བོད་རང་སྐྱོང་ལྗོངས་ཀྱི་ཐིག་རིས་སྲོལ་ཡིག
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།
〔2010〕ལོའི་ཡིག་ཨང་13པ།
《བོད་རང་སྐྱོང་ལྗོངས་ཀྱི་ཐིག་རིས་སྲོལ་ཡིག 》དེ་2010ལོའི་ཟླ་11ཚེས་26ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ཨུད་ཀྱི་ཚོགས་འདུ་ཐེངས་བཅུ་དགུ་པའི་ཐོག་གྲོས་འཆམ་བྱུང་དོན་བཞིན་2011ལོའི་ཟླ་1ཚེས་1ཉིན་ནས་ལག་བསྟར་བྱེད་རྒྱུ་ཡིན་པ་ད་ལྟ་ཆེད་དུ་སྤྱི་བསྒྲགས་བྱེད་རྒྱུ་ཡིན།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།
2010ལོའི་ཟླ་11ཚེས་26ལ།
ལེའུ་དང་པོ། སྤྱིའི་རྩ་འཛིན།
དོན་ཚན་དང་པོ། ཐིག་རིས་བྱེད་སྒོ་ཚད་ལྡན་བཟོ་རྒྱུ་དང་། ཐིག་རིས་བྱ་གཞག་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་སྟེ་ཐིག་རིས་བྱ་གཞག་གིས་དཔལ་འབྱོར་འཛུགས་སྐྲུན་དང་། རྒྱལ་སྲུང་འཛུགས་སྐྲུན། སྤྱི་ཚོགས་གོང་འཕེལ་བཅས་ལ་ཞབས་འདེགས་ཞུ་ཐུབ་པ་བྱེད་ཆེད 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐིག་རིས་བཅའ་ཁྲིམས 》དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྲོལ་ཡིག་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་གི་ཐིག་རིས་བྱེད་སྒོའི་རིགས་ལ་སྲོལ་ཡིག་འདི་བེད་སྤྱོད་བྱས་ན་འཐུས།
དོན་ཚན་གསུམ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཐིག་རིས་ལས་ཀར་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རིམ་པས་ཐིག་རིས་དོ་དམ་ཚན་པ་འཛུགས་པ་དང་ཚགས་ཚུད་དུ་གཏོང་བ་དང་། ཐིག་རིས་ཐད་ཀྱི་ཆེད་ལས་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་མཐོང་ཆེན་བྱས་ནས་ཐིག་རིས་བྱ་གཞག་གོང་འཕེལ་གཏོང་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་དང་འཚམ་མཐུན་ཡོང་བ་བྱེད་དགོས།
དོན་ཚན་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྨང་གཞིའི་ཐིག་རིས་འགོད་རྒྱུ་དེ་རིམ་པ་དེ་གའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་འགོད་དང་ལོ་འཁོར་འཆར་གཞིའི་ནང་འཇུག་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཐིག་རིས་བྱ་གཞག་ཐད་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་རྨང་གཞིའི་ཐིག་རིས་འགོད་རྒྱུ་དང་ཐིག་ལེན་མཚོན་རྟགས་ལ་སྲུང་སྐྱོབ་བྱེད་རྒྱུར་མཁོ་བའི་འགྲོ་གྲོན་རྣམས་རིམ་པ་དེ་གའི་ལོ་འཁོར་ནོར་སྲིད་སྔོན་རྩིས་ནང་འཇུག་དགོས།
དོན་ཚན་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་སོ་སོའི་ནང་གི་ཐིག་རིས་ལས་དོན་ལ་གཅིག་གྱུར་ཐོག་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་བདེ་འཇགས་དང་། བཟོ་ལས་དང་ཆ་འཕྲིན་ཅན། གསང་སྲུང་། བཟོ་ཚོང་སྲིད་འཛིན་དོ་དམ། གསར་འགྱུར་དཔེ་སྐྲུན་སོགས་འབྲེལ་ཡོད་སྡེ་ཚན་གྱིས་རང་སོ་སོའི་འཁྲི་འགན་གཞིར་བཟུང་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་ཐིག་རིས་ལས་ཀའི་ལྟ་སྐུལ་དོ་དམ་ཡག་པོ་བྱེད་དགོས།
དོན་ཚན་དྲུག་པ། ཐིག་རིས་བྱེད་སྒོ་སྤེལ་མཁན་ཚན་པ་དང་མི་སྒེར་གྱིས་ངེས་པར་དུ་གསང་སྲུང་གི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་དགོས་པ་དང་། རྒྱལ་ཁབ་ཀྱི་གསང་བ་སྲུང་རྒྱུའི་འོས་འགན་སྒྲུབ་དགོས།
དོན་ཚན་བདུན་པ། ཐིག་རིས་བྱེད་སྒོ་སྤེལ་སྐབས་དམག་དོན་སྒྲིག་བཀོད་དང་འབྲེལ་བ་ཡོད་རིགས་ངེས་པར་དུ་དམག་དོན་སྒྲིག་བཀོད་སྲུང་སྐྱོབ་བྱེད་རྒྱུའི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་དགོས།
དོན་ཚན་བརྒྱད་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཐིག་རིས་ཐད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཐིག་རིས་སྒྲིག་བཀོད་དང་སྒྲིག་ཆས་ལ་སྲུང་སྐྱོབ་བྱེད་རྒྱུའི་སྤྱི་དམངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས།
དོན་ཚན་དགུ་པ། རང་སྐྱོང་ལྗོངས་ཀྱིས་ཐིག་རིས་ཐད་ཀྱི་ཚན་རིག་ལག་རྩལ་གསར་གཏོད་དང་ཡར་ཐོན་ཡོང་བ་དང་། སྔོན་ཐོན་ལག་རྩལ་དང་སྒྲིག་ཆས་སྤྱད་དེ་ཐིག་རིས་འགོད་རྒྱུའི་ཆུ་ཚད་མཐོ་རུ་གཏོང་བར་སྐུལ་ལྕག་གཏོང་རྒྱུ། ཐིག་རིས་ཐད་ཀྱི་ཚན་རིག་ལག་རྩལ་གསར་གཏོད་དང་ཡར་ཐོན་ཡོང་རྒྱུར་ལེགས་སྐྱེས་ཆེན་པོ་འབུལ་མཁན་ཚན་པ་དང་མི་སྒེར་ལ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་གཟེངས་བསྟོད་དང་བྱ་དགའ་སྤྲོད་རྒྱུ།
དོན་ཚན་བཅུ་པ། ཕྱི་རྒྱལ་གྱི་རྩ་འཛུགས་སམ་ཡང་ན་མི་སྒེར་གྱིས་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་དུ་ཐིག་རིས་ཀྱི་བྱེད་སྒོ་སྤེལ་དགོས་རིགས་ལ་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་དང་དམག་དཔུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱི་ཆོག་མཆན་ཐོབ་དགོས་པ་མ་ཟད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་ལ་སྙན་ཐོ་དཔོད་རྗེས་གཞི་ནས་ཆོག་མཆན་ཐོབ་པའི་ས་ཁོངས་དང་ཁྱབ་ཁོངས་ནང་དུ་ཐིག་རིས་ཀྱི་བྱེད་སྒོ་སྤེལ་ཆོག
ལེའུ་གཉིས་པ། ཐིག་རིས་ཀྱི་ཚད་གཞི་དང་ཐིག་རིས་ཀྱི་རྒྱུད་ཁོངས།
དོན་ཚན་བཅུ་གཅིག་པ། ཐིག་རིས་ཀྱི་བྱེད་སྒོ་སྤེལ་སྐབས་ངེས་པར་དུ་རྒྱལ་ཁབ་ཀྱི་གཅིག་གྱུར་ཐིག་རིས་གཞི་ཚད་དང་ཐིག་རིས་རྒྱུད་ཁོངས་བེད་སྤྱོད་བྱེད་དགོས་པ་མ་ཟད། རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཐིག་རིས་ཚད་གཞི་དང་ལག་རྩལ་སྲོལ་ལུགས་ལག་བསྟར་བྱེད་དགོས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་རང་སྐྱོང་ལྗོངས་ཀྱི་ཐིག་རིས་བྱ་གཞག་གོང་འཕེལ་གཏོང་རྒྱུའི་དགོས་མཁོ་གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་ས་གནས་ཚད་གཞི་དང་ལག་རྩལ་སྲོལ་ལུགས་བཟོས་ན་འགྲིག
དོན་ཚན་བཅུ་གཉིས་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཐིག་རིས་གཞི་ཚད་དང་ཐིག་རིས་རྒྱུད་ཁོངས་གཞིར་བཟུང་རྒྱལ་ཁབ་ཀྱི་གནས་ཚད་རྒྱུད་ཁོངས་དང་གཅིག་གྱུར་ཐུབ་པའི་རང་སྐྱོང་ལྗོངས་རིམ་པའི་ས་གཞི་ཆེན་མོའི་ཚོད་འཛིན་དྲ་རྒྱ་བཟོ་དགོས། གྲོང་ཁྱེར (ས་གནས )དང་རྫོང་རིམ་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་རང་སྐྱོང་ལྗོངས་རིམ་པའི་ས་གཞི་ཆེན་མོའི་ཚོད་འཛིན་དྲ་རྒྱའི་རྨང་གཞིའི་ཐོག་གྲོང་ཁྱེར (ས་གནས )དང་རྫོང་རིམ་པའི་ས་གཞི་ཆེན་མོའི་ཚོད་འཛིན་དྲ་རྒྱ་བཟོ་དགོས།
