དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བོད་རང་སྐྱོང་ལྗོངས་ཀྱི་གཤེར་ས་སྲུང་སྐྱོབ་སྲོལ་ཡིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

        〔2010〕ལོའི་ཡིག་ཨང་12པ།

        《བོད་རང་སྐྱོང་ལྗོངས་ཀྱི་གཤེར་ས་སྲུང་སྐྱོང་སྲོལ་ཡིག 》དེ་2010ལོའི་ཟླ་11ཚེས་26ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ཨུད་ཀྱི་ཚོགས་འདུ་ཐེངས་བཅུ་དགུ་པའི་ཐོག་གྲོས་འཆམ་བྱུང་དོན་བཞིན་2011ལོའི་ཟླ་3ཚེས་1ཉིན་ནས་ལག་བསྟར་བྱེད་རྒྱུ་ཡིན་པ་ད་ལྟ་ཆེད་དུ་སྤྱི་བསྒྲགས་སྤེལ་རྒྱུ་ཡིན།

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

        2010ལོའི་ཟླ་11ཚེས་26ལ།

        ལེའུ་དང་པོ། སྤྱིའི་རྩ་འཛིན།

        དོན་ཚན་དང་པོ། གཤེར་ས་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་དང་། གཤེར་སའི་སྣོད་བཅུད་ཀྱི་བྱེད་ནུས་དང་སྐྱེ་དངོས་སྣ་མང་ཅན་མི་ཉམས་སྲུང་སྐྱོང་། གཤེར་སའི་ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད་ཐུབ་རྒྱུར་སྐུལ་འདེད། སྣོད་བཅུད་ཉམས་ཆག་མི་ཡོང་བའི་སྔོ་བཅད་བཟོ་རྒྱུ་བཅས་ཀྱི་ཆེད་དུ་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྲོལ་ཡིག་འདི་བཟོས་པ་ཡིན།

        དོན་ཚན་གཉིས་པ། སྲོལ་ཡིག་འདིའི་ནང་གསལ་བའི་གཤེར་ས་ཞེས་པ་ནི། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་གི་སྣོད་བཅུད་སྙོམས་སྒྲིག་བྱེད་ནུས་ལྡན་པ་དང་། བཞའ་རླན་ལ་དགའ་བའི་བདག་མེད་སྲོག་ཆགས་དང་སྐྱེ་དངོས་འཚར་ལོངས་ཡོང་རྒྱུར་འཚམ་པ། རང་བྱུང་ངམ་ཡང་ན་མིས་བཟོས་པའི་ལོ་འཁོར་མོའམ་ཡང་ན་དུས་ཚིགས་རང་བཞིན་གྱི་བཞའ་ཚན་ཅན་གྱི་ས་ཆར་ཟེར། སྲོལ་ཡིག་འདིའི་ནང་གསལ་བའི་གཤེར་སའི་ཐོན་ཁུངས་ཞེས་པ་ནི་གཤེར་ས་དང་། གཤེར་སའི་ཉེ་འགྲམ་གྱི་བདག་མེད་སྲོག་ཆགས་རིགས་བབ་སྡོད་བྱེད་ས་དང་། སྐྱེ་འཕེལ། འཚོ་གནས་བཅས་བྱ་ཡུལ་ལ་ཟེར།

        དོན་ཚན་གསུམ་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་གི་གཤེར་ས་སྲུང་སྐྱོབ་དང་། འཆར་འགོད། དོ་དམ། བེད་སྤྱོད་སོགས་ཀྱི་བྱེད་སྒོ་སྤེལ་སྐབས་ངེས་པར་དུ་སྲོལ་ཡིག་འདིར་བརྩི་སྲུང་ཞུ་དགོས།

        དོན་ཚན་བཞི་པ། རང་བྱུང་སྲུང་སྐྱོབ་ཁུལ་ཁྱབ་ཁོངས་ཀྱི་གཤེར་སར 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྲོལ་ཡིག 》སྤྱོད་རྒྱུ།

        དོན་ཚན་ལྔ་པ། གཤེར་ས་སྲུང་སྐྱོབ་ཐད་ཚན་རིག་དང་མཐུན་པའི་འཆར་འགོད་དང་། དོ་དམ་ནན་པོ། ལུགས་མཐུན་བེད་སྤྱོད་དང་རྒྱུན་མཐུད་གོང་འཕེལ་གཏོང་རྒྱུ་བཅས་ཀྱི་རྩ་དོན་ལ་བརྩི་བཀུར་ཞུ་དགོས།

        དོན་ཚན་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གཤེར་སའི་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མཐུན་སྦྱོར་ལམ་སྲོལ་བཙུགས་ཐོག་གཤེར་ས་སྲུང་སྐྱོབ་བྱེད་རྒྱུ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་ནང་བཅུག་ཐོག་དེར་མཁོ་བའི་མ་དངུལ་རྣམས་རིམ་པ་གཅིག་མཚུངས་ཀྱི་མི་དམངས་སྲིད་གཞུང་གི་ལོ་འཁོར་ནོར་སྲིད་སྔོན་རྩིས་ནང་འཇུག་དགོས་པ་དང་འབྲེལ་གཤེར་སའི་སྣོད་བཅུད་ཕན་ནུས་སྐྱོང་གསབ་ལམ་སྲོལ་རིམ་པས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།

