དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བོད་རང་སྐྱོང་ལྗོངས་ཀྱི་དམངས་སྤྱོད་གནམ་ཐང་སྲུང་སྐྱོབ་སྲོལ་ཡིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

        〔2010〕ལོའི་ཡིག་ཨང་14པ། ਍ 《བོད་རང་སྐྱོང་ལྗོངས་ཀྱི་དམངས་སྤྱོད་གནམ་ཐང་སྲུང་སྐྱོབ་སྲོལ་ཡིག 》དེ་2010ལོའི་ཟླ་11ཚེས་26ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ཨུད་ཀྱི་ཚོགས་འདུ་ཐེངས་བཅུ་དགུ་པའི་ཐོག་གྲོས་འཆམ་བྱུང་དོན་བཞིན་2011ལོའི་ཟླ་3ཚེས་1ཉིན་ནས་ལག་བསྟར་བྱེད་རྒྱུ་ཡིན་པ་ད་ལྟ་ཆེད་དུ་སྤྱི་བསྒྲགས་བྱེད་རྒྱུ་ཡིན།

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

        2010ལོའི་ཟླ་11ཚེས་26ལ།

        ལེའུ་དང་པོ། སྤྱིའི་རྩ་འཛིན།

        དོན་ཚན་དང་པོ། དམངས་སྤྱོད་གནམ་ཐང་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་གནམ་ཐང་བདེ་འཇགས་དང་སྒྲིག་ལྡན་ལས་གཉེར་ཐུབ་པ་བྱེད་རྒྱུ་དང་། དམངས་སྤྱོད་མཁའ་འགྲུལ་བྱ་གཞག་སྐྱོན་བྲལ་ངང་གོང་འཕེལ་ཡོང་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་སྤྱོད་མཁའ་འགྲུལ་བཅའ་ཁྲིམས 》དང་《དམངས་སྤྱོད་གནམ་ཐང་དོ་དམ་སྲོལ་ཡིག 》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྲོལ་ཡིག་འདི་བཟོས་པ་ཡིན།

        དོན་ཚན་གཉིས་པ། སྲོལ་ཡིག་འདིའི་ནང་གསལ་དམངས་སྤྱོད་གནམ་ཐང་ཞེས་པ་ནི་དམངས་སྤྱོད་མཁའ་འགྲུལ་འཕྲུལ་ཆས་འཕུར་བ་དང་། བབས་པ། འདྲེད་བགྲོད། འཇོག་པ་བཅས་དང་དེ་བཞིན་བྱེད་སྒོ་གཞན་དག་ཀྱི་ཐད་སྤྱོད་པར་དབྱེ་མཚམས་བཅད་པའི་ས་ཁོངས་ལ་ཟེར་ཞིང་། དེའི་ཁོངས་སུ་ཞོར་གཏོགས་ཀྱི་ཨར་སྐྲུན་དངོས་རིགས་དང་། སྒྲིག་ཆས། སྒྲིག་བཀོད་སོགས་ཚུད་ཡོད།

        དོན་ཚན་གསུམ་པ། རང་སྐྱོང་ལྗོངས་སྲིད་འཛིན་ས་ཁོངས་ནང་དམངས་སྤྱོད་གནམ་ཐང་འཆར་འགོད་ས་ཆ་སྲུང་སྐྱོབ་བྱེད་རྒྱུ་དང་། དམངས་སྤྱོད་གནམ་ཐང་གི་བར་མཐོངས་སྲུང་སྐྱོབ་བྱེད་རྒྱུ། དམངས་སྤྱོད་གནམ་ཐང་གི་གློག་ངར་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ། དམངས་སྤྱོད་གནམ་ཐང་གི་སྒྲིག་བཀོད་སྒྲིག་ཆས་སྲུང་སྐྱོབ་བྱེད་རྒྱུ། དམངས་སྤྱོད་གནམ་ཐང་གི་སྤྱི་པའི་སྒྲིག་ལམ་དོ་དམ་བྱེད་རྒྱུ་བཅས་ལ་སྲོལ་ཡིག་འདི་སྤྱོད་རྒྱུ།

        དོན་ཚན་བཞི་པ། དམངས་སྤྱོད་གནམ་ཐང་སྲུང་སྐྱོབ་བྱེད་རྒྱུ་དེ་ངེས་པར་དུ་བདེ་འཇགས་ཨང་དང་པོར་འཇོག་པ་དང་། སྔོན་འགོག་གཙོ་བཟུང་། ཚན་རིག་དང་མཐུན་པའི་སྲུང་སྐྱོབ། མི་ཚང་མར་འགན་ཡོད་པ་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུ་དགོས། དམངས་སྤྱོད་གནམ་ཐང་སྲུང་སྐྱོབ་བྱེད་སྐབས་བབ་བསྟུན་ལྟ་བཤེར་དང་། གཞོགས་འདེགས་མཉམ་ལས། ཆ་འཕྲིན་སྤེལ་རེས། ཕྱོགས་བསྡུས་བཅོས་སྐྱོང་བཅས་བྱེད་པའི་ལས་ཀའི་ལམ་སྲོལ་ལག་བསྟར་བྱེད་རྒྱུ།

        དོན་ཚན་ལྔ་པ། དམངས་སྤྱོད་གནམ་ཐང་ནི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་ཡིན། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་དམངས་སྤྱོད་གནམ་ཐང་འཛུགས་སྐྲུན་དང་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ་དང་། དམངས་སྤྱོད་གནམ་ཐང་སྐྱོང་རྒྱུར་གཞོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།

        དོན་ཚན་དྲུག་པ། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་དོ་དམ་ཅུད་ཀྱིས་རང་སྐྱོང་ལྗོངས་དམངས་སྤྱོད་གནམ་ཐང་སྲུང་སྐྱོབ་ལས་དོན་ལ་གཅིག་གྱུར་ཐོག་ལྟ་སྐུལ་དོ་དམ་བྱས་ནས་གནམ་ཐང་བདེ་འཇགས་ཡོང་བ་དང་། རྒྱུན་ལྡན་བཞིན་ལས་གཉེར་ཐུབ་པའི་སྒྲིག་འཛུགས་དང་མཐུན་སྦྱོར་བྱེད་རྒྱུའི་འགན་འཁུར་རྒྱུ། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་དོ་དམ་ཅུད་ཀྱི་མངགས་གཏོང་ཚན་པས་དམངས་སྤྱོད་གནམ་ཐང་གི་སྲུང་སྐྱོབ་ལས་ཀར་ཞིབ་ཕྲའི་འགན་འཁུར་རྒྱུ།

        དོན་ཚན་བདུན་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྲིད་གཞུང་འགན་ནུས་སྡེ་ཚན་དང་དམངས་སྤྱོད་གནམ་ཐང་གནས་སའི་རིམ་ཁག་མི་དམངས་སྲིད་གཞུང་དང་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་དོ་དམ་ཅུད་དང་དེའི་མངགས་གཏོང་ཚན་པ (གཤམ་ལ་དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པ་ཞེས་བསྡུ་རྒྱུ )བཅས་ལ་མཐུན་སྦྱོར་བྱས་ནས་དམངས་སྤྱོད་གནམ་ཐང་གི་སྲུང་སྐྱོབ་ལས་དོན་ཡག་པོ་སྒྲུབ་དགོས།

        དོན་ཚན་བརྒྱད་པ། དམངས་སྤྱོད་གནམ་ཐང་གནས་སའི་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་དབྱེ་མཚམས་བཅད་པའི་དམངས་སྤྱོད་གནམ་ཐང་འཆར་འགོད་ཀྱི་ས་ཆའི་སྲུང་སྐྱོབ་ས་ཁོངས་དང་། བར་མཐོངས་སྲུང་སྐྱོབ་ས་ཁོངས། གློག་ངར་གྱི་ཁོར་ཡུག་སྲུང་སྐྱོབ་ས་ཁོངས་བཅས་རིམ་པ་དེ་གའི་སྲིད་གཞུང་གིས་ས་ཆ་བེད་སྤྱོད་པའི་སྤྱིའི་འཆར་འགོད་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་ནང་བཅུག་ནས་གཅིག་གྱུར་ཐོག་དོ་དམ་བྱེད་དགོས།

        དོན་ཚན་དགུ་པ། ཁྲིམས་ལུགས་གཞིར་བཟུང་དབྱེ་མཚམས་བཅད་པའི་དམངས་སྤྱོད་གནམ་ཐང་འཆར་འགོད་ཀྱི་ས་ཆའི་སྲུང་སྐྱོབ་ས་ཁོངས་དང་། བར་མཐོངས་སྲུང་སྐྱོབ་ས་ཁོངས། གློག་ངར་གྱི་ཁོར་ཡུག་སྲུང་སྐྱོབ་ས་ཁོངས་བཅས་ངེས་པར་དུ་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་དགོས།

        དོན་ཚན་བཅུ་པ། དམངས་སྤྱོད་གནམ་ཐང་གསར་རྒྱག་དང་རྒྱས་སྐྲུན་བྱེད་རྒྱུའི་སྤྱི་བསྒྲགས་འགྲེམས་སྤེལ་མ་བྱས་གོང་། ཁྲིམས་ལུགས་གཞིར་བཟུང་དབྱེ་མཚམས་བཅད་པའི་དམངས་སྤྱོད་གནམ་ཐང་འཆར་འགོད་ཀྱི་ས་ཆའི་སྲུང་སྐྱོབ་ས་ཁོངས་དང་། བར་མཐོངས་སྲུང་སྐྱོབ་ས་ཁོངས། གློག་ངར་གྱི་ཁོར་ཡུག་སྲུང་སྐྱོབ་ས་ཁོངས་བཅས་ཀྱི་ནང་གནམ་གྲུ་འཕུར་སྐྱོད་བྱེད་རྒྱུར་འགོག་རྐྱེན་བཟོ་ཉེན་ཡོད་པའི་ཨར་སྐྲུན་དངོས་རིགས་དང་། བཟོ་བཙུགས་དངོས་པོ། ཤིང་སྡོང་། གློག་སྒྲོན། དེ་བཞིན་འགོག་རྐྱེན་བཟོ་བའི་དངོས་པོ་གཞན་དག་བཅས་ཡོད་རིགས་ངེས་པར་དུ་གཏན་འབེབས་བྱས་པའི་དུས་བཀག་ནང་མེད་པ་བཟོ་དགོས་པ་དང་། གཙང་སེལ་བཟོས་པ་ལས་བྱུང་བའི་གྱོང་གུན་རིགས་ལ་ངེས་པར་དུ་ཁ་གསབ་སྤྲོད་པའམ་ཡང་ན་ཁྲིམས་ལུགས་གཞིར་བཟུང་ཁ་གསབ་སྤྲོད་པའི་བྱ་ཐབས་གཞན་དག་སྤྱོད་དགོས།