དོན་ཚན་བཅུ་གསུམ་པ། འཛུགས་སྐྲུན་དང་། གྲོང་ཁྱེར་འཆར་འགོད། ཚན་རིག་ཞིབ་འཇུག་བཅས་ཀྱི་དགོས་མཁོར་རྐྱེན་པས་གྲོང་ཁྱེར་དང་རང་སྐྱོང་ལྗོངས་ཀྱི་གཙོ་གནད་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་ཆེ་གྲས་ལ་བལྟོས་བཅས་རང་ཚུགས་ཀྱི་ངོས་སྙོམས་གནས་ཚད་རྒྱུད་ཁོངས་འཛུགས་དགོས་རིགས་ངེས་པར་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱི་ཆོག་མཆན་ཐོབ་དགོས།
དོན་ཚན་བཅུ་བཞི་པ། བལྟོས་བཅས་རང་ཚུགས་ཀྱི་ངོས་སྙོམས་གནས་ཚད་རྒྱུད་ཁོངས་འཛུགས་རྒྱུའི་རེ་འདུན་ཞུ་སྐབས་ངེས་པར་དུ་གཤམ་གསལ་དཔྱད་ཡིག་འདོན་འབུལ་ཞུ་དགོས། (གཅིག ) རིགས་སྒྲུབ་ཁུངས་སྐྱེལ་བྱས་པའི་སྙན་ཞུ། (གཉིས ) ལག་རྩལ་གྱི་ཇུས་གཞི། (གསུམ ) རྒྱལ་ཁབ་ཀྱི་གཅིག་གྱུར་གནས་ཚད་རྒྱུད་ཁོངས་དང་འབྲེལ་གཏུགས་བྱེད་ཐབས་བཅས་སོ། གྲོང་ཁྱེར་གཅིག་པའམ་ཡང་ན་ས་ཁུལ་ཆ་ཤས་ལ་བལྟོས་བཅས་རང་ཚུགས་ཀྱི་ངོས་སྙོམས་གནས་ཚད་རྒྱུད་ཁོངས་གཅིག་རང་མ་གཏོགས་འཛུགས་ཡས་མེད།
དོན་ཚན་བཅོ་ལྔ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པ་དུ་བལྟོས་བཅས་རང་ཚུགས་ཀྱི་ངོས་སྙོམས་གནས་ཚད་རྒྱུད་ཁོངས་འཛུགས་རྒྱུའི་རེ་འདུན་ལ་བདག་སྤྲོད་བྱས་ཉིན་ནས་བཟུང་ལས་ཀའི་ཉིན་གྲངས་20ནང་ཚུན་དུ་འཛུགས་ཆོག་མིན་གྱི་གཏན་འབེབས་བྱེད་དགོས། རེ་བ་དང་འཚམ་པའི་རིགས་ངེས་པར་དུ་འཛུགས་འཇུག་དགོས་པ་མ་ཟད། འབྲེལ་ཡོད་སྡེ་ཚན་ལ་དེ་དོན་གནས་ཚུལ་ཤོད་དགོས་པ་དང་། རེ་བ་དང་མི་འཚམ་པའི་རིགས་ལ་ངེས་པར་དུ་ཡིག་ཐོག་ནས་རེ་འདུན་ཞུ་མཁན་ལ་བརྡ་ཐོ་གཏོང་དགོས་པ་མ་ཟད། རྒྱུ་མཚན་གསལ་བཤད་བྱེད་དགོས།
ལེའུ་གསུམ་པ། རྨང་གཞིའི་ཐིག་རིས་དང་འཕྲལ་མྱུར་འགན་སྲུང་།
དོན་ཚན་བཅུ་དྲུག་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་རིམ་པ་གཅིག་མཚུངས་ཀྱི་གོང་འཕེལ་བསྒྱུར་བཅོས་སྡེ་ཚན་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རྒྱལ་ཁབ་ཀྱི་རྨང་གཞིའི་ཐིག་རིས་འཆར་འགོད་དང་སྲིད་འཛིན་ས་ཁོངས་སོ་སོའི་ནང་གི་དོན་དངོས་གནས་ཚུལ་ལ་གཞིགས་ཏེ་སྲིད་འཛིན་ས་ཁོངས་སོ་སོའི་ནང་གི་རྨང་གཞིའི་ཐིག་རིས་འཆར་འགོད་བཟོ་འགོད་བྱས་ཐོག་རིམ་པ་གཅིག་མཚུངས་ཀྱི་མི་དམངས་སྲིད་གཞུང་ལ་ཕུལ་ནས་ཆོག་མཆན་ཞུ་དགོས་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་ལ་ཞུས་ཏེ་སྙན་ཐོ་དཔོད་རྗེས་ལག་བསྟར་བྱེད་རྒྱུའི་སྒྲིག་འཛུགས་བྱེད་དགོས། གྲོང་ཁྱེར (ས་གནས )དང་རྫོང་རིམ་མི་དམངས་སྲིད་གཞུང་གིས་རང་སྐྱོང་ལྗོངས་ཀྱི་རྨང་གཞིའི་ཐིག་རིས་འཆར་འགོད་ལ་གཞིགས་ཏེ་དོན་དངོས་དང་ཟུང་འབྲེལ་གྱིས་སྲིད་འཛིན་ས་ཁོངས་སོ་སོའི་ནང་གི་རྨང་གཞིའི་ཐིག་རིས་ཀྱི་འཆར་འགོད་བཟོ་དགོས།
དོན་ཚན་བཅུ་བདུན་པ། གྲོང་ཁྱེར (ས་གནས )དང་རྫོང་རིམ་མི་དམངས་སྲིད་གཞུང་གི་གོང་འཕེལ་བསྒྱུར་བཅོས་སྡེ་ཚན་གྱིས་ངེས་པར་དུ་རིམ་པ་གཅིག་མཚུངས་ཀྱི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་དང་མཉམ་དུ་རང་སྐྱོང་ལྗོངས་ཀྱི་རྨང་གཞིའི་ཐིག་རིས་ཀྱི་ལོ་འཁོར་འཆར་གཞི་དང་རིམ་པ་དེ་གའི་རྨང་གཞིའི་ཐིག་རིས་ཀྱི་འཆར་འགོད་གཞིར་བཟུང་སྲིད་འཛིན་ས་ཁོངས་སོ་སོའི་ནང་གི་རྨང་གཞིའི་ཐིག་རིས་ཀྱི་ལོ་འཁོར་འཆར་གཞི་བཟོ་དགོས་པ་མ་ཟད། ཁག་སོ་སོར་རང་ལས་རིམ་པ་གཅིག་གིས་མཐོ་བའི་གཙོ་འགན་འཁུར་མཁན་སྡེ་ཚན་ལ་སྙན་ཐོ་དཔོ་དགོས།
དོན་ཚན་བཅོ་བརྒྱད་པ། གཤམ་གསལ་རྨང་གཞིའི་ཐིག་རིས་རྣམ་གྲངས་དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ལག་བསྟར་བྱེད་རྒྱུའི་སྒྲིག་འཛུགས་བྱེད་དགོས།
(གཅིག ) རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་རྒྱལ་ཁབ་ཀྱི་ཐིག་རིས་རྒྱུད་ཁོངས་དང་གཅིག་གྱུར་ཡིན་པའི་ས་གཞི་ཆེ་མོའི་ཚོད་འཛིན་དྲ་རྒྱ་དང་མཐོ་ཚད་ཚོད་འཛིན་དྲ་རྒྱ་བཟོ་རྒྱུ་དང་། གསར་པ་བརྗེ་རྒྱུ། སྲུང་སྐྱོང་བྱེད་རྒྱུ་བཅས།
(གཉིས ) རང་སྐྱོང་ལྗོངས་རིམ་པའི་རྨང་གཞིའི་ས་ཁམས་ཆ་འཕྲིན་རྒྱུད་ཁོངས་འཛུགས་རྒྱུ་དང་གསར་པ་བརྗེ་རྒྱུ།
(གསུམ ) རང་སྐྱོང་ལྗོངས་ཀྱི་རྨང་གཞིའི་ཐིག་རིས་ཀྱི་མཁའ་ཐོག་པར་ལེན་སྒྲིག་འཛུགས་བྱེད་རྒྱུ།
(བཞི ) རང་སྐྱོང་ལྗོངས་ཀྱི་རྨང་གཞིའི་ས་ཁམས་ཆ་འཕྲིན་གྱི་རྒྱང་ཚོར་དཔྱད་ཡིག་ལེན་རྒྱུ།
(ལྔ ) གཞི་རྩའི་བསྡུར་ཁྲེ་1:10000དང་1:5000ཡིན་པའི་རང་སྐྱོང་ལྗོངས་ཀྱི་ས་བབ་ས་བཀྲ་དང་། ས་གཞིའི་བཪྙན་པར། གྲངས་འཛིན་ཅན་གྱི་ས་བཀྲའི་ཐོན་རྫས་བཅས་ཚད་ལེན་བཟོ་འགོད་དང་གསར་པ་བརྗེ་རྒྱུ།
(དྲུག ) རང་སྐྱོང་ལྗོངས་ཀྱི་རྨང་གཞིའི་ས་ཁམས་ཀྱི་གཞི་གདན་ས་བཀྲ་དང་། སྤྱིར་བཏང་ས་བཀྲ (ཕྱོགས་སྒྲིག་དང་ལག་དེབ ) རང་སྐྱོང་ལྗོངས་རིམ་པའི་ཕྱོགས་བསྡུས་ས་བཀྲའི་དེབ་བཅས་བཟོ་འགོད་སྒྲིག་འཛུགས་བྱེད་རྒྱུ་བཅས་སོ།
དོན་ཚན་བཅུ་དགུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྨང་གཞིའི་ཐིག་རིས་བཀོད་འབྲས་དུས་བཀག་ཐོག་གསར་པ་བརྗེ་དགོས། གསར་པ་བརྗེ་རྒྱུའི་དུས་འཁོར་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ལག་བསྟར་བྱེད་དགོས། དོན་ཚན་ཉི་ཤུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་རྨང་གཞིའི་ཐིག་རིས་འཆར་འགོད་དང་ལོ་འཁོར་འཆར་གཞི་གཞིར་བཟུང་རྨང་གཞིའི་ཐིག་རིས་སྒྲིག་བཀོད་འཛུགས་སྐྲུན་དང་། དོ་དམ། སྲུང་སྐྱོབ་བཅས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་རྨང་གཞིའི་ཐིག་རིས་སྒྲིག་བཀོད་རྒྱུན་ལྡན་བཞིན་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས།
དོན་ཚན་ཉེར་གཅིག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་རང་བྱུང་གནོད་འཚེ་དང་། ལས་འཛོལ་གོད་ཆག སྤྱི་པའི་འཕྲོད་བསྟེན་དོན་རྐྱེན། སྤྱི་ཚོགས་བདེ་འཇགས་ཀྱི་དོན་རྐྱེན་སོགས་གློ་བུར་དུ་བྱུང་བའི་དོན་རྐྱེན་རིགས་ལ་ཁ་གཏད་གཅོག་རྒྱུའི་དགོས་མཁོར་གཞིགས་ནས་དེ་མཚུངས་ཀྱི་རྨང་གཞིའི་ཐིག་རིས་ཀྱི་འཕྲལ་མྱུར་འགན་སྲུང་སྔོན་ཇུས་བཟོ་དགོས། རྨང་གཞིའི་ཐིག་རིས་ཀྱི་འཕྲལ་མྱུར་འགན་སྲུང་སྔོན་ཇུས་ཀྱི་ནང་དོན་ཁོངས་སུ་ངེས་པར་དུ་འཕྲལ་མྱུར་འགན་སྲུང་གི་རྩ་འཛུགས་མ་ལག་དང་། འཕྲལ་སྡོམ་སྒྲིག་ཆས་དང་ཡོ་ཆས་སྒྲིག་སྦྱོར། འཕྲལ་སྡོམ་དང་ལེན། རྨང་གཞིའི་ས་ཁམས་ཆ་འཕྲིན་གྲངས་གཞིའི་འཕྲལ་མྱུར་ཚད་ལེན་བཟོ་སྒྲིག་དང་གསར་བརྗེས་སོགས་འཕྲལ་མྱུར་འགན་སྲུང་བྱ་ཐབས་ཚུད་དགོས།