        དོན་ཚན་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ནགས་ལས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་གཤེར་ས་སྲུང་སྐྱོབ་བྱེད་རྒྱུའི་སྒྲིག་འཛུགས་དང་། མཐུན་སྦྱོར། མཛུབ་ཁྲིད། ལྟ་སྐུལ་བཅས་ཀྱི་ལས་དོན་སྒྲུབ་འགན་འཁུར་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་རང་སོ་སོའི་འཁྲི་འགན་གཞིར་བཟུང་གཤེར་ས་སྲུང་སྐྱོབ་བྱེད་རྒྱུའི་ལས་དོན་ཡག་པོ་སྒྲུབ་དགོས། ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་གིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་ཀྱིས་གཤེར་ས་སྲུང་སྐྱོབ་ལས་དོན་ཡག་པོ་སྒྲུབ་དགོས།

        དོན་ཚན་བརྒྱད་པ། རིམ་ཁག་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་གཤེར་ས་སྲུང་སྐྱོབ་བྱེད་རྒྱུའི་དྲིལ་བསྒྲགས་སློབ་གསོའི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་དམངས་ཀྱིས་གཤེར་ས་སྲུང་སྐྱོབ་བྱེད་རྒྱུའི་འདུ་ཤེས་ཤུགས་ཆེར་འགྲོ་བ་བྱེད་དགོས། ཚན་པ་དང་མི་སྒེར་སུ་ཡིན་རུང་ཚང་མར་གཤེར་ས་སྲུང་སྐྱོབ་བྱེད་རྒྱུའི་འོས་འགན་ཡོད་པས། གཤེར་ས་གཏོར་བཤིག་གཏོང་བ་དང་བཙན་བཟུང་བྱེད་རིགས་ཐེར་འདོན་དང་ཞུ་སྦྱོར་བྱེད་དབང་ཡོད།

        དོན་ཚན་དགུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གཤེར་ས་སྲུང་སྐྱོབ་ཀྱི་ཚན་རིག་ཞིབ་འཇུག་དང་ལག་རྩལ་ཁྱབ་གདལ་གཏོང་རྒྱུའི་ལས་ཀར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས་པ་དང་། ཚན་རིག་ཞིབ་འཇུག་དང་ལག་རྩལ་ཁྱབ་གདལ་བེད་སྤྱོད་གཏོང་རྒྱུ་སོགས་གཤེར་ས་སྲུང་སྐྱོབ་བྱེད་པའི་ནང་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས།

        ལེའུ་གཉིས་པ། གཤེར་སའི་འཆར་འགོད།

        དོན་ཚན་བཅུ་པ། རང་སྐྱོང་ལྗོངས་ཀྱིས་གཤེར་ས་སྲུང་སྐྱོབ་ཐད་གཅིག་གྱུར་འཆར་འགོད་བྱེད་དགོས། གཤེར་ས་སྲུང་སྐྱོབ་འཆར་འགོད་དེ་ངེས་པར་དུ་གཤེར་སའི་རིགས་གང་ཡིན་དང་། ཁྱབ་ཚུལ། སྣོད་བཅུད་ཀྱི་བྱེད་ནུས་དང་ཆུའི་ཐོན་ཁུངས། སྔོ་ཁེབས། བདག་མེད་སྲོག་ཆགས་དང་སྐྱེ་དངོས་ཐོན་ཁུངས། དེ་བཞིན་ས་ཆ་བེད་སྤྱོད་ཀྱི་གནས་ཚུལ་སོགས་ལ་གཞིགས་ནས་ཚན་རིག་དང་མཐུན་པ་ཞིག་བཟོ་དགོས་པ་མ་ཟད། དེ་འབྲེལ་ས་ཆ་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་དང་། ས་ཆུ་སྲུང་འཛིན་གྱི་འཆར་འགོད། ཆུའི་ཐོན་ཁུངས་འཆར་འགོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད། ཁོར་ཡུག་སྲུང་སྐྱོབ་འཆར་འགོད། རྩྭ་ཐང་སྲུང་སྐྱོབ་དང་འཛུགས་སྐྱོང་བེད་སྤྱོད་བཅས་ཀྱི་འཆར་འགོད་སོགས་དང་མཐུན་སྦྱོར་ཡོང་བ་བྱེད་དགོས།

        དོན་ཚན་བཅུ་གཅིག་པ། རང་སྐྱོང་ལྗོངས་ཀྱི་ནགས་ལས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་དང་ལྷན་དུ་རང་ཁོངས་སྲིད་འཛིན་ས་ཁོངས་ཀྱི་གཤེར་ས་སྲུང་སྐྱོབ་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྤྱིའི་འཆར་འགོད་བཟོ་སྒྲིག་བྱས་ནས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་སྙན་སེང་ཆོག་མཆན་ཞུ་དགོས། གྲོང་ཁྱེར (ས་གནས )དང་རྫོང་རིམ་མི་དམངས་སྲིད་གཞུང་གི་ནགས་ལས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་རང་ལས་རིམ་པ་གཅིག་གིས་མཐོ་བའི་གཤེར་ས་སྲུང་སྐྱོབ་འཆར་འགོད་གཞིར་བཟུང་། རང་གི་རིམ་པ་དེ་གའི་གཤེར་ས་སྲུང་སྐྱོབ་འཆར་འགོད་བཟོ་དགོས་པ་དང་། དེ་རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་སྲིད་གཞུང་གི་ནགས་ལས་གཙོ་འགན་འཁུར་མཁན་སྡེ་ཚན་ནས་ཞིབ་བཤེར་བྱས་རྗེས། རང་དང་རིམ་པ་གཅིག་མཚུངས་ཀྱི་མི་དམངས་སྲིད་གཞུང་ལ་སྙན་སེང་ཆོག་མཆན་ཞུ་དགོས།

