དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • ཕྱོགས་མིར་ཞབས་ཞུ་དང་དོ་དམ་བྱེད་ཕྱོགས་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

        〔2010〕ལོའི་ཡིག་ཨང་15པ།

        《ཕྱོགས་མིར་ཞབས་ཞུ་དང་དོ་དམ་བྱེད་ཕྱོགས་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག 》དེ་2010ལོའི་ཟླ་11ཚེས་26ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ཨུད་ཀྱི་ཚོགས་འདུ་ཐེངས་བཅུ་དགུ་པའི་ཐོག་གྲོས་འཆམ་བྱུང་དོན་བཞིན་2011ལོའི་ཟླ་3ཚེས་1ཉིན་ནས་ལག་བསྟར་བྱེད་རྒྱུ་ཡིན་པ་ད་ལྟ་ཆེད་དུ་སྤྱི་བསྒྲགས་བྱེད་རྒྱུ་ཡིན།

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

        2010ལོའི་ཟླ་11ཚེས་26ལ།

        ལེའུ་དང་པོ། སྤྱིའི་རྩ་འཛིན།

        དོན་ཚན་དང་པོ། ཕྱོགས་མིར་ཞབས་ཞུ་དང་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་དང་། ཕྱོགས་མིའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་རྒྱུ། སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ། དཔལ་འབྱོར་དང་སྤྱི་ཚོགས་ཞི་མཐུན་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཕྱིར་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྲོལ་ཡིག་འདི་བཟོས་པ་ཡིན།

        དོན་ཚན་གཉིས་པ། སྲོལ་ཡིག་ནང་གསལ་ཕྱོགས་མི་ཞེས་པ་ནི་ཐེམ་ཐོ་ཡོད་ས་ནས་ཁ་བྲལ་ཏེ་འདི་ག་རང་སྐྱོང་ལྗོངས་ཀྱི་ས་ཁོངས་སུ་ཡོང་མཁན་དང་འདི་ག་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་རྫོང་རིམ་ཡན་གྱི་སྲིད་འཛིན་ས་ཁོངས་ལས་གྲོལ་ནས་གནས་སྡོད་བྱེད་མིར་ཟེར་བ་ཡིན།

        དོན་ཚན་གསུམ་པ། ཕྱོགས་མིར་ཞབས་ཞུ་དང་དོ་དམ་བྱེད་པའི་ཐད་ལྟ་སྟངས་གཅིག་མཚུངས་དང་། ཞབས་ཞུ་ལེགས་པ། ཁྲིད་སྟོན་ལུགས་མཐུན། དོ་དམ་ཚགས་ཚུད་བཅས་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱེད་རྒྱུ།

        དོན་ཚན་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་འདི་ག་སྲིད་འཛིན་ས་ཁོངས་ནང་གི་ཕྱོགས་མིའི་ཞབས་ཞུ་དང་དོ་དམ་ལས་ཀའི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ཐོག་ཕྱོགས་མིའི་ཞབས་ཞུའི་དོ་དམ་ལས་ཀ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་ནང་བཅུག་སྟེ་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་མཚུངས་ཅན་དུ་རིམ་པས་འགྱུར་བ་བྱེད་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཕྱོགས་མིའི་ཞབས་ཞུ་དང་དོ་དམ་ལས་ཀར་མཁོ་བའི་གྲོན་དངུལ་རྣམས་རིམ་པ་གཅིག་མཚུངས་ཀྱི་ལོ་མཇུག་ནོར་སྲིད་སྔོན་རྩིས་ཁོངས་སུ་འཇུག་རྒྱུ།

        དོན་ཚན་ལྔ་པ། རྫོང་རིམ་ཡན་གྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་སྡེ་ཚན་ནས་ཕྱོགས་མིར་ཞབས་ཞུ་དང་དོ་དམ་ལས་ཀ་སྤེལ་རྒྱུའི་སྒྲིག་འཛུགས་དང་། མཐུན་སྦྱོར། མཛུབ་ཁྲིད། ལྟ་སྐུལ་བཅས་བྱེད་དགོས།

        དོན་ཚན་དྲུག་པ། སྤྱི་བདེ་ལས་ཁུངས་ཀྱིས་ཕྱོགས་མིའི་བདེ་འཇགས་དོ་དམ་དང་དེ་བཞིན་འབྲེལ་ཡོད་ཞབས་ཞུའི་ལས་ཀ་བསྒྲུབ་རྒྱུའི་འགན་འཁུར་དགོས།

        དོན་ཚན་བདུན་པ། ཤང་(གྲོང་བརྡལ )མི་དམངས་སྲིད་གཞུང་དང་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡིས་ངེས་པར་དུ་ལས་ཀའི་འགན་འཁྲི་གཞིར་བཟུང་སོ་སོའི་ས་ཁོངས་ནང་གི་ཕྱོགས་མིར་ཞབས་ཞུ་དང་དོ་དམ་བྱེད་པའི་ལས་ཀ་སྤེལ་དགོས།

        དོན་ཚན་བརྒྱད་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་ཕྱོགས་མིའི་ཞབས་ཞུ་དང་དོ་དམ་ལས་ཀ་སྤེལ་དགོས། བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མི་དམངས་ཚོགས་པས་རང་སོ་སོའི་འགན་འཁྲི་ལྟར་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་ཀྱིས་ཕྱོགས་མིའི་ཞབས་ཞུ་དང་དོ་དམ་ལས་ཀ་སྤེལ་དགོས།

        དོན་ཚན་དགུ་པ། ཡུལ་མི (གྲོང་མི )ཨུ་ཡོན་ལྷན་ཁང་སོགས་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་ཀྱིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་ཕྱོགས་མིར་ཞབས་ཞུ་དང་དོ་དམ་ལས་ཀ་སྤེལ་དགོས།

        དོན་ཚན་བཅུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ད་ཡོད་ཀྱི་གཞི་རིམ་དོ་དམ་མི་སྣ་སྒྲིལ་སྤྱོད་བྱས་ཏེ་གཞི་རིམ་གྱི་ཕྱོགས་མིར་ཞབས་ཞུ་དང་དོ་དམ་བྱེད་པའི་སྟོབས་ཤུགས་ཆེ་རུ་གཏོང་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་དགོས་མཁོར་གཞིགས་ནས་ཕྱོགས་མིའི་དོ་དམ་རམ་འདེགས་པ་གདན་ཞུ་བྱེད་དགོས། ཕྱོགས་མིའི་དོ་དམ་རམ་འདེགས་པའི་མི་གྲངས་དང་། གདན་ཞུའི་ཆ་རྐྱེན། གདན་ཞུའི་གོ་རིམ། དེ་བཞིན་ལས་ཀའི་འགན་འཁྲི་དང་དོ་དམ་བྱ་ཐབས་བཅས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་བཟོ་རྒྱུ།