དོན་ཚན་ཉེར་གཉིས་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་རྨང་གཞིའི་ཐིག་རིས་ཀྱི་འཕྲལ་མྱུར་འགན་སྲུང་སྔོན་ཇུས་གཞིར་བཟུང་དེ་མཚུངས་ཀྱི་སྒྲིག་ཆས་དང་ཡོ་ཆས་སྒྲིག་སྦྱོར་བྱེད་དགོས་པ་དང་། གསོ་སྦྱོང་དང་ནང་སྦྱོང་བྱེད་རྒྱུ་སྒྲིག་འཛུགས་བྱེད་པ། གློ་བུར་དོན་རྐྱེན་ལ་འཕྲལ་མྱུར་ཐག་གཅོད་བྱེད་པའི་རྨང་གཞིའི་ས་ཁམས་ཆ་འཕྲིན་རྒྱུད་ཁོངས་འཐུས་ལེགས་སུ་གཏོང་བ། རྨང་གཞིའི་ཐིག་རིས་ཀྱི་འཕྲལ་མྱུར་འགན་སྲུང་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་པ་བཅས་བྱས་ཏེ་རྨང་གཞིའི་ཐིག་རིས་ཀྱི་འཕྲལ་མྱུར་འགན་སྲུང་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས། གློ་བུར་དོན་རྐྱེན་ཐོན་རྗེས་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་འཕྲལ་མར་རྨང་གཞིའི་ཐིག་རིས་ཀྱི་འཕྲལ་མྱུར་འགན་སྲུང་སྔོན་ཇུས་ལག་བསྟར་བྱས་ཐོག་བྱ་ཐབས་ནུས་ལྡན་སྤྱད་དེ་རྨང་གཞིའི་ས་ཁམས་ཆ་འཕྲིན་གྱི་གྲངས་གཞི་འཕྲལ་མྱུར་ཚད་ལེན་བཟོ་སྒྲིག་དང་གསར་པ་བརྗེ་རྒྱུའི་ལས་དོན་སྤེལ་དགོས་པ་དང་། འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་ཀྱིས་གློ་བུར་དུ་ཐོན་པའི་དོན་རྐྱེན་རིགས་ལ་ཁྲིམས་ལུགས་གཞིར་བཟུང་ཐག་གཅོད་བྱེད་དགོས།
ལེའུ་བཞི་པ། དབྱེ་མཚམས་ཐིག་རིས་དང་ཐིག་རིས་གཞན་དག
དོན་ཚན་ཉེར་གསུམ་པ། སྲིད་འཛིན་ས་ཁོངས་དབྱེ་མཚམས་ཀྱི་ཐིག་རིས་དང་རྫོང་རིམ་ཡན་གྱི་སྲིད་འཛིན་ས་ཁོངས་དབྱེ་མཚམས་ཀྱི་ཚད་ལྡན་པར་ལེན་ས་བཀྲ་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ལག་བསྟར་བྱེད་རྒྱུ། ཤང་(གྲོང་རྡལ )སྲིད་འཛིན་ས་ཁོངས་དབྱེ་མཚམས་ཀྱི་ཚད་ལྡན་པར་ལེན་ས་བཀྲ་དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཚན་ནས་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་དང་མཉམ་དུ་འཆར་གཞི་གཏན་འཁེལ་བྱས་ཏེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུས་རྗེས་ཁྱབ་བསྒྲགས་བྱེད་རྒྱུ།
དོན་ཚན་ཉེར་བཞི་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་རྒྱལ་ཁབ་ས་ཐོན་སྡེ་ཚན་དང་མཉམ་དུ་རང་སྐྱོང་ལྗོངས་ཀྱི་ས་ཁུངས་ཐིག་རིས་འཆར་འགོད་བཟོ་སྒྲིག་བྱེད་དགོས་པ་མ་ཟད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ས་ཁུངས་ཐིག་རིས་འཆར་འགོད་གཞིར་བཟུང་ས་ཁུངས་ཐིག་རིས་དོ་དམ་བྱེད་རྒྱུ། གྲོང་ཁྱེར (ས་གནས )དང་རྫོང་རིམ་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་རིམ་པ་གཅིག་མཚུངས་ཀྱི་རྒྱལ་ཁབ་ས་ཐོན་སྡེ་ཚན་དང་མཉམ་དུ་སྲིད་འཛིན་ས་ཁོངས་སོ་སོའི་ནང་གི་ས་ཁུངས་ཐིག་རིས་འཆར་འགོད་བཟོ་སྒྲིག་བྱས་ཏེ་རང་ལས་རིམ་པ་གཅིག་གིས་མཐོ་བའི་གཙོ་འགན་འཁུར་མཁན་སྡེ་ཚན་ཁག་སོ་སོར་སྙན་ཐོ་དཔོད་རྗེས་གྲོང་ཁྱེར (ས་གནས )དང་རྫོང་རིམ་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ས་ཁུངས་ཐིག་རིས་འཆར་འགོད་གཞིར་བཟུང་ས་ཁུངས་ཐིག་རིས་དོ་དམ་བྱེད་རྒྱུ།
དོན་ཚན་ཉེར་ལྔ་པ། ས་ཆ་དང་། སྐྲུན་དངོས། བཟོ་བཙུགས་དངོས་རིགས། ས་ངོས་སུ་གནས་པའི་དངོས་རིགས་གཞན་དག་བཅས་ཀྱི་དབང་ཁོངས་མཚམས་ཐིག་ཚད་ལེན་བྱེད་དགོས་རིགས་ལ་ངེས་པར་དུ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་དབང་ཁོངས་དབྱེ་མཚམས་ཀྱི་གནས་མཚམས་དང་མཚམས་ཐིག་གམ་ཡང་ན་མཁོ་འདོན་བྱས་པའི་འབྲེལ་ཡོད་ཐོ་འགོད་དཔྱད་ཡིག་དང་སྦྱར་རིས་གཞིར་བཟུང་བྱེད་དགོས། དབང་ཁོངས་མཚམས་ཐིག་ལ་འགྱུར་བ་བྱུང་སྐབས་འབྲེལ་ཡོད་དོ་བདག་གིས་ངེས་པར་དུ་ཐིག་རིས་འགྱུར་བ་གཏོང་རྒྱུའི་རེ་འདུན་ཞུ་དགོས། ཚན་པ་དང་མི་སྒེར་ལ་སྤྲད་པའི་ས་ཆའི་བདག་དབང་ལག་ཁྱེར་རམ་ཡང་ན་ཁང་པའི་བདག་དབང་ལག་ཁྱེར་ནང་འགོད་རྒྱུའི་གྲངས་གཞི་དང་སྦྱར་རིས་དེ་ངེས་པར་དུ་དེ་མཚུངས་ཀྱི་ཐིག་རིས་འོས་ཐོབ་ཡོད་པའི་ཚན་པས་རྒྱལ་ཁབ་ཀྱི་གཏན་འབེབས་ནང་འཁོད་ལག་རྩལ་ཚད་གཞི་གཞིར་བཟུང་ཚད་ལེན་བཟོ་འགོད་བྱེད་དགོས།
དོན་ཚན་ཉེར་དྲུག་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་རྨང་གཞིའི་ས་ཁམས་ཆ་འཕྲིན་རྒྱུད་ཁོངས་འཛུཌ་རྒྱུ་དང་དོ་དམ་བྱེད་རྒྱུར་ཤུཌ་སྣོན་བརྒྱབ་སྟེ་གཅིག་གྱུར་གྱི་རྨང་གཞིའི་ས་ཁམས་ཆ་འཕྲིན་གྱི་སྤྱི་སྤྱོད་ཞབས་ཞུའི་ལས་སྟེཌ་བཙུཌ་ནས་རྨང་གཞིའི་ས་ཁམས་ཆ་འཕྲིན་ཐོན་ཁུངས་མཉམ་འཛུཌ་མཉམ་སྤྱོད་ཐུབ་པ་བྱེད་དགོས། ནོར་སྲིད་མ་དངུལ་བཏང་ནས་བཟོས་པའི་ས་ཁམས་གནས་ས་རྨང་གཞིར་བྱས་པའི་ཆ་འཕྲིན་རྒྱུད་ཁོངས་ལ་ངེས་པར་དུ་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་ནས་མཁོ་འདོན་བྱས་པའི་རྨང་གཞིའི་ས་ཁམས་ཆ་འཕྲིན་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེཌ་སྤྱོད་དགོས།
ལེའུ་ལྔ་པ། ཐིག་རིས་འགོད་རྒྱུའི་འོས་ཐོབ་དང་འོས་བབ།
དོན་ཚན་ཉེར་བདུན་པ། ཐིག་རིས་ཀྱི་བྱེད་སྒོ་སྤེལ་མཁན་ཚན་པས་ངེས་པར་དུ་ཁྲིམས་ལུགས་གཞིར་བཟུང་དེ་མཚུངས་གདང་རིམ་གྱི་ཐིག་རིས་འོས་ཐོབ་ལག་ཁྱེར་ཐོབ་དགོས་པ་མ་ཟད། འོས་ཐོབ་གདང་རིམ་ནང་ཆོག་པའི་ཁྱབ་ཁོངས་སུ་ཐིག་རིས་བྱེད་སྒོ་སྤེལ་དགོས།
དོན་ཚན་ཉེར་བརྒྱད་པ། ཐིག་རིས་འོས་ཐོབ་ལ་ཀ་པ་དང་། ཁ་པ། ག་པ། ང་པ་བཅས་རིམ་པ་བཞི་ལ་དབྱེ་རྒྱུ། ཐིག་རིས་འགོད་རྒྱུའི་འོས་ཐོབ་དེ་ངེས་པར་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་ལ་རེ་བ་ཞུ་དགོས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཐིག་རིས་འོས་ཐོབ་དོ་དམ་གྱི་གཏན་འབེབས་གཞིར་བཟུང་འགྲོ་ལུགས་སྒྲུབ་དགོས།
དོན་ཚན་ཉེར་དགུ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་ཐིག་རིས་འོས་ཐོབ་ཀྱི་ཞིབ་མཆན་བཀོད་འབྲས་འཕྲལ་མར་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་དགོས། ཡོངས་བསྒྲགས་བྱེད་པའི་ཆ་འཕྲིན་ནང་ཐིག་རིས་འོས་ཐོབ་ཚན་པའི་མིང་དང་། ཁྲིམས་ཚན་འཐུས་ཚབ་པ། འོས་ཐོབ་གདང་རིམ། ལས་སྒོའི་ཁྱབ་ཁོངས་སོགས་ཚུད་དགོས།