        དོན་ཚན་བཅུ་གཉིས་པ། གཤེར་ས་སྲུང་སྐྱོབ་དང་འཆར་འགོད་ལ་རང་འཚམ་གྱིས་འགྱུར་ལྡོག་གཏོང་མི་ཆོག རང་སྐྱོང་ལྗོངས་ཀྱི་གཤེར་ས་སྲུང་སྐྱོབ་དང་འཆར་འགོད་ལ་འགྱུར་ལྡོག་གཏོང་དགོས་ངེས་རིགས། ངེས་པར་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་སྙན་སེང་ཆོག་མཆན་ཞུ་དགོས་པ་དང་། གྲོང་ཁྱེར (ས་གནས )དང་རྫོང་གི་གཤེར་ས་སྲུང་སྐྱོབ་འཆར་འགོད་ལ་འགྱུར་ལྡོག་གཏོང་དགོས་ངེས་རིགས། ངེས་པར་དུ་རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་སྲིད་གཞུང་གི་ནགས་ལས་གཙོ་འགན་འཁུར་མཁན་སྡེ་ཚན་ནས་ཞིབ་བཤེར་བྱས་རྗེས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ལ་སྙན་སེང་ཆོག་མཆན་ཞུ་དགོས།

        དོན་ཚན་བཅུ་གསུམ་པ། གཤེར་ས་སྲུང་སྐྱོབ་དང་འཆར་འགོད་བཟོ་སྒྲིག་གམ་དེར་འགྱུར་ལྡོག་གཏོང་དགོས་ཚེ། ངེས་པར་དུ་སྤྱི་བསྒྲགས་དང་། གཟུ་ཉན་ཚོགས་འདུ། རིགས་སྒྲུབ་ཁུངས་སྐྱེལ་ཚོགས་འདུ་སོགས་ལ་བརྟེན་ནས་འབྲེལ་ཡོད་ཚན་པ་དང་། རིགས་གཅིག་མཁས་ཅན། སྤྱི་དམངས་བཅས་ཀྱི་བསམ་འཆར་རྒྱ་ཁྱབ་ངང་ཉན་འཇོག་བྱེད་དགོས།

        ལེའུ་གསུམ་པ། གཤེར་ས་སྲུང་སྐྱོབ།

        དོན་ཚན་བཅུ་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ནགས་ལས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་གཤེར་སའི་ཐོན་ཁུངས་ལ་དུས་བཀག་བཟོས་ནས་བརྟག་དཔྱད་བྱས་ཏེ་གཤེར་སའི་ཐོན་ཁུངས་ཀྱི་ཡིག་ཚགས་བཟོས་ནས་ཆ་འཕྲིན་མཉམ་སྤྱོད་ཐུབ་པ་བྱེད་དགོས།

        དོན་ཚན་བཅོ་ལྔ་པ། རྫོང་རིམ་ཡན་གྱི་ནགས་ལས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་དང་ལྷན་དུ་གཤེར་སའི་སྣོད་བཅུད་སྐོར་གྱི་གནས་ཚུལ་ལ་འགྱུར་འགུལ་གྱི་ལྟ་ཞིབ་ཚད་ལེན་བྱེད་དགོས་པ་མ་ཟད་བྱ་ཐབས་ནུས་ལྡན་སྤྱད་དེ་གཤེར་སའི་སྣོད་བཅུད་ཀྱི་བྱེད་ནུས་དང་སྐྱེ་དངོས་སྣ་མང་ཅན་ལ་སྲུང་སྐྱོང་བྱེད་དགོས།

        དོན་ཚན་བཅུ་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གཤེར་ས་སྲུང་སྐྱོབ་འཆར་འགོད་གཞིར་བཟུང་། ཉམས་ཞན་དུ་སོང་བའི་གཤེར་སར་ཆུ་གསབ་དང་། ཕྱུགས་འཚོ་ཚོད་འཛིན། ཞིང་ས་སྐྱུར་བ། རྒྱ་བསྡམས་ནས་རྩྭ་ཆུ་གསོ་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་གཤེར་ས་རིམ་བཞིན་སླར་གསོ་ཐུབ་པ་བྱེད་དགོས། ཚན་པ་དང་མི་སྒེར་གྱིས་་རང་མོས་ཀྱི་སྒོ་ནས་གཤེར་ས་སླར་གསོའི་བྱེད་སྒོའི་ནང་ཞུགས་རྒྱུར་རིམ་ཁག་མི་དམངས་སྲིད་གཞུང་གིས་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས།

        དོན་ཚན་བཅུ་བདུན་པ། སྦགས་བཙོག་ཐོན་པའམ་ཡང་ན་གློ་བུར་གྱི་དོན་རྐྱེན་ཐོན་ནས་གཤེར་སར་སྦགས་བཙོག་བཟོས་པའམ་ཡང་ན་སྦགས་བཙོག་བཟོ་ཉེན་གྱི་འགན་འཁྲི་ཡོད་མཁན་ཚན་པའམ་མི་སྒེར་གྱིས་ངེས་པར་དུ་འཕྲལ་མར་བྱ་ཐབས་སྤྱད་དེ་ཐག་གཅོད་བྱེད་དགོས་པ་དང་འབྲེལ་དུས་ཐོག་ཏུ་གནོད་འཚེ་ཕོག་ཉེན་ཡོད་པའི་ཚན་པ་དང་གྲོང་མིར་བརྡ་ཁྱབ་གཏོང་དགོས་པ་དང་། ཕྱོགས་མཚུངས་ས་གནས་དེ་གའི་མི་དམངས་སྲིད་གཞུང་གི་ནགས་ལས་དང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་འཁུར་མཁན་སྡེ་ཚན་ལ་སྙན་སེང་ཞུ་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ནགས་ལས་དང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་སྙན་སེང་འབྱོར་རྗེས། ངེས་པར་དུ་བྱ་ཐབས་ནུས་ལྡན་སྤྱད་དེ་དུས་ཐོག་ཏུ་ཉེན་ཁ་གཙང་སེལ་བཟོ་དགོས།