        དོན་ཚན་བཅུ་གཅིག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཕྱོགས་མིའི་ཞབས་ཞུ་དང་དོ་དམ་ལས་ཀའི་དགོས་མཁོ་དང་ཟུང་འབྲེལ་གྱིས་ད་ཡོད་ཀྱི་ཕྱོགས་མིའི་ཆ་འཕྲིན་མ་ལག་གི་རྨང་གཞིའི་ཐོག་ཕྱོགས་མིའི་ཕྱོགས་བསྡུས་ཆ་འཕྲིན་མ་ལག་གི་ལས་སྟེགས་རྒྱ་ཆེར་གཏོང་བ་དང་འཐུས་ཚང་དུ་བཏང་ཐོག་རིམ་པས་ཐོན་ཁུངས་སྒྲིལ་སྤྱོད་དང་ཆ་འཕྲིན་མཉམ་སྤྱོད་ཐུབ་པ་བྱེད་དགོས། དོན་ཚན་བཅུ་གཉིས་པ། ཕྱོགས་མིའི་ཁྲིམས་མཐུན་ཁེ་དབང་ལ་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་པས་ཚན་པ་དང་མི་སྒེར་སུ་འདྲ་ཞིག་གིས་ཀྱང་བཙན་གནོད་བྱེད་མི་རུང་།

        དོན་ཚན་བཅུ་གསུམ་པ། ཕྱོགས་མིས་ངེས་པར་དུ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་སྲུང་བརྩི་ཞུ་དགོས་པ་དང་། ས་ཁུལ་དེ་གའི་མི་རིགས་ཀྱི་ཡུལ་གོམས་གཤིས་ལུགས་ལ་བརྩི་བཀུར་དང་སྤྱི་ཚོགས་ཀྱི་སྤྱི་པའི་སྤྱོད་བཟང་ལ་སྲུང་བརྩི་ཞུས་ནས་རང་རྟོགས་ངང་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་དགོས།

        དོན་ཚན་བཅུ་བཞི་པ། རིམ་ཁག་མི་དམངས་སྲིད་གཞུང་ངམ་ཡང་ན་འབྲེལ་ཡོད་སྡེ་ཚན་གྱིས་ཕྱོགས་མིར་ཞབས་ཞུ་དང་དོ་དམ་བྱེད་པའི་ལས་ཀའི་ནང་གྲུབ་འབྲས་མངོན་གསལ་དོད་པོ་འཇོག་མཁན་ཚན་པ་དང་། མི་སྒེར། དེ་བཞིན་ས་ཁུལ་དེ་གའི་སྤྱི་ཚོགས་བརྟན་ལྷིང་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་བའི་ནང་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་ཕྱོགས་མིར་གཟེངས་བསྟོད་དང་བྱ་དགའ་སྤྲོད་རྒྱུ།

        ལེའུ་གཉིས་པ། ཁེ་དབང་འགན་སྲུང་དང་ཞབས་ཞུའི་སྐོར།

        དོན་ཚན་བཅོ་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཕྱོགས་མིའི་ཁེ་དབང་འགན་སྲུང་བྱེད་པའི་ལམ་སྲོལ་དང་སྤྱི་པའི་ཞབས་ཞུའི་སྒྲིག་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་བཟོ་རྒྱུ་དང་། སྤྱི་སྤྱོད་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུ། དེ་བཞིན་ངལ་རྩོལ་ལས་ཞུགས་དང་། ལས་རིགས་སྦྱོང་བརྡར། སྤྱི་ཚོགས་འགན་བཅོལ། འོས་འགན་སློབ་གསོ། ནད་གཞི་སྔོན་འགོག་ཚོད་འཛིན། བུད་མེད་དང་ཕྲུ་གུའི་བདེ་སྲུང་། འཆར་ལྡན་བུ་བཙའ་སོགས་སྤྱི་པའི་སྲིད་ཇུས་བཟོ་རྒྱུའི་ཐད་ཕྱོགས་མིའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་དགོས།

        དོན་ཚན་བཅུ་དྲུག་པ། མི་རྒྱུན་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་ཕྱོགས་མིའི་མི་རྒྱུན་ཐོན་ཁུངས་དོ་དམ་དང་ལས་ཞུགས། སྤྱི་ཚོགས་འགན་བཅོལ་གྱི་ཞབས་ཞུར་ཤུགས་སྣོན་བརྒྱབ་སྟེ་ལས་ཤོར་ཐོ་འགོད་དང་། ལས་ཞུགས་སྦྱོང་བརྡར། ལས་རིགས་ཀྱི་མཛུབ་ཁྲིད་དང་ལས་རིགས་ངོ་སྤྲོད། ལས་རིགས (ལས་གཉེར )ཀྱི་ཐོབ་ཐང་རྒྱུགས་ལེན། ཆེད་ལས་ལག་རྩལ་གྱི་གོ་མིང་དཔྱད་ཞིབ། ལས་རིགས་རྩལ་ནུས་དཔྱད་འདོམས། དེ་བཞིན་སྤྱི་ཚོགས་འགན་བཅོལ་ཐོ་འགོད་དང་། གྲོན་དངུལ་འཇལ་སྤྲོད་སྙན་ཞུ། ཐོབ་ཆ་སྤྲོད་པ། རྒན་གསོའི་འགན་བཅོལ་འབྲེལ་བ་སྤོ་སྒྱུར་རྒྱུན་མཐུད་བྱེད་རྒྱུ་སོགས་ཀྱི་ཞབས་ཞུ་སྒྲུབ་དགོས།

        དོན་ཚན་བཅུ་བདུན་པ། སློབ་གསོ་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་ཕྱོགས་མིའི་སློབ་གསོ་སྤེལ་རྒྱུ་དེ་སློབ་གསོའི་བྱ་གཞག་གོང་འཕེལ་གཏོང་རྒྱུའི་སྤྱིའི་འཆར་འགོད་ནང་འཇུག་དགོས། སློབ་གསོ་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་ཕྱོགས་མིའི་ཁྲོད་ཀྱི་སློབ་ལོ་ལོན་པའི་བྱིས་པར་སློབ་གསོ་དོ་དམ་ལས་ཀ་སྤེལ་རྒྱུར་ཤུགས་སྣོན་བརྒྱབ་ནས་བཀོད་སྒྲིག་ལུགས་མཐུན་དང་ཉེ་སར་སློབ་ཞུགས་ཀྱི་རྩ་དོན་གཞིར་བཟུང་སློབ་གྲྭ་འབྲིང་ཆུང་གིས་ཕྱོགས་མིའི་བུ་ཕྲུག་སློབ་གྲྭར་ཞུགས་རྒྱུའི་ལས་ཀ་ཡག་པོ་བྱེད་རྒྱུར་མཛུབ་ཁྲིད་དང་སྐུལ་འདེད་བཏང་སྟེ་ཕྱོགས་མིའི་བུ་ཕྲུག་ལ་འོས་འགན་སློབ་གསོ་འདྲ་མཉམ་སྤྱོད་རྒྱུ་ཡོད་པའི་དབང་ཆ་འགན་ལེན་ཐུབ་པ་བྱེད་དགོས།

        འདི་ག་རང་སྐྱོང་ལྗོངས་ནང་ཁོངས་ཀྱི་ཞིང་འབྲོག་པའི་ཕྱོགས་མི་གནས་སྡོད་བྱེད་སར་རང་སྐྱོང་ལྗོངས་ཀྱི་དུས་རིམ་ཁག་གི་སློབ་གསོའི་གཟིགས་སྐྱོང་སྲིད་ཇུས་འདྲ་མཉམ་སྤྱོད་རྒྱུ་ཡོད་པ་བྱེད་དགོས།