        དོན་ཚན་བཅུ་གཅིག་པ། དམངས་སྤྱོད་གནམ་ཐང་གསར་རྒྱག་དང་རྒྱས་སྐྲུན་བྱེད་རྒྱུའི་སྤྱི་བསྒྲགས་འགྲེམས་སྤེལ་བྱས་རྗེས་ཁྲིམས་ལུགས་གཞིར་བཟུང་དབྱེ་མཚམས་བཅད་པའི་དམངས་སྤྱོད་གནམ་ཐང་འཆར་འགོད་ཀྱི་ས་ཆའི་སྲུང་སྐྱོབ་ས་ཁོངས་དང་། བར་མཐོངས་སྲུང་སྐྱོབ་ས་ཁོངས། གློག་ངར་གྱི་ཁོར་ཡུག་སྲུང་སྐྱོབ་ས་ཁོངས་བཅས་ཀྱི་ནང་གནམ་གྲུ་འཕུར་སྐྱོད་བདེ་འཇགས་ལ་འགོག་རྐྱེན་བཟོ་བའི་ཨར་སྐྲུན་དངོས་རིགས་དང་། བཟོ་བཙུགས་དངོས་པོ། ཤིང་སྡོང་། གློག་སྒྲོན། དེ་བཞིན་འགོག་རྐྱེན་བཟོ་བའི་དངོས་པོ་གཞན་དག་བཟོ་འཛུགས་བྱེད་རིགས་ལ་དམངས་སྤྱོད་གནམ་ཐང་གནས་སའི་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ནས་གཙང་སེལ་བཟོ་རྒྱུའི་བཀའ་གཏོང་དགོས་པ་དང་། དེ་ལས་བཟོས་པའི་གྱོང་གུན་དེ་འགོག་རྐྱེན་དངོས་པོ་བཟོ་འཛུགས་བྱེད་མཁན་གྱིས་གསབ་འགན་འཁུར་རྒྱུ།

        དོན་ཚན་བཅུ་གཉིས་པ། དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པ་དང་། དམངས་སྤྱོད་གནམ་ཐང་གནས་སའི་མི་དམངས་སྲིད་གཞུང་། དེ་བཞིན་གནམ་ཐང་ཁུལ་དུ་བཅའ་སྡོད་ཚན་པ་བཅས་ཀྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་གཏན་འབེབས་དང་རང་སྐྱོང་ལྗོངས་ཀྱི་དོན་དངོས་གཞིར་བཟུང་ཁག་སོ་སོས་དམངས་སྤྱོད་གནམ་ཐང་སྲུང་སྐྱོབ་བྱེད་ཆེད་གློ་བུར་དུ་ཐོན་པའི་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས་བཟོ་འབེབས་བྱེད་དགོས།

        དོན་ཚན་བཅུ་གསུམ་པ། རིམ་ཁག་མི་དམངས་སྲིད་གཞུང་དང་དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པས་ངེས་པར་དུ་དམངས་སྤྱོད་གནམ་ཐང་སྲུང་སྐྱོབ་ཐད་ཀྱི་དྲིལ་བསྒྲགས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་སྤྱི་དམངས་ཀྱི་གནམ་ཐང་སྲུང་སྐྱོབ་བྱེད་པའི་ལྟ་བ་ཆེ་རུ་འགྲོ་བ་བྱེད་དགོས།

        དོན་ཚན་བཅུ་བཞི་པ། ཚན་པ་དང་མི་སྒེར་སུ་ཞིག་ཡིན་རུང་ཚང་མས་དམངས་སྤྱོད་གནམ་ཐང་གི་བདེ་འཇགས་ལ་གནོད་པ་སྐྱེལ་མི་ཆོག་པ་དང་། གནམ་ཐང་བདེ་འཇགས་ལ་གནོད་འཚེ་བཟོ་བའི་བྱེད་སྤྱོད་རིགས་ཐེར་འདོན་བྱེད་དབང་ཡོད། རིམ་ཁག་མི་དམངས་སྲིད་གཞུང་དང་དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པས་དམངས་སྤྱོད་གནམ་ཐང་སྲུང་སྐྱོབ་ལས་ཀའི་ནང་ལེཌ་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་རྒྱུ།

        ལེའུ་གཉིས་པ། སྲུང་སྐྱོབ་བྱེད་མཁན་དང་འགན་འཁྲིའི་སྐོར།

        དོན་ཚན་བཅོ་ལྔ་པ། དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པས་ཁྲིམས་ལུགས་གཞིར་བཟུང་གནམ་ཐང་སྲུང་སྐྱོབ་བྱེད་རྒྱུའི་ལྟ་སྐུལ་དོ་དམ་བྱེད་པའི་འགན་འཁྲི་སྒྲུབ་རྒྱུ། དམངས་སྤྱོད་གནམ་ཐང་གནས་སའི་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་གོང་འཕེལ་དང་བསྒྱུར་བཅོས་དང་། བཟོ་ལས་དང་ཆ་འཕྲིན་ཅན། སྤྱི་བདེ། ནོར་སྲིད། རྒྱལ་ཁབ་ས་ཐོན། ཁོར་ཡུག་སྲུང་སྐྱོབ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། འགྲིམ་འགྲུལ་སྐྱེལ་འདྲེན། ཞིང་འབྲོག བཟོ་ཚོང་སྲིད་འཛིན་དོ་དམ། རླུང་འཕྲིན་གློག་བཪྙན་བཪྙན་འཕྲིན། བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ། ནགས་ལས། གནམ་གཤིས། འཕྲིན་གཏོང་དོ་དམ། སྐུད་མེད་གློག་འཕྲིན། གློག་ཤུགས་སོགས་ཀྱི་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་སོ་སོའི་འགན་འཁྲི་ལྟར་དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པར་གཞོགས་འདེགས་ཀྱིས་དམངས་སྤྱོད་གནམ་ཐང་སྲུང་སྐྱོབ་ལས་དོན་ཡག་པོ་སྒྲུབ་རྒྱུ།

        དོན་ཚན་བཅུ་དྲུག་པ། དམངས་སྤྱོད་གནམ་ཐང་གནས་སའི་རྫོང་(གྲོང་ཁྱེར་དང་ཆུད )དང་ཤང་(གྲོང་རྡལ )མི་དམངས་སྲིད་གཞུང་གིས་ངེས་པར་དུ་གཤམ་གསལ་གྱི་སྲུང་སྐྱོབ་འགན་འཁྲི་ཁག་སྒྲུབ་དགོས། (གཅིག ) དམངས་སྤྱོད་གནམ་ཐང་སྲུང་སྐྱོབ་བྱེད་རྒྱུའི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་སློབ་གསོའི་ལས་དོན་སྤེལ་རྒྱུ་སྒྲིག་འཛུགས་བྱེད་རྒྱུ། (གཉིས ) དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པར་གཞོགས་འདེགས་བྱས་ནས་དམངས་སྤྱོད་གནམ་ཐང་གི་བར་མཐོངས་དང་། གློག་ངར་གྱི་ཁོར་ཡུག སྒྲིག་བཀོད་སྒྲིག་ཆས་སོགས་སྲུང་སྐྱོབ་བྱེད་རྒྱུའི་ལས་དོན་ཁག་དོན་འཁྱོལ་བྱེད་རྒྱུ། (གསུམ ) དམངས་སྤྱོད་གནམ་ཐང་བདེ་འཇགས་ཡོང་བར་འགོག་རྐྱེན་བཟོ་བའི་བྱེ་རླུང་བྱུང་ས་དང་། ཆུ་རྩ། བྱ་རིགས་བབ་སྡོད་བྱེད་ས་བཅས་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་རྒྱུ། (བཞི ) དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པར་གཞོགས་འདེགས་བྱས་ནས་བྱ་རིགས་དང་རྡུང་ཐུག་མི་རྒྱག་པའི་ཉེན་ཟོན་ལས་དོན་ཚགས་ཚུད་དུ་གཏོང་རྒྱུ་དང་། བྱ་རིགས་དང་སྲོག་ཆགས་གཞན་དག་གིས་མཁའ་འགྲུལ་འཕུར་ཆས་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་བའི་རྐྱེན་རྩའི་རིགས་སྔོན་འགོག་དང་ཉུང་དུ་གཏོང་རྒྱུའི་ལས་དོན་སྤེལ་རོགས་བྱེད་རྒྱུ། (ལྔ ) གོང་རིམ་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་ལ་དམངས་སྤྱོད་གནམ་ཐང་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་འགལ་བའི་བྱ་སྤྱོད་རིགས་ཐག་གཅོད་བྱེད་རྒྱུར་གཞོགས་འདེགས་བྱེད་རྒྱུ།

        དོན་ཚན་བཅུ་བདུན་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་དམངས་སྤྱོད་གནམ་ཐང་གནས་སའི་མི་དམངས་སྲིད་གཞུང་དང་དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པ་དང་མཉམ་དུ་གནམ་ཐང་སྲུང་སྐྱོབ་ལས་དོན་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་འཛུགས་དགོས། གནམ་ཐང་སྲུང་སྐྱོབ་ལས་དོན་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་གི་རྒྱུན་གཏན་ལས་ཀ་བྱེད་རྒྱུ་དེ་དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པས་འགན་འཁུར་རྒྱུ།

        དོན་ཚན་བཅོ་བརྒྱད་པ། གནམ་ཐང་སྲུང་སྐྱོབ་ལས་དོན་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་གནམ་ཐང་སྲུང་སྐྱོབ་ལས་ཀའི་ནང་གི་གལ་ཆེའི་དོན་གནད་ཞིབ་འཇུག་དང་། མཐུན་སྦྱོར། མཛུབ་ཁྲིད་བཅས་བྱེད་དགོས་པ་དང་། འབྲེལ་ཡོད་སྡེ་ཚན་ལ་གནམ་ཐང་སྲུང་སྐྱོབ་ལས་ཀའི་འགན་ནུས་ཁྲིམས་ལུགས་གཞིར་བཟུང་བསྒྲུབས་ནས་གནམ་ཐང་གི་བདེ་འཇགས་ལ་གནོད་སྐྱོན་ཡོང་གཞི་མེད་པ་བཟོ་བའི་བྱ་ཐབས་དོན་འཁྱོལ་བྱེད་རྒྱུའི་སྐུལ་ལྕག་བྱེད་དགོས།

