དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ལས་ཀའི་སྒྲིག་ཁྲིམས་ནན་པོ་སྲུང་དགོས་པའི་སྐོར་གྱི་ཛ་དྲག་བརྡ་ཐོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        རྒྱལ་ཡོངས་གོང་འོག་ཚང་མས་དོ་སྣང་བྱེད་པའི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཟླ་11ཚེས་8ཉིན་པེ་ཅིང་དུ་འཚོག་རྒྱུ་ཡིན་ཞིང་། ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། འགན་འཁྲི་ནན་ཏན་ངང་བསྒྲུབས་པ། སྒྲིག་ཁྲིམས་ནན་པོའི་ཐོག་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བྱེད་ཐབས་ཁག་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་གཏོང་བ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་མ་འཚོག་གོང་དང་འཚོགས་རྗེས་ཀྱི་རང་ལྗོངས་ཀྱི་སྤྱི་ཚོགས་དུས་བབ་ཞི་མཐུན་བརྟན་ལྷིང་ཡོང་རྒྱུ་འགན་ལེན་བཅས་བྱ་ཆེད་འབྲེལ་ཡོད་དོན་ཚན་ཁག་བརྡ་ཐོ་གཏོང་རྒྱུ་གཤམ་གསལ།

        གཅིག བསམ་བློ་གཅིག་གྱུར་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་མ་འཚོག་གོང་དང་འཚོགས་རྗེས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་རྒྱུའི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་གང་ལེགས་བྱེད་དགོས།

        ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་སྐབས་དང་སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་གཏོང་བ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སྒྱུར་མགྱོགས་སུ་གཏོང་བའི་འགག་སྒྲོལ་དུས་སྐབས་སུ་འཚོག་རྒྱུའི་ཧ་ཅང་གལ་འགངས་ཆེ་བའི་ཚོགས་འདུ་ཞིག་ཡིན། ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་སྐྲུན་རྒྱུ་དེ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་བསམ་འདུན་ཞིག་ཡིན་ལ་རང་ལྗོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཀྱང་ཡིན། རང་ལྗོངས་འདི་ཉིད་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མདུན་གྲལ་དུ་གནས་ཡོད་པས་མེས་རྒྱལ་གཅིག་གྱུར་དང་། རྒྱལ་ཁབ་ཀྱི་བདེ་འཇགས། སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་བཅས་ལ་སྲུང་སྐྱོང་བྱ་རྒྱུའི་ལས་འགན་ལྕི་པོ་ཡོད། ཚོགས་ཆེན་བཅོ་བརྒྱད་པ་འཚོག་རིང་གི་རང་ལྗོངས་ཀྱི་སྤྱི་ཚོགས་དུས་བབ་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་དང “གནད་དོན་གསུམ་མི་ཐོན་པ ”བྱ་རྒྱུ་དེ་ནི་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་ཀྱི་ཆབ་སྲིད་ལས་འགན་དང་པོ་དེ་ཡིན་ལ་ཏང་ཡོན་ལས་བྱེད་པ་ཡོངས་ཀྱི་ཆེས་གཞི་རྩའི་ཆབ་སྲིད་ཀྱི་ཚོད་བགམ་ཞིག་ཀྱང་ཡིན།

        རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་མིག་སྔའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ཛ་དྲག་ཪྙོག་འཛིང་གི་དུས་བབ་ལ་ངོས་འཛིན་གང་ལེགས་བྱས་ཏེ་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་སྔར་བས་ཆེ་རུ་གཏོང་བ་དང་། བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པའི་བསམ་བློ་བརྟན་པོ་འཛུགས་པ། ལས་དོན་ཁག་ཞིབ་ཅིང་ཕྲ་བའི་སྒོ་ནས་སྒྲུབ་པ་བཅས་བྱས་ནས་ཚོགས་ཆེན་བཅོ་བརྒྱད་པ་འཚོག་རིང་གི་རང་ལྗོངས་ཀྱི་སྤྱི་ཚོགས་དུས་བབ་ཞི་མཐུན་བརྟན་ལྷིང་ཡོང་རྒྱུ་འགན་ལེན་བྱེད་དགོས། ལས་བྱེད་པའི་དཔུང་ཁག་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་ལས་ཀའི་འགན་འཁྲི་སྔར་བས་གསལ་དུ་གཏོང་བ་དང་། ལས་ཀའི་འགན་འཁྲི་དོན་འཁྱོལ་བྱེད་པ། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ་བཅས་བྱེད་པ་དང་འབྲེལ་ལས་ཀར་མི་བརྩོན་པ་དང་། འགན་འཁྲི་དོན་ཐོག་ཏུ་མི་འཁྱོལ་བ། བྱེད་ཐབས་དོན་འཁྱོལ་མི་ཐུབ་པ། ཤོད་པ་ལས་ལག་བསྟར་མི་བྱེད་པ་བཅས་དང་ཕྱི་ཚུལ་དང་བཟོ་ལྟ་ཙམ་སྟོན་པ་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་བསམ་བློ་དེ་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ཐད་བཏོན་པའི་མཛུབ་སྟོན་དང་དགོངས་དོན་རབ་དང་རིམ་པའི་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་མིག་སྔའི་སྤྱི་ཚོགས་དུས་བབ་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་ལས་དོན་གལ་ཆེན་གྱི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་ཁ་ཚ་དགོས་གཏུགས་ཀྱི་འགན་འཁྲིའི་བསམ་པའི་ཐོག་ནས་འཕྲལ་མར་བྱ་སྤྱོད་སྤེལ་ཏེ་འཕེལ་རྒྱས་བརྟན་ལྷིང་གི་ལས་དོན་ཁག་གི་ནང་ཞུགས་དགོས། འགན་འཁྲི་ཁ་གསལ་བཟོ་བ་དང་འགན་འཁྲི་མི་ཐོག་ཏུ་འཁྱོལ་བ་བྱེད་པ་དང་། རིམ་པ་གཅིག་གིས་རིམ་པ་གཅིག་དམ་འཛིན་བྱེད་པ་དང་རིམ་པ་ལྟར་དོན་འཁྱོལ་བྱ་རྒྱུ་དམ་འཛིན་བྱེད་པ་བཅས་བྱས་ཏེ་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་དེ་ཞིབ་ཕྲའི་བྱེད་ཐབས་དང་དངོས་ཡོད་ཀྱི་བྱ་སྤྱོད་དུ་ནུས་ཤུགས་ཡོད་རྒུས་འགྱུར་བ་བྱེད་དགོས་པ་མ་ཟད། དོན་འཁྱོལ་དམ་འཛིན་བྱེད་པའི་ཐོག་དངོས་འབྲེལ་གཞོལ་བ་དང་བྱེད་ཐབས་ནན་པོ་སྤྱད་དེ་གཡུར་ཟའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

        གཉིས། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་མ་འཚོག་གོང་དང་འཚོགས་རྗེས་ཀྱི་ལས་ཀའི་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱེད་དགོས།