        དོན་ཚན་བཅོ་བརྒྱད་པ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་ཕྱོགས་མིའི་གཞི་རྩའི་སྡོད་ཁང་འགན་སྲུང་བྱེད་རྒྱུ་དེ་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་འཆར་འགོད་ནང་བཅུག་སྟེ་སྡོད་ཁང་དོ་དམ་མ་ལག་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་དགོས། དོན་ཚན་བཅུ་དགུ་པ། མི་འབོར་དང་འཆར་ལྡན་བུ་བཙའི་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཁྲིམས་ལུགས་གཞིར་བཟུང་ཕྱོགས་མིའི་མི་འབོར་ནང་གི་བུ་བཙའི་ན་ཚོད་ལ་སླེབས་པའི་བུད་མེད་ལ་ད་ལྟ་སྡོད་སའི་ཐེམ་ཐོ་ཡོད་པའི་མི་དང་ཐོབ་ཐང་གཅིག་མཚུངས་ཀྱི་འཆར་ལྡན་བུ་བཙའི་ཞབས་ཞུ་མཁོ་འདོན་བྱེད་དགོས།

        དོན་ཚན་ཉི་ཤུ་པ། འཕྲོད་བསྟེན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་ཕྱོགས་མིའི་བདེ་ཐང་གི་སློབ་གསོ་དང་། ཚབས་ཆེའི་ནད་གཞི་དང་ཚབས་ཆེའི་འགོས་ནད་ཀྱི་འགོག་བཅོས་ལས་དོན་སྤེལ་ནས་ཕྱོགས་མིར་གཞི་རྩའི་སྨན་བཅོས་ཀྱི་ཞབས་ཞུ་དང་། ནད་གཞི་སྔོན་འགོག་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་མཁོ་འདོན་བྱེད་དགོས།

        དོན་ཚན་ཉེར་གཅིག་པ། བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་ཁྲིམས་ལུགས་གཞིར་བཟུང་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོ་སྤེལ་མཁན་ཕྱོགས་མིར་དེབ་སྐྱེལ་ཐོ་འགོད་བྱེད་པ་དང་འབྲེལ་ལྟ་སྐུལ་དོ་དམ་བྱས་ནས་ཕྱོགས་མིས་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོ་སྤེལ་བའི་ནང་གི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལུགས་གཞིར་བཟུང་སྲུང་སྐྱོང་བྱེད་དགོས།

        དོན་ཚན་ཉེར་གཉིས་པ། སྤྱི་བདེ་ལས་ཁུངས་ཀྱིས་ངེས་པར་དུ་གནས་སྡོད་ལག་ཁྱེར་ཞུ་མཁན་ཕྱོགས་མིར་སྟབས་བདེའི་ཞབས་ཞུ་མཁོ་འདོན་བྱེད་དགོས་པ་དང་། ཁྱིམ་གཞིས་འཛུགས་རྒྱུའི་རེ་ཞུ་བྱེད་མཁན་དང་ཁྱིམ་གཞིས་འཛུགས་ཆོག་པའི་ཕྱོགས་མིར་ཁྱིམ་གཞིས་འཛུགས་པའི་འགྲོ་ལུགས་སྒྲུབ་དགོས།

        དོན་ཚན་ཉེར་གསུམ་པ། ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་ཕྱོགས་མིར་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་དང་རྩོད་གཞི་བར་འདུམ་བྱེད་པའི་ལས་དོན་སྤེལ་ནས་ཕྱོགས་མིས་ཁྲིམས་ལུགས་གཞིར་བཟུང་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་ཁྲིད་སྟོན་བྱེད་དགོས། བཅའ་ཁྲིམས་ཀྱི་རོགས་སྐྱོར་ལས་ཁུངས་ཀྱིས་ངེས་པར་དུ་བཅའ་ཁྲིམས་ཀྱི་རོགས་སྐྱོར་ཆ་རྐྱེན་དང་མཐུན་པའི་ཕྱོགས་མིར་བཅའ་ཁྲིམས་ཀྱི་རོགས་སྐྱོར་བྱེད་དགོས།

        དོན་ཚན་ཉེར་བཞི་པ། ཕྱོགས་མིས་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་བར་རང་སྐྱོང་ལྗོངས་ཀྱིས་ཁྲིམས་ལུགས་གཞིར་བཟུང་སྲུང་སྐྱོང་བྱས་ཏེ་ཕྱོགས་མིའི་ཁྲིམས་མཐུན་གྱི་ཆོས་དད་རང་མོས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་རྒྱུ།

        དོན་ཚན་ཉེར་ལྔ་པ། མི་བཀོལ་སྤྱོད་བྱེད་མཁན་ཚན་པས་ངེས་པར་དུ་གདན་ཞུ་དང་ལས་ཀར་བཅུག་པའི་ཕྱོགས་མི་དང་ཁྲིམས་ལུགས་གཞིར་བཟུང་ངལ་རྩོལ་གན་རྒྱའམ་ཡང་ན་གདན་ཞུའི་གན་རྒྱ་བཞག་སྟེ་ཕྱོགས་མིར་སྤྱི་ཚོགས་ཀྱི་འགན་བཅོལ་གཉེར་སྒྲུབ་བྱས་ནས་ངལ་རྩོལ་གྱི་གླ་ཆ་དུས་ཐོག་དང་གྲངས་ཚང་སྤྲོད་དགོས།

        དོན་ཚན་ཉེར་དྲུག་པ། ཕྱོགས་མིས་སྤྱི་བདེ་ལས་ཁུངས་ནས་སྤྲད་པའི་གོ་ཆོད་གནས་སྡོད་ལག་ཁྱེར་ལ་བརྟེན་ནས་སྲོལ་ཡིག་འདིའི་གཏན་འབེབས་ནང་གསལ་གྱི་སྤྱི་པའི་ཞབས་ཞུའི་སྲིད་ཇུས་ལོངས་སྤྱོད་བྱེད་ཆོག

        ལེའུ་གསུམ་པ། དོ་དམ་བྱེད་ཕྱོགས་སྐོར།

        དོན་ཚན་ཉེར་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཕྱོགས་མིའི་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ཁོངས་གཏོགས་ས་ཆར་དོ་དམ་བྱེད་རྒྱུ་ལག་བསྟར་བྱས་ནས་སུས་གཙོ་གཉེར་བྱས་ན་དེས་འགན་འཁྲི་འཁུར་བ་དང་སུས་ལས་མི་བེད་སྤྱོད་བྱས་ན་དེས་འགན་འཁྲི་འཁུར་བའི་དོ་དམ་བྱེད་ཐབས་དོན་འཁྱོལ་བྱེད་དགོས།