        དོན་ཚན་བཅུ་དགུ་པ། དམངས་སྤྱོད་གནམ་ཐང་བདེ་འཇགས་ངང་ལས་གཉེར་བྱེད་རྒྱུར་འགོག་རྐྱེན་བཟོ་ཉེན་ཡོད་པ་དང་། དམངས་སྤྱོད་གནམ་ཐང་གནས་སའི་འབྲེལ་ཡོད་མི་དམངས་སྲིད་གཞུང་ནས་གཞོགས་འདེགས་བྱས་ཏེ་ཐག་གཅོད་བྱེད་དགོས་པའི་གལ་ཆེའི་གནད་དོན་རིགས་འཕྲལ་མར་དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པས་ངེས་པར་དུ་ཡིག་ཐོག་ནས་གནམ་ཐང་སྲུང་སྐྱོབ་ལས་དོན་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་ལ་ཞིབ་འཇུག་ཐག་གཅོད་བྱེད་རྒྱུར་སྐྱེལ་དགོས།

        དོན་ཚན་ཉི་ཤུ་པ། དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པས་དམངས་སྤྱོད་གནམ་ཐང་བདེ་འཇགས་ངང་ལས་གཉེར་བྱེད་རྒྱུར་འགོག་རྐྱེན་བཟོ་བའི་གནས་ཚུལ་ཤེས་རྟོགས་བྱུང་ཚེ། ངེས་པར་དུ་འཕྲལ་མར་བྱ་ཐབས་སྤྱད་དེ་བཀག་འགོག་དང་། བཅོས་སྒྲིག་བྱེད་རྒྱུའམ་ཡང་ན་མེད་པ་བཟོ་དགོས་པ་དང་། དམངས་སྤྱོད་གནམ་ཐང་གནས་སའི་རྫོང་(གྲོང་ཁྱེར་དང་ཆུད )མི་དམངས་སྲིད་གཞུང་ངམ་ཡང་ན་འབྲེལ་ཡོད་གཙོ་འགན་འཁུར་མཁན་སྡེ་ཚན་གྱི་གཞོགས་འདེགས་དགོས་རིགས། ངེས་པར་དུ་དམངས་སྤྱོད་གནམ་ཐང་གནས་སའི་རྫོང་(གྲོང་ཁྱེར་དང་ཆུད )མི་དམངས་སྲིད་གཞུང་ངམ་ཡང་ན་འབྲེལ་ཡོད་གཙོ་འགན་འཁུར་མཁན་སྡེ་ཚན་ལ་འཕྲལ་མར་སྙན་སེང་ཞུ་དགོས། དམངས་སྤྱོད་གནམ་ཐང་གནས་སའི་རྫོང་(གྲོང་ཁྱེར་དང་ཆུད )མི་དམངས་སྲིད་གཞུང་ངམ་ཡང་ན་འབྲེལ་ཡོད་གཙོ་འགན་འཁུར་མཁན་སྡེ་ཚན་ལ་སྙན་སེང་འབྱོར་རྗེས་ངེས་པར་དུ་འཕྲལ་མར་བྱ་ཐབས་ནུས་ལྡན་སྤྱད་དེ་བདེ་འཇགས་ལ་གནོད་པའི་རྐྱེན་རྩ་མེད་པ་བཟོ་དགོས།

        དོན་ཚན་ཉེར་གཅིག་པ། དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པ་དང་། དམངས་སྤྱོད་གནམ་ཐང་གནས་སའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་། དེ་བཞིན་གནམ་ཐང་ཁུལ་གྱི་བཅའ་སྡོད་ཚན་པ་བཅས་ཀྱིས་ངེས་པར་དུ་གློ་བུར་དུ་ཐོན་པའི་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས་གཞིར་བཟུང་། འཕྲལ་རྐྱེན་མྱུར་སྐྱོབ་བྱེད་མཁན་མི་སྣར་སྦྱོང་བརྡར་སྤྲོས་རྒྱུ་དང་ནང་སྦྱོང་བྱེད་རྒྱུ་སྒྲིག་འཛུགས་བྱས་ནས་འཕྲལ་རྐྱེན་མྱུར་སྐྱོབ་བྱེད་ནུས་ཆེ་རུ་གཏོང་དགོས།

        དོན་ཚན་ཉེར་གཉིས་པ། དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པ་དང་། མཁའ་འགྲུལ་སྐྱེལ་འདྲེན་ཁེ་ལས། དེ་བཞིན་གནམ་ཐང་ཁུལ་གྱི་བཅའ་སྡོད་ཚན་པ་བཅས་ཀྱིས་ངེས་པར་དུ་འཕྲལ་རྐྱེན་མྱུར་སྐྱོབ་ཀྱི་སྒྲིག་ཆས་དང་ཡོ་ཆས་བགོ་སྒྲིག་བྱེད་དགོས་པ་དང་། དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་འཕྲལ་རྐྱེན་མྱུར་སྐྱོབ་སྒྲིག་ཆས་དང་ཡོ་ཆས་རྒྱུན་གཏན་ལྟར་གོ་འཕེར་བེད་སྤྱོད་ཐུབ་པ་བྱེད་དགོས།

        དོན་ཚན་ཉེར་གསུམ་པ། དམངས་སྤྱོད་གནམ་ཐང་གནས་སའི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་འཕྲལ་སྡོམ་སྔོན་ཇུས་ཀྱི་རེ་བ་གཞིར་བཟུང་དུས་ཐོག་ཏུ་འཕྲལ་རྐྱེན་མྱུར་སྐྱོབ་བྱེད་དགོས།

        དོན་ཚན་ཉེར་བཞི་པ། དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པས་ངེས་པར་དུ་སྲོལ་ཡིག་འདིའི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་དམངས་སྤྱོད་མཁའ་འགྲུལ་གནས་སའི་མི་དམངས་སྲིད་གཞུང་དང་གནམ་ཐང་སྲུང་སྐྱོབ་འགན་ཡིག་འཇོག་དགོས། དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པས་ངེས་པར་དུ་གནམ་ཐང་ཁུལ་གྱི་བཅའ་སྡོད་ཚན་པ་དང་ཡིག་ཐོག་ནས་གྲོས་མཐུན་བཞག་སྟེ་དམངས་སྤྱོད་གནམ་ཐང་སྲུང་སྐྱོབ་ལས་ཀའི་ནང་ཚན་པ་སོ་སོའི་འགན་འཁྲི་ཁ་གསལ་བཟོ་དགོས།

        ལེའུ་གསུམ་པ། གནམ་ཐང་འཆར་འགོད་ཁོངས་ཀྱི་ས་ཆ་སྲུང་སྐྱོབ་བྱེད་རྒྱུའི་སྐོར།

        དོན་ཚན་ཉེར་ལྔ་པ། སྲོལ་ཡིག་འདིའི་ནང་གསལ་བའི་དམངས་སྤྱོད་གནམ་ཐང་འཆར་འགོད་ཁོངས་ཀྱི་སྲུང་སྐྱོབ་ས་ཁོངས་ཞེས་པ་ནི་དམངས་སྤྱོད་གནམ་ཐང་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད་གཞིར་བཟུང་། གནམ་ཐང་ཡུན་རིང་གོང་འཕེལ་གཏོང་རྒྱུ་དང་དམངས་སྤྱོད་མཁའ་འགྲུལ་གྱི་བདེ་འཇགས་འགན་ལེན་བྱེད་ཆེད་དབྱེ་མཚམས་གཅོད་དགོས་པའི་འཛུགས་སྐྲུན་ཚོད་འཛིན་ས་ཁོངས་ལ་ཟེར།

        དོན་ཚན་ཉེར་དྲུག་པ། དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པས་ངེས་པར་དུ་རྒྱལ་ཁབ་ས་ཐོན་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་ཀྱི་འཛུགས་སྐྲུན་གཙོ་འགན་འཁུར་མཁན་སྡེ་ཚན་དང་མཉམ་དུ་དམངས་སྤྱོད་གནམ་ཐང་གི་སྤྱིའི་འཆར་འགོད་གཞིར་བཟུང་། གནམ་ཐང་འཆར་འགོད་ས་ཆའི་སྲུང་སྐྱོབ་ས་ཁོངས་དབྱེ་མཚམས་བཅད་ནས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་སྙན་ཞུ་ཕུལ་ནས་ཆོག་མཆན་ཐོབ་རྗེས་ལག་བསྟར་བྱེད་དགོས།

        དོན་ཚན་ཉེར་བདུན་པ། དམངས་སྤྱོད་གནམ་ཐང་འཆར་འགོད་ས་ཁོངས་ནང་འཛུགས་སྐྲུན་བྱེད་རྒྱུའི་རྣམ་གྲངས་རིགས་ལ་ངེས་པར་དུ་ཁྲིམས་ལུགས་གཞིར་བཟུང་ཞིབ་མཆན་ནན་པོ་འགོད་དགོས་པ་མ་ཟད། རྒྱལ་ཁབ་ཀྱི་འབྲེལ་ཡོད་དམངས་སྤྱོད་གནམ་ཐང་གི་བར་མཐོངས་སྲུང་སྐྱོབ་དང་འཕུར་སྐྱོད་བདེ་འཇགས་ཐུབ་པའི་ལག་རྩལ་ཚད་གཞིའི་བླང་བྱ་དང་མཐུན་པ་བྱེད་དགོས།

        དོན་ཚན་ཉེར་བརྒྱད་པ། རྒྱལ་ཁབ་ས་ཐོན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་དམངས་སྤྱོད་གནམ་ཐང་འཆར་འགོད་ས་ཆའི་སྲུང་སྐྱོབ་ས་ཁོངས་ནང་གི་འཛུགས་སྐྲུན་རྣམ་གྲངས་ལ་སྤྱོད་རྒྱུའི་ས་ཆའི་འཆར་གཞིར་ཞིབ་དཔྱད་བྱེད་སྐབས། ངེས་པར་དུ་ཡིག་ཐོག་ནས་དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པའི་བསམ་འཆར་བསྡུ་ལེན་བྱེད་དགོས། གོང་འཕེལ་བསྒྱུར་བཅོས་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་སོགས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་དམངས་སྤྱོད་གནམ་ཐང་འཆར་འགོད་ས་ཆའི་སྲུང་སྐྱོབ་ས་ཁོངས་ནང་གི་འཛུགས་སྐྲུན་རྣམ་གྲངས་ལ་ཞིབ་བཤེར་མཆན་འགོད་བྱེད་སྐབས། ངེས་པར་དུ་ཡིག་ཐོག་ནས་དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པའི་བསམ་འཆར་བསྡུ་ལེན་བྱེད་དགོས། དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པས་ངེས་པར་དུ་བསམ་འཆར་བསྡུ་ཡིག་འབྱོར་ཉིན་ནས་བཟུང་ལས་ཀའི་ཉིན་གྲངས་20ནང་ཡིག་ཐོག་ནས་ལན་འདེབས་དགོས། དམངས་སྤྱོད་དོ་དམ་ཚན་པས་མོས་མཐུན་མེད་པའི་ཡིག་ཐོག་བསམ་འཆར་འདོན་དགོས་རིགས། ངེས་པར་དུ་མོས་མཐུན་མེད་པའི་རྒྱུ་མཚན་གསལ་པོ་འབྲི་དགོས།

