ཁ་པར་དང་མཉམ་སྦྲེལ་དྲ་རྒྱ་སྤྱོད་མཁན་གྱི་མིང་ཐོབ་ངོ་མ་ཐོ་འགོད་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།
〔2011〕ལོའི་ཡིག་ཨང་12པ།
《ཁ་པར་དང་མཉམ་སྦྲེལ་དྲ་རྒྱ་སྤྱོད་མཁན་གྱི་མིང་ཐོབ་ངོ་མ་ཐོ་འགོད་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས 》དེ་2011ལོའི་ཟླ་11ཚེས་24ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ཨུད་ཀྱི་ཚོགས་འདུ་ཐེངས་ཉེར་ལྔ་པའི་ཐོག་གྲོས་འཆམ་བྱུང་དོན་བཞིན་2012ལོའི་ཟླ་1ཚེས་1ཉིན་ནས་ལག་བསྟར་བྱེད་རྒྱུ་ཡིན་པ་སྤྱི་བསྒྲགས་བྱེད་རྒྱུ་ཡིན།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།
2011ལོའི་ཟླ་11ཚེས་24ལ།
དྲ་རྒྱ་དང་ཆ་འཕྲིན་གྱི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་དང་། སྤྱི་དམངས་དང་། ཁྲིམས་ཚན། དེ་མིན་རྩ་འཛུགས་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་རྒྱུ། རང་ལྗོངས་ཀྱི་གློག་འཕྲིན་ལས་རིགས་དང་མཉམ་སྦྲེལ་དྲ་རྒྱའི་ལས་རིགས་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཆེད་དུ། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གཏན་འབེབས་བྱེད་རྒྱུ་གཤམ་གསལ། གཅིག རང་སྐྱོང་ལྗོངས་ཀྱིས་ཁ་པར་དང་མཉམ་སྦྲེལ་དྲ་རྒྱ་སྤྱོད་མཁན་གྱི་མིང་ཐོབ་ངོ་མ་ཐོ་འགོད་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་རྒྱུ། གཉིས། ཁ་པར་སྤྱོད་མཁན་གྱིས་རང་སྐྱོང་ལྗོངས་སྲིད་འཛིན་ས་ཁོངས་ནང་སྒུལ་འཁྱེར་ཁ་པར (གཞི་གྲངས་དྲྭ་ཞུགས་གཱ་ཚུད )དང་གཏན་འཇགས་ཁ་པར་དྲ་ཐོག་ཏུ་ཞུགས་པ་དང་། དུད་མིང་བརྗེ་བ། ཁ་པར་སྒྲིག་སྦྱོར་དང་། ཁ་པར་སྤོ་བ། ཁ་པར་བརྗེ་སྒྱུར་བྱེད་པ་སོགས་གློག་འཕྲིན་ལས་སྒོ་སྒྲུབ་སྐབས་ངེས་པར་དུ་གློག་འཕྲིན་ལས་གཉེར་ཁེ་ལས་ལ་གོ་ཆོད་མིང་ཐོབ་ལག་འཁྱེར་ངོ་མ་འདོན་དགོས་པ་དང་། གློག་འཕྲིན་ལས་གཉེར་ཁེ་ལས་ཀྱིས་ངེས་པར་དུ་ཁ་པར་དང་དྲ་རྒྱ་སྤྱོད་མཁན་གྱི་མིང་དང་། སྡོད་གནས། ལག་འཁྱེར་རིགས་དང་དེའི་ཨང་གྲངས་སོགས་ཆ་འཕྲིན་ཇི་མ་ཇི་བཞིན་ཐོ་འགོད་བྱེད་དགོས། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་དྲ་རྒྱའི་ཁོངས་མིང་དེབ་འགོད་དང་། IP གནས་ས་བགོ་སྤྲོད། དྲ་ཚུགས་ཐོ་འགོད་སྙན་ཐོ་དཔོ་བ་བཅས་བྱེད་སྐབས་ངེས་པར་དུ་གོ་ཆོད་མིང་ཐོབ་ཆ་འཕྲིན་ངོ་མ་འདོན་དགོས། མཉམ་སྦྲེལ་དྲ་རྒྱ་སྤྱོད་མཁན་གྱིས་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་དེབ་སྐྱེལ་བྱས་པའི་དྲ་ཚུགས་ནས་མཁོ་འདོན་བྱས་པའི་སྐབས་འཕྲལ་འཕྲིན་གཏོང་དང་། གློག་རྡུལ་སྦྲག་བསྐུར། གློག་རྡུལ་སྤྱི་བསྒྲགས། དྲ་ཐོག་རོལ་རྩེད་སོགས་ཀྱི་ལས་སྒོའི་རིགས་བེད་སྤྱོད་བྱེད་སྐབས་ངེས་པར་དུ་རང་གི་གོ་ཆོད་མིང་ཐོབ་ཆ་འཕྲིན་ངོ་མ་འདོན་སྤྲོད་བྱེད་དགོས། གསུམ། གློག་འཕྲིན་ལས་གཉེར་ཁེ་ལས་ཀྱིས་ངེས་པར་དུ་2012ལོའི་ཟླ་དང་པོའི་ཚེས་1གོང་དུ་མིང་ཐོབ་ངོ་མའི་ཐོག་ནས་ཐོ་འགོད་མ་བྱས་པའི་ཁ་པར་སྤྱོད་མཁན་ལ་2012ལོའི་ཟླ་དང་པོའི་ཚེས་1ཉིན་ནས་བཟུང་ཉིན་60ནང་ཚུན་དུ་གློག་འཕྲིན་ལས་གཉེར་ཁེ་ལས་སུ་མིང་ཐོབ་ངོ་མའི་ཐོག་ནས་ཐོ་འགོད་འགྲོ་ལུགས་གསབ་སྒྲུབ་བྱེད་པར་ཡོང་དགོས་པའི་བརྡ་ཐོ་གཏོང་དགོས། སྤྱོད་མཁན་གྱིས་ལུགས་མཐུན་རྒྱུ་མཚན་མེད་པར་དུས་བཀག་ལས་བརྒལ་ཡང་མིང་ཐོབ་ངོ་མའི་ཐོ་འགོད་འགྲོ་ལུགས་གསབ་སྒྲུབ་མ་བྱས་ཚེ་གློག་འཕྲིན་ལས་གཉེར་ཁེ་ལས་ཀྱིས་ངེས་པར་དུ་དེར་ཛ་དྲག་གི་འབོད་བརྡའི་ཞབས་ཞུ་ཕུད་གནས་སྐབས་གློག་འཕྲིན་གྱི་ཞབས་ཞུ་བྱེད་མཚམས་འཇོག་དགོས་པ་དང་། གནས་སྐབས་ཞབས་ཞུ་བྱེད་མཚམས་བཞག་ནས་ཉིན་30སོང་ཡང་སྔར་བཞིན་འགྲོ་ལུགས་གསབ་སྒྲུབ་མ་བྱས་ཚེ་གློག་འཕྲིན་ལས་གཉེར་ཁེ་ལས་ཀྱིས་ངེས་