        དོན་ཚན་ཉེར་བརྒྱད་པ། ལས་ཁུངས་དང་། ཚོགས་པ། ཁེ་ལས་བྱ་གཞག་ཚན་པ་བཅས་ཀྱིས་ངེས་པར་དུ་ཚན་པ་སོ་སོའི་ཕྱོགས་མི་དོ་དམ་དང་ཁང་པ་བོགས་གཏོང་གི་ཐོ་འགོད་དོ་དམ་ལས་ཀའི་འགན་འཁྲི་འཁུར་མཁན་སྡེ་ཚན་དང་མི་སྣ་ཁ་གསལ་བཟོ་དགོས་པ་དང་། ཁོངས་གཏོགས་མངགས་བཅོལ་ཁང་དང་ཡུལ་མི (གྲོང་མི )ཨུ་ཡོན་ལྷན་ཁང་གིས་འདི་ག་ཚན་པར་གནས་སྡོད་བྱེད་མཁན་ཕྱོགས་མིར་དོ་དམ་བྱེད་རྒྱུར་གཞོགས་འདེགས་བྱེད་དགོས།

        དོན་ཚན་ཉེར་དགུ་པ། ཤང་(གྲོང་བརྡལ )མི་དམངས་སྲིད་གཞུང་དང་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡིས་ངེས་པར་དུ་ཕྱོགས་མིའི་ཞབས་ཞུའི་དོ་དམ་གྱི་ལས་དོན་ཁག་དོན་འཁྱོལ་ཞིབ་ཕྲ་བྱེད་དགོས་པ་དང་། ཡུལ་མི (གྲོང་མི )ཨུ་ཡོན་ལྷན་ཁང་གིས་ཕྱོགས་མིའི་དོ་དམ་ལས་དོན་སྤེལ་རྒྱུར་སྒྲིག་འཛུགས་དང་མཛུབ་ཁྲིད་བྱེད་དགོས་པ། སོ་སོའི་ས་ཁོངས་ནང་གི་ཕྱོགས་མི་དང་ཁང་པ་བོགས་གཏོང་གི་གཞི་རྩའི་གནས་ཚུལ་འཚོལ་བསྡུ་དང་སྙན་འབུལ་ཞུ་དགོས་པ། འབྲེལ་ཡོད་སྡེ་ཚན་གྱིས་ཕྱོགས་མིའི་དོ་དམ་ལས་དོན་སྤེལ་རྒྱུར་གཞོགས་འདེགས་བྱེད་དགོས་པ་བཅས་ཡིན།

        ཡུལ་མི (གྲོང་མི )ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་སོ་སོའི་ས་ཁོངས་ནང་གི་ཕྱོགས་མིའི་གནས་སྡོད་ཐོ་འགོད་དང་ཁང་པ་བོགས་གཏོང་གི་ཆ་འཕྲིན་ཐོ་འགོད་སོགས་ཀྱི་ལས་ཀ་སྒྲུབ་དགོས་པ་དང་། མངགས་བཅོལ་བྱས་པའི་ཁྱབ་ཁོངས་ནང་ཕྱོགས་མི་དང་ཁང་པ་བོགས་གཏོང་གི་དོ་དམ་ལས་ཀ་ཡག་པོ་སྒྲུབས་དགོས།

        དོན་ཚན་སུམ་ཅུ་པ། སྤྱི་བདེ་ལས་ཁུངས་ཀྱིས་ངེས་པར་དུ་ཕྱོགས་མིའི་བདེ་འཇགས་དོ་དམ་ལས་དོན་སྤེལ་ནས་འབྲེལ་ཡོད་སྡེ་ཚན་དང་། ཚན་པ། མི་སྒེར་བཅས་ཀྱིས་ཕྱོགས་མིའི་བདེ་འཇགས་དོ་དམ་གྱི་འགན་འཁྲི་དང་བྱེད་ཐབས་དོན་འཁྱོལ་བྱེད་རྒྱུར་ཞིབ་བཤེར་དང་། མཛུབ་ཁྲིད། སྐུལ་འདེད་བཅས་གཏོང་དགོས།

        སྤྱི་བདེ་མངགས་གཏོང་ཁང་གིས་ཕྱོགས་མིའི་གནས་སྡོད་ཐོ་འགོད་བྱེད་རྒྱུ་དང་། གནས་སྡོད་ལག་ཁྱེར་གཉེར་སྒྲུབ་དང་སྤྲོད་རྒྱུ་སོགས་ལས་ཀའི་འགན་འཁྲི་འཁུར་དགོས་པ་དང་། མངགས་གཏོང་ཁང་བཙུགས་མེད་པའི་ཤང་གྲོང་རྣམས་རྫོང་(གྲོང་ཁྱེར་དང་ཆུད )སྤྱི་བདེ་ལས་ཁུངས་ནས་གཉེར་སྒྲུབ་བྱེད་འགན་འཁུར་དགོས།

        དོན་ཚན་སོ་གཅིག་པ། ཆོས་ལུགས་ལས་དོན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་ཕྱི་ནས་དཔེ་ཆ་སློབ་པར་ཡོང་མཁན་ལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་དང་སྤྱི་བདེ་སོགས་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ཏེ་ཆོས་ལུགས་བྱེད་སྒོ་སྤེལ་སར་གནས་སྐབས་སྡོད་མཁན་དང་ཕྱི་ནས་ཆོས་ལུགས་བྱེད་སྒོ་སྤེལ་བར་ཡོང་མཁན་གཞན་དག་ལ་དོ་དམ་བྱེད་དགོས།

        དོན་ཚན་སོ་གཉིས་པ། རང་སྐྱོང་ལྗོངས་ཀྱིས་ཕྱོགས་མིའི་གནས་སྡོད་ཐོ་འགོད་ལམ་ལུགས་དང་གནས་སྡོད་ལག་ཁྱེར་ཞུ་ལེན་ལམ་ལུགས་ལག་བསྟར་བྱེད་རྒྱུ་དང་། གནས་སྡོད་ལག་ཁྱེར་ནི་རང་སྐྱོང་ལྗོངས་སྤྱི་བདེ་སྡེ་ཚན་ནས་གཅིག་གྱུར་བཟོ་འགོད་བྱེད་རྒྱུ།

        དོན་ཚན་སོ་གསུམ་པ། ཕྱོགས་མི་གནས་སྐབས་སྡོད་སར་སླེབས་ཉིན་གྱི་ལས་ཀའི་ཉིན་3ནང་ཚུན་དུ་རང་སོ་སོའམ་ཡང་ན་སྲོལ་ཡིག་འདིའི་དོན་ཚན་སོ་དྲུག་པའི་གཏན་འབེབས་ནང་གསལ་གྱི་འབྲེལ་ཡོད་འགན་འཁུར་བས་ངེས་པར་དུ་ཕྱོགས་མིའི་ཐོབ་ཐང་ལག་ཁྱེར་རམ་ཡང་ན་དེ་མིན་གྱི་གོ་ཆོད་ལག་ཁྱེར་འཁྱེར་ཏེ་གནས་སྡོད་བྱེད་སའི་སྤྱི་བདེ་མངགས་གཏོང་ཁང་དང་ཡུལ་མི (གྲོང་མི )ཨུ་ཡོན་ལྷན་ཁང་དུ་གནས་སྐབས་སྡོད་ཆོག་པའི་སྙན་སེང་ཞུ་དགོས།

