོན་དང་ཟུང་འབྲེལ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་རྒྱུ་དང་ཟུང་འབྲེལ་དམ་ཟབ་བཅས་བྱས་ཏེ་སྦྱངས་པ་གོ་ཆོད་དང་སྤྱོད་པར་སློབ་སྐུལ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ཕྱོགས་གང་སར་དོན་འཁྱོལ་ཐུབ་པ་བྱས་ཐོག འདི་ལོའི་ལས་དོན་ཁག་ཡག་པོ་སྒྲུབ་རྒྱུ་དང་དུས་སང་གི་ལས་དོན་བཀོད་སྒྲིག་ཡག་པོ་བྱེད་རྒྱུའི་ནང་མངོན་ཐུབ་པ། མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་རྒྱུའི་བྱ་སྤྱོད་ངོ་མའི་ཐོག་འགྱུར་ཐུབ་པ་བྱས་ནས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགན་ལེན་བྱེད་དགོས།

        (གཅིག ) ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུའི་ཐོག་དོན་འཁྱོལ་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་དེ་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུའི་བརྗོད་དོན་གཙོ་བོ་འདི་དང་དཔལ་འབྱོར་གོང་འཕེལ་གཏོང་སྟངས་འགྱུར་ལྡོག་གཏོང་བའི་གཙོ་རྐང་འདི་ཁོང་དུ་ཆུད་པ་བྱས་ཐོག བརྟན་ཐོག་ཡར་འཕེལ་ཡོང་བའི་ལས་དོན་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ་བརྟན་པོའི་ངང་འཕར་སྣོན་ཡོང་ཐབས་བྱེད་རྒྱུ་དེ་སྔར་བས་གལ་ཆེའི་གནས་བབ་ཐོག་བཞག་སྟེ་འཛམ་གླིང་དཔལ་འབྱོར་བརྟན་པོ་མེད་པའི་ཕོག་ཐུག་ལ་ཁ་གཏད་ཧུར་ཐག་གཅོག་པ་དང་། དཔལ་འབྱོར་གྲུབ་ཆའི་འཐབ་ཇུས་རང་བཞིན་གྱི་ལེགས་སྒྲིག་བྱེད་རྒྱུར་སྐུལ་འདེད་བཏང་ནས་དཔལ་འབྱོར་ལེགས་ཤིང་མྱུར་བའི་ངང་གོང་འཕེལ་ཆེན་པོ་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། ཀྲུང་དབྱང་གིས་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ཡག་པོ་སྤྱོད་རྒྱུ་དང་། ག་སྦྱར་རོགས་སྐྱོར་གྱི་ཁྱད་ཡོན་ཡག་པོ་སྤྱོད་རྒྱུ། རྒྱལ་ཁབ་ཀྱིས་བོད་ཀྱི་གོང་འཕེལ་ལ་རོགས་སྐྱོར་བྱེད་པའི་རྣམ་གྲངས་ཆེ་ཁག་དམ་འཛིན་ཡག་པོ་བྱེད་རྒྱུ་བཅས་རྒྱུན་འཁྱོངས་བྱས་ནས་འགྲིམ་འགྲུལ་དང་། ནུས་རྒྱུ། ཆུ་བེད། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཐོག ཁྱད་ལྡན་དགེ་སྟོབས་ལྡན་པའི་ཐོན་ལས་འཛུགས་སྤེལ་དང་སྟོབས་ཆེར་གཏོང་བ་དང་། རིག་གནས་དར་འཕེལ་ཆེན་པོ་ཡོང་བར་སྐུལ་འདེད་བཏང་སྟེ་བློས་འགེལ་བ་དང་། བཀག་རྒྱ་གློད་པ། ལྷུག་ཏུ་གཏོང་བ། བློ་ཁོག་ཆེན་པོ་བྱེད་པ། སྲབ་མདའ་གློད་པ་བཅས་བྱས་ནས་དམངས་གཉེར་དཔལ་འབྱོར་གོང་འཕེལ་བཏང་ཐོག་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱེད་པ་དང་ནང་ཁོངས་དང་ཕྱི་ཕྱོགས་སུ་སྒོ་མོ་དབྱེ་བའི་ཆུ་ཚད་མཐོ་རུ་བཏང་སྟེ་གྲོང་རྡལ་ཅན་དུ་འགྱུར་རྒྱུ་དང་རྫོང་ཁོངས་དཔལ་འབྱོར་ལ་སྐུལ་སྤེལ་བཏང་ནས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས།