        དོན་ཚན་ཉེར་དགུ་པ། དམངས་སྤྱོད་གནམ་ཐང་འཆར་འགོད་ས་ཆའི་སྲུང་སྐྱོབ་ས་ཁོངས་ནང་གནམ་གྲུ་བདེ་འཇགས་ངང་འཕུར་སྐྱོད་བྱེད་རྒྱུར་འགོག་རྐྱེན་བཟོ་ཉེན་ཡོད་པའི་ཨར་སྐྲུན་དངོས་རིགས་དང་། བཟོ་བཙུགས་དངོས་པོ། དེ་བཞིན་འགོག་རྐྱེན་བཟོ་བའི་དངོས་པོའམ་སྒྲིག་ཆས་གཞན་དག་བཅས་བཟོ་འཛུགས་བྱེད་མི་ཆོག

        དོན་ཚན་སུམ་ཅུ་པ། དམངས་སྤྱོད་གནམ་ཐང་འཆར་འགོད་ས་ཆའི་སྲུང་སྐྱོབ་ས་ཁོངས་ནང་ཕྱུགས་རིགས་འཚོ་བ་དང་། རྔོན་རྒྱག་པ། ལོ་ཏོག་སྐམ་གསེས་བྱེད་པ། མོ་ཊ་སྦྱོང་བ་སོགས་བྱེད་མི་ཆོག

        དོན་ཚན་སོ་གཅིག་པ། གནམ་ཐང་སྲུང་སྐྱོབ་ལས་དོན་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་རྒྱལ་ཁབ་ས་ཐོན་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། ཞིང་འབྲོག ནགས་ལས་སོགས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་དམངས་སྤྱོད་གནམ་ཐང་འཆར་འགོད་ས་ཆའི་སྲུང་སྐྱོབ་ས་ཁོངས་སུ་དུས་བཀག་ཐོག་ཁྲིམས་སྒྱུར་ཞིབ་བཤེར་བྱེད་དགོས་པ་དང་། དམངས་སྤྱོད་གནམ་ཐང་འཆར་འགོད་ས་ཆའི་སྲུང་སྐྱོབ་ཀྱི་བླང་བྱ་དང་མ་མཐུན་པའི་ཨར་སྐྲུན་དངོས་རིགས་སམ་ཡང་ན་སྒྲིག་ཆས་གཞན་དག་ཡོད་ཚེ་ཁྲིམས་ལུགས་གཞིར་བཟུང་ཐག་གཅོད་བྱེད་དགོས།

        ལེའུ་བཞི་པ། གནམ་ཐང་གི་བར་མཐོངས་སྲུང་སྐྱོབ་བྱེད་རྒྱུའི་སྐོར།

        དོན་ཚན་སོ་གཉིས་པ། སྲོལ་ཡིག་འདིའི་ནང་གསལ་བའི་དམངས་སྤྱོད་གནམ་ཐང་གི་བར་མཐོངས་སྲུང་སྐྱོབ་ས་ཁོངས་ཞེས་པ་ནི་དམངས་སྤྱོད་མཁའ་འགྲུལ་འཕྲུལ་ཆས་འཕུར་བ་དང་བབས་སྐབས་བདེ་འཇགས་ཡོང་ཆེད། དམངས་སྤྱོད་གནམ་ཐང་གི་བར་མཐོངས་བཀག་དངོས་ཚོད་འཛིན་རི་མོའི་བླང་བྱ་གཞིར་བཟུང་དབྱེ་མཚམས་བཅད་པའི་བར་སྣང་མཐོངས་ལ་ཟེར།

        དོན་ཚན་སོ་གསུམ་པ། དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པས་ངེས་པར་དུ་གོང་འཕེལ་བསྒྱུར་བཅོས་དང་། རྒྱལ་ཁབ་ས་ཐོན། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། གནམ་དཔྱད་སོགས་གཙོ་འགན་འཁུར་མཁན་སྡེ་ཚན་དང་དམངས་སྤྱོད་གནམ་ཐང་གནས་སའི་རྫོང་(གྲོང་ཁྱེར་དང་ཆུད )མི་དམངས་སྲིད་གཞུང་བཅས་དང་མཉམ་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་དམངས་སྤྱོད་གནམ་ཐང་གི་བར་མཐོངས་སྲུང་སྐྱོབ་ས་ཁོངས་དབྱེ་མཚམས་གཅོད་དགོས།

        དོན་ཚན་སོ་བཞི་པ། དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པས་ངེས་པར་དུ་དམངས་སྤྱོད་གནམ་ཐང་གི་བར་མཐོངས་སྲུང་སྐྱོབ་ས་ཁོངས་ནང་གི་ཨར་སྐྲུན་དངོས་རིགས་དང་བཟོ་བཙུགས་དངོས་པོའི་མཐོ་ཚད་ཚོད་འཛིན་གྱི་ཚད་གཞི་ངོ་བཤུས་བྱས་ནས་དམངས་སྤྱོད་གནམ་ཐང་གནས་སའི་གྲོང་ཁྱེར (ས་གནས )དང་། རྫོང་རིམ་པའི་མི་དམངས་སྲིད་གཞུང་། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་གོང་འཕེལ་བསྒྱུར་བཅོས་དང་། རྒྱལ་ཁབ་ས་ཐོན། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་སོགས་གཙོ་འགན་འཁུར་མཁན་སྡེ་ཚན་ལ་སྐྱེལ་དགོས།

        དོན་ཚན་སོ་ལྔ་པ། གོང་འཕེལ་བསྒྱུར་བཅོས་དང་། རྒྱལ་ཁབ་ས་ཐོན། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་སོགས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་དམངས་སྤྱོད་གནམ་ཐང་གི་བར་མཐོངས་སྲུང་སྐྱོབ་ས་ཁོངས་ནང་གི་འཛུགས་སྐྲུན་རྣམ་གྲངས་ལ་མཆན་འགོད་བྱེད་དགོས་རིགས། ངེས་པར་དུ་ཡིག་ཐོག་ནས་དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པའི་བསམ་འཆར་བསྡུ་ལེན་བྱེད་དགོས། དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པས་ངེས་པར་དུ་བསམ་འཆར་བསྡུ་ཡིག་འབྱོར་རྗེས་ཀྱི་ལས་ཀའི་ཉིན་གྲངས་20ནང་ཡིག་ཐོག་ནས་ལན་འདེབས་དགོས། དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པས་མོས་མཐུན་མེད་པའི་ཡིག་ཐོག་བསམ་འཆར་འདོན་དགོས་རིགས། ངེས་པར་དུ་མོས་མཐུན་མེད་པའི་རྒྱུ་མཚན་གསལ་པོ་འབྲི་དགོས།

        དོན་ཚན་སོ་དྲུག་པ། དམངས་སྤྱོད་གནམ་ཐང་གི་བར་མཐོངས་སྲུང་སྐྱོབ་ས་ཁོངས་ནང་གཤམ་གསལ་གྱི་བྱ་བའི་རིགས་སྤེལ་མི་ཆོག (གཅིག )གནམ་གྲུ་བདེ་འཇགས་ངང་འཕུར་སྐྱོད་བྱེད་རྒྱུར་འགོག་རྐྱེན་བཟོ་བའི་དུ་ཞག་དང་། ཐལ་རྡུལ། རླངས་སྙིགས་སོགས་གློད་པ། (གཉིས ) ཚ་ཁ་ལྟ་ས་དང་འབར་རྫས་མཛོད་ཁང་སོགས་གནམ་གྲུ་བདེ་འཇགས་ངང་འཕུར་སྐྱོད་བྱེད་རྒྱུར་འགོག་རྐྱེན་བཟོ་བའི་ཨར་སྐྲུན་དངོས་རིགས་སམ་ཡང་ན་སྒྲིག་ཆས་གཞན་དག་བཟོ་སྐྲུན་བྱེད་པ། (གསུམ )དམངས་སྤྱོད་གནམ་ཐང་གི་མཁའ་འགྲུལ་མིག་མཐོང་རམ་འདེགས་སྒྲིག་བཀོད་བེད་སྤྱོད་རྒྱུའམ་ཡང་ན་གནམ་གྲུའི་ཁ་ལོ་བའི་མཐོང་རྒྱར་འགོག་རྐྱེན་བཟོ་བའི་གློག་སྒྲོན་དང་། མཚོན་རྟགས། དངོས་པོ་སོགས་བཟོ་སྒྲིག་བྱེད་པ། (བཞི )གནམ་གྲུ་བདེ་འཇགས་ངང་འཕུར་སྐྱོད་བྱེད་རྒྱུར་འགོག་རྐྱེན་བཟོ་བའམ་ཡང་ན་དམངས་སྤྱོད་གནམ་ཐང་གི་འཕུར་ལམ་རམ་འདེགས་སྒྲིག་ཆས་བེད་སྤྱོད་རྒྱུར་འགོག་རྐྱེན་བཟོ་བའི་རྩི་ཤིང་འདེབས་པ། (ལྔ )གནམ་གྲུ་བདེ་འཇགས་ངང་འཕུར་སྐྱོད་བྱེད་རྒྱུར་འགོག་རྐྱེན་བཟོ་བའི་བྱ་རིགས་གློད་པ་དང་། ཁ་ལོ་སྒྱུར་མཁན་མེད་པའི་གར་འགྲོའི་ལྒང་ཕུག་དང་། སྐུད་ཁྲིད་ལྒང་ཕུག དེ་བཞིན་བར་སྣང་མཐོངས་སུ་དངོས་པོ་གཞན་དག་བཅས་གློད་པ། (དྲུག )ཚོན་ལྡན་ཤོག་སྦག་དང་མེ་སྐོང་རྒྱག་པ། (བདུན )དུ་སྤྲིན་མང་པོ་བཟོ་བའི་ཞིང་ལས་ལོ་ཏོག་གི་སོག་མ་དང་གད་སྙིགས་སོགས་དངོས་པོ་མེར་བསྲེག་གཏོང་བ། (བརྒྱད )དམངས་སྤྱོད་གནམ་ཐང་མཐའ་སྐོར་ནས་རྨིད་5ནང་ཁོངས་སུ་ཨར་སྐྲུན་དངོས་རིགས་བཟོ་འཛུགས་བྱེད་པ་དང་ཤིང་སྣ་འདེབས་པ་སོགས་བྱས་ནས་དམངས་སྤྱོད་གནམ་ཐང་བདེ་འཇགས་ངང་ལས་གཉེར་བྱེད་རྒྱུར་འགོག་རྐྱེན་བཟོ་བ། (དགུ )དམངས་སྤྱོད་གནམ་ཐང་མཐའ་སྐོར་ནས་རྨིད་1000ནང་ཁོངས་སུ་དམངས་སྤྱོད་གནམ་ཐང་བདེ་འཇགས་ངང་ལས་གཉེར་བྱེད་རྒྱུར་འགོག་རྐྱེན་བཟོ་བའི་དངོས་པོ་སྔོག་འདོན་དང་ཕུང་གསོག་རྒྱག་པའི་རིགས། (བཅུ ) དམངས་སྤྱོད་གནམ་ཐང་གི་རྒྱུག་ལམ་གཡས་གཡོན་ནས་རྨིད་2000བར་དང་སྣེ་གཉིས་ནས་རྨིད་5000བར་བསྣར་བའི་ས་ཁོངས་ནང་ཐང་སྡེར་གད་སྙིགས་བཤོ་ས་བཟོ་རིགས། (བཅུ ) དམངས་སྤྱོད་གནམ་ཐང་གི་བར་མཐོངས་སྲུང་སྐྱོབ་བྱེད་རྒྱུར་འགོག་རྐྱེན་བཟོ་བའི་བྱ་སྤྱོད་གཞན་དག་བཅས་སོ།