        ཉེ་དུས་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་མ་འཚོག་གོང་དང་འཚོགས་རྗེས་ཀྱི་རང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཐད་སྒོ་ཀུན་ནས་བཀོད་སྒྲིག་བྱས་པ་དང་འབྲེལ་བླང་བྱ་ཡང་གསལ་པོ་བཏོན་ཞིང་། རིམ་ཁག་ཏང་ཨུད (ཏང་རྩ་འཛུགས )དང་། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས། རྩ་འཛུགས་མི་དོན་སྡེ་ཚན་བཅས་ཀྱིས་གལ་ཆེའི་བཀོད་སྒྲིག་དེ་དག་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི་ཕྱོགས་བཅུའི་ཐད་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཐབས་ཇུས་དང་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱེད་དགོས། རྒྱུན་དུ་ལྟ་ཞིབ་དང་། གློ་བུར་ཞིབ་བཤེར། མངོན་ཞིབ་ལྐོག་འདྲི་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཏང་སྲིད་ཀྱི་འགོ་ཁྲིད་ལས་བྱེད་པ་གཙོ་བོ་ལས་གནས་ཐོག་ཡོད་མེད་དང་སྡོད་བྱར་སྣེ་ཁྲིད་བྱས་ཚུལ་དང་། ཚན་པ་ཁག་གིས་སྡོད་བྱའི་ལམ་ལུགས་ལག་བསྟར་བྱས་ཚུལ། གྲོང་ཚོར་བཅའ་སྡོད་རིམ་ཁག་ལས་དོན་རུ་ཁག་གིས་གྲོང་ཚོར་བཅའ་སྡོད་ལས་དོན་སྤེལ་ཚུལ། དགོན་སྡེའི་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་ལས་གནས་ཐོག་གནས་ཡོད་མེད་དང་དེ་བཞིན་ལས་ཀའི་གནས་ཚུལ། ཞིབ་བཤེར་ས་ཚིགས་དང་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཁག་གི་སྡོད་བྱའི་ལས་སྒྲུབ་གནས་ཚུལ་བཅས་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་མ་འཚོག་གོང་དང་འཚོགས་རྗེས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་དང་འཕྲལ་རྐྱེན་ཐག་གཅོད་ཀྱི་སྔོན་ཇུས་སོགས་དོན་འཁྱོལ་བྱེད་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ། འབྲེལ་ཡོད་སྡེ་ཚན་དང་ལས་བྱེད་པས་འགན་འཁྲི་ནན་ཏན་ངང་སྒྲུབ་རྒྱུར་ལྟ་སྐུལ་བྱེད་པ། ཆད་ལུས་མེད་པའི་སྒོ་ནས་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་པ། ཐམས་ཅད་བརྟན་ལྷིང་ལ་བསྟུན་པ་དང་ཐམས་ཅད་བརྟན་ལྷིང་ལ་ཞབས་འདེགས་དངོས་འབྲེལ་ཞུ་ཐུབ་པ་བཅས་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་རྣམ་པ་བཟང་པོ་བསྐྲུན་དགོས། གྲོང་ཚོར་བཅའ་སྡོད་དང་དགོན་སྡེར་བཅའ་སྡོད་མི་སྣ་ལས་གནས་ཐོག་ཡོད་མེད་ཀྱི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ད་ལྟ་ནས་ཚོགས་ཆེན་བཅོ་བརྒྱད་པ་མཇུག་སྒྲིལ་བའི་བར་གྱི་དུས་སྐབས་ཤིག་རིང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་དང་དགོན་སྡེར་བཅའ་སྡོད་མི་སྣ་ཡོངས་ལས་གནས་ཐོག་ཡོད་པའི་འགན་ལེན་བྱེད་དགོས།

        གསུམ་ནས་སྒྲིག་ཁྲིམས་ནན་པོ་སྲུང་སྟེ་ལས་ཀའི་སྒྲིག་ཁྲིམས་ལས་འགལ་བའི་བྱེད་སྤྱོད་ཐག་གཅོད་ནན་པོ་བྱེད་དགོས།

