དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་2012ལོའི་དགུན་དུས་ནས་2013ལོའི་དཔྱིད་དུས་བར་གྱི་ནགས་ཚལ་མེ་ཟོན་སྐོར་གྱི་བཀའ་རྒྱ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་བཅའ་ཁྲིམས 》དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི 《ནགས་ཚལ་མེ་ཟོན་སྲོལ་ཡིག 》《བོད་རང་སྐྱོང་ལྗོངས་ཀྱི 〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་བཅའ་ཁྲིམས 〉ལག་ལེན་བསྟར་རྒྱུའི་བྱེད་ཐབས 》སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ད་ལོའི་དགུན་དུས་དང་སང་ལོའི་དཔྱིད་དུས་རིང་གི་རང་ལྗོངས་ཀྱི་ནགས་ཚལ་མེ་ཟོན་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་ཕྱིར་ནགས་ཚལ་མེ་ཟོན་གྱི་བཀའ་རྒྱ་དམིགས་སུ་ཁྱབ་བསྒྲགས་བྱ་རྒྱུ་གཤམ་གསལ།

        གཅིག ནགས་ཚལ་གྱི་མེ་ཟོན་དུས་མཚམས་དང་ཛ་དྲག་དུས་མཚམས།

        2012ལོའི་ཟླ་11ཚེས་15ནས་2013ལོའི་ཟླ་5ཚེས་31ཉིན་བར་ནི་ད་ལོའི་དགུན་དུས་དང་སང་ལོའི་དཔྱིད་དུས་ཀྱི་ནགས་ཚལ་མེ་ཟོན་དུས་མཚམས་དང་2012ལོའི་ཟླ་12ཚེས་15ནས་2013ལོའི་ཟླ་4ཚེས་30ཉིན་བར་ནི་ནགས་ཚལ་གྱི་མེ་ཟོན་ཛ་དྲག་དུས་མཚམས་རེད། ས་ཁུལ (གྲོང་ཁྱེར )ཁག་གིས་དེའི་རྨང་གཞིའི་ཐོག་གནམ་གཤིས (ཐན་ཚུལ )ལྟར་སྔ་སྣུར་དུ་མེ་ཟོན་དུས་མཚམས་གཏན་འཁེལ་བྱེད་པའམ་ཡང་ན་མེ་ཟོན་དུས་མཚམས་ནར་འགྱངས་བྱེད་ཆོག