        དོན་ཚན་སོ་བདུན་པ། དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པས་ངེས་པར་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ནགས་ལས་གཙོ་འགན་འཁུར་མཁན་སྡེ་ཚན་དང་དམངས་སྤྱོད་གནམ་ཐང་གནས་སའི་རྫོང་(གྲོང་ཁྱེར་དང་ཆུད )མི་དམངས་སྲིད་གཞུང་གི་ནགས་ལས་དང་ཞིང་འབྲོག་གཙོ་འགན་འཁུར་མཁན་སྡེ་ཚན་དང་མཉམ་དུ་བྱ་རིགས་དང་སྲོག་ཆགས་གཞན་དག་གིས་གནམ་ཐང་ལ་གནོད་འཚེ་ཇི་འདྲ་བཟོ་མིན་ཚོད་སྐོར་བྱེད་དགོས། དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པ་དང་། ནགས་ལས་དང་འབྲོག་ལས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་བྱ་རིགས་ཀྱིས་གནམ་ཐང་ལ་གནོད་འཚེ་ཇི་འདྲ་བཟོ་མིན་ཚོད་སྐོར་བྱས་འབྲས་དང་བྱ་རིགས་ཀྱི་གནོད་འཚེ་འགོག་ཟོན་བྱེད་པའི་གནས་ཚུལ་དངོས་ལ་གཞིགས་ཏེ་བྱ་རིགས་ཀྱིས་གནམ་ཐང་ལ་བཟོ་བའི་གནོད་འཚེ་འགོག་ཟོན་བྱེད་རྒྱུའི་ཇུས་གཞི་བཟོ་དགོས་པ་མ་ཟད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་དགོས།

        དོན་ཚན་སོ་བརྒྱད་པ། དམངས་སྤྱོད་གནམ་ཐང་གནས་སའི་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ནགས་ལས་དང་འབྲོག་ལས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པར་གཞོགས་འདེགས་བྱས་ཏེ་དམངས་སྤྱོད་གནམ་ཐང་གི་བར་མཐོངས་སྲུང་སྐྱོབ་ས་ཁོངས་ནང་གནམ་གྲུ་བདེ་འཇགས་ངང་འཕུར་སྐྱོད་བྱེད་རྒྱུར་འགོག་རྐྱེན་བཟོ་བའི་བྱ་རིགས་ཀྱི་ལྟོ་འཚོལ་ས་དང་། ཆུ་འགོ བྱ་རིགས་བབ་སྡོད་བྱེད་ས་བཅས་བཅོས་སྐྱོང་ནུས་ལྡན་བྱེད་དགོས།

        དོན་ཚན་སོ་དགུ་པ། དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པས་བྱ་རིགས་ཀྱི་ཁྱད་ཆོས་ལ་གཞིགས་ནས་བྱ་རིགས་དཀྲོག་པ་དང་བཀག་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་མཁའ་འགྲུལ་འཕུར་ཆས་བདེ་འཇགས་ངང་འཕུར་སྐྱོད་བྱེད་རྒྱུར་བྱ་རིགས་ཀྱི་གནོད་འཚེ་མི་ཕོག་པ་བྱེད་དགོས། འཕུར་སྐྱོད་བདེ་འཇགས་ལ་བྱ་རིགས་ཀྱིས་གནོད་འཚེ་བཟོ་བའི་ཛ་དྲག་གནས་ཚུལ་འཕྲད་སྐབས། དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པས་རྒྱལ་ཁབ་ཀྱི་རྒྱུ་ནོར་དང་མི་དམངས་ཀྱི་ཚེ་སྲོག་རྒྱུ་ནོར་སྲུང་སྐྱོབ་བྱེད་རྒྱུ་ཨང་དང་པོར་འཇོག་པའི་རྩ་དོན་གཞིར་བཟུང་། ངེས་པར་དུ་འཕྲལ་མར་སྲོག་ཆགས་འཇུ་བཟུང་བྱས་ནས་གནམ་གྲུ་བདེ་འཇགས་ངང་འཕུར་སྐྱོད་ཐུབ་པ་བྱེད་དགོས།

        དོན་ཚན་བཞི་བཅུ་པ། དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པས་ངེས་པར་དུ་སྡེ་ཚན་དམིགས་འཛུགས་བྱས་ནས་བྱ་རིགས་དང་སྲོག་ཆགས་གཞན་དག་གི་གནོད་འཚེ་འགོག་ཟོན་བྱེད་འགན་འཁུར་དུ་འཇུག་དགོས་པ་མ་ཟད། དགོས་ངེས་ཀྱི་སྒྲིག་ཆས་བཟོ་འཛུགས་བྱེད་དགོས།

        དོན་ཚན་ཞེ་གཅིག་པ། དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པས་ངེས་པར་དུ་གནམ་ཐང་གི་ས་ཁོངས་ནང་དུས་བཀག་ཐོག་བྱི་བ་དང་རི་བོང་སོགས་སོ་མི་བརྗེ་བའི་སྲོག་ཆགས་རིགས་རྩ་མེད་བཟོ་བའི་བྱ་ཐབས་སྤྱོད་དགོས།

        དོན་ཚན་ཞེ་གཉིས་པ། གནམ་ཐང་གི་གནམ་གྲུ་འཕུར་སྐྱོད་བྱེད་ས་དང་། མཐའི་ལྕགས་རི། ཐོན་སྒོ ཆུ་འགྲོ་བཅས་ནས་གནམ་ཐང་ཐོག་སྲོག་ཆགས་འཛུལ་ས་མེད་པ་བཟོ་དགོས།

        དོན་ཚན་ཞེ་གསུམ་པ། དམངས་སྤྱོད་གནམ་ཐང་ཐོག་བར་མཐོངས་སྲུང་སྐྱོབ་ས་ཁོངས་ནས་སྒྲོལ་བ་དང་། གནམ་གྲུ་རྒྱུག་ལམ་གྱི་དཀྱིལ་ཐིག་གཡས་གཡོན་ནས་བར་ཐག་རྨིད་10000དང་རྒྱུག་ལམ་སྣེ་མོ་ནས་བར་ཐག་རྨིད་20000བཅས་ཀྱི་ས་ཁོངས་ནང་ས་ངོས་ལས་རྨིད་30ཡིས་མཐོ་བ་མ་ཟད། གནམ་ཐང་གི་ཚད་གཞིའི་མཐོ་ཚད་རྨིད་150ལས་མཐོ་བ་ཡོད་པའི་དངོས་པོའི་རིགས་ལ་དམངས་སྤྱོད་གནམ་ཐང་དོ་དམ་ཚན་པས་ཞིབ་བཤེར་བྱས་ནས་གནམ་གྲུ་འཕུར་སྐྱོད་བདེ་འཇགས་ཡོང་རྒྱུར་འགོག་རྐྱེན་བཟོ་ཉེན་ཡོད་རིགས། དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པས་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་དེའི་ཐོག་རིན་མེད་ཀྱིས་འཕུར་བཀག་གློག་སྒྲོན་དང་མཚོན་རྟགས་བཟོ་དགོས། ནང་གསེས་གོང་མར་བརྗོད་པའི་དངོས་པོ་དེའི་བདག་པོའམ་ཡང་ན་དོ་དམ་པས་ངེས་པར་དུ་དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པར་གཞོགས་འདེགས་བྱས་ནས་འཕུར་བཀག་གློག་སྒྲོན་དང་མཚོན་རྟགས་བཟོ་དགོས་པ་མ་ཟད། བྱ་ཐབས་སྤྱད་ནས་དེ་དག་རྒྱུན་གསལ་གོ་ཆོད་ཐུབ་པ་བྱེད་དགོས།

        དོན་ཚན་ཞེ་བཞི་པ། གནམ་དཔྱད་གཙོ་འགན་འཁུར་མཁན་ཚན་པས་ངེས་པར་དུ་དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པ་དང་གཞོགས་འདེགས་མཉམ་ལས་བྱེད་པའི་ལམ་སྲོལ་བཙུགས་ནས་དམངས་སྤྱོད་གནམ་ཐང་གི་བར་མཐོངས་སྲུང་སྐྱོབ་ས་ཁོངས་སུ་མིའི་བྱེད་ནུས་ཀྱིས་གནམ་གཤིས་ལ་འགྱུར་ལྡོག་གཏོང་བ་དང་། ཐོག་འགོག་གནོད་སེལ། གནམ་དཔྱད་ཚད་ལེན་སོགས་ཀྱི་བྱེད་སྒོ་སྤེལ་སྐབས་ཆ་འཕྲིན་ཐོག་ནས་བརྡ་ཁྱབ་གཏོང་དགོས།

        དོན་ཚན་ཞེ་ལྔ་པ། དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པས་ངེས་པར་དུ་དམངས་སྤྱོད་གནམ་ཐང་གི་བར་མཐོངས་སྲུང་སྐྱོབ་ས་ཁོངས་ལ་དུས་བཀག་ཐོག་སྐོར་ཞིབ་བྱེད་ལམ་བཙུགས་ནས་དམངས་སྤྱོད་གནམ་ཐང་གི་བར་མཐོངས་གནས་ཚུལ་ལ་ཞིབ་བཤེར་བྱེད་དགོས།