པར་དུ་དེར་གློག་འཕྲིན་ཞབས་ཞུ་བྱེད་མཚམས་འཇོག་དགོས། གློག་འཕྲིན་ལས་གཉེར་ཁེ་ལས་ཀྱིས་གཏན་འབེབས་བྱས་པའི་དུས་ཚད་ནང་འགྲོ་ལུགས་གསབ་སྒྲུབ་བྱེད་མ་ཐུབ་ཚེ་དེའི་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཁེ་ལས་དང་འབྲེལ་ཡོད་འགན་འཁྲི་ཡོད་མཁན་ལ་ཆད་པ་གཅོད་རྒྱུ། བཞི། གློག་འཕྲིན་ལས་གཉེར་ཁེ་ལས་སམ་ཡང་ན་དེས་མངགས་བཅོལ་བྱས་པའི་ལས་གཉེར་བྱེད་མཁན་གྱིས་ཁ་པར་སྤྱོད་མཁན་གྱི་མིང་ཐོབ་ངོ་མའི་ཐོ་འགོད་འགྲོ་ལུགས་སྒྲུབ་སྐབས་ངེས་པར་དུ་ཁ་པར་སྤྱོད་མཁན་ལ་གོ་ཆོད་མིང་ཐོབ་ལག་འཁྱེར་ངོ་མ་འདོན་དགོས་པའི་རེ་བ་བཏོན་ཏེ། ལག་འཁྱེར་ལ་ཞིབ་བཤེར་ནན་ཏན་བྱེད་པ་དང་ཐོ་འགོད་ཇི་མ་ཇི་བཞིན་བྱེད་དགོས་པ་མ་ཟད། དེའི་གོ་ཆོད་ལག་འཁྱེར་གྱི་པར་སློག (གློག་རྡུལ་གྱི་པར་སློག་ཚུད )ཉར་འཇོག་བྱེད་དགོས། གློག་འཕྲིན་ལས་གཉེར་ཁེ་ལས་ཀྱིས་མངགས་བཅོལ་བྱས་པའི་ལས་གཉེར་བྱེད་མཁན་གྱིས་ཁ་པར་སྤྱོད་མཁན་གྱི་ཆ་འཕྲིན་བདེ་འཇགས་སྲུང་སྐྱོབ་བྱེད་མ་ཐུབ་ཚེ་གློག་འཕྲིན་ལས་གཉེར་ཁེ་ལས་ཀྱིས་དེར་འབྲེལ་ཡོད་ལས་སྒོ་ཚབ་གཉེར་བྱེད་རྒྱུའི་མངགས་བཅོལ་བྱེད་མི་ཆོག ཁ་པར་སྤྱོད་མཁན་གྱིས་མིང་ཐོབ་ར་སྤྲོད་མེད་པའམ་ཡང་མིང་ཐོབ་ངོ་མའི་ཐོག་ནས་ཐོ་འགོད་མི་བྱེད་པར་རྫུན་མ་དང་། རྫུན་བཟོ། བཟོ་སྒྱུར་བཅས་བྱས་པའི་ལག་འཁྱེར་བེད་སྤྱོད་རིགས་ལ་གློག་འཕྲིན་ལས་གཉེར་ཁེ་ལས་ཀྱིས་དེར་གློག་འཕྲིན་ཞབས་ཞུའི་འགྲོ་ལུགས་གཉེར་མི་ཆོག་པའམ་ཡང་ན་གློག་འཕྲིན་ཞབས་ཞུ་སྒྲུབ་མི་ཆོག རྫུན་མ་དང་། རྫུན་བཟོ། བཟོ་སྒྱུར་བཅས་བྱས་པའི་ལག་འཁྱེར་སྤྱོད་རིགས་ཤེས་རྟོགས་བྱུང་ཚེ་གློག་འཕྲིན་ལས་གཉེར་ཁེ་ལས་ཀྱིས་ངེས་པར་དུ་འཕྲལ་མར་འབྲེལ་ཡོད་གཙོ་འགན་འཁུར་མཁན་སྡེ་ཚན་ལ་སྙན་སེང་ཞུ་དགོས། ལྔ། གློག་འཕྲིན་ལས་གཉེར་ཁེ་ལས་ཀྱིས་གློག་འཕྲིན་ཞབས་ཞུ་བྱེད་མཚམས་བཞག་རྗེས་ངེས་པར་དུ་མཚམས་འཇོག་བྱ་ཡུལ་ཁ་པར་སྤྱོད་མཁན་གྱི་ཐོ་འགོད་ཆ་འཕྲིན་རྣམས་ཉར་འཇོག་ཡག་པོ་བྱེད་དགོས་ཤིང་། ཉར་འཇོག་བྱེད་ཡུན་ལོ་གཅིག་ཡིན། དྲུག