        ཆབ་སྲིད་ཀྱི་སྒྲིག་ཁྲིམས་སྔར་བས་ནན་པོ་སྲུང་སྟེ་རིམ་ཁག་ཏང་སྲིད་ཀྱི་འགོ་ཁྲིད་ལས་བྱེད་པས་འགན་འཁྲིའི་འདུ་ཤེས་དང་པོ་བརྟན་པོ་བཙུགས་ཏེ་ཏང་ཡོན་ལས་བྱེད་པའི་སློབ་གསོ་དོ་དམ་དང་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་རང་ཉིད་ཀྱི་སྒོ་ཡག་པོ་སྲུང་བ་དང་། རང་ཉིད་ཀྱི་མིར་དོ་དམ་ཡག་པོ་བྱེད་པ། རང་ཉིད་ཀྱི་བྱ་བ་ཡག་པོ་སྒྲུབ་པ་བཅས་དངོས་འབྲེལ་བྱེད་ཐུབ་པ་བྱེད་དགོས། རྒྱ་ཆེའི་ལས་སྒྲུབ་དཔོན་དམག་དང་། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ། གྲོང་ཚོར་བཅའ་སྡོད་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པ་བཅས་ཀྱིས་འཐབ་ཕྱོགས་དང་པོ་བརྟན་པོ་སྲུང་བ་དང་། ཚོར་སྐྱེན་ཆེ་བའི་དུས་སྐབས་དང་། གཙོ་གནད་ས་ཁུལ། གནད་འགག་ཆེ་ས་བཅས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་དམ་འཛིན་ནན་པོ་བྱེད་པ། འགལ་ཟླ་དང་རྩོད་གཞི་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མེད་པ་བཟོ་བ་བཅས་བྱས་ནས་ཕྱོགས་གཅིག་གི་བདེ་འཇགས་འགན་ལེན་བྱས་ཏེ་སྤྱི་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། རིམ་ཁག་སྒྲིག་བཤེར་ལྟ་སྐུལ་ཞིབ་བཤེར་ལས་ཁུངས་དང་མི་དོན་རྩ་འཛུགས་སྡེ་ཚན་གྱིས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་སྒྲིག་ཁྲིམས་ནན་དུ་གཏོང་རྒྱུ་དེ་མངོན་གསལ་དོད་པའི་གནས་སུ་བཞག་ནས་སྒྲིག་ཁྲིམས་ནན་པོའི་ཐོག་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་བྱ་རྒྱུ་འགན་ལེན་བྱེད་དགོས། 《སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཁྲོད་ཀྱི་འགོ་ཁྲིད་ལས་བྱེད་པའི་འགན་འཛོལ་བྱ་སྤྱོད་ལ་འགན་འཁྲི་བདའ་འདེད་གཏོང་བའི་གནས་སྐབས་ལག་བསྟར་གཏན་འབེབས 》ལག་བསྟར་ནན་ཏན་བྱས་ཏེ་ལས་གནས་བརྟན་སྲུང་མི་བྱེད་མཁན་དང་། འགན་འཁྲི་མི་འཁུར་མཁན། འགན་འཛོལ་བྱུང་མཁན། ལས་དོན་དོན་འཁྱོལ་མི་བྱེད་མཁན། བྱེད་ཐབས་དོན་ཐོག་ཏུ་མི་འཁྱོལ་མཁན། བརྟན་ལྷིང་དང་དེ་བཞིན་ཕྱོགས་གཞན་ཐད་གནས་ཚུལ་ཐོན་རིགས་བཅས་ལ་བྱས་རྗེས་ཆེན་པོ་གང་འཇོག་མྱོང་བ་དང་། རིམ་པ་གང་གི་འགོ་ཁྲིད་བྱེད་མྱོང་བ། དེ་སྔོན་ལས་དོན་ཡག་པོ་གང་སྒྲུབ་མྱོང་ཡང་ཚང་མ་དེ་ག་རང་དུ་གོ་གནས་མེད་པ་བཟོ་དགོས་པའི་ཐོག་སྒྲིག་བཤེར་ལྟ་ཞིབ་དང་རྩ་འཛུགས་མི་དོན་སོགས་སྡེ་ཚན་ལ་ཞིབ་བཤེར་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་བྱ་རྒྱུ་ཡིན། སྤྱོད་ཚུལ་མི་ལེགས་པ་དང་། ལས་ཀར་མི་བརྩོན་པ། ཤོད་པ་ལས་ལག་བསྟར་མི་བྱེད་མཁན། ཕྱི་ཚུལ་དང་རྣམ་པ་ཙམ་སྟོན་ནས་ལས་ཀར་འཐུས་ཤོར་བཟོ་མཁན་གྱི་ས་གནས་དང་། སྡེ་ཚན། མི་སྒེར་བཅས་ཤེས་རྟོགས་བྱུང་ཚེ་ཐག་གཅོད་ནན་པོ་བྱེད་པ་ལས་རྒྱ་ཡན་དུ་གཏོང་མི་རུང་།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།