        ལེའུ་ལྔ་པ། གནམ་ཐང་གི་གློག་ངར་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུའི་སྐོར།

        དོན་ཚན་ཞེ་དྲུག་པ། སྲོལ་ཡིག་འདིར་འཁོད་པའི་དམངས་སྤྱོད་གནམ་ཐང་གི་གློག་ངར་ཁོར་ཡུག་སྲུང་སྐྱོབ་ས་ཁོངས་ཞེས་པ་ནི་དམངས་སྤྱོད་མཁའ་འགྲུལ་གྱི་སྐུད་མེད་གློག་འཕྲིན་ཁང་(ས་ཚུགས )གི་རྒྱུན་གཏན་ལས་ཀ་འགན་ལེན་ཐུབ་ཕྱིར། རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་རིགས་ཚད་གཞིའམ་ཡང་ན་ལག་རྩལ་ཚད་ལྡན་གྱི་གཏན་འབེབས་གཞིར་བཟུང་དབྱེ་མཚམས་བཅད་ཅིང་། དམངས་སྤྱོད་མཁའ་འགྲུལ་མིན་པར་བེད་སྤྱོད་བྱེད་རྒྱུའི་སྐུད་མེད་གློག་འཕྲིན་དང་སྐུད་མེད་གློག་འཕྲིན་མིན་པའི་སྒྲིག་ཆས་སོགས་ཀྱིས་དམངས་སྤྱོད་མཁའ་འགྲུལ་གྱི་སྐུད་མེད་གློག་འཕྲིན་སྒྲིག་བཀོད་དང་དམངས་སྤྱོད་གནམ་ཐང་གི་འཕུར་སྐྱོད་བྱ་ཁུལ་གྱི་གློག་ངར་ཁོར་ཡུག་ལ་འགོག་རྐྱེན་བཟོ་རིགས་བཀག་འགོག་བྱེད་པའི་ས་ཁོངས་དང་བར་སྣང་མཐོངས་ལ་ཟེར།

        དོན་ཚན་ཞེ་བདུན་པ། སྐུད་མེད་གློག་འཕྲིན་དོ་དམ་ཚན་པས་ངེས་པར་དུ་དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པ་དང་མཉམ་དུ་སྐུད་མེད་གློག་འཕྲིན་དོ་དམ་བྱ་རྒྱུའི་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་ཚད་གཞི་གཞིར་བཟུང་གློག་ངར་ཁོར་ཡུག་སྲུང་སྐྱོབ་ཀྱི་དཔེ་རིས་བཟོ་དགོས་པ་དང་། དམངས་སྤྱོད་གནམ་ཐང་གི་གློག་ངར་ཁོར་ཡུག་སྲུང་སྐྱོབ་ས་ཁོངས་གཏན་འཁེལ་བཟོ་དགོས། དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པས་ངེས་པར་དུ་གློག་ངར་ཁོར་ཡུག་སྲུང་སྐྱོབ་ཀྱི་དཔེ་རིས་དེ་དུས་ཐོག་ཏུ་རང་སྐྱོང་ལྗོངས་སྐུད་མེད་གློག་འཕྲིན་དོ་དམ་ཚན་པར་འབུལ་དགོས་པ་མ་ཟད་གནམ་ཐང་གློག་ངར་ཁོར་ཡུག་སྲུང་སྐྱོབ་ས་ཁོངས་གནས་སའི་གྲོང་ཁྱེར (ས་གནས ) དང་རྫོང་མི་དམངས་སྲིད་གཞུང་ལ་ངོ་བཤུས་འབུལ་དགོས།

        དོན་ཚན་ཞེ་བརྒྱད་པ། དམངས་སྤྱོད་གནམ་ཐང་གི་གློག་ངར་ཁོར་ཡུག་སྲུང་སྐྱོབ་ས་ཁོངས་ནང་དམངས་སྤྱོད་མཁའ་འགྲུལ་ལ་མི་སྤྱོད་པའི་སྐུད་མེད་གློག་འཕྲིན་ཁང་(ས་ཚུགས )དང་དེ་བཞིན་གློག་ངར་ལ་འགོག་རྐྱེན་བཟོ་བའི་སྒྲིག་བཀོད་ཡོ་ཆས་དང་། དཔྱད་ཆས། སྒྲིག་ཆས་བཅས་བཟོ་འཛུགས་དང་བེད་སྤྱོད་བྱེད་དགོས་རིགས་སྐུད་མེད་གློག་འཕྲིན་དོ་དམ་ཚན་པས་ངེས་པར་དུ་དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པའི་བསམ་འཆར་བསྡུ་ལེན་བྱས་རྗེས་རྒྱལ་ཁབ་ཀྱི་སྐུད་མེད་གློག་འཕྲིན་དོ་དམ་སྐོར་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཞིབ་མཆན་སྤྲོད་དགོས།

        དོན་ཚན་ཞེ་དགུ་པ། དམངས་སྤྱོད་གནམ་ཐང་གི་སྐུད་མེད་གློག་འཕྲིན་ཁང་(ས་ཚུགས )གི་གློག་ངར་ཁོར་ཡུག་སྲུང་སྐྱོབ་ས་ཁོངས་ནང་དམངས་སྤྱོད་གནམ་ཐང་གི་གློག་ངར་ཁོར་ཡུག་ལ་འགོག་རྐྱེན་བཟོ་བའི་གཤམ་གསལ་བྱ་བའི་རིགས་སྤེལ་མི་ཆོག (གཅིག )གནམ་ཁྲིད་མཐོ་གནོན་གློག་སྐུད་དང་། གནམ་ཁྲིད་ལྕགས་སྐུད། ལྕགས་ཀ ལྕགས་ལམ། གཞུང་ལམ། གློག་ཤུགས་ཆུ་འདྲེན་ས་ཚུགས་བཅས་བཟོ་འཛུགས་བྱེད་པ་དང་། (གཉིས )ལྕགས་རིགས་དངོས་པོ་ཕུང་གསོག་རྒྱག་པ། (གསུམ )སྐྱེ་དངོས་ཆེ་གྲས་འདེབས་པ། (བཞི )ས་སྔོག་པ་དང་། བྱེ་མ་འདོན་པ། རྡོ་བཤག་པ་སོགས་ས་དབྱིབས་ས་གཤིས་ལ་འགྱུར་ལྡོག་འགྲོ་བའི་བྱེད་སྒོ་སྤེལ་རིགས། (ལྔ )དམངས་སྤྱོད་གནམ་ཐང་གི་གློག་ངར་ཁོར་ཡུག་ལ་འགོག་རྐྱེན་བཟོ་བའི་བྱ་སྤྱོད་གཞན་དག་བཅས་སོ།

        དོན་ཚན་ལྔ་བཅུ་པ། ཚན་པ་དང་མི་སྒེར་སུ་འདྲ་ཞིག་གིས་ཀྱང་སྐུད་མེད་གློག་འཕྲིན་ཁང་དང་། དཔྱད་ཆས། སྒྲིག་ཆས་གཞན་དག་བཅས་བེད་སྤྱོད་བྱེད་སྐབས་དམངས་སྤྱོད་མཁའ་འགྲུལ་གྱི་སྐུད་མེད་གློག་འཕྲིན་གྱི་ཆེད་སྤྱོད་འཕྲིན་ལམ་རྒྱུན་གཏན་བཞིན་སྤྱོད་རྒྱུར་འགོག་རྐྱེན་བཟོ་མི་ཆོག

        དོན་ཚན་ང་གཅིག་པ། དམངས་སྤྱོད་མཁའ་འགྲུལ་གྱི་སྐུད་མེད་གློག་འཕྲིན་ཁང་(ས་ཚུགས )ལ་དམངས་སྤྱོད་མཁའ་འགྲུལ་ལ་མི་སྤྱོད་པའི་སྐུད་མེད་གློག་འཕྲིན་ཁང་(ས་ཚུགས )ཡང་ན་གསལ་ཤེས་མི་ཐུབ་པའི་འགོག་རྐྱེན་བཟོ་རིགས་འཕྲད་སྐབས་དམངས་སྤྱོད་དོ་དམ་ཚན་པས་ངེས་པར་དུ་འཕྲལ་མར་རྩད་བཤེར་བྱ་ཐབས་སྤྱད་དེ་དུས་ཐོག་ཏུ་མེད་པ་བཟོ་དགོས་པ་དང་། འགོག་རྐྱེན་སེལ་མ་ཐུབ་ཚེ་ངེས་པར་དུ་སྐུད་མེད་གློག་འཕྲིན་དོ་དམ་ཚན་པར་བརྡ་གཏོང་དགོས་པ་དང་། སྐུད་མེད་གློག་འཕྲིན་དོ་དམ་ཚན་པས་འགོག་རྐྱེན་ཡོང་ཁུངས་རྩད་བཤེར་བྱས་ཐོག་བྱ་ཐབས་སྤྱད་དེ་འགོག་རྐྱེན་མེད་པ་བཟོ་དགོས།

        དོན་ཚན་ང་གཉིས་པ། དམངས་སྤྱོད་གནམ་ཐང་གི་གློག་ངར་ཁོར་ཡུག་ལ་འགོག་རྐྱེན་ཚབས་ཆེན་འཕྲད་སྐབས་དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པ་དང་སྐུད་མེད་གློག་འཕྲིན་དོ་དམ་ཚན་པ་སོགས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་འཕྲལ་སྡོམ་སྔོན་ཇུས་བཟོས་ཏེ་འཕྲལ་མར་ཁ་གཏད་གཅོག་དགོས།

        དོན་ཚན་ང་གསུམ་པ། སྐུད་མེད་གློག་འཕྲིན་དོ་དམ་ཚན་པ་དང་དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པས་ངེས་པར་དུ་དམངས་སྤྱོད་གནམ་ཐང་གི་གློག་ངར་ཁོར་ཡུག་སྲུང་སྐྱོབ་ས་ཁོངས་དང་དེའི་འཕུར་ལམ་གྱི་སྐུད་མེད་གློག་འཕྲིན་ལ་ལྟ་དཔྱད་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས།

        དོན་ཚན་ང་བཞི་པ། སྐུད་མེད་གློག་འཕྲིན་དོ་དམ་ཚན་པ་དང་དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པས་ངེས་པར་དུ་སྐུད་མེད་གློག་འཕྲིན་གཏོང་སྤེལ་སྒྲིག་བཀོད་དང་སྐུད་མེད་གློག་འཕྲིན་གྱི་གློག་རླབས་ཟེར་འགྱེད་སྒྲིག་བཀོད་དང་སྒྲིག་ཆས་གཞན་དག་ལ་ལྟ་དཔྱད་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས།