        དོན་ཚན་སོ་བཞི་པ། ཕྱོགས་མི་གསོལ་མགྲོན་ཁང་དང་། ཨར་ཁང་། འགྲུལ་ཁང་། སྣེ་ལེན་ཁང་སོགས་སུ་སྡོད་མཁན་གྱིས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་འགྲུལ་ཁང་དུ་སྡོད་པའི་ཐོ་འགོད་བྱེད་པ་ལས་གནས་སྡོད་ཐོ་འགོད་མ་བྱས་ཀྱང་འགྲིག

        གསོལ་མགྲོན་ཁང་དང་། ཨར་ཁང་། འགྲུལ་ཁང་། སྣེ་ལེན་ཁང་སོགས་འགྲུལ་ཁང་ལས་གཉེར་བྱེད་མཁན་གྱིས་ངེས་པར་དུ་འགྲུལ་པའི་མིང་དང་། ཐོབ་ཐང་ལག་ཁྱེར་སྣ་རིགས་དང་ཨང་གྲངས་སོགས་གཞི་རྩའི་ཆ་འཕྲིན་ཇི་མ་ཇི་བཞིན་ཐོ་འགོད་བྱེད་དགོས་པ་མ་ཟད་འགྲུལ་པའི་ཐོ་འགོད་ཆ་འཕྲིན་ས་གནས་དེ་གའི་སྤྱི་བདེ་ལས་ཁུངས་ལ་སྙན་འབུལ་ཡང་ཞུ་དགོས།

        དོན་ཚན་སོ་ལྔ་པ། གནས་སྡོད་ཉིན་30 ཡན་ཟིན་པ་དང་། རང་ལོ་ཧྲིལ་པོ་16ལ་སླེབས་པའི་ཕྱོགས་མིས་ངེས་པར་དུ་གནས་སྡོད་ཉིན་30ཟིན་པའི་རྗེས་ཀྱི་ལས་ཀའི་ཉིན་5ནང་ཚུན་དུ་རང་སོ་སོའམ་ཡང་ན་སྲོལ་ཡིག་འདིའི་དོན་ཚན་སོ་དྲུག་པའི་གཏན་འབེབས་ཀྱི་ནང་འཁོད་འབྲེལ་ཡོད་འགན་འཁུར་བས་ཕྱོགས་མིའི་ཐོབ་ཐང་ལག་ཁྱེར་རམ་ཡང་ན་དེ་མིན་གྱི་གོ་ཆོད་ཐོབ་ཐང་ངོ་སྤྲོད་འཁྱེར་ཏེ་གནས་སྡོད་བྱེད་སའི་སྤྱི་བདེ་མངག་གཏོང་ཁང་ནས་གནས་སྡོད་ལག་ཁྱེར་ལེན་དགོས།

        གཤམ་གསལ་གྱི་གནས་ཚུལ་གང་རུང་ཡོད་རིགས་ལ་སྒེར་གྱི་གནས་སྡོད་ལག་ཁྱེར་ཞུ་དགོས་པ་ཕུད་གནས་སྡོད་ལག་ཁྱེར་ཞུ་མི་དགོས་པ་སྟེ།

        (གཅིག )འདི་ག་རང་སྐྱོང་ལྗོངས་ཉིན་གང་ལམ་ལུགས་ཀྱི་སློབ་གསོའི་ལས་ཁུངས་སུ་སློབ་སྦྱོང་བྱེད་མཁན་དང་།

        (གཉིས )འགྲུལ་ཁང་ལས་རིགས་ཀྱི་ཞག་སྡོད་ཐོ་འགོད་བྱས་ཟིན་པ།

        (གསུམ )རྒྱལ་ཁབ་ལས་ཁུངས་ནས་མངག་གཏོང་བྱས་པའི་གནས་སྡོད་བྱེད་སར་ལས་ཀ་དང་། སྦྱོང་བརྡར། རྟོག་ཞིབ། གཞུང་དོན་སྒྲུབ་པར་སྐྱོད་མཁན་བཅས།

        དོན་ཚན་སོ་དྲུག་པ། ཕྱོགས་མིས་གནས་སྡོད་ཐོ་འགོད་བྱེད་པའམ་ཡང་ན་གནས་སྡོད་ལག་ཁྱེར་ལེན་སྐབས་གཤམ་གསལ་གཏན་འབེབས་གཞིར་བཟུང་གཉེར་སྒྲུབ་བྱེད་དགོས་པ་སྟེ།

        (གཅིག )གནས་སྐབས་རིང་ལས་ཁུངས་དང་། ཚོགས་པ། ཁེ་ལས་བྱ་གཞག་ཚན་པ། བོད་དུ་ཡོད་པའི་ཕྱི་ཁུལ་གྱི་རྒྱུན་བཙུགས་ཚན་པ། ལས་ཡུལ་ལམ་ཡང་ན་སྒེར་གཉེར་བཟོ་ཚོང་དུད་ཚང་གི་གཉེར་སྐྱོང་བྱེད་ས་བཅས་ལ་རང་ཉིད་དང་ཁོངས་གཏོགས་ལས་ཁུངས་སམ་ཡང་ན་གླ་བདག་གིས་གཉེར་སྒྲུབ་བྱེད་འགན་འཁུར་རྒྱུ།

        (གཉིས )གནས་སྐབས་རིང་ཁང་གླ་གླས་ནས་སྡོད་མཁན་རིགས་ལ་རང་ཉིད་དང་ཁང་གླ་གཡར་གཏོང་བྱེད་མཁན་ནམ་ཡང་ན་དེས་མངག་བཅོལ་བྱས་པའི་ངོ་ཚབ་བྱེད་མཁན་གྱིས་གཉེར་སྒྲུབ་བྱེད་འགན་འཁུར་རྒྱུ།

        (གསུམ )གནས་སྐབས་རིང་ཡུལ་མིའི (གྲོང་མི )ཁྱིམ་ཚང་དུ་སྡོད་མཁན་རིགས་ལ་རང་ཉིད་དང་ཁྱིམ་བདག་གམ་ཡང་ན་དེས་མངག་བཅོལ་བྱས་པའི་ངོ་ཚབ་དོ་དམ་པས་གཉེར་སྒྲུབ་བྱེད་འགན་འཁུར་རྒྱུ།

        (བཞི )གནས་སྐབས་རིང་ཆོས་ལུགས་བྱེད་སྒོ་སྤེལ་སར་སྡོད་མཁན་རིགས་ལ་རང་ཉིད་དང་ཡང་ན་དེའི་ཆོས་ལུགས་བྱེད་སྒོ་སྤེལ་སའི་དོ་དམ་ཨུ་ཡོན་ལྷན་ཁང་གིས་གཉེར་སྒྲུབ་བྱེད་འགན་འཁུར་རྒྱུ།

        (ལྔ )གནས་སྐབས་རིང་ས་ཆ་གཞན་དུ་སྡོད་མཁན་ཡིན་ཚེ་སོ་སོས་གཉེར་སྒྲུབ་བྱེད་འགན་འཁུར་རྒྱུ་བཅས་སོ།

        དོན་ཚན་སོ་བདུན་པ། གནས་སྡོད་ལག་ཁྱེར་དེ་མི་རེར་ལག་ཁྱེར་རེ་དགོས་པའི་ལམ་ལུགས་ལག་བསྟར་བྱེད་རྒྱུ།