        (གཉིས ) སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་ཐོག་དོན་འཁྱོལ་བྱེད་དགོས། “རྩ་སྲ་རྨང་བརྟན་དང་མི་སེམས་འགུགས་པ ”དང་། “ལག་པ་སྔོན་ལ་འགུལ་ཐུབ་པ་དང་རང་འགུལ་དམག་འཐབ་ཡག་པོ་རྒྱག་རྒྱུའི ”སྐོར་གྱི་ཀྲུང་དབྱང་གི་གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་བརྟན་ལྷིང་ནི་མཐའ་དག་ལས་ལྷག་པའི་བསམ་བློ་བརྟན་པོ་བཅངས་ཐོག་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་མ་སྒྲུབ་ཐབས་མེད་ཀྱི་ལས་འགན་དང་འགན་འཁྲི་ཨང་དང་པོར་བརྩིས་ནས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི་བརྟན་ལྷིང་སྲུང་སྐྱོང་བྱ་ཐབས་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང་། སྔ་ཙམ་ནས་དམ་འཛིན་དང་། ཆུང་ཐོག་ནས་དམ་འཛིན། དམ་འཛིན་མགྱོགས་པོ། དམ་འཛིན་ཡག་པོ་བཅས་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཁྲིམས་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་བཙུགས་ཏེ་དགྲ་འཛིན་ཕྱོགས་གཏོགས་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ཁ་ཕྲལ་སིམ་འཛུལ་དང་གཏོར་བཤིག་གི་ངན་ཇུས་མཐའ་གཅིག་ཏུ་རྩ་མེད་བཟོས་ནས་གནད་དོན་ཆེ་རིགས་མི་ཐོན་པ་དང་། གནད་དོན་འབྲིང་རིགས་མི་ཐོན་པ། ཐ་ན་གནད་དོན་ཆུང་རིགས་ཀྱང་མི་ཐོན་པ་བཅས་བྱེད་རྒྱུའི་དམིགས་ཚད་འགྲུབ་ཐུབ་པ་བྱེད་དགོས། སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་སྤེལ་བ་དེ་བྱ་ཐབས་ནུས་ལྡན་ཞིག་ལ་བརྩིས་ནས་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ཀྱིས་ལས་ཀ་སྤེལ་རྒྱུ་སྔར་བས་གཏིང་ཟབ་ཏུ་གཏོང་དགོས་པ་དང་། ལས་བྱེད་པ་དགོན་པར་རྒྱུན་ལྡན་བཅའ་སྡོད་བྱེད་རྒྱུ་དེ་ནང་དོན་གཙོ་བོར་བརྩིས་ནས་དགོན་པའི་དོ་དམ་ལ་སྔར་བས་ཤུགས་སྣོན་དང་གསར་གཏོད་བྱེད་དགོས་པ། དམངས་ཕན་ཞབས་ཞུ་དང་། བརྟན་ལྷིང་སྲུང་སྐྱོང་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་རྒྱུ་དེ་འགན་ནུས་ཨང་དང་པོར་བཞག་སྟེ་གྲོང་ཁྱེར་གྲོང་རྡལ་དྲ་མིག་ཅན་གྱི་དོ་དམ་བྱེད་རྒྱུ་སྔར་བས་ཁྱབ་སྤེལ་གཏོང་དགོས་པ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱུན་ལྡན་སྒྲིག་ལམ་སྲུང་སྐྱོང་བྱེད་རྒྱུ་དེ་གཞི་རྩའི་དམིགས་ཡུལ་དུ་བརྩིས་ནས་བཅའ་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་ཆོས་ལུགས་བྱ་བར་དོ་དམ་སྔར་བས་ལྷག་པ་བྱེད་དགོས་པ། སྤྱི་ཚོགས་ཀྱི་ངོས་ཡོངས་ལ་ལྟ་སྡོམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཐབས་ལམ་ནུས་ལྡན་ཞིག་ལ་བརྩིས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་སྔར་ལས་ལྷག་པའི་སྒོ་ནས་ཁྱོན་ཡོངས་ལ་ཁེབས་པ་བྱེད་དགོས་པ། གསར་དར་སྨྱན་སྦྱོར་ལ་དོ་དམ་དང་། ཆ་འཕྲིན་གསང་འཕྲིན་ལས་དོན། འཕྲལ་སྡོམ་ལམ་སྲོལ་འཛུགས་སྐྱོང་བཅས་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་དེ་འགག་རྩའི་བྱེད་ཐབས་ཤིག་ལ་བརྩིས་ནས་སྔོན་ཤེས་དང་སྔོན་འགོག་ནུས་པ་སྔར་བས་ཆེ་རུ་གཏོང་དགོས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་སྤེལ་རྒྱུ་དེ་གལ་ཆེའི་གཞི་རྟེན་དུ་བྱས་ནས་མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་གོང་འཕེལ་ཡོང་བར་སྔར་བས་སྐུལ་འདེད་གཏོང་དགོས་པ། མཐོ་རིམ་སློབ་གྲྭར་དོ་དམ་དང་གཞོན་ནུ་ལོ་ཆུང་གི་བསམ་བློ་ཆབ་སྲིད་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ་དེ་ལས་ཀའི་གཙོ་གནད་དུ་བཞག་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཚད་མཐུན་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་སྔར་བས་གསོ་སྐྱོང་བྱེད་དགོས་པ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱི་བག་ཆགས་འཇོག་ཤུགས་ཆེ་རུ་གཏོང་རྒྱུ་དེ་རྩ་བའི་ལས་འགན་དུ་བརྩིས་ཏེ་བོད་ཀྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ནང་ཤུགས་རྐྱེན་ངན་པ་གང་ཡང་མི་ཕོག་པ་བྱེད་དགོས་པ། བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་མ་སྒྲུབ་ཐབས་མེད་ཀྱི་ལས་འགན་དང་འགན་འཁྲི་ཨང་དང་པོར་བཞག་ནས་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་འགན་འཁྲིའི་ལམ་ལུགས་དང་འགན་འཁྲི་རྩད་གཅོད་ལམ་ལུགས་སྔར་ལས་ལྷག་པའི་སྒོ་ནས་འཛུགས་དགོས་པ་དང་། བརྟན་ལྷིང་སྲུང་སྐྱོང་ལས་ཀའི་ནུས་པ་རྒྱུན་ཐོན་ལམ་སྲོལ་ཆ་ཚང་པོ་འཛུགས་དགོས། ཕྱོགས་མཚུངས་སྒྱུར་འཕེལ་བརྟན་གསུམ་གྱི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱས་ཏེ་མི་དམངས་ནང་ཁུལ་གྱི་འགལ་བ་དང་ཞི་མཐུན་མིན་པའི་རྐྱེན་རྩའི་རིགས་འདུམ་སེལ་བྱེད་རྒྱུར་ཤུགས་བརྒྱབ་ནས་ཞི་མཐུན་གྱི་མཐུན་རྐྱེན་གང་མང་སྐྲུན་ཐུབ་པ་བྱེད་དགོས།

        (གསུམ ) དམངས་འཚོ་ལེགས་སུ་གཏོང་རྒྱུ་དང་འགན་སྲུང་བྱེད་རྒྱུའི་ཐོག་དོན་འཁྱོལ་བྱེད་དགོས། དམངས་འཚོ་ལེགས་སུ་གཏོང་རྒྱུ་དང་འགན་སྲུང་བྱེད་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡོད་ལས་གཞི་ཏན་ཏིག་ངང་སྤེལ་ཏེ་ཆུ་དང་། གློག ལམ། སོལ་རླངས། འཕྲིན་གཏོང་། སྦྲག་སྲིད། རླུང་འཕྲིན་བཪྙན་འཕྲིན། ཁོར་ཡུག་མཛེས་བཟོ་བཅས་བརྒྱད་ཞིང་དུད་ལ་འཛོམས་པ་བྱེད་དགོས་པ་དང་། གྲོང་ཁྱེར་གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་དང་གྲོང་ཁྱེར་ལྷ་སའི་དྲོད་གཏོང་ལས་གྲྭར་སྐུལ་སྤེལ་ཧུར་ཐག་གཏོང་དགོས་པ། ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་བྱེད་རྒྱ་ཆེ་རུ་གཏོང་བ་དང་ཐབས་རྣམ་མང་བའི་ལས་ཞུགས་བྱེད་སའི་ལས་གནས་མཁོ་འདོན་བྱས་ཏེ་སྐྱེ་ཁུངས་བོད་ནས་ཡིན་པའི་ད་ཐོན་སློབ་ཆེན་སློབ་མ་ཚང་མ་ལས་ཞུགས་ཐུབ་པ་དང་སྔ་ཐོན་སློབ་ཆེན་སློབ་མ་རྩ་བའི་ཆར་ལས་ཞུགས་ཐུབ་པ་བྱེད་དགོས་པ། ལས་ཞུགས་མེད་པའི་ཁྱིམ་ཚང་ལ་བབ་བསྟུན་ལས་ཞུགས་ཐུབ་པ་བཟོ་དགོས་པ། ཟོག་གོང་བརྟན་གནས་ཡོང་རྒྱུར་ཤུགས་བརྒྱབ་སྟེ་གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་དམའ་བ་ཡོང་ཐུབ་པ་བྱེད་དགོས་པ། སྤྱི་ཚོགས་འགན་སྲུང་ཤུགས་ཆེན་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཁེབས་པའི་སྤྱི་ཚོགས་འགན་སྲུང་མ་ལག་དང་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་དགོས་པ། སྨན་བཅོས་འཕྲོད་བསྟེན་དམ་འཛིན་ཡག་པོ་བྱས་ཏེ་རྫོང (གྲོང་ཁྱེར་དང་ཆུས )དང་། ཤང་གྲོང་། གྲོང་ཚོ་བཅས་རིམ་གསུམ་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཐུས་ཚང་ཇེ་མགྱོགས་སུ་བཏང་ཐོག རིན་མེད་སྨན་བཅོས་རྨང་གཞིར་བྱས་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ། སློབ་གསོ་གོང་འཕེལ་ཤུགས་ཆེན་བཏང་སྟེ་ཕྱོགས་ཡོངས་ནས་གྲོང་ཁྱེར་གྲོང་རྡལ་དུ་ལོ་གསུམ་དང་ཞིང་འབྲོག་ཁུལ་དུ་ལོ་གཉིས་ཀྱི་སློབ་ཞུགས་གོང་གི་སློབ་གསོ་སྤེལ་རྒྱུ་དང་། འོས་འགན་སློབ་གསོའི “འགན་ལེན་གསུམ ”གྱི་སྲིད་ཇུས་དོན་འཁྱོལ་ཆ་ཚང་པོ་བྱེད་དགོས་པ། རིག་གནས་དམངས་ཕན་ལ་སྐུལ་སྤེལ་བཏང་ནས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་དགོས་པ། དབུལ་སྐྱོར་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས་གནོད་འགོག་གེགས་སེལ་དང་རོགས་སྐྱོབ་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས་པ། བདེ་འཇགས་ཐོན་སྐྱེད་དང་། བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཡོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གོང་འཕེལ་གྱི་འབྲས་བུའི་ཐོག་ནས་མི་རིགས་ཁག་གི་མང་ཚོགས་ལ་དེ་བས་དྲང་སྙོམས་ལྡན་པའི་ངང་ཕན་པ་དེ་བས་མང་བ་ཐོབ་པ་བྱེད་དགོས་པ་བཅས་ཡིན།