        གཉིས། ནགས་ཚལ་མེ་ཟོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱེད་དགོས།

        ས་ཁུལ (གྲོང་ཁྱེར )དང་རྫོང (གྲོང་ཁྱེར་དང་ཆུས )ཁག་གི་མི་དམངས་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་དང་ནགས་ལས་སྲིད་འཛིན་གཙོ་གཉེར་སྡེ་ཚན་གྱི་འགན་འཁུར་བ་གཙོ་བོས་ངེས་པར་དུ་ནགས་ཚལ་མེ་ཟོན་གྱི་འགན་འཁྲི་པ་དང་པོ་དང་འགན་འཁུར་བ་གཙོ་བོའི་འགན་འཁྲི་ལག་ལེན་ནན་ཏན་བསྟར་ནས་རིམ་པ་རེ་རེ་བཞིན་ནགས་ཚལ་མེ་ཟོན་གྱི་དམིགས་ཚད་འགན་འཁྲིའི་ཡི་གེ་འཇོག་དགོས། ཀྲུའུ་ཞི་དང་། ཀྲོན་ཡོན (ཧྲི་ཀྲང ) རྫོང་དཔོན། ཤང (ཀྲེན )ཀྲང་། གྲོང་ལྷན་གྱི་ཀྲུའུ་རེན་བཅས་ཀྱི་འགན་འཁྲི་དེ་ནགས་ཚལ་མེ་ཟོན་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པ་བྱས་ནས་རིམ་ཁག་འགོ་ཁྲིད་ཀྱིས་རིམ་བགོས་དང་ཁག་བགོས་ངང་འགན་གཙང་ལེན་པའི་འགན་འཁུར་ལམ་ལུགས་ལག་ལེན་བསྟར་དགོས། རིམ་ཁག་ནགས་ཚལ་མེ་ཟོན་བཀོད་འདོམས་པུའི་ཁོངས་མིའི་ཚན་པས་འགན་འཁྲི་ཁ་གསལ་བཟོ་བ་དང་འགན་འཁྲི་ཚད་ལྡན་ཡོང་བ་བྱས་ཏེ་འབད་བརྩོན་ཆེ་ཞིང་རང་འགུལ་ངང་ནགས་ཚལ་མེ་ཟོན་གྱི་སྔོན་འགོག་ལས་ཀ་དང་མེ་གསོད་གེགས་སྐྱོབ་ཀྱི་གྲ་སྒྲིག་ཡག་པོ་བྱས་ནས་གལ་སྲིད་མེ་སྐྱོན་ཐོན་ཚེ་འཕྲལ་མར་མེ་སྐྱོན་བྱུང་ཡུལ་དུ་མེ་གསོད་དང་སྐྱོབ་བཅོས་བྱེད་པར་སྐྱོད་ཐུབ་རྒྱུའི་འགན་ལེན་བྱེད་དགོས། ནགས་ཚལ་མེ་ཟོན་གྱི་དུས་རྒྱུན་གྱི་དོ་དམ་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་གཏན་འབེབས་ལས་འགལ་བའི་རྐྱེན་གྱིས་ནགས་ཚལ་མེ་སྐྱོན་ཐོན་པ་ཡིན་ཚེ་ཆག་སྒོ་བཟོ་མཁན་གྱི་འགན་འཁྲི་རྩད་གཅོད་བྱེད་པ་མ་ཟད། ད་དུང་གནས་ཚུལ་ཚབས་ཆེ་ཆུང་གཞིར་བཟུང་འབྲེལ་ཡོད་འགོ་ཁྲིད་ཀྱི་སྲིད་འཛིན་འགན་འཁྲི་དང་དེ་བཞིན་བཅའ་ཁྲིམས་ཀྱི་འགན་འཁྲི་རྩད་གཅོད་ཀྱང་བྱེད་དགོས།

        གསུམ། བྱེས་ཀྱི་མེ་ཁུངས་དོ་དམ་ནན་པོ་བྱེད་དགོས།

        ས་ཁུལ (གྲོང་ཁྱེར )ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི 《ནགས་ཚལ་མེ་ཟོན་སྲོལ་ཡིག 》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་བྱེས་སུ་མེ་སྤྱོད་པར་དོ་དམ་ནན་པོ་བྱེད་དགོས། ནགས་ཚལ་མེ་ཟོན་བྱེད་རིང་བྱེས་ཀྱི་མེ་ཁུངས་དོ་དམ་བྱེད་པའི་ལས་དོན་ལ་དམིགས་སུ་ཤུགས་སྣོན་རྒྱག་པ་དང་གནད་ཆེའི་དུམ་བུ་དང་རི་ཁ་ལམ་ཁར་གཙོ་གནད་ཐོག་དོགས་ཟོན་བྱས་ནས་ལྟ་སྲུང་བྱེད་མཁན་ཆེད་མི་བཀོད་སྒྲིག་བྱེད་དགོས། ངེས་པར་དུ་ནགས་ཁུལ་གྱི་མེ་སྤྱོད་ཞིབ་མཆན་ལམ་ལུགས་ཁག་ལག་ལེན་ནན་པོ་བསྟར་ནས་ལྷགས་པ་ཆེ་བའམ་ཐན་པ་ཆེ་བའི་གནམ་གཤིས་བསྟན་སྐབས་མེ་སྤྱོད་ཚོད་འཛིན་བྱེད་པ་དང་དོགས་ཟོན་གྱི་བྱ་ཐབས་རེ་རེ་བཞིན་དོན་འཁྱོལ་བྱེད་དགོས། ཆོག་མཆན་མ་ཐོབ་པར་ནགས་ཁུལ་དུ་རང་དགར་མེ་སྤྱོད་མཁན་ལ་འབྲེལ་ཡོད་གཏན་འབེབས་ལྟར་ཆད་གཅོད་ནན་པོ་བྱེད་དགོས། གལ་སྲིད་ནགས་ཚལ་ལ་མེ་སྐྱོན་ཐོན་ཚེ་ཚན་པ་དང་མི་སྒེར་གང་ཞིག་ཡིན་རུང་འཕྲལ་མར་ས་གནས་དེ་གའི་ནགས་ཚལ་མེ་ཟོན་བཀོད་འདོམས་པུའུ་འམ་ཡང་ན་ནགས་ལས་སྲིད་འཛིན་གཙོ་གཉེར་སྡེ་ཚན་ལ་སྙན་སེང་ཞུ་རྒྱུའི་འགན་འཁྲི་དང་འོས་འགན་ཡོད། “མེ་སྔ་ས་ནས་གསོད་པ་དང་། མེ་ཆུང་ངུ་ནས་གསོད་པ། མེ་ཡག་པོ་གསོད་པ ”བཅས་མངོན་འགྱུར་ཐུབ་པ་བྱས་ནས་ནགས་ཚལ་གྱི་མེ་སྐྱོན་ཐོན་རྒྱུ་བཀག་འགོག་ནུས་ལྡན་བྱེད་དགོས།