        དོན་ཚན་བཅོ་བརྒྱད་པ། གཤམ་གསལ་ཆ་རྐྱེན་གང་རུང་ཞིག་འཛོམས་ཚེ། ངེས་པར་དུ་གཤེར་སའི་རང་བྱུང་སྲུང་སྐྱོབ་ཁུལ་བཟོ་དགོས། (གཅིག ) རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གཙོ་གནད་དུ་སྲུང་སྐྱོབ་བྱེད་པའི་ཆུ་བྱའི་རིགས་སྐྱེ་འཕེལ་དང་། བབ་སྡོད་བྱེད་སའམ་ཡང་ན་གནས་སྤོ་དང་ངལ་གསོ་བྱེད་གནས་གཙོ་བོ་དང་། (གཉིས ) གཤེར་སར་གནས་པའི་སྟོངས་ཉེར་ཡོད་པའི་དཀོན་ཞིང་རྩ་ཆེ་བའི་བདག་མེད་སྲོག་ཆགས་དང་སྐྱེ་དངོས་རུབ་འདུས་བྱེད་སའི་རང་བྱུང་ཁུལ། (གསུམ ) སྣོད་བཅུད་སྲུང་སྐྱོབ་ཐད་དམིགས་བསལ་རིན་ཐང་ལྡན་པའམ་ཡང་ན་ཚན་རིག་ཞིབ་འཇུག་ཐད་གལ་ཆེའི་རིན་ཐང་ལྡན་པའི་གཤེར་ས་བཅས་སོ།

        དོན་ཚན་བཅུ་དགུ་པ། དམིགས་བསལ་གྱི་སྲུང་སྐྱོབ་རིན་ཐང་ཡོད་ཀྱང་གཤེར་སའི་རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་རྒྱུའི་ཆ་རྐྱེན་འཛོམས་མེད་པའི་གཤེར་སར་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་གཤེར་ས་སྲུང་སྐྱོབ་ཁུལ་ཆུང་གྲས་དང་། གཤེར་སའི་སྤྱི་གླིང་ངམ་ཡང་ན་གཤེར་ས་སྤྱོད་མང་དོ་དམ་ཁུལ་བཙུགས་ན་འགྲིག

        དོན་ཚན་ཉི་ཤུ་པ། གཤེར་སའི་ནང་དུ་སྲོག་ཆགས་དང་སྐྱེ་དངོས་རིགས་ནང་འདྲེན་བྱེད་དགོས་པའམ་ཡང་ན་ནད་ཡམས་སྔོན་འགོག་གི་སྨན་རིགས་གཏོར་དགོས་ཚེ། ངེས་པར་དུ་འབྲེལ་ཡོད་གཏན་འབེབས་ལྟར་ཞིབ་མཆན་འགོད་རྒྱུའི་འགྲོ་ལུགས་སྒྲུབ་དགོས་པ་མ་ཟད། འབྲེལ་ཡོད་ལག་རྩལ་གྱི་བཅའ་ཚང་གཞིར་བཟུང་ཚོད་ལྟ་བྱེད་དགོས། ཞིབ་མཆན་བཀོད་མེད་པ་དང་ཚོད་ལྟ་བྱས་མེད་ཚེ། གཤེར་སའི་ནང་དུ་སྲོག་ཆགས་དང་སྐྱེ་དངོས་ཀྱི་རིགས་ནང་འདྲེན་བྱེད་མི་ཆོག་པའམ་ཡང་ན་ནད་ཡམས་སྔོན་འགོག་གི་སྨན་རིགས་གཏོར་བྱེད་མི་ཆོག

        དོན་ཚན་ཉེར་གཅིག་པ། གཤེར་ས་སྲུང་སྐྱོབ་བྱེད་ཁོངས་ནང་གཤམ་གསལ་བྱེད་སྒོའི་རིགས་སྤེལ་མི་ཆོག (གཅིག ) རང་འཚམ་གྱིས་གཤེར་སའི་ནང་གི་ཆུ་བཤངས་བ་དང་གཤེར་ས་ཕྲུ་འདུལ་བྱེད་པ་དང་། (གཉིས )ཁྲིམས་འགལ་གྱི་སྒོ་ནས་དུག་དང་གནོད་འཚེ་ཡོད་པའི་དངོས་རྫས་བཤང་གཏོང་ངམ་ཡང་ན་གད་སྙིགས་རིགས་བཤོ་བ། (གསུམ )ཁྲིམས་འགལ་གྱི་སྒོ་ནས་བྱ་རིགས་ཀྱི་སྒོ་ང་སྒྲུག་པའམ་ཡང་ན་བྱ་རིགས་ཀྱི་སྒོ་ང་གཅོག་པ། (བཞི ) ཆུ་བྱ་སོགས་བྱ་རིགས་བབ་སྡོད་སྐྱེ་འཕེལ་བྱེད་ས་དང་འཚོ་གནས་ཀྱི་ཆ་རྐྱེན་གཏོར་སྐྱོན་གཏོང་བ། (ལྔ )རང་འཚམ་གྱིས་བྱེ་མ་ལེན་པ་དང་། རྡོ་གཤགས་པ། གཏེར་ཁ་འདོན་པ། (དྲུག )མྱུར་སྐྱོབ་གེགས་སེལ་བྱེད་དགོས་རིགས་ཕུད། གཤེར་སའི་ཆུ་རྒྱུན་དང་ཕྱི་རོལ་གྱི་ཆུའི་འབྲེལ་རྒྱུན་བཅད་པ། (བདུན )གཤེར་སར་གཏོར་སྐྱོན་གཏོང་བའི་བྱ་སྤྱོད་གཞན་དག་བཅས་སོ།

        དོན་ཚན་ཉེར་གཉིས་པ། གཤེར་སའི་ཐོན་ཁུངས་བེད་སྤྱོད་གཏོང་སྐབས། ངེས་པར་དུ་གཤེར་ས་སྲུང་སྐྱོབ་འཆར་འགོད་དང་མཐུན་དགོས་པ་ལས་གཤེར་སའི་སྣོད་བཅུད་མ་ལག་གི་གཞི་རྩའི་བྱེད་ནུས་ལ་གཏོར་སྐྱོན་གཏོང་མི་ཆོག་ལ། གཤེར་སའི་ཐོན་ཁུངས་ཀྱི་ཐེག་ནུས་ལས་བརྒལ་མི་རུང་བ་དང། བདག་མེད་སྲོག་ཆགས་དང་སྐྱེ་དངོས་སྣ་རིགས་ལ་གཏོར་སྐྱོན་དང་གནོད་འཚེ་མི་ཕོག་པ་བྱས་ནས་གཤེར་སའི་ཐོན་ཁུངས་རྒྱུན་མཐུད་ནས་བེད་སྤྱོད་གཏོང་ཐུབ་པ་བྱེད་དགོས།  

        དོན་ཚན་ཉེར་གསུམ་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་ཐད་སྤྱོད་རྒྱུའི་ས་ཆ་འདེམས་སྐབས། སྲུང་སྐྱོབ་བྱེད་ཁོངས་ནང་ཚུད་པའི་གཤེར་ས་བཟུང་མི་ཆོག ཆོག་མཆན་མ་ཐོབ་པར་ཚན་པ་དང་མི་སྒེར་སུ་ཞིག་གིས་ཀྱང་གཤེར་ས་བདག་བཟུང་བྱེད་མི་ཆོག་པའམ་ཡང་ན་གཤེར་སའི་སྤྱོད་སྒོར་འགྱུར་ལྡོག་བཏང་ནས་ཨར་སྐྲུན་དངོས་རིགས་སོགས་བཟོ་འཛུགས་མི་ཆོག

        དོན་ཚན་ཉེར་བཞི་པ། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གལ་ཆེའི་འཛུགས་སྐྲུན་རྣམ་གྲངས་དང་། དེ་བཞིན་ཤང་དང་གྲོང་ཚོའི་གཞུང་ལམ་བཟོ་རྒྱུར་གཤེར་ས་བཟུང་དགོས་པ་བྱུང་ཚེ། ཁོར་ཡུག་ལ་གནོད་གཞི་ཇི་ཡོང་ངེས་པར་དུ་ཁྲིམས་ལུགས་གཞིར་བཟུང་ཚོད་སྐོར་བྱེད་དགོས་པ་དང་། འབྲེལ་ཡོད་སྡེ་ཚན་གྱིས་ཁྲིམས་ལུགས་གཞིར་བཟུང་ཆོག་མཆན་ཞུ་སྐབས་ངེས་པར་དུ་མི་དམངས་སྲིད་གཞུང་གི་ནགས་ལས་གཙོ་འགན་འཁུར་མཁན་སྡེ་ཚན་གྱི་བསམ་འཆར་བསྡུ་ལེན་བྱེད་དགོས།

        དོན་ཚན་ཉེར་ལྔ་པ། སྤྱི་ཕན་གྱི་སྒྲིག་བཀོད་འཛུགས་སྐྲུན་བྱེད་སྐབས་གནས་སྐབས་རིང་གཤེར་ས་བཟུང་དགོས་ངེས་ཡིན་ཚེ། གཤེར་ས་བེད་སྤྱོད་བྱེད་མཁན་ཚན་པས་ངེས་པར་དུ་གཤེར་ས་སྲུང་སྐྱོབ་ཀྱི་ཇུས་གཞི་བཟོ་དགོས་པ་མ་ཟད། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ནགས་ལས་གཙོ་འགན་འཁུར་མཁན་སྡེ་ཚན་གྱི་མོས་མཐུན་ཐོབ་པ་བྱེད་དགོས། གནས་སྐབས་གཤེར་ས་བཟུང་སྤྱོད་བྱེད་པའི་དུས་ཚད་ནི་ལོ་གཉིས་ལས་བརྒལ་མི་ཆོག བཟུང་སྤྱོད་ཀྱི་དུས་བཅད་ཐིམ་རྗེས་བཟུང་སྤྱོད་བྱེད་མཁན་ཚན་པས་ངེས་པར་དུ་གཤེར་ས་སྲུང་སྐྱོབ་ཀྱི་ཇུས་གཞི་གཞིར་བཟུང་དུས་ཐོག་ཏུ་སླར་གསོ་བྱེད་དགོས།