        (བཞི ) འབྱུང་ཁམས་སྲུང་སྐྱོབ་བྱེད་རྒྱུའི་ཐོག་དོན་འཁྱོལ་བྱེད་དགོས། འབྱུང་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོབ་དང་འཛུགས་སྐྲུན་འཆར་འགོད་ལག་བསྟར་བྱེད་མགྱོགས་སུ་བཏང་ནས་ཧུར་བརྩོན་ཆེན་པོས་རྒྱལ་ཁབ་ཀྱི་འབྱུང་ཁམས་བདེ་འཇགས་སྲུང་ཡོལ་འཛུགས་དགོས། གཙོ་གནད་འབྱུང་ཁམས་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གཙང་ཆུ་ཆེ་རིགས་ཀྱི་ཆུ་འགོ་དང་། རྩྭ་ཐང་། གཤེར་ས། རང་བྱུང་ནགས་ཚལ། སྐྱེ་དངོས་སྣ་མང་རང་བཞིན་བཅས་ལ་སྲུང་སྐྱོབ་བྱེད་རྒྱུ་མངོན་ཆེར་བཟུང་ཐོག་ས་ཆུ་སྲུང་འཛིན་དང་། ས་ཆ་དང་རྩྭ་ར་བྱེ་འགྱུར་ཕྱོགས་བསྡུས་བཅོས་སྐྱོང་། བཙོག་སྐྱོན་འགོག་བཅོས་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་ཁོར་ཡུག་གི་ལྟ་ཞིབ་བྱེད་ནུས་ཆེ་རུ་གཏོང་བ་དང་། རྒྱུན་འཁོར་དཔལ་འབྱོར་གོང་འཕེལ་ཤུགས་ཆེ་བཏང་སྟེ་ནགས་ཚལ་དང་རྩྭ་ཐང་འབྱུང་ཁམས་སྲུང་སྐྱོབ་ཀྱི་བྱ་དགའ་སྤྲོད་ལམ་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། གཏེར་ཁའི་ཁོར་ཡུག་བཅོས་སྐྱོང་དང་འབྱུང་ཁམས་སླར་གསོའི་འགན་འཁྲིའི་ལམ་སྲོལ་དང་འབྱུང་ཁམས་ཕན་འབྲས་སྐྱོང་གསབ་ཀྱི་ནུས་པ་རྒྱུན་ཐོན་ལམ་སྲོལ་བཙུགས་ཏེ་གངས་ལྗོངས་ས་མཐོའི་རྩི་ཤིང་ནགས་ཚལ་དང་རི་ཆུ་ཀླུང་གསུམ་སྲུང་སྐྱོབ་ཡག་པོ་བྱེད་དགོས།