        ནགས་ཚལ་མེ་སྐྱོན་གྱི་ཛ་དྲག་དུས་མཚམས་སུ་ནགས་ཁུལ་གྱི་ཐོན་སྐྱེད་བྱེད་སྒོ་མཐའ་དག་གཏན་འགོག་བྱེད་དགོས། ས་གནས་དེ་གའི་མང་ཚོགས་རིར་ཕྱུགས་འཚོ་བར་སྐྱོད་སྐབས་ངེས་པར་དུ་ས་གནས་དེ་གའི་ཤང (གྲོང་རྡལ )མི་དམངས་སྲིད་གཞུང་དང་གྲོང་ལྷན་ལ་ཐོ་འགོད་བྱེད་དགོས། ནགས་ཁུལ་དུ་མེ་མདའ་ངོ་མ་རྒྱག་པའི་སྦྱོང་བརྡར་དང་། འབར་གས། རྩད་ཞིབ་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་གཏན་འགོག་དང་། ནགས་ཁུལ་དུ་ཤོག་སྦག་སོགས་སྤོར་རྒྱུ་གཏན་འགོག ནགས་ཁུལ་དུ་མེ་ཕུང་དགོང་ཚོགས་ཚོགས་པ་དང་ཚ་ཕོག་རྒྱག་པ་སོགས་ཀྱི་བྱེད་སྒོ་གཏན་འགོག་བཅས་བྱེད་དགོས། ཡུལ་སྐོར་མཛེས་ལྗོངས་ཁུལ་དང་ཡུལ་སྐོར་ལམ་ཐིག་ཁག་གི་མེ་ཟོན་དྲིལ་བསྒྲགས་དང་ལྟ་སྐུལ་དོ་དམ་སོགས་ཀྱི་ལས་ཀ་ནི་བྱེད་སྒོ་གཉེར་འགན་འཁུར་མཁན་ཚན་པས་འགན་འཁུར་དགོས།

        བཞི། མེ་གསོད་གེགས་སེལ་གྱི་གྲ་སྒྲིག་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས།

        ས་ཁུལ (གྲོང་ཁྱེར )ཁག་གིས་ངེས་པར་དུ་ནགས་ཚལ་མེ་སྐྱོན་ཐག་གཅོད་ཀྱི་སྔོན་ཇུས་བཟོ་བ་དང་འཐུས་ཚང་དུ་བཏང་ནས་གལ་སྲིད་ནགས་ཚལ་མེ་སྐྱོན་ཐོན་ཚེ་སྔོན་ཇུས་ལྟར་བྱ་སྤྱོད་མགྱོགས་མྱུར་སྤེལ་བ་དང་ཐག་གཅོད་མགྱོགས་པོ་བྱ་རྒྱུ་འགན་ལེན་བྱ་དགོས། རིམ་ཁག་མི་དམངས་སྲིད་གཞུང་གིས་ནགས་ཚལ་མེ་ཟོན་སྔོན་འགོག་དང་མེ་གསོད་གྲོན་དངུལ་དེ་རིམ་མཚུངས་ཀྱི་ནོར་སྲིད་སྔོན་རྩིས་ཁྲོད་བཅུག་སྟེ་མེ་གསོད་གྲོན་དངུལ་དོན་འཁྱོལ་བྱེད་པ་དང་། དངོས་རྫས་གསོག་འཇོག་ཡག་པོ་བྱེད་པ། མེ་གསོད་འཕྲུལ་ཆས་དང་ཡོ་བྱད་སོགས་སྒྲིག་ཆས་ལ་སྒོ་ཀུན་ནས་བཤེར་གསོ་བྱེད་པ་བཅས་བྱས་ཏེ་མེ་ཟོན་དང་མེ་གསོད་ཀྱི་དགོས་མཁོ་འགན་ལེན་བྱ་དགོས། དྲག་ཆས་ཉེན་རྟོག་བོད་ལྗོངས་ནགས་ཚལ་དཔུང་སྡེས་འཐབ་གྲབས་ཨང་བསར་བྱས་ནས་མི་སྣ་དང་། འཁོར་རིགས། མེ་གསོད་འཕྲུལ་ཆས་དང་ཡོ་བྱད་སོགས་གནས་འབྱོར་བྱེད་ཚད་དང་སྐྱོན་ཆག་མེད་ཚད་དེ་ངེས་པར་དུ་90%ཡན་ཟིན་པ་བྱེད་པ་མ་ཟད། རིམ་ཁག་ནགས་ཚལ་མེ་ཟོན་བཀོད་འདོམས་པུའུ་དང་མཐུན་སྦྱོར་གྱིས་རང་ལྗོངས་ཀྱི་ནགས་ཚལ་མེ་ཟོན་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། ས་ཁུལ (གྲོང་ཁྱེར )དང་རྫོང (གྲོང་ཁྱེར་དང་ཆུས )གི་ཆེད་ལས་དང་ཕྱེད་ཆེད་ལས་ཀྱི་མེ་གསོད་དཔུང་ཁག་ཁག་དང་དེ་བཞིན་ཤང (གྲོང་རྡལ )རིམ་པའི་ནགས་ཚལ་མེ་ཟོན་འཕྲལ་རྒོལ་རུ་ཁག་གིས་མེ་ཟོན་མེ་གསོད་ཀྱི་གྲ་སྒྲིག་ཐམས་ཅད་ཡག་པོ་བྱེད་དགོས། རིམ་ཁག་ནགས་ཚལ་མེ་ཟོན་བཀོད་འདོམས་པུས “མི་རྩ་བར་འཛིན་པ་དང་བདེ་འཇགས་ཨང་དང་པོར་འཇོག་པའི ”བསམ་བློ་བརྟན་པོར་བཙུགས་ཏེ་མེ་ཟོན་མེ་གསོད་ཀྱི་བདེ་འཇགས་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་མི་སྣ་ཤི་རྨས་ཀྱི་ལས་འཛོལ་གཏན་ནས་མི་ཐོན་པ་བྱེད་དགོས།

        ལྔ། ནགས་ཚལ་མེ་ཟོན་གྱི་དྲིལ་བསྒྲགས་དང་སློབ་གསོའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་དགོས།