དོན་ཚན་སུམ་ཅུ་པ། ཐིག་རིས་ཚན་པའི་མིང་དང་། གནས་ས། ཁྲིམས་ཚན་འཐུས་ཚབ་པའམ་ཡང་ན་ལས་སྒོའི་ཁྱབ་ཁོངས་བཅས་ལ་འགྱུར་ལྡོག་གཏོང་དགོས་རིགས་ངེས་པར་དུ་འགྱུར་ལྡོག་གཏོང་རྒྱུའི་འགྲོ་ལུགས་སྒྲུབ་དགོས། ཐིག་རིས་ཚན་པ་ཟླ་སྒྲིལ་དང་ལོགས་འཛུགས་བྱས་ཚེ་ངེས་པར་དུ་ཐིག་རིས་འོས་ཐོབ་ལག་ཁྱེར་བསྐྱར་དུ་གཉེར་དགོས། ཐིག་རིས་ཚན་པས་ཐིག་རིས་ལས་སྒོ་སྤེལ་མཚམས་འཇོག་དགོས་རིགས་ལ་ངེས་པར་དུ་ཐོ་སུབ་རྒྱུའི་འགྲོ་ལུགས་སྒྲུབ་དགོས་པ་མ་ཟད། ལག་ཁྱེར་སྤྲོད་མཁན་ལས་ཁུངས་ལ་ཐིག་རིས་འོས་ཐོབ་ལག་ཁྱེར་ཕྱིར་སྤྲོད་བྱེད་དགོས། ཚན་པ་དང་མི་སྒེར་སུ་ཞིག་གིས་ཀྱང་ཐིག་རིས་འོས་ཐོབ་ལག་ཁྱེར་རྫུན་བཟོ་དང་། བཟོ་བཅོས། གཡར་སྤྱོད་དམ་ཡང་ན་ནང་བཤུག་གཏོང་བ་བཅས་བྱེད་མི་ཆོག
དོན་ཚན་སོ་གཅིག་པ། ཐིག་རིས་རྣམ་གྲངས་འགན་གཙང་ལེན་སྤྲོད་བྱེད་དགོས་རིགས་ལ་འགན་གཙང་སྤྲོད་མཁན་ཚན་པས་དེ་མཚུངས་ཀྱི་ཐིག་རིས་འོས་ཐོབ་གདང་རིམ་མེད་པའི་ཚན་པར་སྤྲོད་པའམ་ཡང་ན་ཐིག་རིས་ཚན་པར་བཙན་ཤེད་ཀྱིས་ཐིག་རིས་མ་གནས་ལས་དམའ་བ་བྱས་ནས་འགན་གཙང་སྤྲོད་རིགས་མི་ཆོག ཐིག་རིས་ཚན་པས་འགན་གཙང་བླངས་པའི་ཐིག་རིས་རྣམ་གྲངས་བསྐྱར་དུ་གཞན་ལ་འགན་གཙང་སྤྲོད་མི་ཆོག
དོན་ཚན་སོ་གཉིས་པ། ཐིག་རིས་ཀྱི་བྱེད་སྒོ་སྤེལ་མཁན་ལ་ངེས་པར་དུ་ཐིག་རིས་ལས་སྒྲུབ་ལག་ཁྱེར་ཡོད་དགོས། ཐིག་རིས་ཀྱི་བྱེད་སྒོ་སྤེལ་མཁན་ཆེད་ལས་ལག་རྩལ་མི་སྣར་ངེས་པར་དུ་ལས་གཉེར་འོས་བབ་ཆ་རྐྱེན་ཡོད་དགོས། ཐིག་རིས་ཀྱི་བྱེད་སྒོ་སྤེལ་མཁན་གྱི་ལག་རྩལ་བཟོ་རིགས་མི་སྣར་ངེས་པར་དུ་ལས་རིགས་ཀྱི་འོས་བབ་ཐོབ་དགོས།
དོན་ཚན་སོ་གསུམ་པ། ཐིག་རིས་འགོད་མཁན་མི་སྣས་ཁྲིམས་ལུགས་གཞིར་བཟུང་ཐིག་རིས་བྱེད་སྒོ་སྤེལ་བར་ཚན་པ་དང་མི་སྒེར་སུ་ཞིག་གིས་ཀྱང་འགོག་རྐྱེན་དང་བཀག་འགོག་བྱེད་མི་ཆོག
དོན་ཚན་སོ་བཞི་པ། ལྗོངས་ཕྱིའི་ཐིག་རིས་ཚན་པས་སྲིད་འཛིན་ས་ཁོངས་སོ་སོའི་ནང་གི་ཐིག་རིས་བྱེད་སྒོ་སྤེལ་བར་ངེས་པར་དུ་ཐིག་རིས་རྣམ་གྲངས་འགོ་མ་ཚུགས་གོང་གི་ལས་ཀའི་ཉིན་གྲངས་10ནང་ཐིག་རིས་ཀྱི་འོས་ཐོབ་ལག་ཁྱེར་དང་། ཐིག་རིས་ཀྱི་ལས་སྒྲུབ་ལག་ཁྱེར། ཐིག་རིས་ཀྱི་གན་རྒྱའི་ཡི་གེ་སོགས་འབྲེལ་ཡོད་དཔྱད་ཡིག་འཁྱེར་ནས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་ལ་སྙན་ཐོ་དཔོ་དགོས།
ལེའུ་དྲུག་པ། ཐིག་རིས་བཀོད་འབྲས་སྐོར།
དོན་ཚན་སོ་ལྔ་པ། ཐིག་རིས་ཚན་པས་ངེས་པར་དུ་ལག་རྩལ་སྤུས་ཚད་འགན་ལེན་ཐུབ་པའི་མ་ལག་འཛུགས་པ་དང་ཚགས་ཚུད་དུ་གཏོང་དགོས་པ་མ་ཟད། སོ་སོས་བསྒྲུབས་ཟིན་པའི་ཐིག་རིས་བཀོད་འབྲས་ཀྱི་སྤུས་ཚད་ལ་འགན་འཁུར་དགོས།
དོན་ཚན་སོ་དྲུག་པ། ཐིག་རིས་བཀོད་འབྲས་མཉམ་སྐྱེལ་ལམ་ལུགས་ལག་བསྟར་བྱེད་དགོས། རྨང་གཞིའི་ཐིག་རིས་བཀོད་འབྲས་དང་ནོར་སྲིད་ནས་ཐིག་རིས་རྣམ་གྲངས་ཐད་མ་འཇོག་བྱས་པའི་ཐིག་རིས་བཀོད་འབྲས་ཡིན་ཚེ་ངེས་པར་དུ་དེའི་འདྲ་དཔེ་མཉམ་སྐྱེལ་བྱེད་དགོས་པ་དང་། ཐིག་རིས་བཀོད་འབྲས་གཞན་དག་ཡིན་ཚེ་ངེས་པར་དུ་དཀར་ཆག་མཉམ་སྐྱེལ་བྱེད་དགོས།
དོན་ཚན་སོ་བདུན་པ། ཐིག་རིས་རྣམ་གྲངས་ཐད་མ་འཇོག་བྱེད་མཁན་ནམ་ཡང་ན་རྒྱལ་ཁབ་ནས་མ་འཇོག་བྱས་པའི་ཐིག་རིས་རྣམ་གྲངས་ལ་འགན་འཁུར་མཁན་གྱི་ཐིག་རིས་ཚན་པས་ངེས་པར་དུ་ཐིག་རིས་བཀོད་འབྲས་ཞིབ་བཤེར་རྩིས་ལེན་བྱས་ཉིན་ནས་བཟུང་ཉིན་གྲངས་90ནང་ཚུན་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་ལ་ཐིག་རིས་བཀོད་འབྲས་ཀྱི་འདྲ་དེབ་བམ་ཡང་ན་དཀར་ཆག་མཉམ་སྐྱེལ་བྱེད་དགོས།
དོན་ཚན་སོ་བརྒྱད་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་ཕྱོགས་བསྒྲིགས་འབུལ་སྐྱེལ་བྱས་པའི་ཐིག་རིས་བཀོད་འབྲས་ཀྱི་འདྲ་དེབ་བའམ་ཡང་ན་དཀར་ཆག་ལག་འབྱོར་བྱུང་བའི་ཉིན་ནས་བཟུང་ལས་ཀའི་ཉིན་གྲངས་10ནང་ཚུན་དུ་ཐིག་རིས་བཀོད་འབྲས་ཀྱི་འདྲ་དེབ་བའམ་ཡང་ན་དཀར་ཆག་དེ་ཐིག་རིས་བཀོད་འབྲས་ཉར་ཚགས་བྱེད་མཁན་ཚན་པར་རྩིས་སྤྲོད་བྱེད་དགོས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་ལྗོངས་ཡོངས་ཀྱི་ཐིག་རིས་བཀོད་འབྲས་ཀྱི་དཔྱད་ཡིག་དཀར་ཆག་བཟོ་སྒྲིག་བྱེད་དགོས་པ་མ་ཟད། སྤྱི་ཚོཌ་ཐོག་ཡོངས་བསྒྲཌ་ཀྱང་བྱེད་དགོས།
དོན་ཚན་སོ་དགུ་པ། ཐིག་རིས་བཀོད་འབྲས་ཉར་ཚགས་བྱེད་མཁན་ཚན་པས་ངེས་པར་དུ་ཉར་ཚགས་ལམ་ལུགས་འཛུགས་པ་དང་ཚགས་ཚུད་དུ་གཏོང་དགོས་པའི་ཐོག་ཐིག་རིས་བཀོད་འབྲས་ཉར་ཚགས་བྱེད་རྒྱུའི་འགན་འཁྲི་ཁ་གསལ་བཟོ་དགོས་ཤིང་། དགོས་ངེས་ཀྱི་སྒྲིག་ཆས་སྒྲིག་སྦྱོར་བྱེད་དགོས་པ་དང་། རྨང་གཞིའི་ཐིག་རིས་བཀོད་འབྲས་ཀྱི་དཔྱད་ཡིག་རིགས་ས་ཡུལ་གཞན་དུ་གྲབས་ཉར་བྱས་ཏེ་མེ་སྐྱོན་སྔོན་འགོག་དང་། རྐུན་མ་སྔོན་འགོག བཞའ་བརླན་སྔོན་འགོག རུལ་བསླད་སྔོན་འགོག གནོད་ལྡན་སྐྱེ་དངོས་སྔོན་འགོག ངར་འགྱུར་སྔོན་འགོག ནད་དུག་སྔོན་འགོག གསང་བ་མི་འགྱར་སྔོན་འགོག་སོགས་བྱེད་རྒྱུའི་བྱ་ཐབས་ནུས་ལྡན་སྤྱད་དེ་ཐིག་རིས་བཀོད་འབྲས་ཀྱི་དཔྱད་ཡིག་སྐྱོན་མེད་ཡོང་བའི་འགན་ལེན་བྱེད་དགོས།
དོན་ཚན་བཞི་བཅུ་པ། ཐིག་རིས་བཀོད་འབྲས་ཉར་ཚགས་བྱེད་མཁན་ཚན་པ་ནས་ཉར་ཚགས་བྱས་པའི་རྨང་གཞིའི་ཐིག་རིས་བཀོད་འབྲས་དང་ནོར་སྲིད་ནས་མ་འཇོག་བྱས་པའི་ཐིག་རིས་བཀོད་འབྲས་གཞན་དག་རིགས་ཁྲིམས་ཚན་ནམ་ཡང་ན་རྩ་འཛུགས་གཞན་དག་གིས་བེད་སྤྱོད་བྱེད་རྒྱུ་རེ་འདུན་ཞུས་ན་འགྲིག
དོན་ཚན་ཞེ་གཅིག་པ། རང་སྐྱོང་ལྗོངས་ཀྱིས་ཐིག་རིས་བཀོད་འབྲས་རིན་དོད་ཡོད་པའི་ཐོག་ནས་བེད་སྤྱོད་བྱེད་རྒྱུའི་ལམ་ལུགས་ལག་བསྟར་བྱེད་རྒྱུ། ཐིག་རིས་བཀོད་འབྲས་རིན་དོད་ཡོད་པའི་ཐོག་ནས་བེད་སྤྱོད་བྱེད་པའི་རིན་གོང་དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཟོག་གོང་སྡེ་ཚན་ནས་ཐིག་རིས་སྡེ་ཚན་དང་མཉམ་དུ་བཟོ་རྒྱུ།
དོན་ཚན་ཞེ་གཉིས་པ། རྨང་གཞིའི་ཐིག་རིས་བཀོད་འབྲས་དང་ནོར་སྲིད་ནས་མ་འཇོག་བྱས་ནས་བསྒྲུབས་པའི་ཐིག་རིས་བཀོད་འབྲས་གཞན་དག་རྣམས་རྒྱལ་ཁབ་ལས་ཁུངས་ཀྱི་ཇུས་ཐག་དང་སྤྱི་ཚོགས་ཕན་བདེའི་བྱ་གཞག་ཐད་སྤྱོད་དགོས་རིགས་ཐིག་རིས་བཀོད་འབྲས་ཉར་ཚགས་བྱེད་མཁན་ཚན་པས་ངེས་པར་དུ་རིན་དོད་མེད་པར་མཁོ་འདོན་བྱེད་དགོས། རིམ་ཁག་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་དང་དམག་དཔུང་གིས་གནོད་འཚེ་སྔོན་འགོག་བྱེད་རྒྱུ་དང་། གནོད་འཚེ་ཆུང་དུ་གཏོང་རྒྱུ། རྒྱལ་སྲུང་འཛུགས་སྐྲུན་བྱེད་རྒྱུ་སོགས་སྤྱི་པའི་ཁེ་ཕན་གྱི་དགོས་མཁོའི་ཆེད་དུ་ཐིག་རིས་བཀོད་འབྲས་བེད་སྤྱོད་བྱེད་དགོས་རིགས་ཐིག་རིས་བཀོད་འབྲས་ཀྱི་བདག་ཐོབ་ཡོད་མཁན་གྱིས་ངེས་པར་དུ་རིན་དོད་མེད་པར་མཁོ་འདོན་བྱེད་དགོས།
དོན་ཚན་ཞེ་གསུམ་པ། ཁྲིམས་ཚན་ནམ་ཡང་ན་རྩ་འཛུགས་གཞན་དག་གིས་རྨང་གཞིའི་ཐིག་རིས་བཀོད་འབྲས་དང་རྒྱལ་ཁབ་ནོར་སྲིད་ནས་མ་འཇོག་བྱས་པའི་ཐིག་རིས་བཀོད་འབྲས་གཞན་དག་བེད་སྤྱོད་བྱེད་དགོས་རིགས་ངེས་པར་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་ལ་རེ་འདུན་ཞུ་དགོས།