མཉམ་སྦྲེལ་དྲ་རྒྱའི་མཐུད་ཞུགས་ཞབས་ཞུ་སྒྲུབ་མཁན་དང་། མཉམ་སྦྲེལ་དྲ་རྒྱའི་ཆ་འཕྲིན་ཞབས་ཞུ་སྒྲུབ་མཁན། མཉམ་སྦྲེལ་དྲ་རྒྱའི་སྤྱི་པའི་དྲ་ཞུགས་ཞབས་ཞུ་སྒྲུབ་མཁན། མཉམ་སྦྲེལ་དྲ་རྒྱའི་གཞི་གྲངས་ལྟེ་གནས། མཉམ་སྦྲེལ་དྲ་རྒྱའི་ཁོངས་མིང་ཐོ་འགོད་ཚན་པ་སོགས་ཀྱིས་དྲ་རྒྱའི་སྤྱི་པའི་ཞབས་ཞུ་སྒྲུབ་སྐབས་ངེས་པར་དུ་སྤྱོད་མཁན་གྱི་གོ་ཆོད་མིང་ཐོབ་ཆ་འཕྲིན་ངོ་མ་ཇི་མ་ཇི་བཞིན་ཐོ་འགོད་བྱེད་དགོས། བདུན། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་དེབ་སྐྱེལ་ཐོ་འགོད་བྱས་ནས་གླེང་སྟེགས་དང་། དཔོད་ཁུག དཔོད་ཆུང་། འཚོལ་བཤེར་འདོན་སྒྲིག་སོགས་གསར་འགྱུར་གླེང་ཕྱོགས་དང་སྤྱི་ཚོགས་སྐུལ་སློང་གི་བྱེད་ནུས་ལྡན་པའི་མཉམ་སྦྲེལ་དྲ་རྒྱ་དང་ལག་ཐོག་ཁ་པར་སོགས་གསར་དར་མཚམས་སྦྱོར་ལས་སྒོ་གཉེར་དགོས་ཚེ་ངེས་པར་དུ་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཙོ་འགན་འཁུར་མཁན་སྡེ་ཚན་ལ་ཆེད་དོན་ལས་སྒོ་གཉེར་རྒྱུའི་རེ་འདུན་ཞུ་དགོས། ཆེད་དོན་ལས་སྒོ་གཉེར་རྒྱུའི་རེ་འདུན་ཞུ་མཁན་ཚན་པ་དང་། རྩ་འཛུགས། མི་སྒེར་བཅས་ཀྱིས་ངེས་པར་དུ་དགོས་ངེས་ཀྱི་གོ་ཆོད་ཆ་འཕྲིན་ངོ་མ་འདོན་དགོས། བརྒྱད། མཉམ་སྦྲེལ་དྲ་རྒྱ་སྤྱོད་མཁན་གྱིས་རང་སྐྱོང་ལྗོངས་སྲིད་འཛིན་ས་ཁོངས་ནང་གི་དྲ་ཁང་དང་། འགྲུལ་ཁང་། གསོལ་མགྲོན་ཁང་སོགས་སྤྱི་པའི་དྲ་སྦྲེལ་ཞབས་ཞུ་བྱེད་གནས་སུ་མཉམ་སྦྲེལ་དྲ་རྒྱར་འཛུལ་ཞུགས་བྱེད་སྐབས་ངེས་པར་དུ་རང་གི་གོ་ཆོད་མིང་ཐོབ་ཆ་འཕྲིན་ངོ་མ་འདོན་དགོས་པ་དང་། ལས་གཉེར་བྱེད་མཁན་གྱིས་ངེས་པར་དུ་དྲ་ཞུགས་སྤྱོད་མཁན་གྱི་མིང་ཐོབ་ལག་འཁྱེར་སོགས་གོ་ཆོད་ལག་འཁྱེར་ལ་ཞིབ་དཔྱད་ཐོ་འགོད་བྱེད་དགོས། དགུ གསར་འགྱུར་དང་། དཔེ་སྐྲུན། གློག་རྡུལ་སྤྱི་བསྒྲགས་སོགས་ཀྱི་ཞབས་ཞུའི་རྣམ་གྲངས་གཉེར་བའི་མཉམ་སྦྲེལ་དྲ་རྒྱའི་ཞབས་ཞུ་སྒྲུབ་མཁན་རིགས་ཀྱིས་ངེས་པར་དུ་མཁོ་འདོན་བྱས་པའི་ཆ་འཕྲིན་གྱི་ནང་དོན་དང་། དེ་ཁྱབ་བསྒྲགས་བྱས་པའི་དུས་ཚོད། མཉམ་སྦྲེལ་དྲ་རྒྱའི་ས་གནས་སམ་ཡང་ན་ཁོངས་མིང་བཅས་ཟིན་འགོད་བྱེད་དགོས་པ་དང་། མཉམ་སྦྲེལ་དྲ་རྒྱའི་མཐུད་ཞུགས་ཞབས་ཞུ་སྒྲུབ་མཁན་གྱིས་དྲ་སྦྲེལ་སྤྱོད་མཁན་གྱི་དྲ་ཞུགས་དུས་ཚོད་དང་། སྤྱོད་མཁན་གྱི་རྩིས་ཐེམ། མཉམ་སྦྲེལ་དྲ་རྒྱའི་ས་གནས་སམ་ཡང་ན་ཁོངས་མིང་། ཁ་པར་རྒྱག་མཁན་གྱི་ཁ་པར་ཨང་གྲངས་སོགས་ཆ་འཕྲིན་ཟིན་འགོད་བྱེད་དགོས། མཉམ་སྦྲེལ་དྲ་རྒྱའི་ཆ་འཕྲིན་ཞབས་ཞུ་སྒྲུབ་མཁན་དང་མཉམ་སྦྲེལ་དྲ་རྒྱའི་མཐུད་ཞུགས་ཞབས་ཞུ་སྒྲུབ་མཁན་གྱིས་གྲབས་ཉར་ཟིན་འགོད་དེ་ངེས་པར་དུ་ཉིན་60ཉར་དགོས་པ་དང་། འབྲེལ་ཡོད་སྡེ་ཚན་གྱིས་ཁྲིམས་ལུགས་གཞིར་བཟུང་འདྲི་རྩད་བྱེད་སྐབས་མཁོ་འདོན་བྱེད་དགོས། བཅུ། སྤྱི་བདེ་སྡེ་ཚན་གྱིས་ངེས་པར་དུ་ཁ་པར་སྤྱོད་མཁན་དང་དྲ་སྦྲེལ་སྤྱོད་མཁན་གྱི་མིང་ཐོབ་ཆ་འཕྲིན་རྩད་བཤེར་ཞབས་ཞུའི་ལས་སྟེགས་བཟོ་དགོས་པ་དང་། བཟོ་ཚོང་དང་སྤུས་བཤེར་སོགས་སྡེ་ཚན་གྱིས་འབྲེལ་ཡོད་ཆ་འཕྲིན་གྱི་གཞི་གྲངས་མཐུད་ཁ་མཁོ་འདོན་བྱས་ཏེ་ཁ་པར་དང་མཉམ་སྦྲེལ་དྲ་རྒྱ་སྤྱོད་མཁན་གྱི་མིང་ཐོབ་ངོ་མ་རྩད་བཤེར་བྱེད་རྒྱུར་ལག་རྩལ་གྱི་འགན་སྲུང་བྱེད་དགོས། བཅུ་གཅིག གློག་འཕྲིན་ལས་གཉེར་ཁེ་ལས་དང་དེས་མངགས་བཅོལ་བྱས་པའི་ལས་གཉེར་བྱེད་མཁན། མཉམ་སྦྲེལ་དྲ་རྒྱའི་མཐུད་ཞུགས་ཞབས་ཞུ་སྒྲུབ་མཁན། མཉམ་སྦྲེལ་དྲ་རྒྱའི་ཆ་འཕྲིན་ཞབས་ཞུ་སྒྲུབ་མཁན། མཉམ་སྦྲེལ་དྲ་རྒྱའི་སྤྱི་པའི་དྲ་ཞུགས་ཞབས་ཞུ་སྒྲུབ་མཁན། མཉམ་སྦྲེལ་དྲ་རྒྱའི་གཞི་གྲངས་ལྟེ་གནས། མཉམ་སྦྲེལ་དྲ་རྒྱའི་ཁོངས་མིང་ཐོ་འགོད་ཚན་པ་བཅས་ཀྱིས་ངེས་པར་དུ་སྤྱོད་མཁན་གྱི་ཆ་འཕྲིན་སྲུང་སྐྱོབ་བྱ་ཐབས་ཁྲིམས་ལུགས་ལྟར་དོན་འཁྱོལ་བྱེད་པ་དང་གསང་སྲུང་ལམ་ལུགས་ཚགས་ཚུད་དུ་བཏང་ནས་སྤྱོད་མཁན་གྱི་ཆ་འཕྲིན་བདེ་འཇགས་སྐྱོན་མེད་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། རྩ་འཛུགས་སམ་ཡང་ན་མི་གཞན་དག་ལ་སྤྱོད་མཁན་གྱི་ཆ་འཕྲིན་ཁྲིམས་འགལ་གྱིས་འདོན་སྤྲོད་མི་ཆོག བཅུ་གཉིས། ཆ་འཕྲིན་གསང་སྲུང་བདེ་འཇགས་ཀྱི་དོན་རྐྱེན་ཐོན་ནས་སྤྱོད་མཁན་གྱི་ཆ་འཕྲིན་ཕྱི་ལ་གྱར་བའམ་གྱར་བཟོ་ཡོད་ཚེ་གློག་འཕྲིན་ལས་གཉེར་ཁེ་ལས་དང་དེས་མངགས་བཅོལ་བྱས་པའི་ལས་གཉེར་བྱེད་མཁན། མཉམ་སྦྲེལ་དྲ་རྒྱའི་མཐུད་ཞུགས་ཞབས་ཞུ་སྒྲུབ་མཁན། མཉམ་སྦྲེལ་དྲ་རྒྱའི་ཆ་འཕྲིན་ཞབས་ཞུ་སྒྲུབ་མཁན། མཉམ་སྦྲེལ་དྲ་རྒྱའི་སྤྱི་པའི་དྲ་ཞུགས་ཞབས་ཞུ་སྒྲུབ་མཁན། མཉམ་སྦྲེལ་དྲ་རྒྱའི་གཞི་གྲངས་ལྟེ་གནས། མཉམ་སྦྲེལ་དྲ་རྒྱའི་ཁོངས་མིང་ཐོ་འགོད་ཚན་པ་སོགས་འབྲེལ་ཡོད་འགན་འཁུར་ཚན་པས་ངེས་པར་དུ་འཕྲལ་མར་གསབ་བཅོས་བྱ་ཐབས་སྤྱོད་དགོས་པ་དང་། མཇུག་འབྲས་ཚབས་ཆེ་བཟོས་པའམ་ཡང་ན་བཟོ་ཉེན་ཡོད་ཚེ་ངེས་པར་དུ་གཙོ་འགན་འཁུར་མཁན་སྡེ་ཚན་ལ་འཕྲལ་མར་སྙན་སེང་ཞུ་དགོས་པ་དང་སྦྲགས་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ཏེ་བརྟག་དཔྱད་བྱས་ནས་ཐག་གཅོད་བྱེད་དགོས་པ། གྱོང་གུན་བཟོས་པའམ་ཡང་ན་ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་ལུགས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས། བཅུ་གསུམ། གློག་འཕྲིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་གློག་འཕྲིན་ལས་གཉེར་ཁེ་ལས་ནས་ཁ་པར་སྤྱོད་མཁན་གྱི་མིང་ཐོབ་ངོ་མ་ཐོ་འགོད་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་པ་དང་། མཉམ་སྦྲེལ་དྲ་རྒྱའི་འབྲེལ་ཡོད་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་སོ་སོའི་འགན་འཁྲི་གཞིར་བཟུང་མཉམ་སྦྲེལ་དྲ་རྒྱའི་མཐུད་ཞུགས་ཞབས་ཞུ་སྒྲུབ་མཁན་དང་། མཉམ་སྦྲེལ་དྲ་རྒྱའི་ཆ་འཕྲིན་ཞབས་ཞུ་སྒྲུབ་མཁན། མཉམ་སྦྲེལ་དྲ་རྒྱའི་སྤྱི་པའི་དྲ་ཞུགས་ཞབས་ཞུ་སྒྲུབ་མཁན། མཉམ་སྦྲེལ་དྲ་རྒྱའི་གཞི་གྲངས་ལྟེ་གནས། མཉམ་སྦྲེལ་དྲ་རྒྱའི་ཁོངས་མིང་ཐོ་འགོད་ཚན་པ་སོགས་ནས་མཉམ་སྦྲེལ་དྲ་རྒྱ་སྤྱོད་མཁན་གྱི་མིང་ཐོབ་ངོ་མ་ཐོ་འགོད་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས། གློག་འཕྲིན་གཙོ་འགན་འཁུར་མཁན་སྡེ་ཚན་དང་། མཉམ་སྦྲེལ་དྲ་རྒྱའི་འབྲེལ་ཡོད་གཙོ་འགན་འཁུར་མཁན་སྡེ་ཚན། སྤྱི་བདེ་སོགས་སྡེ་ཚན་གྱིས་ངེས་པར་དུ་རང་འགན་གཙང་སྒྲུབ་དང་གཞོགས་འདེགས་དམ་ཟབ་བྱས་ནས་ཁ་པར་དང་མཉམ་སྦྲེལ་དྲ་རྒྱ་སྤྱོད་མཁན་གྱི་མིང་ཐོབ་ངོ་མ་ཐོ་འགོད་བྱེད་པའི་ལས་དོན་དོན་འཁྱོལ་ཐུབ་པ་བྱེད་དགོས། བཅུ་བཞི། གཏན་འབེབས་འདིའི་ནང་འཁོད་ཀྱི་གཏན་འབེབས་ལས་འགལ་བའི་བྱ་སྤྱོད་རིགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞན་དག་དང་འབྲེལ་བ་ཡོད་ཚེ་དེའི་ཁྲིམས་གསལ་གཏན་འབེབས་ལ་གཞི་འཛིན་རྒྱུ་དང་། ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་ལུགས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ། བཅོ་ལྔ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་གཏན་འབེབས་འདི་གཞིར་བཟུང་ཞིབ་ཕྲའི་ལག་བསྟར་བྱ་ཐབས་བཟོ་རྒྱུ། བཅུ་དྲུག གཏན་འབེབས་འདི་2012ལོའི་ཟླ་དང་པོའི་ཚེས་1ཉིན་ནས་ལག་བསྟར་བྱེད་རྒྱུ། (ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་དྲུང་ཡིག་ཁྲུའུ་ཡིས་མཁོ་འདོན་བྱས་པ་གཞིར་བཟུང )
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