        གནས་སྡོད་ལག་ཁྱེར་གྱི་གོ་ཆོད་དུས་ཡུན་རིང་ཤོས་ནི་ལོ་གཅིག་ཡིན་ཞིང་། གོ་ཆོད་དུས་ཚོད་ཡོལ་རྗེས་མུ་མཐུད་གནས་སྡོད་བྱེད་དགོས་ཚེ་ངེས་པར་དུ་གོ་ཆོད་དུས་ཚོད་མ་ཡོལ་གོང་གི་ལས་ཀའི་ཉིན་7གྱི་ནང་ཚུན་དུ་དེ་སྔའི་ལག་ཁྱེར་སྤྲོད་མཁན་ལས་ཁུངས་སུ་ལག་ཁྱེར་གསར་པ་བརྗེ་ལེན་བྱེད་པའི་འགྲོ་ལུགས་སྒྲུབ་དགོས།

        གནས་སྡོད་ལག་ཁྱེར་བོར་བརླག་སོང་ཚེ་ངེས་པར་དུ་དེ་སྔའི་ལག་ཁྱེར་སྤྲོད་མཁན་ལས་ཁུངས་སུ་ལག་ཁྱེར་གསར་པ་བརྗེ་ལེན་བྱེད་པའི་འགྲོ་ལུགས་དུས་ཐོག་ཏུ་སྒྲུབ་དགོས།

        དོན་ཚན་སོ་བརྒྱད་པ། གནས་སྡོད་བྱེད་ས་སྤོ་སྒྱུར་བྱེད་དགོས་ཚེ་ངེས་པར་དུ་སྤོ་སྒྱུར་བྱས་ཉིན་ནས་ལས་ཀའི་ཉིན་5ནང་ཚུན་དུ་ད་ལྟ་གནས་སྡོད་བྱེད་སའི་སྤྱི་བདེ་མངག་གཏོང་ཁང་དུ་གནས་སྡོད་སྤོ་སྒྱུར་བྱེད་པའི་འགྲོ་ལུགས་སྒྲུབ་དགོས།

        ཕྱོགས་མིས་གནས་སྡོད་བྱེད་མཚམས་འཇོག་དགོས་ཚེ་ངེས་པར་དུ་སྲོལ་ཡིག་འདིའི་དོན་ཚན་སོ་དྲུག་པའི་གཏན་འབེབས་ནང་འཁོད་འབྲེལ་ཡོད་འགན་འཁུར་བས་དེ་སྔའི་ལག་ཁྱེར་སྤྲོད་མཁན་ལས་ཁུངས་སུ་བསྐྱོད་དེ་ཐོ་སུབ་རྒྱུའི་འགྲོ་ལུགས་བསྒྲུབས་ཏེ་གནས་སྐབས་སྡོད་འཐུས་ལག་ཁྱེར་ཕྱིར་སློག་བྱེད་དགོས།

        དོན་ཚན་སོ་དགུ་པ། སྤྱི་བདེ་ལས་ཁུངས་ཀྱི་ཁྲིམས་འཛིན་པས་ཁྲིམས་ལུགས་གཞིར་བཟུང་ལས་འགན་སྒྲུབ་སྐབས་གནས་སྡོད་ལག་ཁྱེར་ལ་ལྟ་བཤེར་བྱེད་དགོས་ཚེ་ལྟ་བཤེར་བྱ་ཡུལ་ཕྱོགས་མིས་ངེས་པར་དུ་གཞོགས་འདེགས་བྱེད་དགོས། འབྲེལ་ཡོད་སྲིད་འཛིན་དོ་དམ་སྡེ་ཚན་དང་ཕྱོགས་མིར་ཞབས་ཞུ་དང་དོ་དམ་བྱེད་མཁན་ལས་བྱ་གཞན་དག་གིས་ཁྲིམས་གཏན་འཁེལ་བའི་འགན་འཁྲི་བསྒྲུབས་ཏེ་གནས་སྡོད་ལག་ཁྱེར་འདོན་དགོས་པའི་བཀའ་གཏོང་སྐབས་ཕྱོགས་མིས་ངེས་པར་དུ་གཞོགས་འདེགས་བྱེད་དགོས།

        དོན་ཚན་བཞི་བཅུ་པ། ཚན་པ་དང་མི་སྒེར་སུ་འདྲ་ཞིག་གིས་ཀྱང་གནས་སྡོད་ལག་ཁྱེར་རྫུན་བཟོ་དང་། སུབ་བཅོས། ནང་བཤུག ཉོ་ཚོང་། གཡར་སྤྱོད་བཅས་བྱེད་མི་ཆོག

        དོན་ཚན་ཞེ་གཅིག་པ། ཕྱོགས་མིས་གནས་སྡོད་ཐོ་འགོད་དང་། ཐོ་འགོད་ལ་འགྱུར་བ་གཏོང་བ། གནས་སྡོད་ལག་ཁྱེར་ཐེངས་དང་པོ་ལེན་པ་བཅས་ཀྱི་འགྲོ་ལུགས་གཉེར་བ་དང་གནས་སྡོད་ལག་ཁྱེར་བརྗེ་ལེན་བྱེད་པའི་འགྲོ་ལུགས་གཉེར་སྐབས་གཉེར་སྒྲུབ་བྱེད་མཁན་ཚན་པས་གླ་རིན་གང་ཡང་བསྡུ་ལེན་བྱེད་མི་ཆོག

        ཕྱོགས་མིས་གནས་སྡོད་ལག་ཁྱེར་བོར་བརླག་སོང་བ་དང་སྐྱོན་ཤོར་ནས་གནས་སྡོད་ལག་ཁྱེར་གསར་པ་ལེན་དགོས་ཚེ་དེའི་མ་གནས་གྲོན་དངུལ་སྤྲོད་དགོས།

        གནས་སྐབས་སྡོད་འཐུས་ལག་ཁྱེར་གྱི་མ་གནས་གྲོན་དངུལ་བསྡུ་ལེན་བྱེད་རྒྱུའི་ཚད་གཞི་དེ་རང་སྐྱོང་ལྗོངས་ཟོག་གོང་སྡེ་ཚན་གྱིས་རང་སྐྱོང་ལྗོངས་ནོར་སྲིད་སྡེ་ཚན་དང་མཉམ་དུ་བཟོ་རྒྱུ།