        དོན་ཚན་ང་ལྔ་པ། དམངས་སྤྱོད་གནམ་ཐང་དོ་དམ་ཚན་པ་དང་སྐུད་མེད་གློག་འཕྲིན་དོ་དམ་ཚན་པ་མཉམ་དུ་ངེས་པར་དུ་དམངས་སྤྱོད་གནམ་ཐང་གི་གློག་ངར་ཁོར་ཡུག་ལ་ལྟ་དཔྱད་ཚད་ལེན་བྱེད་པའི་ཆ་འཕྲིན་བརྡ་ཁྱབ་གཏོང་ལམ་འཛུགས་དགོས།

        ལེའུ་དྲུག་པ། གནམ་ཐང་གི་སྒྲིག་བཀོད་དང་སྒྲིག་ཆས་སྲུང་སྐྱོབ་བྱེད་རྒྱུའི་སྐོར།

        དོན་ཚན་ང་དྲུག་པ། སྲོལ་ཡིག་ནང་གསལ་གནམ་ཐང་གི་སྒྲིག་བཀོད་དང་སྒྲིག་ཆས་ཞེས་པ་ནི་དམངས་སྤྱོད་གནམ་ཐང་རྒྱུན་གཏན་བཞིན་ལས་གཉེར་བྱེད་རྒྱུར་འགན་ལེན་བྱེད་ཆེད་གནམ་ཐང་ཕྱི་ནང་དུ་བཟོ་འཛུགས་བྱས་པའི་དམངས་སྤྱོད་མཁའ་འགྲུལ་གྱི་བར་སྣང་འགྲིམ་འགྲུལ་དོ་དམ་སྒྲིག་བཀོད་དང་སྒྲིག་ཆས་དང་། མཁའ་འགྲུལ་མིག་མཐོང་རམ་འདེགས་སྒྲིག་བཀོད་དང་སྒྲིག་ཆས། མེ་ཟོན་སྒྲིག་བཀོད་དང་སྒྲིག་ཆས། གནམ་ཐང་གི་སྣུམ་དང་། གློག ཆུ། སོལ་རླངས་སོགས་མཁོ་འདོན་བྱེད་པའི་སྒྲིག་བཀོད་དང་སྒྲིག་ཆས་བཅས་ལ་ཟེར་བ་ཡིན།

        དོན་ཚན་ང་བདུན་པ། དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པས་ངེས་པར་དུ་གནམ་ཐང་གི་སྒྲིག་བཀོད་དང་སྒྲིག་ཆས་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱུན་གཏན་བཞིན་གོ་འཕེར་བེད་སྤྱོད་ཐུབ་པ་བྱེད་དགོས། སྒྲིག་བཀོད་དང་སྒྲིག་ཆས་གལ་ཆེའི་རིགས་ལ་གཏོར་བཤིག་ཕོག་པ་དང་སྐྱོན་ཆག་བྱུང་རིགས་ངེས་པར་དུ་ས་གནས་དེ་གའི་སྤྱི་བདེ་ཚན་པར་དུས་ཐོག་ཏུ་སྙན་སེང་ཞུ་དགོས།

        དོན་ཚན་ང་བརྒྱད་པ། གནམ་ཐང་གི་སྒྲིག་བཀོད་དང་སྒྲིག་ཆས་ཡོད་སའི་རྫོང་(གྲོང་ཁྱེར་དང་ཆུད )དང་། ཤང་(གྲོང་རྡལ )མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྒྲིག་བཀོད་དང་སྒྲིག་ཆས་བེད་སྤྱོད་བྱེད་མཁན་ཚན་པར་གཞོགས་འདེགས་བྱས་ནས་སྐོར་ཞིབ་སྲུང་སྐྱོབ་དང་ཕྲལ་བཟོའི་ལས་དོན་ཡག་པོ་སྒྲུབ་དགོས།

        དོན་ཚན་ང་དགུ་པ། དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པས་ལྟ་སྲུང་བྱེད་མཁན་མེད་པའི་དམངས་སྤྱོད་མཁའ་འགྲུལ་ལས་སྟེགས (ལས་ཚུགས )དེ་ས་གནས་དེ་གའི་རྫོང་(གྲོང་ཁྱེར་དང་ཆུད )དང་། ཤང་(གྲོང་རྡལ )མི་དམངས་སྲིད་གཞུང་ངམ་ཡང་ན་མི་སྒེར་ལ་སྲུང་སྐྱོབ་བྱེད་རྒྱུའི་མངགས་བཅོལ་བྱས་ན་འགྲིག་པ་མ་ཟད། སྲུང་སྐྱོབ་གྲོས་མཐུན་འཇོག་དགོས།

        དོན་ཚན་དྲུག་ཅུ་པ། ཚན་པའམ་མི་སྒེར་སུ་འདྲ་ཞིག་གིས་ཀྱང་གནམ་ཐང་གི་སྒྲིག་བཀོད་དང་སྒྲིག་ཆས་ལ་གནོད་སྐྱོན་གཏོང་བའི་གཤམ་གསལ་གྱི་བྱ་སྤྱོད་རིགས་སྤེལ་མི་ཆོག (གཅིག )འཕྲིན་གཏོང་ཕྱོགས་སྟོན་དང་། གནམ་དཔྱད། འཕུར་ལམ་གསལ་སྒྲོན། སྣུམ་མཛོད་སོགས་ཀྱི་ནང་རང་འཚམ་གྱིས་འཛུལ་བ་དང་། (གཉིས )འཕྲིན་གཏོང་ཕྱོགས་སྟོན་དང་། གནམ་དཔྱད། འཕུར་ལམ་གསལ་སྒྲོན། སྣུམ་བླུག་སོགས་ཀྱི་སྒྲིག་ཆས་རང་འཚམ་གྱིས་སྤོ་བའམ་ཡང་ན་གཏོར་སྐྱོན་གཏོང་རིགས། (གསུམ )ཁྲིམས་འགལ་གྱི་སྒོ་ནས་གནམ་ཐང་གི་སྒྲིག་བཀོད་དང་སྒྲིག་ཆས་བདག་བཟུང་དང་། ཚོད་འཛིན། བེད་སྤྱོད། ཕྲལ་བཤིག་སོགས་བྱེད་རིགས། (བཞི )ཆེད་སྤྱོད་སྣུམ་མདོང་ལ་གནོད་སྐྱོན་གཏོང་རིགས། (ལྔ )མཚོན་རྟགས་སམ་ཡང་ན་བརྡ་བྱང་སྤོ་བ་དང་གཏོར་སྐྱོན་གཏོང་རིགས། (དྲུག )གནམ་ཐང་གི་མཐའ་བཅད་སྒྲིག་བཀོད་དང་། ཉེན་ཟོན། མེ་ཟོན་སོགས་ཀྱི་སྒྲིག་ཆས་ཐོག་འཛེགས་པ (འཛུལ་བ )དང་གཏོར་སྐྱོན་གཏོང་རིགས། (བདུན )དོང་ཁེབས་སོགས་གཞུང་ལམ་གྱི་ཞོར་གཏོགས་སྒྲིག་ཆས་སྤོ་སྒྱུར་དང་གཏོར་སྐྱོན་གཏོང་རིགས། (བརྒྱད )གནམ་ཐང་གི་སྒྲིག་བཀོད་དང་སྒྲིག་ཆས་ལ་གཏོར་སྐྱོན་གཏོང་བའི་བྱ་སྤྱོད་གཞན་དག་བཅས་སོ།

        དོན་ཚན་རེ་གཅིག་པ། ཚན་པ་དང་མི་སྒེར་སུ་འདྲ་ཞིག་གིས་ཀྱང་འཛུགས་སྐྲུན་དང་ཨར་ལས་བྱེད་སྒོས་རྐྱེན་པས་གནམ་ཐང་གི་སྒྲིག་ཆས་ལ་གཏོར་སྐྱོན་གཏོང་རིགས་མི་ཆོག་ལ། ཨར་སྐྲུན་ཚན་པས་ངེས་པར་དུ་བྱ་ཐབས་སྤྱད་དེ་གནམ་ཐང་གི་སྒྲིག་བཀོད་དང་སྒྲིག་ཆས་ལ་གཏོར་སྐྱོན་མི་ཕོག་པའི་འགན་ལེན་བྱེད་དགོས།

        ལེའུ་བདུན་པ། སྤྱི་པའི་སྒྲིག་ལམ་དོ་དམ་བྱེད་རྒྱུའི་སྐོར།

        དོན་ཚན་རེ་གཉིས་པ། གནམ་ཐང་ནང་གཤམ་གསལ་སྤྱི་པའི་སྒྲིག་ལམ་དཀྲུག་པའམ་སྤྱི་པའི་སྒྲིག་ལམ་ལ་འགོག་རྐྱེན་བཟོ་བའི་རིགས་བྱེད་མི་ཆོག (གཅིག )འཛུལ་ཞུགས་མི་ཆོག་པའི་བཀའ་གསལ་པོ་བཏང་བའི་ས་ཁོངས་སུ་བཙན་ཤེད་ཀྱིས་འགྲོ་བ། (གཉིས )མཁའ་འགྲུལ་འཕྲུལ་ཆས་ཐོག་བཙན་ཤེད་ཀྱིས་འཛེགས་པ་དང་བདག་བཟུང་བྱེད་རིགས། (གསུམ )བདེ་ཞིབ་བགྲོད་ལམ་མམ་ཡང་ན་གནམ་གྲུར་འཛུལ་སའི་བགྲོད་ལམ་ལ་འུར་འཆོང་བྱེད་པ་དང་བགྲོད་ལམ་བཀག་པ། (བཞི )ཉེན་བརྡ་རྫུན་མ་བཏང་ནས་ཟང་ཟིང་བཟོ་རིགས། (ལྔ )མཚོན་རྟགས་དང་། བརྡ་བྱང་། དེ་བཞིན་གློག་རྡུལ་མངོན་ཆས་སོགས་ཁྲིད་སྟོན་མཚོན་རྟགས་གཏོར་སྐྱོན་གཏོང་རིགས། (དྲུག )འགྲུལ་པ་དང་ཟོག་བདག་ལ་བཙན་ཤེད་ཀྱིས་ཞབས་ཞུ་དང་ལེན་བྱེད་འཇུག་རིགས། (བདུན )དངོས་ཟོག་འཚོང་རིགས། (བརྒྱད )ཕྱི་ལོགས་སུ་ཉལ་བ་དང་སློང་མོ་རྒྱག་པ། (དགུ )གནམ་ཐང་གི་སྤྱི་པའི་སྒྲིག་ལམ་དཀྲུག་པའམ་ཡང་ན་འགོག་རྐྱེན་བཟོ་བའི་བྱ་སྤྱོད་གཞན་དག་བཅས་སོ།