        (ལྔ ) ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐོག་དོན་འཁྱོལ་བྱེད་དགོས། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་རྒྱུའི་སྤྱིའི་བླང་བྱ་གཞིར་བཟུང་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ཐོག་ནས་ཏང་འཛུགས་སྐྱོང་གི་རླབས་ཆེན་ལས་གཞི་གསར་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་ཏང་འཛུགས་སྐྱོང་ཚན་རིག་དང་མཐུན་པ་བྱེད་པའི་ཆུ་ཚད་གོང་མཐོར་བཏང་སྟེ་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པས་བཏོན་པའི་གཙོ་གནད་ལས་འགན་ཁག་མངོན་ཆེར་བརྩིས་ནས་དམ་འཛིན་བྱས་ཏེ་ཕུགས་བསམ་དད་སེམས་སྔར་བས་བརྟན་དུ་གཏོང་བ་དང་། ཏང་དང་མི་དམངས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་སྔར་བས་མཐའ་འཁྱོངས་བྱེད་པ། ཏང་ནང་གི་དམངས་གཙོ་སྔར་བས་དར་སྤེལ་ཧུར་ཐག་གཏོང་བ། ཏང་གིས་བོད་དུ་སྲིད་སྐྱོང་བྱེད་པའི་རྩ་འཛུགས་རྨང་གཞི་སྔར་བས་སྲ་བརྟན་དུ་གཏོང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་སྔར་བས་ཡག་པོ་བྱེད་པ། ཏང་གི་སྒྲིག་ཁྲིམས་སྔར་བས་ནན་པོ་སྲུང་བ་བཅས་བྱས་ཏེ་ཏང་གིས་ཚན་རིག་དང་མཐུན་པའི་སྲིད་སྐྱོང་དང་། དམངས་གཙོའི་སྲིད་སྐྱོང་། ཁྲིམས་བཞིན་སྲིད་སྐྱོང་བཅས་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཏང་ནང་གནས་པའི་མངོན་ཆེའི་འགལ་བ་དང་གནད་དོན་ཐག་གཅོད་བྱེད་རྒྱུ་དམ་འཛིན་བྱེད་དགོས། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རང་རྟོགས་ངང་ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་དང་། རང་རྟོགས་ངང་ཏང་གི་རྩ་འཛུགས་རྩ་དོན་དང་ཏང་ནང་གི་ཆབ་སྲིད་འཚོ་བའི་ཚད་འཛིན་གཞིར་བཟུང་བྱ་བ་བསྒྲུབ་དགོས། ཏང་ཡོན་ལས་བྱེད་པས་རང་རྟོགས་ངང་ཕུགས་བསམ་དད་སེམས་བརྟན་འཁྱོངས་ཀྱི་དཔེ་སྟོན་དང་། རང་རྟོགས་ངང་སློབ་སྦྱོང་དང་ལག་ལེན་ནན་ཏན་བྱེད་པའི་དཔེ་སྟོན། རང་རྟོགས་ངང་དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་བྱེད་པའི་དཔེ་སྟོན། རང་རྟོགས་ངང་སྤྱོད་བཟང་དར་སྤེལ་གཏོང་བའི་དཔེ་སྟོན་བཅས་བྱེད་དགོས།