        དོན་ཚན་ཉེར་དྲུག་པ། གཤེར་ས་སྲུང་སྐྱོབ་བྱེད་ཁོངས་ནང་སྲོག་ཆགས་འཇུ་བཟུང་དང་། གསོ་འཕེལ། སྣོད་བཅུད་ཡུལ་སྐོར་སོགས་ཀྱི་བྱེད་སྒོ་སྤེལ་དགོས་ཚེ། ངེས་པར་དུ་གཤེར་ས་སྲུང་སྐྱོབ་ཇུས་གཞི་བཟོ་དགོས། འབྲེལ་ཡོད་སྡེ་ཚན་གྱིས་ཞིབ་མཆན་འགོད་སྐབས་ངེས་པར་དུ་དང་ཐོག་རྫོང་རིམ་ཡན་གྱི་ནགས་ལས་གཙོ་འགན་འཁུར་མཁན་སྡེ་ཚན་གྱི་བསམ་འཆར་བསྡུ་ལེན་བྱེད་དགོས། གཤེར་ས་སྲུང་སྐྱོབ་ཀྱི་ཁྱབ་ཁོངས་ནང་སྲོག་ཆགས་འཇུ་བཟུང་དང་། གསོ་འཕེལ། སྣོད་བཅུད་ཡུལ་སྐོར་སོགས་ཀྱི་བྱེད་སྒོ་སྤེལ་དགོས་ཚེ། ངེས་པར་དུ་གཤེར་ས་སྲུང་སྐྱོབ་ཇུས་གཞི་ལྟར་བྱེད་དགོས།

        ལེའུ་བཞི་པ། ལྟ་སྐུལ་ཞིབ་བཤེར།

        དོན་ཚན་ཉེར་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གཤེར་ས་སྲུང་སྐྱོབ་བྱེད་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འབྲེལ་ཡོད་སྡེ་ཚན་གྱིས་གཤེར་ས་སྲུང་སྐྱོབ་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུར་སྐུལ་འདེད་བཏང་ནས་ཐོན་པའི་གནད་དོན་ཐག་གཅོད་བྱེད་རྒྱུར་ཞིབ་འཇུག་བྱེད་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ནགས་ལས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་རང་ཉིད་གཅིག་པུའམ་ཡང་ན་དུས་བཀག་ནང་འབྲེལ་ཡོད་སྡེ་ཚན་དང་ལྷན་དུ་གཤེར་ས་སྲུང་སྐྱོབ་བྱེད་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས། རང་གཅིག་པུས་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་ཚེ། ངེས་པར་དུ་ལྟ་སྐུལ་ཞིབ་བཤེར་བྱས་འབྲས་རྣམས་འབྲེལ་ཡོད་སྡེ་ཚན་ལ་བརྡ་ཁྱབ་གཏོང་དགོས། ལྟ་སྐུལ་ཞིབ་བཤེར་བྱས་པའི་ནང་ཐོན་པའི་གནད་དོན་རྣམས་ཞིབ་བཤེར་བྱ་ཡུལ་ཚན་པས་ངེས་པར་དུ་ཡོ་བསྲང་བྱེད་དགོས་པ་དང་། ཡོ་བསྲང་མི་བྱེད་པའི་རིགས་ལ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ནགས་ལས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་རིམ་པ་གཅིག་མཚུངས་ཀྱི་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ནས་ཐག་གཅོད་བྱེད་དགོས།

        དོན་ཚན་ཉེར་བརྒྱད་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ནགས་ལས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་རང་གཅིག་པུའམ་ཡང་ན་འབྲེལ་ཡོད་སྡེ་ཚན་དང་ལྷན་དུ་གཤེར་ས་སྲུང་སྐྱོབ་བྱེད་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་སྐབས་ངེས་པར་དུ་སྲིད་འཛིན་ཁྲིམས་སྒྱུར་ཞིབ་བཤེར་གྱི་ཐོབ་ཐང་ཡོད་པའི་མི་གཉིས་ཡན་དགོས། ཞིབ་བཤེར་བྱ་ཡུལ་ཚན་པས་ངེས་པར་དུ་ལྟ་སྐུལ་ཞིབ་བཤེར་ལ་གཞོགས་འདེགས་བྱས་ཏེ་གནས་ཚུལ་ཇི་མ་ཇི་བཞིན་ཤོད་དགོས་པ་དང་། དགོས་ངེས་ཀྱི་དཔྱད་ཡིག་ངོ་མ་མཁོ་འདོན་བྱེད་དགོས།

        དོན་ཚན་ཉེར་དགུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ནགས་ལས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་ཐེར་འདོན་ལམ་ལུགས་འཛུགས་དགོས་པ་དང་། ཐེར་འདོན་ཡིག་སྒམ་དང་ཐེར་འདོན་ཁ་པར་བཟོས་ཏེ་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ནགས་ལས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཐེར་འདོན་ལག་འབྱོར་བྱུང་རྗེས་ངེས་པར་དུ་ཉིན་ལྔའི་ལས་དུས་ནང་ཚུན་དུ་བདག་སྤྲོད་བྱེད་མིན་ཐག་གཅོད་བྱེད་དགོས། བདག་སྤྲོད་བྱས་རིགས་ངེས་པར་དུ་ཐེར་འདོན་བྱེད་མཁན་ལ་དུས་ཐོག་ཏུ་བརྡ་སྤྲོད་བྱེད་དགོས། བདག་སྤྲོད་མི་བྱེད་པའི་རིགས་ངེས་པར་དུ་ཐེར་འདོན་བྱེད་མཁན་ལ་བརྡ་སྤྲོད་བྱེད་དགོས་པ་དང་འབྲེལ་རྒྱུ་མཚན་གསལ་བཤད་བྱེད་དགོས།

        དོན་ཚན་སུམ་ཅུ་པ། གཤེར་ས་སྲུང་སྐྱོབ་ཀྱི་ལས་དོན་བྱེད་མཁན་འབྲེལ་ཡོད་སྡེ་ཚན་དང་དེའི་ལས་དོན་མི་སྣར་གཤམ་གསལ་བྱ་སྤྱོད་རིགས་ཡོད་མི་ཆོག (གཅིག )ལས་གནས་ཀྱི་དགེ་བེད་སྤྱད་ནས་ཁེ་ཕན་སྒྲུབ་པ་དང་། (གཉིས )ཐེར་འདོན་བདག་སྤྲོད་མི་བྱེད་པ་དང་། ཞག་འགྱངས་ཉིན་འགྱངས་སུ་གཏོང་བ། ཁར་ཁག་ཚུར་དཀྲི་བྱེད་པ། (གསུམ )ཁྲིམས་འགལ་ཞིབ་མཆན་འགོད་པ། (བཞི )བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འཁེལ་བྱས་པའི་དེ་མིན་གྱི་ཁྲིམས་འགལ་བྱ་སྤྱོད་རིགས་བཅས་སོ།