        དོན་ཚན་རེ་གསུམ་པ། གནམ་ཐང་ནང་གཤམ་གསལ་བྱེད་སྒོ་སྤེལ་དགོས་རིགས་ངེས་པར་དུ་དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པ་ནས་ཆོག་མཆན་ཐོབ་དགོས་པ་མ་ཟད། འབྲེལ་ཡོད་འགྲོ་ལུགས་སྒྲུབ་དགོས། (གཅིག )བརྡ་ཁྱབ་དང་དྲིལ་བསྒྲགས་དངོས་རིགས་འགྲེམས་པ་དང་། (གཉིས )འགྲེམས་སྟོན་དང་། དྲི་ལེན་བརྟག་དཔྱད། བློ་འདྲི། རིག་གནས་རོལ་རྩེད། ལུས་རྩལ་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱེད་པ། (གསུམ )འགྲེམས་ཚོང་དང་ཅ་དངོས་བྲིན་ཚོང་བྱེད་པ། (བཞི )ཟས་ཁྲོམ་འདོན་པ། (ལྔ )ཞལ་འདེབས་སློང་བའི་བྱེད་སྒོ་གཉེར་བ། (དྲུག )གློག་བཪྙན་དང་བཪྙན་འཕྲིན་པར་ལེན་བྱེད་པ། (བདུན )ངེས་པར་དུ་དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པ་ནས་ཆོག་མཆན་ཐོབ་དགོས་པའི་བྱེད་སྒོ་གཞན་དག་བཅས་སོ།

        དོན་ཚན་རེ་བཞི་པ། གནམ་ཐང་ནང་འཁོར་རིགས་གཏོང་སྐྱོད་བྱེད་དགོས་རིགས་ངེས་པར་དུ་དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པའི་དོ་དམ་ལ་སྲུང་བརྩི་ཞུ་དགོས་པ་དང་། གནམ་ཐང་དོ་དམ་གྱི་སྒྲིག་ལམ་ལ་སྲུང་བརྩི་ཞུས་ནས་གཏན་འབེབས་བྱས་པའི་ས་ཐོག་དང་སྒྲིག་སྲོལ་གཞིར་བཟུང་འཁོར་རིགས་གཏོང་བའམ་ཡང་ན་འཇོག་དགོས།

        དོན་ཚན་རེ་ལྔ་པ། གནམ་ཐང་ནང་རང་འཚམ་གྱིས་འགྲོ་ལམ་བཟུང་བ་དང་། ལམ་འདྲུ་བ། སྒོ་འདོན་པ། གནས་སྐབས་ཀྱི་འཛུགས་སྐྲུན་དངོས་རིགས་སམ་བཟོ་སྐྲུན་དངོས་རིགས་འཛུགས་པ། མེ་ལས་བྱེད་པ། ལམ་ཐོག་ཏུ་འགག་འཛུགས་པ་སོགས་བྱེད་མི་ཆོག་པ་དང་། གནམ་ཐང་ནང་གནས་སྐབས་འགྲོ་ལམ་བཟུང་དགོས་པའམ་ཡང་ན་འདྲུ་དགོས་རིགས་ངེས་པར་དུ་དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པའི་མོས་མཐུན་ཐོབ་དགོས།

        དོན་ཚན་རེ་དྲུག་པ། གནམ་ཐང་ནང་ལས་གྲྭ་འཛུགས་དགོས་རིགས་འཛུགས་སྐྲུན་ཚན་པ་དང་ཨར་ལས་ཚན་པས་ངེས་པར་དུ་ཨར་ལས་བྱེད་སའི་མཐའ་འཁོར་དུ་གཅིག་གྱུར་ཚད་གཞི་དང་མཐུན་པའི་གྱང་དང་སྐྱོར་ར་སྐོང་དགོས་པ་དང་འབྲེལ། མངོན་གསལ་དོད་པའི་ལས་གྲྭའི་མཚོན་རྟགས་དང་བདེ་སྲུང་ཉེན་ཟོན་མཚོན་རྟགས་འཛུགས་དགོས།

        ལེའུ་བརྒྱད་པ། ཁྲིམས་ལུགས་ཀྱི་འགན་འཁྲིའི་སྐོར།

        དོན་ཚན་རེ་བདུན་པ། སྲོལ་ཡིག་འདིའི་དོན་ཚན་སོ་དྲུག་པའི་ནང་གསེས (དང་པོ )དང་། ནང་གསེས (གཉིས་པ )ནང་གསེས (གསུམ་པ ) ནང་གསེས (བཞི་པ ) ནང་གསེས (ལྔ་པ ) ནང་གསེས (དྲུག་པ ) ནང་གསེས (བདུན་པ ) ནང་གསེས (བརྒྱད་པ ) ནང་གསེས (དགུ་པ )བཅས་ཀྱི་གཏན་འབེབས་ལས་འགལ་ཚེ། དམངས་སྤྱོད་གནམ་ཐང་གནས་སའི་རྫོང་(གྲོང་ཁྱེར་དང་ཆུད )མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་དེར་ཡོ་བསྲང་བྱེད་དགོས་པའི་བཀོད་པ་གཏོང་དགོས་པ་དང་། གནས་ཚུལ་ཚབས་ཆེ་རིགས་ལ་དངུལ་ཆད་སྒོར་ཁྲི་2ནས་སྒོར་ཁྲི་8བར་གཅོད་དགོས།

        དོན་ཚན་རེ་བརྒྱད་པ། སྲོལ་ཡིག་འདིའི་དོན་ཚན་ཉེར་དགུ་པ་དང་སོ་དྲུག་པའི་ནང་གསེས (བཅུ་པའི )གཏན་འབེབས་ལས་འགལ་ཚེ། དམངས་སྤྱོད་གནམ་ཐང་གནས་སའི་རྫོང་(གྲོང་ཁྱེར་དང་ཆུད )མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་དེར་ཡོ་བསྲང་བྱེད་དགོས་པའི་བཀོད་པ་གཏོང་དགོས་པ་མ་ཟད། དངུལ་ཆད་སྒོར་1000ནས་སྒོར་ཁྲི་1བར་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་རིགས་ལ་དངུལ་ཆད་སྒོར་ཁྲི་2ནས་སྒོར་ཁྲི་5བར་གཅོད་དགོས།

        དོན་ཚན་རེ་དགུ་པ། སྲོལ་ཡིག་འདིའི་དོན་ཚན་ཞེ་དགུ་པའི་གཏན་འབེབས་ལས་འགལ་ཚེ། དམངས་སྤྱོད་གནམ་ཐང་གནས་སའི་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་དེར་ཡོ་བསྲང་བྱེད་དགོས་པའི་བཀོད་པ་གཏོང་དགོས་པ་དང་། གནས་ཚུལ་ཚབས་ཆེ་རིགས་ལ་དངུལ་ཆད་སྒོར་ཁྲི་2ནས་སྒོར་ཁྲི་8བར་གཅོད་དགོས།

        དོན་ཚན་བདུན་ཅུ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་འཛུགས་སྐྲུན་དང་ཨར་ལས་བྱེད་སྐབས་དམངས་སྤྱོད་མཁའ་འགྲུལ་སྒྲིག་བཀོད་དང་སྒྲིག་ཆས་ལ་སྐྱོན་ཆག་བཏང་ཚེ། དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པས་དེར་ཡོ་བསྲང་བྱེད་དགོས་པའི་བཀོད་པ་གཏོང་དགོས་པ་མ་ཟད། དངུལ་ཆད་སྒོར་ཁྲི་1ནས་སྒོར་ཁྲི་5བར་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་རིགས་ལ་དངུལ་ཆད་སྒོར་ཁྲི་5ནས་སྒོར་ཁྲི་8བར་གཅོད་དགོས།

        དོན་ཚན་དོན་གཅིག་པ། སྲོལ་ཡིག་འདིའི་དོན་ཚན་རེ་གསུམ་པའི་གཏན་འབེབས་ལས་འགལ་ཚེ། དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པས་དེར་ཡོ་བསྲང་བྱེད་དགོས་པའི་བཀོད་པ་གཏོང་དགོས་པ་དང་། གནས་ཚུལ་ཚབས་ཆེ་རིགས་ལ་དངུལ་ཆད་སྒོར་1000ནས་སྒོར་ཁྲི་1བར་གཅོད་རྒྱུ།

        དོན་ཚན་དོན་གཉིས་པ། དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པ་སོགས་འབྲེལ་ཡོད་གཙོ་འགན་འཁུར་མཁན་སྡེ་ཚན་གྱི་ལས་བྱས་སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་དམངས་སྤྱོད་གནམ་ཐང་སྲུང་སྐྱོབ་བྱེད་པའི་ལས་དོན་ནང་འགན་དབང་གང་བྱུང་སྤྱོད་པ་དང་། ཉེར་སྐྱོར་ཕྱོགས་ལྷུང་བྱེད་པ། རང་འགན་ཟོལ་འཇོག་བཅས་བྱེད་རིགས་ལ་ངེས་པར་དུ་ཁྲིམས་ལུགས་གཞིར་བཟུང་སྲིད་འཛིན་ཆད་པ་གཅོད་དགོས།

        དོན་ཚན་དོན་གསུམ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བའི་བྱ་སྤྱོད་གཞན་དག་རིགས་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞན་པའི་ནང་ཆད་པ་དང་ཉེས་ཆད་གཏོང་རྒྱུའི་གཏན་འབེབས་ཡོད་རིགས་དེ་བཞིན་ལག་བསྟར་བྱེད་དགོས།

        ལེའུ་དགུ་པ། ཞར་བྱུང་།

        དོན་ཚན་དོན་བཞི་པ། དམག་དམངས་མཉམ་སྤྱོད་གནམ་ཐང་གི་དམངས་སྤྱོད་ཀྱི་ཆ་རྣམས་སྲུང་སྐྱོབ་བྱེད་རྒྱུའི་ཐད་སྲོལ་ཡིག་འདིའི་གཏན་འབེབས་ལག་བསྟར་བྱེད་དགོས་པ་ཕུད་ད་དུང་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་ལའང་བརྩི་སྲུང་ཞུ་དགོས།

        དོན་ཚན་དོན་ལྔ་པ། སྲོལ་ཡིག་འདི་2011ལོའི་ཟླ་3ཚེས་1ཉིན་ནས་ལག་བསྟར་བྱེད་རྒྱུ།

        (ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་དྲུང་ཡིག་ཁྲུའུ་ཡིས་མཁོ་འདོན་བྱས་པ་གཞིར་བཟུང )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།