        (དྲུག ) བསམ་བློ་བཅིངས་འགྲོལ་དང་། སྒྱུར་བཅོས་སྒོ་དབྱེ། སྟོབས་ཤུགས་གཅིག་སྒྲིལ། འགག་སྒྲོལ་དཀའ་སེལ་བཅས་ཡོང་བའི་ཐོག་དོན་འཁྱོལ་བྱེད་དགོས། རང་རྒྱལ་གྱི་གོང་འཕེལ་གཏོང་བའི་གལ་ཆེའི་འཐབ་ཇུས་གོ་སྐབས་ཁྲོད་ཀྱི་གོ་དོན་དང་ཆ་རྐྱེན་གྱི་འགྱུར་ལྡོག་སྟངས་འཛིན་གནད་འཁེལ་ཐུབ་པ་དང་། དུས་ཐོག་ཏུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་རྒྱུའི་ལས་འགན་དཀའ་ཚེགས་ཧ་ཅང་ཆེན་པོ་ཡིན་པ་དེར་ངོས་འཛིན་གང་ལེགས་བྱས་ཏེ་བསམ་བློར་བཅིངས་འགྲོལ་དང་། སྒྱུར་བཅོས་སྒོ་དབྱེ། སྟོབས་ཤུགས་གཅིག་སྒྲིལ། འགག་སྒྲོལ་དཀའ་སེལ་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་ལག་ལེན་དང་། འཕོ་འགྱུར། གསར་གཏོད་བཅས་ཕོད་པ་བྱེད་དགོས། རྗེས་ཡོང་སྔོན་དྲན་དང་། ཉེན་ཟོན་གྱི་བསམ་པ། འགན་འཁྲིའི་བསམ་པ་བཅས་ཤུགས་ཆེར་ཏན་ཏིག་བཏང་སྟེ་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ་དང་ལམ་བཤངས་གསར་གཏོད་ཧུར་ཐག་གིས་སྒྱུར་བཅོས་དང་། གོང་འཕེལ། བརྟན་ལྷིང་བཅས་ཀྱི་ལས་དོན་ཁག་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་དགོས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཁྲོད་ཀྱི་མངོན་གསལ་དོད་པའི་འགལ་ཟླ་དང་གནད་དོན་རིགས་ཐག་གཅོད་ཤུགས་ཆེན་བྱས་ཏེ་མི་མངོན་པའི་ཉེན་ཁའི་རིགས་འགོག་ཟོན་ནུས་ལྡན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་ཐུབ་པའི་འབད་བརྩོན་བྱེད་དགོས།