        ལེའུ་ལྔ་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

        དོན་ཚན་སོ་གཅིག་པ། སྲོལ་ཡིག་འདིའི་དོན་ཚན་ཉེར་གཅིག་པའི་གཏན་འབེབས་དང་རྒྱབ་འགལ་བྱས་རིགས་ལ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ནགས་ལས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་དེར་གཏོར་བཤིག་གཏོང་མཚམས་འཇོག་དགོས་པའི་བཀོད་པ་གཏོང་དགོས་པ་དང་འབྲེལ་གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་དངུལ་ཆད་གཅོད་རྒྱུ། (གཅིག )རང་འཚམ་གྱིས་གཤེར་སའི་ཆུ་བཤང་གཏོང་བྱེད་མཁན་རིཌ་ལ། དུས་བཀག་ནང་སྔར་རྒྱུན་སླར་གསོ་བྱེད་རྒྱུའི་བཀོད་པ་གཏོང་དགོས་པ་དང་འབྲེལ་སྒོར་3000ནས་སྒོར་ཁྲི་1བར་དངུལ་ཆད་གཅོད་རྒྱུ། མཇུག་འབྲས་ཚབས་ཆེ་བཟོ་མཁན་ལ་སྒོར་ཁྲི་1ནས་སྒོར་ཁྲི་5བར་དངུལ་ཆད་གཅོད་རྒྱུ། (གཉིས )རང་འཚམ་གྱིས་གཤེར་ས་ཕྲུ་འདུལ་བྱེད་མཁན་ལ། དུས་བཀག་ནང་སྔར་རྒྱུན་སླར་གསོ་བྱེད་རྒྱུའི་བཀོད་པ་གཏོང་དགོས་པ་དང་འབྲེལ་གཏོར་བཤིག་སོང་བའི་རྒྱ་ཁྱོན་གཞིར་བཟུང་སྨི་ངོས་གྲུ་མ་རེར་སྒོར་20ནས་སྒོར་50བར་གྱི་དངུལ་ཆད་གཅོད་རྒྱུ། (གསུམ )ཁྲིམས་འགལ་གྱི་སྒོ་ནས་བྱ་རིགས་ཀྱི་སྒོ་ང་སྒྲུག་པའམ་ཡང་ན་བྱ་རིགས་ཀྱི་སྒོ་ང་གཅོག་མཁན་ལ། སྒོར་100ནས་སྒོར་1000བར་གྱི་དངུལ་ཆད་གཅོད་རྒྱུ། (བཞི )ཆུ་བྱ་སོགས་བྱ་རིགས་བབ་སྡོད་དང་། སྐྱེ་འཕེལ་བྱེད་ས་དང་འཚོ་གནས་ཀྱི་ཆ་རྐྱེན་གཏོར་བཤིག་གཏོང་མཁན་རིགས་ལ། དུས་བཀག་ནང་སྔར་རྒྱུན་སླར་གསོ་བྱེད་རྒྱུའི་བཀོད་པ་གཏོང་དགོས་པ་དང་འབྲེལ་སྒོར་5000ཡན་ནས་སྒོར་ཁྲི་2བར་གྱི་དངུལ་ཆད་གཅོད་རྒྱུ། (ལྔ )རང་འཚམ་གྱིས་བྱེ་མ་ལེན་པ་དང་། རྡོ་བཤགས་པ། གཏེར་ཁ་འདོན་པ་བཅས་ཀྱི་རིགས་ལ། སྒོར་300ནས་སྒོར་5000བར་གྱི་དངུལ་ཆད་གཅོད་རྒྱུ། མཇུག་འབྲས་ཚབས་ཆེ་བཟོ་མཁན་རིགས་ལ་སྒོར་5000ནས་སྒོར་ཁྲི་5བར་གྱི་དངུལ་ཆད་གཅོད་རྒྱུ། (དྲུག )མྱུར་སྐྱོབ་གེགས་སེལ་བྱེད་དགོས་རིགས་ཕུད། གཤེར་སའི་ཆུ་རྒྱུན་དང་ཕྱི་རོལ་གྱི་ཆུའི་འབྲེལ་རྒྱུན་གཅོད་མཁན་རིགས་ལ། དུས་བཀག་ནང་སྔར་རྒྱུན་སླར་གསོ་བྱེད་རྒྱུའི་བཀོད་པ་གཏོང་དགོས་པ་དང་འབྲེལ་སྒོར་3000ནས་སྒོར་ཁྲི་1བར་གྱི་དངུལ་ཆད་གཅོད་རྒྱུ། མཇུག་འབྲས་ཚབས་ཆེ་བཟོ་མཁན་རིགས་ལ། སྒོར་ཁྲི་1ནས་སྒོར་ཁྲི་5བར་གྱི་དངུལ་ཆད་གཅོད་རྒྱུ། གོང་གསལ་གྱི་ཁྲིམས་འགལ་གྱི་བྱ་བ་བྱས་ནས་བྱུང་བའི་ཁྲིམས་འགལ་གྱི་ཡོང་འབབ་རྣམས་གཞུང་བཞེས་གཏོང་རྒྱུ་དང་གྱོང་གུན་བཟོ་མཁན་ལ་ཁྲིམས་ལུགས་གཞིར་བཟུང་གུན་གསབ་བྱེད་དུ་འཇུག་རྒྱུ།