        དོན་ཚན་ཞེ་གཉིས་པ། ཕྱོགས་མིའི་ཁྲོད་ཀྱི་བུ་བཙའི་ན་ཚོད་ལ་སླེབས་པའི་བུད་མེད་ཀྱིས་ཐེམ་ཐོ་ཡོད་སའི་ས་ཆ་ནས་ཁ་མ་བྲལ་གོང་ངེས་པར་དུ་ཐེམ་ཐོ་ཡོད་སའི་ཤང་(གྲོང་བརྡལ )མི་དམངས་སྲིད་གཞུང་ངམ་ཡང་ན་ཁྲོམ་གཞུང་དོན་གཅོད་ཁྲུའུ་ལ་གཉེན་སྒྲིག་མངལ་འཁོར་བའི་ངོ་སྤྲོད་ལག་ཁྱེར་གཉེར་སྒྲུབ་བྱེད་དགོས་པ་དང་། ད་ལྟའི་གནས་སྡོད་བྱེད་སར་སླེབས་ནས་ཉིན་30ནང་ཚུན་དུ་ད་ལྟའི་གནས་སྡོད་བྱེད་སའི་ཤང་(གྲོང་བརྡལ )མི་དམངས་སྲིད་གཞུང་ངམ་ཡང་ན་ཁྲོམ་གཞུང་དོན་གཅོད་ཁྲུའུ་ལ་གཉེན་སྒྲིག་མངལ་འཁོར་བའི་ངོ་སྤྲོད་ལག་ཁྱེར་རྩིས་སྤྲོད་ཞུ་དགོས།

        དོན་ཚན་ཞེ་གསུམ་པ། ཁང་གླ་གཏོང་མཁན་ནམ་ཡང་ན་དེས་མངག་བཅོལ་བྱས་པའི་ངོ་ཚབ་བྱེད་མཁན་གྱིས་ངེས་པར་དུ་ཕྱོགས་མི་གནས་སྡོད་བྱས་རྗེས་ཀྱི་ཆུ་ཚོད་ཉི་ཤུ་རྩ་བཞིའི་ནང་དེའི་མིང་དང་། ཐོབ་ཐང་ལག་ཁྱེར་སྣ་རིགས་དང་ཨང་གྲངས་སོགས་གཞི་རྩའི་གནས་ཚུལ་ཐོ་འགོད་བྱེད་དགོས་པ་མ་ཟད་ལས་ཀའི་ཉིན་5ནང་ཚུན་དུ་གནས་སྡོད་བྱེད་སའི་སྤྱི་བདེ་མངག་གཏོང་ཁང་ངམ་ཡང་ན་ཡུལ་མི (གྲོང་མི )ཨུ་ཡོན་ལྷན་ཁང་ལ་ཕྱོགས་མིའི་གཞི་རྩའི་གནས་ཚུལ་སྙན་སེང་ཡང་ཞུ་དགོས།

        ཁང་པ་བོགས་གཏོང་གི་གན་རྒྱ་མེད་པ་བཟོ་བ་དང་ཡང་ན་མཚམས་འཇོག་བྱེད་དགོས་ཚེ་ཁང་གླ་གཏོང་མཁན་ནམ་ཡང་ན་དེས་མངག་བཅོལ་བྱས་པའི་ངོ་ཚབ་བྱེད་མཁན་གྱིས་ངེས་པར་དུ་གན་རྒྱ་མེད་པ་བཟོས་པ་དང་ཡང་ན་མཚམས་འཇོག་བྱས་ཉིན་གྱི་ལས་ཀའི་ཉིན་5ནང་ཚུན་དུ་གནས་སྡོད་བྱེད་སའི་སྤྱི་བདེ་མངག་གཏོང་ཁང་ངམ་ཡང་ན་ཡུལ་མི (གྲོང་མི )ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུ་དགོས། དོན་ཚན་ཞེ་བཞི་པ། སྒེར་ཁང་དང་ལས་ཁུངས་ཀྱི་ཁང་པ་ཕྱོགས་མིར་ཁང་གླ་གཏོང་སྐབས་ཁང་གླ་གཏོང་མཁན་གྱིས་ངེས་པར་དུ་ཁང་པ་ཡོད་སའི་སྤྱི་བདེ་མངག་གཏོང་ཁང་ལ་ཐོ་འགོད་ཞུ་དགོས་པ་མ་ཟད་བདེ་འཇགས་དོ་དམ་ཐད་ཀྱི་འགན་འཁྲིའི་ཡི་གེའང་བཞག་དགོས།

        དོན་ཚན་ཞེ་ལྔ་པ། ཕྱོགས་མིས་གནས་ཚང་གཡར་སྐབས་ངེས་པར་དུ་ཁང་པར་སྡོད་མཁན་མི་གྲངས་ཇི་ཡོད་གསལ་བཤད་དང་ཐོབ་ཐང་ལག་ཁྱེར་སྟོན་ནས་གནས་ཚང་གཡར་མཁན་གྱི་ཆ་འཕྲིན་ཐོ་འགོད་རེའུ་མིག་འབྲི་དགོས་པ་དང་། ཁང་པ་གཅིག་ནང་མཉམ་དུ་སྡོད་མཁན་ལ་འགྱུར་བ་བྱུང་ཚེ་ངེས་པར་དུ་ཉིན་3གྱི་ནང་ཚུན་དུ་ཁང་གླ་གཏོང་མཁན་གྱིས་ཤེས་པ་བྱེད་དགོས།

        དོན་ཚན་ཞེ་དྲུག་པ། སྤྱི་བདེ་ལས་ཁུངས་དང་། འབྲེལ་ཡོད་སྡེ་ཚན། དེ་བཞིན་ལས་དོན་མི་སྣ་བཅས་ཀྱིས་ཕྱོགས་མིའི་གནས་སྡོད་ཐོ་འགོད་དང་། ཐོ་འགོད་ལ་འགྱུར་བ་གཏོང་བ། གནས་སྐབས་སྡོད་འཐུས་ལག་ཁྱེར་གཉེར་སྒྲུབ་དང་བེད་སྤྱོད་བྱེད་པའི་བརྒྱུད་རིམ་ནང་བྱུང་བའི་ཕྱོགས་མི་མི་སྒེར་གྱི་ཆ་འཕྲིན་ཡིན་ཚེ་ངེས་པར་དུ་སྦ་གསང་བྱེད་དགོས་པ་ལས་ཁྲིམས་གཏན་འཁེལ་བའི་འགན་འཁྲི་གཞན་ཐོག་ཏུ་སྤྱོད་མི་ཆོག

        སྡེ་ཚན་དང་མི་སྒེར་སུ་འདྲ་ཞིག་གིས་ཀྱང་ཁྲིམས་འགལ་ངང་ཕྱོགས་མིའི་གཞི་རྩའི་ཆ་འཕྲིན་འདྲི་རྩད་དང་ཡང་ན་བེད་སྤྱོད་རིགས་བྱེད་མི་ཆོག

        དོན་ཚན་ཞེ་བདུན་པ། ཕྱོགས་མིར་དོ་དམ་བྱེད་མཁན་གྱིས་ངེས་པར་དུ་ཁྲིམས་ལུགས་དང་ཁྲིམས་སྲོལ་གྱི་འགན་འཁྲིའི་ཁྱབ་ཁོངས་ནང་ལས་དོན་སྤེལ་དགོས།