        ས་ཁུལ (གྲོང་ཁྱེར )ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བས་མཛུབ་ཁྲིད་དུ་བྱས་ཏེ་དམངས་ཡོངས་ཀྱི་ནགས་ཚལ་མེ་ཟོན་གྱི་དྲིལ་བསྒྲགས་དང་སློབ་གསོའི་བྱེད་སྒོ་རྣམ་པ་སྣ་ཚོགས་སྤེལ་རྒྱུར་སྒྲིག་འཛུགས་ཧུར་ཐག་བྱེད་པ་དང་། གསར་འགྱུར་སྨྱན་སྦྱོར་བེད་སྤྱོད་གང་ལེགས་བཏང་ནས་ནགས་ཚལ་མེ་ཟོན་གྱི་བཅའ་ཁྲིམས་སམ་ཁྲིམས་སྲོལ་དང་དེ་བཞིན་མེ་ཟོན་མེ་གསོད་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་པ། སྤྱི་ཕན་བརྡ་ཁྱབ་དང་དེ་བཞིན་ཆ་འཕྲིན་སྤེལ་བ། “12119”ནགས་ཚལ་མེ་ཟོན་གྱི་ཉེན་བརྡ་གཏོང་བའི་ཁ་པར་དྲིལ་བསྒྲགས་ཤུགས་ཆེན་བཅས་བྱས་ནས་དམངས་ཡོངས་ཀྱི་ནགས་ཚལ་མེ་ཟོན་གྱི་ཁྲིམས་སྲོལ་འདུ་ཤེས་དང་དོགས་ཟོན་འདུ་ཤེས་ཆེ་རུ་ཏན་ཏིག་གཏོང་དགོས། དྲིལ་བསྒྲགས་དེ་རྒྱུན་གཏན་གྱི་དོ་དམ་ཁྲོད་མཉམ་བསྲེས་བྱས་ནས་མཉམ་འགོག་མཉམ་བཅོས་དང་ཇུས་ཤུགས་མཉམ་འདོན་གྱི་རྣམ་པ་བཟང་པོ་ཧུར་ཐག་བསྐྲུན་ནས་ནགས་ཚལ་མེ་ཟོན་གྱི་དྲིལ་བསྒྲགས་དེ “སློབ་གྲྭ་དང་། སྡེ་ཁུལ། ཨར་ལས་ཚན་པ། ཤང་གྲོང ”བཅས་སུ་ཁྱབ་པ་བྱས་ནས་ཀུན་གྱིས་རྟོགས་ཐུབ་པ་བྱེད་དགོས།

        དྲུག ནགས་ཚལ་མེ་སྐྱོན་གྱི་སྙན་ཞུའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་དགོས།

        རིམ་ཁག་དང་སྡེ་ཚན་ཁག་དང་ནགས་ཚལ་མེ་ཟོན་བཀོད་འདོམས་པུས་ནགས་ཚལ་མེ་ཟོན་གྱི་ལས་རེས་ལམ་ལུགས་དང་ཆ་འཕྲིན་སྙན་ཞུའི་ལམ་ལུགས་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས། ནགས་ཚལ་མེ་ཟོན་དུས་མཚམས་རིང་རིམ་ཁག་ནགས་ཚལ་མེ་ཟོན་སྡེ་ཚན་གྱིས་ངེས་པར་དུ་ཆུ་ཚོད་24རིང་ལས་རེས་དང་འགོ་ཁྲིད་ཀྱིས་སྣེ་ཁྲིད་རྒྱུ་མཐའ་འཁྱོངས་བྱས་ནས་སྲིད་བཀའ་དང་མེ་སྐྱོན་ཆ་འཕྲིན་ཤར་གཏོང་བྱ་རྒྱུ་མཐའ་འཁྱོངས་བྱ་དགོས། ནགས་ཚལ་མེ་སྐྱོན་གཏོགས་ཁོངས་སུ་གོང་ཞུའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་མེ་སྐྱོན་དུས་ཐོག་ཏུ་ཐག་གཅོད་འོས་འཚམས་བྱ་རྒྱུའི་འགན་ལེན་བྱེད་དགོས། ནགས་སྲུང་བ་དང་རྒྱང་ལྟ་བས་སྐོར་ཞིབ་བྱེད་རྒྱ་ཆེ་རུ་དང་སྐོར་ཞིབ་བྱེད་མང་དུ་བཏང་ནས་མེ་སྐྱོན་ཤེས་རྟོགས་ཐུབ་ཚེ་འཕྲལ་མར་མགྱོགས་མྱུར་ངང་ཁ་གཏད་གཅོག་དགོས།