        ལྔ། སྒྲིག་འཛུགས་དང་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས།

        ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར། དོན་འཁྱོལ་བཅས་བྱེད་རྒྱུ་ནི་ལྗོངས་ཡོངས་ཀྱི་གོང་འོག་ཚང་མའི་མིག་སྔ་དང་ཕྱིས་འབྱུང་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་ཨང་དང་པོ་དེ་ཡིན། རིམ་ཁག་ཏང་ཨུད (ཏང་ཙུའུ )ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར། དོན་འཁྱོལ་བཅས་བྱེད་རྒྱུ་དེ་གལ་ཆེའི་ཉིན་རེའི་གྲོས་རིམ་ནང་བཅུག་ནས་སྒྲིག་འཛུགས་དང་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས།

        (གཅིག ) འགོ་ཁྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་དགོས། རིམ་ཁག་ཏང་ཨུད (ཏང་ཙུའུ )ཀྱིས་ས་གནས་དང་སྡེ་ཚན་དེ་གའི་དོན་དངོས་དང་ཟུང་འབྲེལ་གྱིས་ཆེད་དོན་སྐུལ་ཁྲིད་བྱེད་པ་དང་། ཞིབ་ཕྲའི་བླང་བྱ་འདོན་པ། དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་རྒྱུར་ཤུགས་རྒྱག་པ་བཅས་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར། དོན་འཁྱོལ་བཅས་བྱེད་པའི་ཚ་རླབས་ཤིག་མྱུར་དུ་འཕྱུར་བ་བྱེད་དགོས། རིམ་ཁག་ཏང་སྲིད་ཀྱི་གཙོ་བོའི་འགན་འཁུར་བློ་མཐུན་ངོ་མས་དམ་འཛིན་དང་། ཁག་བགོས་འགན་འཁུར་བློ་མཐུན་གྱིས་ཞིབ་ཕྲའི་དམ་འཛིན་བྱས་ནས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར། དོན་འཁྱོལ་བཅས་བྱེད་པའི་ལས་ཀའི་འགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་འཛུགས་ཐུབ་པ་བྱེད་དགོས། རིམ་ཁག་ཏང་ཨུད་ལྟ་ཞིབ་སྡེ་ཚན་གྱིས་ལས་དོན་མཛུབ་ཁྲིད་བྱེད་རྒྱུར་ཤུགས་སྣོན་དང་། སྐུལ་འདེད་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཕྱི་ཚུལ་རིང་ལུགས་ནན་འགོག་གིས་ཕན་འབྲས་དངོས་ཐོན་པའི་བརྩོན་ལེན་བྱེད་དགོས། རིམ་ཁག་རྩ་འཛུགས་སྡེ་ཚན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར། དོན་འཁྱོལ་བཅས་བྱེད་རྒྱུ་དེ་ལས་བྱེད་པར་སློབ་གསོ་སྦྱོང་བརྡར་སྤྲོས་པའི་ལས་དོན་དང་། འགོ་ཁྲིད་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། ལས་བྱེད་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུ། ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུ། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་རྒྱུ་བཅས་དང་ཟུང་འབྲེལ་བྱེད་དགོས། རིམ་ཁག་དྲིལ་བསྒྲགས་སྡེ་ཚན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དྲིལ་བསྒྲགས་བྱེད་པའི་ལས་དོན་ཏན་ཏིག་ཡག་པོ་བསྒྲུབས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར། དོན་འཁྱོལ་བཅས་བྱེད་པའི་རྣམ་པ་བཟང་པོ་ཞིག་བསྐྲུན་དགོས། རིམ་ཁག་བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མི་དམངས་ཚོགས་པས་རང་ངོས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ་རང་ངོས་ཀྱི་ཁྱད་ཆོས་ལྡན་པའི་སློབ་སྦྱོང་དང་སློབ་གསོའི་བྱེད་སྒོ་སྤེལ་དགོས།