        ལེའུ་བཞི་པ། བཅའ་ཁྲིམས་ཀྱི་འགན་འཁྲིའི་སྐོར།

        དོན་ཚན་ཞེ་བརྒྱད་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་དུས་ཐོག་ཏུ་གནས་སྡོད་ཐོ་འགོད་ཀྱི་སྙན་ཞུ་མི་འབུལ་བ་དང་། གནས་སྡོད་ལག་ཁྱེར་མི་ལེན་པ། སྡོད་གནས་འགྱུར་བ་གཏོང་བའི་ཐོ་འགོད་གཉེར་སྒྲུབ་མི་བྱེད་པའམ་ཡང་ན་གནས་སྡོད་ལག་ཁྱེར་བོར་བརླག་སོང་ཡང་གསར་པ་ལེན་པའི་འགྲོ་ལུགས་དུས་ཐོག་ཏུ་གཉེར་མེད་ཚེ་སྤྱི་བདེ་ལས་ཁུངས་ནས་ཐ་ཚིག་བསྒྲགས་ཏེ་དུས་བཀག་ནང་ཡོ་བཅོས་བྱེད་དགོས་པའི་བཀའ་གཏོང་རྒྱུ།

        དོན་ཚན་ཞེ་དགུ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་ཁང་གླ་གཏོང་མཁན་གྱིས་གཏན་འབེབས་ལྟར་ཕྱོགས་མིའི་མིང་དང་། ཐོབ་ཐང་ལག་ཁྱེར་སྣ་རིགས་དང་ཨང་གྲངས་ཐོ་འགོད་མི་བྱེད་པའམ་ཡང་ན་ཕྱོགས་མིར་ཁང་པ་བོགས་གཏོང་གི་གན་རྒྱ་མེད་པ་བཟོས་པ་དང་མཚམས་འཇོག་བྱས་པའི་སྙན་སེང་ཞུས་མེད་པའི་གནས་ཚུལ་ཡོད་ཚེ་སྤྱི་བདེ་ལས་ཁུངས་ནས་དུས་བཀག་ནང་ཡོ་བཅོས་བྱེད་དགོས་པའི་བཀའ་གཏོང་རྒྱུ་དང་། དུས་བཅད་ཡོལ་ཡང་ཡོ་བཅོས་མ་བྱས་ཚེ་དངུལ་སྒོར་200ཡན་ནས་སྒོར་500 མན་གྱི་དངུལ་ཆད་འགེལ་རྒྱུ།

        དོན་ཚན་ལྔ་བཅུ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་ཁང་གླ་གཏོང་མཁན་གྱིས་སྤྱི་བདེ་ལས་ཁུངས་སུ་ཐོ་འགོད་འགྲོ་ལུགས་མི་གཉེར་བའམ་ཡང་ན་བདེ་འཇགས་ཐད་ཀྱི་འགན་འཁྲིའི་ཡི་གེ་མ་བཞག་པར་ཁང་གླ་གཏོང་མཁན་ལ་སྤྱི་བདེ་ལས་ཁུངས་ཀྱིས་དུས་བཀག་ནང་འགྲོ་ལུགས་གསབ་གཉེར་བྱེད་དགོས་པའི་བཀའ་གཏོང་རྒྱུ་མ་ཟད་མི་སྒེར་གྱི་ཁྲིམས་འགལ་ཡོང་འབབ་གཞུང་བཞེས་གཏོང་རྒྱུ་དང་། འགལ་ཚབས་ཆེ་བར་ཟླ་རེའི་ཁང་གླའི་ལྡབ་ལྔ་མན་གྱི་དངུལ་ཆད་འགེལ་ན་འགྲིག

        དོན་ཚན་ང་གཅིག་པ། ཕྱོགས་མིའི་ཞབས་ཞུ་དང་དོ་དམ་སྡེ་ཚན་དང་དེའི་ལས་བྱར་གཤམ་གསལ་གྱི་བྱ་སྤྱོད་རིགས་གཅིག་ཡོད་མཁན་ལ་གཙོ་འགན་འཁུར་མཁན་སྡེ་ཚན་ནམ་ཡང་ན་དེའི་ཁོངས་གཏོགས་ཚན་པས་གཙོ་འགན་འཁུར་མཁན་དང་ཐད་ཀར་འགན་འཁྲི་ཡོད་མཁན་གཞན་དག་ལ་སྲིད་འཛིན་གྱི་ཉེས་ཆད་གཅོད་རྒྱུ་སྟེ།

        (གཅིག )ཕྱོགས་མིས་ཁྲིམས་ལུགས་གཞིར་བཟུང་ཞབས་ཞུའི་དོ་དམ་རྣམ་གྲངས་གཉེར་རྒྱུའི་ཞུ་རེ་གཉེར་སྒྲུབ་མི་བྱེད་པའི་རིགས་དང་།

        (གཉིས )ཕྱོགས་མིའི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་བྱེད་པའི་བྱེད་སྤྱོད་ལ་ཁྲིམས་ལུགས་གཞིར་བཟུང་ཐག་གཅོད་མི་བྱེད་པ།

        (གསུམ )སྒྲིག་སྲོལ་ལས་འགལ་ཏེ་ཕྱོགས་མིར་གྲོན་དངུལ་གཞན་དག་ཞོར་དུ་བསྡུ་ལེན་བྱེད་རིགས།

        (བཞི )འགན་དབང་ལས་བརྒལ་བའམ་ཡང་ན་ཁྲིམས་བཅད་ཀྱི་ཆད་པའི་སྣ་རིགས་དང་གྲངས་འབོར་ལས་འགལ་ཏེ་ཕྱོགས་མིའམ་ཡང་ན་འབྲེལ་ཡོད་ཚན་པ་དང་མི་སྒེར་ལ་ཉེས་ཆད་གཅོད་རིགས།

        (ལྔ )ཕྱོགས་མིའི་དོ་དམ་ཞབས་ཞུའི་ཆ་འཕྲིན་ལ་གསང་སྲུང་གི་འོས་འགན་འཁུར་མི་ཐུབ་པའམ་ཡང་ན་ཁྲིམས་བཅད་ཀྱི་འགན་ཁོངས་སུ་མ་གཏོགས་པའི་སྤྱོད་སྒོར་སྤྱད་རིགས།

        (དྲུག )སྲོལ་ཡིག་འདིའི་བྱེད་སྤྱོད་གཞན་དག་ལས་འགལ་རིགས་བཅས་སོ།

        དོན་ཚན་ང་གཉིས་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ནས་ངེས་པར་དུ་བཅའ་ཁྲིམས་འགན་འཁྲི་འཁུར་དགོས་པའི་བྱ་སྤྱོད་གཞན་དག་རིགས་ལ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་ལག་བསྟར་བྱེད་རྒྱུ།

        ལེའུ་ལྔ་པ། ཞར་བྱུང་།

        དོན་ཚན་ང་གསུམ་པ། འདི་ག་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་ཕྱི་རྒྱལ་བ་གནས་སྡོད་བྱེད་པར་དོ་དམ་བྱེད་རྒྱུ་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་ལག་བསྟར་བྱེད་རྒྱུ།

        དོན་ཚན་ང་བཞི་པ། སྲོལ་ཡིག་འདི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགྲེལ་བཤད་རྒྱག་རྒྱུའི་འགན་འཁུར་རྒྱུ།

        དོན་ཚན་ང་ལྔ་པ། སྲོལ་ཡིག་འདི་2011ལོའི་ཟླ་3ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།

        (བོད་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་དྲུང་ཡིག་ཁྲུའུ་ཡིས་མཁོ་འདོན་བྱས་པ་གཞིར་བཟུང )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།