        བདུན། ཁྲིམས་ལྟར་མེ་བཅོས་བྱེད་ཤུགས་ཆེ་རུ་གཏོང་དགོས།

        ས་ཁུལ (གྲོང་ཁྱེར )ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཁྲིམས་ལྟར་མེ་བཅོས་དང་ཁྲིམས་ལྟར་དོ་དམ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ནགས་ཚལ་མེ་སྐྱོན་ཀྱི་ཆག་སྒོ་བཟོ་མཁན་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་དགོས། མེ་སྐྱོན་གྱི་མི་མངོན་པའི་རྐྱེན་ངན་ཤེས་རྟོགས་ཐུབ་ཀྱང་བྱེད་ཐབས་མི་སྤྱོད་པའམ་ཡང་ན་རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ་དང་འགན་ཤོར་འགན་འཛོལ་བྱས་པས་ནགས་ཚལ་མེ་སྐྱོན་ཐོན་པ་དང་། མེ་སྐྱོན་ཐོན་ཡང་སྦས་གསང་བྱས་ནས་སྙན་སེང་མི་ཞུ་བ། མེ་གསོད་ཀྱི་གོ་སྐབས་དམ་འཛིན་ཡག་པོ་མི་བྱེད་པ། མེ་ཟོན་གྱི་འགན་འཁྲི་དོན་འཁྱོལ་ཡག་པོ་མི་བྱེད་པ། མེ་གསོད་པར་སྒྲིག་འཛུགས་ཡག་པོ་མི་བྱེད་པ་སོགས་ཀྱི་རྐྱེན་པས་ནགས་ཚལ་གྱི་མེ་སྐྱོན་ཆེན་པོ་དང་ཚབས་ཆེན་ནམ་ཡང་ན་ཤུགས་རྐྱེན་ངན་པ་བཟོས་ཚེ་ས་གནས་དེ་གའི་སྲིད་གཞུང་དང་དེ་བཞིན་ནགས་ལས་སྲིད་འཛིན་གཙོ་གཉེར་སྡེ་ཚན་གྱི་འགོ་ཁྲིད་ཀྱི་འགན་འཁྲི་བློ་ཐག་ཆོད་པོས་རྩད་གཅོད་བྱེད་དགོས། དུས་མཚུངས་གལ་སྲིད་ནགས་ཚལ་མེ་སྐྱོན་ཐོན་ཚེ་ནགས་ཚལ་སྤྱི་བདེས་ས་གནས་དེ་གའི་སྤྱི་བདེ་སྡེ་ཚན་དང་མཉམ་དུ་ཆེད་དོན་ཚོགས་ཆུང་བཙུགས་ནས་ཁྲིམས་ལུགས་ལྟར་མགྱོགས་མྱུར་ཐག་གཅོད་ནན་པོ་བྱེད་པ་མ་ཟད། སྤྱི་ཚོགས་ལ་དུས་ཐོག་ཏུ་ཡོངས་བསྒྲགས་ཀྱང་བྱས་ནས་གནས་ཚུལ་གཅིག་ལ་ཐག་གཅོད་བྱས་ཚེ་ཡུག་གཅིག་ལ་ཉེན་བརྡ་གཏོང་བ་དང་ཕྱོགས་གཅིག་ལ་སློབ་གསོ་ཐེབས་པ་བྱེད་དགོས།

                                  བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས།

                                             2012ལོའི་ཟླ་11ཚེས་2ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།