        (གཉིས ) ཡང་དག་པའི་ཁ་ཕྱོགས་བརྟན་པོར་འཛིན་དགོས། མཐུན་སྒྲིལ་བརྟན་ལྷིང་ཤུགས་སྒྲིམ་དང་། དྲང་ཕྱོགས་ཀྱི་དྲིལ་བསྒྲགས་གཙོ་བཟུང་བྱེད་པའི་མཛད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་སྒྲིལ་གང་ཐུབ་བྱེད་དགོས། ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློའི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་དང་སྤྱི་ཚོགས་ཐོག་གི་གླེང་ཕྱོགས་འགྱུར་ཚུལ་ལ་དོ་སྣང་ཆེན་པོ་བྱས་ཏེ་དམིགས་བཀར་རང་བཞིན་ལྡན་པའི་སྒོ་ནས་ལས་དོན་ཡག་པོ་སྒྲུབ་དགོས། བོད་འབྲེལ་ཚོར་ཆེའི་དམིགས་བསལ་གནད་དོན་དང་གླེང་ཆ་ཆེ་བའི་གནད་དོན་ལ་དྲང་ཕྱོགས་ཀྱི་ཁྲིད་སྟོན་བྱེད་རྒྱུར་ཤུགས་སྣོན་དང་དོགས་གནད་སེལ་དཀྲོལ་བྱས་ཏེ་སྤྱི་ཚོགས་ཐོག་གི་ངོས་འཛིན་གཅིག་མཐུན་ཡོང་གང་ཐུབ་བྱེད་དགོས། དྲིལ་བསྒྲགས་དང་། བསམ་བློ། རིག་གནས་བཅས་ཀྱི་འཐབ་སའི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ནོར་འཁྲུལ་གྱི་བསམ་བློའི་གླེང་གཏམ་ལ་དྲིལ་བསྒྲགས་ཀྱི་ཐབས་ལམ་རྩ་བ་ནས་མཁོ་འདོན་བྱེད་མི་རུང་།

        (གསུམ ) བྱེད་ལུགས་བྱེད་སྟངས་ཟམ་མི་ཆད་པར་གསར་གཏོད་བྱེད་དགོས། དོན་དངོས་དང་། འཚོ་བ། མང་ཚོགས་བཅས་དང་ཉེ་པོ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་རྣམ་པ་དང་གཞི་རྟེན་གསར་གཏོད་དང་། བྱེད་ལུགས་བྱེད་སྟངས་འཚོལ་ཞིབ་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར། དོན་འཁྱོལ་བཅས་བྱེད་པའི་ཡིད་དབང་འགུགས་ནུས་དང་བློ་སེམས་འགུགས་ནུས། དམིགས་བཀར་རང་བཞིན་དང་དངོས་ཕན་རང་བཞིན་ཤུགས་ཆེར་གཏོང་རྒྱུར་འབད་བརྩོན་བྱེད་དགོས། མང་ཚོགས་ཀྱིས་ཐེ་ཞུགས་བྱེད་འདོད་ཡོད་པ་དང་། ཐེ་ཞུགས་བྱེད་བདེ་བའི་བྱེད་ཐབས་སྤྱོད་མཁས་བྱས་ཏེ་དུས་རབས་ཀྱི་ཁྱད་ཆོས་ལྡན་པ་དང་ལག་ལེན་གྱི་བླང་བྱ་མཚོན་པའི་ཐབས་ཤེས་སྤྱད་དེ་འཕེལ་རྒྱས་རྒྱ་ཆེ་གཏིང་ཟབ་ཡོང་རྒྱུའི་ཐད་ཤུགས་རྒྱག་དགོས། ཚན་རྩལ་གྱི་བྱེད་ཐབས་གསར་པ་སྤྱོད་མཁས་བྱས་ཏེ་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ལས་དོན་སྤེལ་ཐོག་ལས་ཀའི་ཁྱབ་རྒྱ་དང་ཤུགས་རྐྱེན་ཐེབས་ཚད་ཆེ་རུ་གཏོང་རྒྱུར་འབད་བརྩོན་བྱེད་དགོས།

        ས་གནས (གྲོང་ཁྱེར )ཁག་དང་སྡེ་ཚན་ཁག་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར། དོན་འཁྱོལ་བཅས་བྱས་ཚུལ་རང་སྐྱོང་ལྗོངས་ཏང་ཨུད་ལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས།

        ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་ནས།

        2012ལོའི་ཟླ་11པར།

        (བོད་རང་སྐྱོང་ལྗོངས་རྩོམ་སྒྱུར་ཅུས་ནས་མཁོ་འདོན་བྱས་པ་གཞིར་བཟུང )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།