        དོན་ཚན་སོ་གཉིས་པ། སྲོལ་ཡིག་འདིའི་དོན་ཚན་ཉེར་སུམ་པའི་ནང་གསེས་གཉིས་པའི་གཏན་འབེབས་དང་རྒྱབ་འགལ་བྱས་རིགས་ལ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ནགས་ལས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་དང་ལྷན་དུ་དེར་ཁྲིམས་འགལ་གྱི་བྱ་སྤྱོད་མཚམས་འཇོག་བྱེད་བཅུག་ནས་དུས་བཀག་ནང་སྔར་རྒྱུན་སླར་གསོ་དགོས་པའི་བཀོད་པ་གཏོང་དགོས་པ་དང་། སླར་གསོ་མ་བྱས་ཚེ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ནགས་ལས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་སླར་གསོ་བྱེད་རྒྱུའི་སྒྲིག་འཛུགས་བྱེད་དགོས་པ་དང་། དེའི་འགྲོ་གྲོན་རྣམས་འབྲེལ་ཡོད་འགན་འཁྲི་ཡོད་མཁན་གྱིས་གཏོང་དགོས།

        དོན་ཚན་སོ་གསུམ་པ། སྲོལ་ཡིག་འདིའི་གཏན་འབེབས་དང་རྒྱབ་འགལ་བྱས་ནས་གཏན་འབེབས་བྱས་པའི་གཤེར་ས་སྲུང་སྐྱོབ་བྱེད་རྒྱུའི་ཇུས་གཞི་གཞིར་བཟུང་གཤེར་ས་སླར་གསོ་མི་བྱེད་མཁན་ལ། རྫོང་རིམ་ཡན་གྱི་ནགས་ལས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་དང་ལྷན་དུ་དེར་དུས་བཀག་ནང་ཡོ་བསྲང་བྱེད་རྒྱུའི་བཀོད་པ་གཏོང་དགོས་པ་དང་། དུས་བཀག་ནང་ཡོ་བསྲང་མི་བྱེད་མཁན་གྱི་རིགས་ལ་ལས་མཚམས་འཇོག་རྒྱུའི་བཀོད་པ་གཏོང་དགོས་པ་དང་། གཤེར་སའི་ཐོན་ཁུངས་གཏོར་བཤིག་གཏོང་མཁན་རིགས་ལ་དུས་བཀག་ནང་སླར་གསོ་བྱེད་དགོས་པའི་བཀོད་པ་གཏོང་དགོས་པ་དང་འབྲེལ་གཤེར་ས་སླར་གསོའི་འགྲོ་སོང་གི་ལྡབ་གཅིག་ནས་ལྡབ་གསུམ་བར་གྱི་དངུལ་ཆད་གཅོད་རྒྱུ།

        དོན་ཚན་སོ་བཞི་པ། གཤེར་ས་སྲུང་སྐྱོབ་བྱེད་མཁན་འབྲེལ་ཡོད་སྡེ་ཚན་དང་དེའི་ལས་བྱས་སྲོལ་ཡིག་འདིའི་དོན་ཚན་སུམ་ཅུ་པའི་གཏན་འབེབས་དང་རྒྱབ་འགལ་བྱས་ནས་རང་འགན་ཟོལ་འཇོག་དང་། ཉེ་སྐྱོར་གཡོ་ལྷུང་བྱེད་པ། འགན་དབང་གང་བྱུང་སྤྱོད་མཁན་བཅས་ཀྱི་རིགས་ལ། ཁྲིམས་ལུགས་གཞིར་བཟུང་སྲིད་འཛིན་ཆད་པ་གཅོད་རྒྱུ།

        དོན་ཚན་སོ་ལྔ་པ། སྲོལ་ཡིག་འདིའི་གཏན་འབེབས་དང་རྒྱབ་འགལ་བྱ་རིགས་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞན་དག་ནང་ཉེས་ཆད་ཀྱི་གཏན་འབེབས་ཡོད་ཚེ། འབྲེལ་ཡོད་སྡེ་ཚན་གྱིས་གཏན་འབེབས་དེ་གཞིར་བཟུང་ཉེས་ཆད་གཅོད་རྒྱུ།

        ལེའུ་དྲུག་པ། ཞར་བྱུང་།

        དོན་ཚན་སོ་དྲུག་པ། གཤེར་སའི་ཞིབ་ཕྲའི་མིང་དང་། རྒྱ་ཁྱོན། ཁྱབ་ཁོངས་བཅས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཏན་འཁེལ་བྱས་ནས་སྤྱི་བསྒྲགས་བྱེད་རྒྱུ།

        དོན་ཚན་སོ་བདུན་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་ནགས་ལས་གཙོ་འགན་འཁུར་མཁན་སྡེ་ཚན་ད་དུང་བཙུགས་མེད་རིགས། ཞིང་འབྲོག (ཕྱུགས་ལས )སྡེ་ཚན་ནས་གཤེར་ས་སྲུང་སྐྱོབ་ཀྱི་ལས་དོན་ལ་འགན་འཁུར་རྒྱུ།

        དོན་ཚན་སོ་བརྒྱད་པ། སྲོལ་ཡིག་འདི་2011ལོའི་ཟླ་3ཚེས་1ཉིན་ནས་ཟུང་ལག་བསྟར་བྱེད་རྒྱུ།

        (ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་དྲུང་ཡིག་ཁྲུའུ་ཡིས་མཁོ་འདོན་བྱས་པ་གཞིར་བཟུང )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།