དོན་ཚན་ཞེ་བཞི་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་རེ་འདུན་ཞུ་མཁན་ནས་འདོན་སྤྲོད་བྱས་པའི་ཐིག་རིས་བཀོད་འབྲས་བེད་སྤྱོད་བྱེད་རྒྱུའི་དཔྱད་ཡིག་ལ་ཞིབ་བཤེར་བྱས་ཏེ་རེ་འདུན་བདག་སྤྲོད་བྱས་པའི་ཉིན་ནས་བཟུང་གི་ལས་ཀའི་ཉིན་གྲངས་7ནང་བེད་སྤྱོད་བྱེད་ཆོག་མིན་གྱི་གཏན་འབེབས་བྱེད་དགོས། རེ་བ་དང་འཚམ་པའི་རིགས་ལ་ངེས་པར་དུ་བེད་སྤྱོད་བྱེད་དུ་འཇུག་དགོས་པ་དང་། རེ་བ་དང་མི་འཚམ་པའི་རིགས་ལ་ངེས་པར་དུ་རེ་འདུན་ཞུ་མཁན་ལ་ཡིག་ཐོག་ནས་བརྡ་གཏོང་དགོས་པ་མ་ཟད་རྒྱུ་མཚན་གསལ་བཤད་བྱེད་དགོས།
དོན་ཚན་ཞེ་ལྔ་པ། གྲོང་ཁྱེར (ས་གནས )མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཉར་ཚགས་བྱས་པའི་རྨང་གཞིའི་ཐིག་རིས་བཀོད་འབྲས་དང་རྒྱལ་ཁབ་ནོར་སྲིད་ནས་མ་འཇོག་བྱས་ཤིང་རྒྱལ་ཁབ་ཀྱི་གསང་བ་དང་འབྲེལ་བ་ཡོད་པའི་ཐིག་རིས་བཀོད་འབྲས་གཞན་དག་བེད་སྤྱོད་བྱེད་པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་གྲོང་ཁྱེར (ས་གནས )མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་ལ་ཞིབ་བཤེར་བྱེད་རྒྱུ་མངག་བཅོལ་བྱས་ན་འགྲིག
དོན་ཚན་ཞེ་དྲུག་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་གསང་བ་དང་འབྲེལ་བ་ཡོད་པའི་ཐིག་རིས་བཀོད་འབྲས་བེད་སྤྱོད་བྱས་ཚུལ་འཕྲལ་མར་ཡིག་ཐོག་ནས་རང་སྐྱོང་ལྗོངས་གསང་སྲུང་སྡེ་ཚན་ལ་བརྡ་གཏོང་དགོས།
དོན་ཚན་ཞེ་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་སྡེ་ཚན་གྱིས་ཁྲིམས་ཚན་ནམ་ཡང་ན་རྩ་འཛུགས་གཞན་དག་ནས་རྒྱལ་ཁབ་ཀྱི་གསང་བ་དང་འབྲེལ་བ་ཡོད་པའི་ཐིག་རིས་བཀོད་འབྲས་བེད་སྤྱོད་བྱེད་རྒྱུ་ཞིབ་བཤེར་བྱས་ཏེ་མོས་མཐུན་བྱུང་ན་ངེས་པར་དུ་ཡིག་ཐོག་ནས་ཐིག་རིས་བཀོད་འབྲས་ཀྱི་གསང་བའི་རིམ་པ་དང་། གསང་སྲུང་གི་བླང་བྱ། དེ་བཞིན་གསུང་རྩོམ་བདག་དབང་སྲུང་སྐྱོབ་དང་འབྲེལ་བའི་བླང་བྱ་བཅས་བརྡ་གཏོང་དགོས།
དོན་ཚན་ཞེ་བརྒྱད་པ། ཁྲིམས་ཚན་ནམ་ཡང་ན་རྩ་འཛུགས་གཞན་དག་གིས་རྒྱལ་ཁབ་ཀྱི་གསང་བ་དང་འབྲེལ་བ་ཡོད་པའི་ཐིག་རིས་བཀོད་འབྲས་བེད་སྤྱོད་བྱེད་དགོས་རིགས་ངེས་པར་དུ་གསང་སྲུང་ཐད་ཀྱི་གྲོས་དན་འཇོག་དགོས་པ་དང་། འབྲེལ་ཡོད་གསང་སྲུང་གི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་དང་གསང་སྲུང་གི་གྲོས་དན་གཞིར་བཟུང་ཐིག་རིས་བཀོད་འབྲས་ཀྱི་གསང་བའི་དོ་དམ་ལས་དོན་ཡག་པོ་སྒྲུབ་དགོས།
དོན་ཚན་ཞེ་དགུ་པ། ནོར་སྲིད་ཀྱི་མ་དངུལ་སྤྱད་དེ་ཐིག་རིས་རྣམ་གྲངས་དང་འཛུགས་སྐྲུན་ལས་གྲྭའི་ཐིག་རིས་རྣམ་གྲངས་སྤེལ་བ་དང་། དེ་བཞིན་མཁའ་འགྲུལ་སྐར་སྐྱོད་ཀྱི་རྒྱང་ཚོར་ཐིག་རིས་ཀྱི་དཔྱད་ཡིག་ཉོ་སྒྲུབ་བྱེད་པར་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་རྣམ་གྲངས་ཁོངས་སུ་འཇུག་རྒྱུའི་ཆོག་མཆན་མ་ཐོབ་གོང་ཡིག་ཐོག་ནས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱི་བསམ་འཆར་བསྡུ་ལེན་བྱེད་དགོས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་ད་ཡོད་ཀྱི་ཐིག་རིས་བཀོད་འབྲས་བེད་སྤྱོད་གང་ལེགས་བྱེད་རྒྱུའི་རྩ་དོན་གཞིར་བཟུང་ཡིག་ཐོག་ནས་བསམ་འཆར་བཏོན་ཏེ་བསྐྱར་ཟློས་ཐིག་རིས་སམ་ཡང་ན་བསྐྱར་ཟློས་ཉོ་སྒྲུབ་བྱེད་རིགས་ཀྱི་གནས་ཚུལ་མི་ཐོན་པ་བྱེད་དགོས།
དོན་ཚན་ལྔ་བཅུ་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་གི་གནད་ཆེའི་ས་བབ་དངོས་ཀྱི་གནས་ས་དང་། མཐོ་ཚད། གཏིང་ཚད། རྒྱ་ཁྱོན། རིང་ཚད་སོགས་ས་ཁམས་ཆ་འཕྲིན་གྱི་གྲངས་གཞིའི་རིགས་རྒྱལ་ཁབ་ཀྱི་ཆོག་མཆན་སྤྲོད་ཁོངས་དང་ཁྱབ་བསྒྲགས་བྱེད་ཁོངས་ཡིན་ན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཞུས་ཏེ་ཞིབ་མཆན་ཞུ་དགོས་པ་དང་། རང་སྐྱོང་ལྗོངས་ཀྱི་ཆོག་མཆན་སྤྲོད་ཁོངས་དང་ཁྱབ་བསྒྲགས་བྱེད་ཁོངས་ཡིན་ན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཞིབ་དཔྱད་བྱེད་པ་དང་སྦྲགས་འབྲེལ་ཡོད་སྡེ་ཚན་དང་གྲོས་མོལ་བྱས་རྗེས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཞུས་ཏེ་ཆོག་མཆན་དང་ཁྱབ་བསྒྲགས་བྱེད་རྒྱུ།
ལེའུ་བདུན་པ། ས་བཀྲ་དང་ས་བཀྲའི་ཐོན་རྫས།
དོན་ཚན་ང་གཅིག་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ས་བཀྲ་བཟོ་སྒྲིག་དང་། པར་སྐྲུན། འགྲེམས་སྟོན། འགོད་པ། བྲིན་ཚོང་སོགས་བྱེད་སྒོར་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ས་བཀྲའི་སྤུས་ཚད་འགན་ལེན་བྱས་ཏེ་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། ཁེ་ཕན་བཅས་ལ་སྲུང་སྐྱོང་བྱེད་དགོས། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྒྱལ་ཁབ་ཀྱི་མངའ་ཁོངས་འདུ་ཤེས་ཟབ་ཏུ་གཏོང་རྒྱུའི་དྲིལ་བསྒྲགས་སློབ་གསོ་སྤེལ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྤྱི་དམངས་ཀྱི་རྒྱལ་ཁབ་ཀྱི་མངའ་ཁོངས་ལ་འཛིན་པའི་འདུ་ཤེས་ཟབ་ཏུ་གཏོང་དགོས།
དོན་ཚན་ང་གཉིས་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་ས་བཀྲ་བཟོ་སྒྲིག་དང་། པར་སྐྲུན། པར་རྒྱག འགོད་པ། འགྲེམས་སྟོན། བྲིན་ཚོང་བཅས་ཀྱི་བྱེད་སྒོ་ཚད་ལྡན་དང་ཡོངས་བསྒྲགས་བྱེད་དགོས།
དོན་ཚན་ང་གསུམ་པ། ས་བཀྲ་འབྲི་མཁན་གྱི་ཁྲིམས་ཚན་ནམ་ཡང་ན་རྩ་འཛུགས་གཞན་དག་ལ་ངེས་པར་དུ་ཁྲིམས་ལུགས་གཞིར་བཟུང་《ཐིག་རིས་འོས་ཐོབ་ལག་ཁྱེར 》ཐོབ་དགོས་པ་དང་ས་བཀྲ་འབྲི་བའི་ལས་སྒོའི་ཁྱབ་ཁོངས་ནང་ས་བཀྲ་འབྲི་རྒྱུའི་བྱེད་སྒོ་སྤེལ་དགོས།
དོན་ཚན་ང་བཞི་པ། ས་བཀྲའི་ནང་དོན་མཚོན་སྟངས་དེ་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་ས་བཀྲའི་ནང་དོན་མཚོན་སྟངས་ཀྱི་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས། ས་བཀྲའི་ནང་གི་ས་མིང་དེ་ངེས་པར་དུ་ཚད་ལྡན་ས་མིང་གཞིར་བཟུང་པར་རིས་འབྲི་དགོས། ས་བཀྲའི་ནང་གི་རྒྱལ་མཚམས་དེ་ངེས་པར་དུ་རྒྱལ་མཚམས་ཀྱི་ཚད་ལྡན་འབྲི་སྟངས་གཞིར་བཟུང་ཐིག་རིས་འབྲི་དགོས་པ་དང་སྲིད་འཛིན་ས་ཁོངས་གཞན་དག་གི་དབྱེ་མཚམས་དེ་ངེས་པར་དུ་སྲིད་འཛིན་ས་ཁོངས་དེའི་དབྱེ་མཚམས་ཀྱི་ཚད་ལྡན་འབྲི་སྟངས་གཞིར་བཟུང་ཐིག་རིས་འབྲི་དགོས་པ་མ་ཟད། ས་བཀྲའི་ནང་དོན་དེ་ད་ལྟའི་གནས་ཚུལ་དང་མཐུན་ཞིང་གནད་ལ་འཁེལ་བ་བྱེད་དགོས།
དོན་ཚན་ང་ལྔ་པ། བཟོ་སྒྲིག་པར་སྐྲུན་བྱེད་རྒྱུའི་ཡོངས་བསྒྲགས་པར་གཞིའི་ས་བཀྲ་དེ་ས་བཀྲ་བཟོ་སྒྲིག་གི་ཁུལ་གཙོ་བོའི་རྒྱ་ཁྱོན་དེ་ས་བཀྲའི་པར་རིས་རྒྱ་ཁྱོན་ལས་སུམ་ཆ་གཉིས་ལས་ཆུང་བ་བྱེད་མི་ཆོག
དོན་ཚན་ང་དྲུག་པ། ཡོངས་བསྒྲགས་འགྲེམས་སྤེལ་བྱེད་རྒྱུའི་འགྲིམ་འགྲུལ་དང་། ཡུལ་སྐོར་སོགས་ཀྱི་ཆེད་དོན་ས་བཀྲ་བཟོ་སྒྲིག་བྱེད་པའི་ནང་རྒྱལ་ཁབ་ལས་ཁུངས་དང་། སྨན་ཁང་། སློབ་གྲྭ དཔེ་མཛོད་ཁང་། མོ་ཊའི་བབ་ཚུགས། དམངས་སྤྱོད་གནམ་ཐང་སོགས་སྤྱི་པའི་ས་ཁམས་ཆ་འཕྲིན་མཚོན་རྟགས་འགོད་སྐབས་གླ་རིན་བསྡུ་མི་ཆོག
དོན་ཚན་ང་བདུན་པ། རང་སྐྱོང་ལྗོངས་འདི་ག་ནས་རྩོམ་སྒྲིག་པར་སྐྲུན་བྱས་པའི་སློབ་གྲྭ་འབྲིང་ཆུང་སློབ་ཁྲིད་ལ་སྤྱོད་པའི་ས་བཀྲ་དང་ཟུར་སྦྱར་གྱི་ས་བཀྲའི་སློབ་དེབ་། སློབ་ཁྲིད་དཔྱད་ཡིག སློབ་ཁྲིད་ཡོ་ཆས་རྣམས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སློབ་གསོའི་གཙོ་འགན་འཁུར་མཁན་སྡེ་ཚན་ནས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་དང་མཉམ་དུ་ཞིབ་བཤེར་གཏན་འབེབས་བྱེད་དགོས།
དོན་ཚན་ང་བརྒྱད་པ། ས་བཀྲ་པར་སྐྲུན་དང་། འགྲེམས་སྟོན། འགོད་པ་བཅས་སམ་ཡང་ན་ས་བཀྲའི་ཐོན་རྫས་བཟོ་སྒྲིག་བྱེད་མཁན་ཚན་པའམ་ཡང་ན་མི་སྒེར་གྱིས་ས་བཀྲ་པར་སྐྲུན་དང་། འགྲེམས་སྟོན། འགོད་པ་བཅས་མ་བྱས་གོང་ངེས་པར་དུ་བཟོ་སྒྲིག་ཚོད་ལྟ་བྱས་པའི་ས་བཀྲའི་དཔེའམ་ཡང་ན་ས་བཀྲའི་དངོས་དཔེ་དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་ལ་ཞིབ་དཔྱད་བྱེད་རྒྱུར་འབུལ་དགོས།
དོན་ཚན་ང་དགུ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཐིག་རིས་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ས་བཀྲའི་དཔེའམ་ཡང་ན་དངོས་དཔེར་ཞིབ་དཔྱད་བྱེད་རྒྱུའི་རེ་ཞུ་ལག་འབྱོར་བྱུང་བའི་ཉིན་ནས་བཟུང་ལས་ཀའི་ཉིན་གྲངས་20ནང་ངེས་པར་དུ་ས་བཀྲའི་དཔེའམ་ཡང་ན་དངོས་དཔེར་ཞིབ་དཔྱད་བྱེད་དགོས། བླང་བྱ་དང་འཚམ་པའི་རིགས་ངེས་པར་དུ་ཆོག་མཆན་སྤྲོད་དགོས་པ་དང་བླང་བྱ་དང་མི་འཚམ་པའི་རིགས་ངེས་པར་དུ་རེ་འདུན་ཞུ་མཁན་ལ་ཡིག་ཐོག་ནས་བརྡ་གཏོང་དགོས་པ་མ་ཟད། རྒྱུ་མཚན་གསལ་བཤད་བྱེད་དགོས།
དོན་ཚན་དྲུག་ཅུ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱི་ཞིབ་དཔྱད་ཆོག་མཆན་ཐོབ་ནས་པར་སྐྲུན་དང་། འགྲེམས་སྟོན། འགོད་པ་བཅས་ཀྱི་ཐད་སྤྱོད་རྒྱུའི་ས་བཀྲ་དང་ས་བཀྲའི་ཐོན་རྫས་རིགས་ལ་ངེས་པར་དུ་ས་བཀྲའི་ནང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་སྡེ་ཚན་གྱིས་དཔྱད་སྤྲོད་བྱས་པའི་ས་བཀྲའི་ཞིབ་དཔྱད་ཨང་རྟགས་འགོད་དགོས།
དོན་ཚན་རེ་གཅིག་པ། ཞིབ་དཔྱད་ཆོག་མཆན་ཐོབ་པའི་ས་བཀྲ་དང་ཟུར་སྦྱར་གྱི་ས་བཀྲའི་ཐོན་རྫས་རིགས་ཞིབ་དཔྱད་དུ་སྐྱེལ་མཁན་ཚན་པས་ངེས་པར་དུ་པར་སྐྲུན་དང་། འགྲེམས་སྟོན། འགོད་པ་བཅས་མ་བྱས་གོང་གི་ས་བཀྲའི་དཔེའམ་ཡང་ན་དངོས་དཔེ་དེ་ཞིབ་མཆན་སྡེ་ཚན་ལ་སྙན་ཐོ་དཔོ་རྒྱུར་སྐྱེལ་དགོས།
དོན་ཚན་རེ་གཉིས་པ། ཞིབ་དཔྱད་ཆོག་མཆན་ཐོབ་པའི་ས་བཀྲའམ་ཡང་ན་ས་བཀྲའི་ཐོན་རྫས་གྱི་ནང་དོན་དམ་ཡང་ན་དེའི་རྣམ་པར་འགྱུར་ལྡོག་བྱུང་ནས་ཡང་བསྐྱར་པར་སྐྲུན་དང་། འགྲེམས་སྟོན། འགོད་པ་བཅས་བྱེད་དགོས་རིགས་ལ་ངེས་པར་དུ་བསྐྱར་དུ་ཞིབ་དཔྱད་དང་སྙན་ཐོ་དཔོ་རྒྱུའི་འགྲོ་ལུགས་སྒྲུབ་དགོས། ཞིབ་དཔྱད་ཆོག་མཆན་ཐོབ་མེད་པའི་ས་བཀྲ་དང་ས་བཀྲའི་ཐོན་རྫས་རིགས་ཚན་པ་དང་མི་སྒེར་སུ་འདྲ་ཞིག་གིས་ཀྱང་པར་སྐྲུན་དང་། འགྲེམས་སྟོན། འགོད་པ་བཅས་སམ་ཡང་ན་བཟོ་སྒྲིག་དང་བྲིན་ཚོང་བྱེད་མི་ཆོག
ལེའུ་བརྒྱད་པ། ཐིག་ཚད་མཚོན་རྟགས་བཟོ་འཛུཌ་དང་སྲུང་སྐྱོབ་བྱེད་ཕྱོགས།
དོན་ཚན་རེ་གསུམ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་བྱ་ཐབས་ནུས་ལྡན་སྤྱད་དེ་ཐིག་ཚད་མཚོན་རྟགས་སྲུང་སྐྱོབ་བྱེད་རྒྱུའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། ཤང་(གྲོང་རྡལ )མི་དམངས་སྲིད་གཞུང་གིས་ངེས་པར་དུ་འབྲེལ་ཡོད་ཚན་པའམ་ཡང་ན་ཆེད་མི་དམིགས་འཛུགས་བྱས་ཏེ་སྲིད་འཛིན་ས་ཁོངས་སོ་སོའི་ནང་གི་ཐིག་ཚད་མཚོན་རྟགས་ལ་སྲུང་སྐྱོབ་དང་དོ་དམ་བྱེད་འཇུག་དགོས།
དོན་ཚན་རེ་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་ཐིག་ཚད་མཚོན་རྟགས་ཀྱི་ལོ་འཁོར་བདག་སྐྱོང་འཆར་གཞི་བཟོ་སྒྲིག་བྱེད་དགོས་པ་མ་ཟད། ལག་བསྟར་བྱེད་རྒྱུའི་སྒྲིག་འཛུགས་ཀྱང་བྱེད་དགོས།
དོན་ཚན་རེ་ལྔ་པ། འབྲེལ་ཡོད་སྡེ་ཚན་གྱིས་སྲ་བརྟན་ཕུགས་འཕེར་གྱི་ཐིག་ཚད་མཚོན་རྟགས་བཟོ་འཛུགས་བྱེད་སྐབས་ངེས་པར་དུ་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ལག་རྩལ་གྱི་ཚད་གཞི་དང་འཚམ་དགོས་ཤིང་། མཚོན་རྟགས་གསལ་པོ་འཛུགས་དགོས་པ་མ་ཟད། ས་གནས་དེ་གའི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་ལ་སྙན་ཐོ་དཔོ་དགོས།
དོན་ཚན་རེ་དྲུག་པ། ཐིག་ཚད་མཚོན་རྟགས་ངེས་པར་དུ་ཚན་རིག་དང་མཐུན་པའི་བཀོད་སྒྲིག་དང་ལུགས་མཐུན་གྱིས་བཟོ་འཛུགས་བྱེད་དགོས། སྲ་བརྟན་ཕུགས་འཕེར་གྱི་ཐིག་ཚད་མཚོན་རྟགས་བཟོ་འཛུགས་བྱེད་པར་ས་ཆའམ་ཡང་ན་ཨར་སྐྲུན་དངོས་པོ་བེད་སྤྱོད་བྱེད་དགོས་རིགས་ལ་བཟོ་འཛུགས་ཚན་པས་ངེས་པར་དུ་ཁྲིམས་ལུགས་གཞིར་བཟུང་འབྲེལ་ཡོད་འགྲོ་ལུགས་སྒྲུབ་དགོས་པ་དང་གུན་གསབ་སྤྲོད་དགོས་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་གུན་གསབ་སྤྲོད་དགོས།
དོན་ཚན་རེ་བདུན་པ། ལས་གྲྭ་འཛུགས་སྐྲུན་བྱེད་སྐབས་སྲ་བརྟན་ཕུགས་འཕེར་གྱི་ཐིག་ཚད་མཚོན་རྟགས་ལ་ཤུགས་རྐྱེན་བཟོ་རིགས་ངེས་པར་དུ་སྲ་བརྟན་ཕུགས་འཕེར་གྱི་ཐིག་ཚད་མཚོན་རྟགས་ཡོལ་ཐབས་བྱེད་དགོས། གལ་སྲིད་ཡོལ་ཐབས་གཏན་ནས་མེད་པར་དེ་བཤིག་སྤོ་བྱེད་དགོས་པའམ་ཡང་ན་ནུས་མེད་དུ་འགྱུར་སྲིད་པའི་རིགས་ལ་ལས་གྲྭའི་འཛུགས་སྐྲུན་ཚན་པས་ངེས་པར་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་ལ་ཆོག་མཆན་ཞུ་དགོས། སྲ་བརྟན་ཕུགས་འཕེར་གྱི་ཐིག་ཚད་མཚོན་རྟགས་སྤོ་འཛུགས་བྱེད་རྒྱུའི་ཆོག་མཆན་ཐོབ་ན་སྤོ་འཛུགས་འགྲོ་གྲོན་དེ་ལས་གྲྭའི་འཛུགས་སྐྲུན་ཚན་པས་གཏོང་རྒྱུ།
དོན་ཚན་རེ་བརྒྱད་པ། ཚན་པ་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་གཤམ་གསལ་བྱེད་སྤྱོད་རིགས་སྤེལ་མི་ཆོག (གཅིག )སྲ་བརྟན་ཕུགས་འཕེར་གྱི་ཐིག་ཚད་མཚོན་རྟགས་དང་དེ་བཞིན་བེད་སྤྱོད་བྱེད་བཞིན་པའི་གནས་སྐབས་ཀྱི་ཐིག་ཚད་མཚོན་རྟགས་རང་འཚམ་གྱིས་གནས་སྤོ་བྱེད་པ་དང་གཏོར་སྐྱོན་གཏོང་རིགས་དང་། (གཉིས )ཐིག་ཚད་མཚོན་རྟགས་བཙུགས་པའི་ས་ཁོངས་སུ་རྩྭ་སྲེག་པ་དང་། རྨོ་ཞིང་འདེབས་པ། ས་ལེན་པ། བྱེ་མ་བསྔོག་པའམ་ཡང་ན་སྲ་བརྟན་ཕུགས་འཕེར་གྱི་ཐིག་ཚད་མཚོན་རྟགས་ཀྱི་ས་ཆ་ཧམ་བཟུང་བྱེད་རིགས། (གསུམ )སྲ་བརྟན་ཕུགས་འཕེར་གྱི་ཐིག་ཚད་མཚོན་རྟགས་དང་བར་ཐག་རྨིད་50ནང་ཁུལ་དུ་རྡོ་གཤག་པ་དང་། རྫས་མེ་རྒྱག་པ། མེ་མདའ་རྒྱག་པ། གློག་ཆེན་གློག་སྐུད་ཁྲིད་རིགས། (བཞི )ཐིག་ཚད་མཚོན་རྟགས་བཙུགས་པའི་ས་ཁོངས་སུ་ཐིག་ཚད་མཚོན་རྟགས་ཀྱི་སྤྱོད་ནུས་ལ་སྐྱོན་རྒྱག་པའི་ཨར་སྐྲུན་དངོས་པོ་འཛུགས་སྐྲུན་བྱེད་རིགས། (ལྔ )ཐིག་ཚད་མཚོན་རྟགས་ཐོག་ལ་འཕྲིན་གཏོང་སྒྲིག་ཆས་སྒྲིག་སྦྱོར་བྱེད་པ་དང་། རྒྱང་ལྟ་ཁང་འཛུགས་པ། གུར་ཕུབ་པ། ཕྱུགས་རིགས་འདོགས་པའམ་ཡང་ན་ཐིག་ཚད་མཚོན་རྟགས་ལ་གཏོར་སྐྱོན་ཕོག་སྲིད་པའི་ཟུར་སྦྱར་དངོས་རིགས་གཞན་དག་འཛུགས་རིགས། (དྲུག )ཐིག་ཚད་མཚོན་རྟགས་བཙུགས་ཡོད་པའི་ཨར་སྐྲུན་དངོས་པོ་རང་འཚམ་གྱིས་བཤིག་པའམ་ཡང་ན་ཨར་སྐྲུན་དངོས་པོའི་ཐོག་གི་ཐིག་ཚད་མཚོན་རྟགས་མེད་པ་བཟོ་རིགས། (བདུན )དེ་མིན་གྱི་ཐིག་ཚད་མཚོན་རྟགས་དང་དེའི་སྤྱོད་ནུས་ལ་གཏོར་སྐྱོན་གཏོང་རིགས་བཅས་སོ།
དོན་ཚན་རེ་དགུ་པ། ཚན་པ་དང་མི་སྒེར་སུ་འདྲ་ཞིག་གིས་སྲ་བརྟན་ཕུགས་འཕེར་གྱི་ཐིག་ཚད་མཚོན་རྟགས་སྤོ་སྒྱུར་དང་གཏོར་བཤིག་གཏོང་བ་ཤེས་ཚེ་ངེས་པར་དུ་འཕྲལ་མར་ས་གནས་དེ་གའི་ཤང་(གྲོང་རྡལ )མི་དམངས་སྲིད་གཞུང་ལ་སྙན་སེང་ཞུ་དགོས་པ་མ་ཟད་ཤང་(གྲོང་རྡལ )མི་དམངས་སྲིད་གཞུང་གིས་འཕྲལ་མར་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་ལ་སྙན་སེང་ཞུ་དགོས།
ལེའུ་དགུ་པ། ལྟ་སྐུལ་དང་ཞིབ་བཤེར།
དོན་ཚན་བདུན་ཅུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཐིག་རིས་ཀྱི་འོས་ཐོབ་དང་། ཚད་གཞི། སྤུས་ཚད། དེ་བཞིན་ཐིག་རིས་བཀོད་འབྲས་དང་བེད་སྤྱོད་སོགས་ཐད་ལ་གཅིག་གྱུར་ལྟ་སྐུལ་དོ་དམ་བྱེད་དགོས།
དོན་ཚན་དོན་གཅིག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་དུས་བཀག་ནང་ཐིག་རིས་ཚན་པའི་ཐིག་རིས་བྱེད་སྒོ་དང་། ཐིག་རིས་བཀོད་འབྲས་མཉམ་སྐྱེལ། ཐིག་རིས་བཀོད་འབྲས་ཀྱི་སྤུས་ཚད་སོགས་ཀྱི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་པ་དང་། ཐིག་རིས་ཚན་པའི་ཡིད་རྟོན་ཡིག་ཚགས་བཟོ་དགོས་པ་མ་ཟད། སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་དགོས།
དོན་ཚན་དོན་གཉིས་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་གསང་བ་དང་འབྲེལ་བ་ཡོད་པའི་ཐིག་རིས་བཀོད་འབྲས་ཀྱི་ཉར་ཚགས་དང་བེད་སྤྱོད་བྱས་ཚུལ་ལ་ལྟ་སྐུལ་དོ་དམ་བྱེད་དགོས།
དོན་ཚན་དོན་གསུམ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་ཐིག་ཚད་མཚོན་རྟགས་ཀྱི་དོ་དམ་དང་བདག་སྐྱོང་བྱས་ཚུལ་ལ་ཞིབ་བཤེར་བྱས་ཏེ་ཐིག་ཚད་མཚོན་རྟགས་གནས་སྤོ་དང་གཏོར་སྐྱོན་བཏང་བ་ཤེས་ཚེ་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཉམས་གསོ་བྱེད་པའམ་ཡང་ན་བསྐྱར་དུ་བཟོ་འཛུགས་བྱས་ནས་ཐིག་ཚད་མཚོན་རྟགས་རྒྱུན་ལྡན་བཞིན་སྤྱོད་སྒོ་འཕེལ་བ་བྱེད་དགོས།
དོན་ཚན་དོན་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་རིམ་པ་གཅིག་མཚུངས་ཀྱི་བདེ་འཇགས་དང་། བཟོ་ལས་དང་ཆ་འཕྲིན་ཅན། གསང་སྲུང་། བཟོ་ཚོང་སྲིད་འཛིན་དོ་དམ། གསར་འགྱུར་དཔེ་སྐྲུན་སོགས་སྡེ་ཚན་དང་མཉམ་དུ་ས་ཁམས་ཆ་འཕྲིན་ཁྲོམ་རའི་ལྟ་སྐུལ་ཞིབ་བཤེར་ཡག་པོ་བྱེད་དགོས།
དོན་ཚན་དོན་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཁྲིམས་སྒྱུར་ཞིབ་བཤེར་བྱེད་སྐབས་ངེས་པར་དུ་སྲིད་འཛིན་ཁྲིམས་སྒྱུར་འོས་བབ་ཡོད་པའི་མི་སྣ་གཉིས་ཡན་གྱིས་བྱེད་དགོས། ཁྲིམས་སྒྱུར་མི་སྣས་ཁྲིམས་སྒྱུར་བྱེད་སྒོ་སྤེལ་སྐབས་ངེས་པར་དུ་ཁྲིམས་སྒྱུར་ལག་ཁྱེར་བཏོན་ནས་ཡ་རབས་ངང་ཁྲིམས་སྒྱུར་བྱེད་དགོས།
དོན་ཚན་དོན་དྲུག་པ། ཐིག་རིས་ཚན་པས་ཐིག་རིས་བྱེད་སྒོ་སྤེལ་བའི་ནང་ཁྲིམས་འགལ་གྱི་བྱེད་སྤྱོད་རིགས་ཡོད་པར་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་སྡེ་ཚན་གྱིས་ངེས་པར་དུ་ཁྲིམས་ལུགས་གཞིར་བཟུང་ཞིབ་བཤེར་ཐག་གཅོད་བྱེད་དགོས་པ་མ་ཟད། ཡིག་ཐོག་ནས་འབྲེལ་ཡོད་སྡེ་ཚན་ལ་བརྡ་གཏོང་དགོས།
དོན་ཚན་དོན་བདུན་པ། འབྲེལ་ཡོད་ཚན་པ་དང་མི་སྒེར་གྱིས་ངེས་པར་དུ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་ལ་གཞོཌ་འདེཌ་ཀྱིས་ཁྲིམས་སྒྱུར་ཞིབ་བཤེར་ལས་དོན་སྤེལ་དགོས་པ་དང་གནས་ཚུལ་ཇི་མ་ཇི་བཞིན་སྙན་སེང་ཞུ་དགོས་པ་དང་། འབྲེལ་ཡོད་ཡིག་ཆ་མཁོ་འདོན་བྱེད་དགོས་རིཌ་ངེས་པར་དུ་ཡིག་ཆ་ཇི་མ་ཇི་བཞིན་ཆ་ཚང་མཁོ་འདོན་བྱེད་དགོས།
དོན་ཚན་དོན་བརྒྱད་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་ཐེར་འདོན་ལམ་ལུགས་འཛུགས་དགོས་ཤིང་། ཐེར་འདོན་ཡིག་སྒམ་དང་ཐེར་འདོན་ཁ་པར་འཛུགས་པ་མ་ཟད། སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཐེར་འདོན་བྱས་པ་འབྱོར་རྗེས་ངེས་པར་དུ་འཕྲལ་མར་བདག་སྤྲོད་བྱེད་པ་དང་འབྲེལ་ཞིབ་བཤེར་ཐག་གཅོད་བྱེད་དགོས།
ལེའུ་བཅུ་པ། ཁྲིམས་ལུགས་ཀྱི་འགན་འཁྲི།
དོན་ཚན་དོན་དགུ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ནས་ཆོག་མཆན་མ་ཐོབ་པར་རང་འཚམ་གྱིས་བལྟོས་བཅས་རང་ཚུགས་ཀྱི་ངོས་སྙོམས་གནས་ཚད་རྒྱུད་ཁོངས་འཛུགས་པར་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཐ་ཚིག་སྒྲོག་རྒྱུ་དང་། དུས་བཀག་ནང་ཡོ་བསྲང་བྱེད་རྒྱུའི་བཀའ་གཏོང་རྒྱུ་མ་ཟད་། དངུལ་ཆད་སྒོར་ཁྲི་3ཡན་ནས་སྒོར་ཁྲི་8མན་འགེལ་རྒྱུ། ཐད་ཀའི་འགན་འཁུར་མཁན་གྱི་གཙོ་འགན་མི་སྣ་དང་ཐད་ཀའི་འགན་འཁྲི་ཡོད་མཁན་གཞན་དག་ལ་ཁྲིམས་ལུགས་གཞིར་བཟུང་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ།
དོན་ཚན་བརྒྱད་ཅུ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ནས་ཐིག་རིས་ཀྱི་འོས་ཐོབ་ལག་ཁྱེར་མ་ཐོབ་པར་རང་འཚམ་གྱིས་ཐིག་རིས་བྱེད་སྒོ་སྤེལ་བར་ཁྲིམས་འགལ་གྱི་བྱེད་སྤྱོད་མཚམས་འཇོག་བྱེད་རྒྱུའི་བཀའ་གཏོང་རྒྱུ་དང་། ཁྲིམས་འགལ་ལས་བྱུང་བའི་ཐོབ་ཆ་དང་ཐིག་རིས་བཀོད་འབྲས་རྣམས་གཞུང་བཞེས་གཏོང་རྒྱུ་མ་ཟད། ཐིག་རིས་བཀོད་སྐབས་ཁ་ཆད་བྱས་པའི་ཐོབ་ཆའི་ལྡབ་གཅིག་ཡན་དང་ལྡབ་གཉིས་མན་གྱི་དངུལ་ཆད་ཀྱང་འགེལ་རྒྱུ། གཡོ་ཐབས་ལས་ཐོབ་པའི་ཐིག་རིས་ཀྱི་འོས་ཐོབ་ལག་ཁྱེར་ལ་བརྟེན་ནས་ཐིག་རིས་བྱེད་སྒོ་སྤེལ་བར་ཐིག་རིས་འོས་ཐོབ་ལག་ཁྱེར་མེད་པ་བཟོ་རྒྱུ་དང་། ཁྲིམས་འགལ་ལས་བྱུང་བའི་ཐོབ་ཆ་དང་ཐིག་རིས་བཀོད་འབྲས་རྣམས་གཞུང་བཞེས་གཏོང་རྒྱུ་མ་ཟད། ཐིག་རིས་བཀོད་སྐབས་ཁ་ཆད་བྱས་པའི་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་གཉིས་མན་གྱི་དངུལ་ཆད་ཀྱང་འགེལ་རྒྱུ།
དོན་ཚན་གྱ་གཅིག་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ནས་ཐིག་རིས་ལས་གཉེར་འོས་ཐོབ་མ་ཐོབ་པར་རང་འཚམ་གྱིས་ཐིག་རིས་བྱེད་སྒོ་སྤེལ་བར་ཁྲིམས་འགལ་གྱི་བྱེད་སྤྱོད་མཚམས་འཇོག་བྱེད་རྒྱུའི་བཀའ་གཏོང་རྒྱུ་དང་། ཁྲིམས་འགལ་ལས་བྱུང་བའི་ཐོབ་ཆ་རྣམས་གཞུང་བཞེས་གཏོང་རྒྱུ་མ་ཟད། ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་གཉིས་མན་གྱི་དངུལ་ཆད་ཀྱང་འགེལ་ཆོག གྱོང་གུན་བཟོས་པར་ཁྲིམས་ལུགས་གཞིར་བཟུང་སྐྱིན་ཚབ་འཇལ་རྒྱུའི་འགན་འཁྲི་འཁུར་རྒྱུ།
དོན་ཚན་གྱ་གཉིས་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ནས་ཐིག་རིས་ཚན་པས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་ལ་སྙན་ཐོ་དཔོད་མེད་ཚེ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་དུས་བཀག་ནང་ཡོ་བསྲང་བྱེད་རྒྱུའི་བཀའ་གཏོང་རྒྱུ་དང་། དུས་བཀག་ཡོལ་ཡང་ཡོ་བསྲང་མི་བྱེད་མཁན་ལ་དངུལ་ཆད་སྒོར་5000འགེལ་རྒྱུ།
དོན་ཚན་གྱ་གསུམ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ནས་ཐིག་རིས་བཀོད་འབྲས་ཉར་ཚགས་བྱེད་མཁན་ཚན་པས་ཐིག་རིས་བཀོད་འབྲས་ཀྱི་དཔྱད་ཡིག་གི་ཉར་ཚགས་དོ་དམ་ལམ་ལུགས་གཞིར་བཟུང་ཐིག་རིས་བཀོད་འབྲས་དཔྱད་ཡིག་དོ་དམ་མ་བྱས་པའི་རྐྱེན་གྱིས་ཐིག་རིས་བཀོད་འབྲས་ཀྱི་དཔྱད་ཡིག་གཏོར་སྐྱོན་ཕོག་པ་དང་། བོར་བརླག་སོང་བའམ་ཡང་ན་ཁྲིམས་ལུགས་གཞིར་བཟུང་ཐིག་རིས་བཀོད་འབྲས་བེད་སྤྱོད་བྱེད་མཁན་ལ་ཐིག་རིས་བཀོད་འབྲས་དཔྱད་ཡིག་མཁོ་འདོན་མ་བྱས་ཚེ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཐ་ཚིག་སྒྲོག་རྒྱུ་དང་ཡོ་བསྲང་བྱེད་རྒྱུའི་བཀའ་གཏོང་རྒྱུ་དང་། ཁྲིམས་འགལ་ལས་བྱུང་བའི་ཐོབ་ཆ་རྣམས་གཞུང་བཞེས་གཏོང་རྒྱུ། གྱོང་གུན་བཟོས་པར་ཁྲིམས་ལུགས་གཞིར་བཟུང་སྐྱིན་ཚབ་འཇལ་རྒྱུའི་འགན་འཁྲི་འཁུར་རྒྱུ། ཐད་ཀའི་འགན་འཁུར་མཁན་གྱི་གཙོ་འགན་མི་སྣ་དང་ཐད་ཀའི་འགན་འཁྲི་ཡོད་མཁན་གཞན་དག་ལ་ཁྲིམས་ལུགས་གཞིར་བཟུང་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ།
དོན་ཚན་གྱ་བཞི་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ནས་རང་འཚམ་གྱིས་གལ་ཆེའི་ས་ཁམས་ཆ་འཕྲིན་གྱི་གྲངས་གཞི་ཁྱབ་བསྒྲགས་བྱས་པར་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་ནམ་ཡང་ན་འབྲེལ་ཡོད་སྡེ་ཚན་གྱིས་ཡོ་བསྲང་བྱེད་རྒྱུའི་བཀའ་གཏོང་རྒྱུ་དང་ཐ་ཚིག་སྒྲོག་རྒྱུ་མ་ཟད། དངུལ་ཆད་སྒོར་ཁྲི་3ཡན་ནས་སྒོར་ཁྲི་8མན་ཡང་འགེལ་ཆོག ཐད་ཀའི་འགན་འཁུར་མཁན་གྱི་གཙོ་འགན་མི་སྣ་དང་ཐད་ཀའི་འགན་འཁྲི་ཡོད་མཁན་གཞན་དག་ལ་ཁྲིམས་ལུགས་གཞིར་བཟུང་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ།
དོན་ཚན་གྱ་ལྔ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བའི་གཤམ་གསལ་གྱི་བྱེད་སྤྱོད་གྲས་ཤིག་ཡོད་མཁན་ལ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་དུས་བཀག་ནང་ཡོ་བསྲང་བྱེད་དགོས་པའི་བཀའ་གཏོང་རྒྱུ་དང་། ཁྲིམས་འགལ་ལས་བྱུང་བའི་ཐོབ་ཆ་རྣམས་གཞུང་བཞེས་གཏོང་རྒྱུ། དུས་བཀག་ཡོལ་ཡང་ཡོ་བསྲང་མི་བྱེད་མཁན་ལ་དངུལ་ཆད་སྒོར་ཁྲི་1ཡན་ནས་སྒོར་ཁྲི་3མན་འགེལ་རྒྱུ།
(གཅིག )ས་བཀྲའི་པར་རིས་འབྲི་ཁུལ་གཙོ་བོའི་རྒྱ་ཁྱོན་དེ་ས་བཀྲའི་པར་རིས་ཀྱི་རྒྱ་ཁྱོན་ལས་གསུམ་ཆ་གཉིས་ཀྱི་ཉུང་བ་དང་།
(གཉིས )ས་བཀྲའམ་ཡང་ན་ས་བཀྲའི་ཐོན་རྫས་ཐོག་རྒྱལ་ཁབ་ལས་ཁུངས་དང་། སྨན་ཁང་། སློབ་གྲྭ དཔེ་མཛོད་ཁང་། རླངས་འཁོར་འབབ་ཚུགས། དམངས་སྤྱོད་གནམ་ཐང་སོགས་སྤྱི་པའི་ས་ཁམས་ཆ་འཕྲིན་བཀོད་པར་གླ་རིན་བསྡུས་པའི་རིགས།
(གསུམ )དཔེ་སྐྲུན་དང་། འགྲེམས་སྟོན། འགོད་རྒྱུར་ཞིབ་མཆན་ཐོབ་པའི་ས་བཀྲའམ་ས་བཀྲའི་ཐོན་རྫས་ཀྱི་དཔེའམ་ཡང་ན་དངོས་དཔེ་སྙན་ཐོ་དཔོད་རྒྱུར་མ་བསྐྱལ་བའི་རིགས་བཅས་སོ།
དོན་ཚན་གྱ་དྲུག་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བའི་གཤམ་གསལ་གྱི་བྱེད་སྤྱོད་གྲས་ཤིག་ཡོད་མཁན་ལ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་འགྲེམས་སྟོན་དང་། པར་འགྲེམས། བྲིན་ཚོང་བཅས་མཚམས་འཇོག་བྱེད་རྒྱུའི་བཀའ་གཏོང་རྒྱུ། འབྲེལ་ཡོད་ས་བཀྲའི་པར་སྐྲུན་ཁང་ལ་དངུལ་ཆད་སྒོར་3000ཡན་དང་ཁྲི་1མན་འགེལ་རྒྱུ་དང་ས་བཀྲ་གཞུང་བཞེས་གཏོང་རྒྱུ་དང་། ཁྲིམས་འགལ་ལས་བྱུང་བའི་ཐོབ་ཆ་རྣམས་གཞུང་བཞེས་གཏོང་རྒྱུ། གནས་ཚུལ་ཚབས་ཆེའི་རིགས་ལ་པར་སྐྲུན་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་འབྲེལ་ཡོད་ས་བཀྲའི་པར་སྐྲུན་ཁང་གི་ས་བཀྲ་པར་སྐྲུན་བྱེད་རྒྱུའི་འོས་བབ་མེད་པ་བཟོ་རྒྱུ་དང་། བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་དེའི་གཉེར་སྐྱོང་བྱེད་ཁོངས་བརྗེ་སྒྱུར་བྱེད་རྒྱུ།
(གཅིག )ས་བཀྲ་པར་འདེབས་སམ་ཡང་ན་འགྲེམས་སྟོན་མ་བྱས་གོང་གཏན་འབེབས་གཞིར་བཟུང་ཚོད་ལྟའི་ས་བཀྲའི་དཔེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་ལ་ཞིབ་དཔྱད་བྱེད་རྒྱུར་མ་ཕུལ་པའི་རིགས་དང་།
(གཉིས )ས་བཀྲའི་ཐོག་གི་རྒྱལ་མཚམས་ཐིག་གམ་ཡང་ན་རང་སྐྱོང་ལྗོངས་སྲིད་འཛིན་ས་ཁོངས་ཀྱི་དབྱེ་མཚམས་པར་རིས་བྲིས་པ་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་མ་འཚམ་པར་པར་སྐྲུན་བྱས་པའི་རིགས།
(གསུམ )ས་བཀྲའི་ནང་དོན་གྱི་མཚོན་རྟགས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་མི་འཚམ་པར་ནོར་འཁྲུལ་ཚབས་ཆེ་བྱུང་བའི་རིགས་བཅས་སོ།
དོན་ཚན་གྱ་བདུན་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་ཞིབ་མཆན་ཐོབ་མེད་པའི་ས་བཀྲ་དང་ས་བཀྲའི་ཐོན་རྫས་འགྲེམས་སྟོན་དང་། འགོད་པ། བྲིན་ཚོང་བཅས་བྱས་རིགས་ལ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་དངུལ་ཆད་སྒོར་ཁྲི་1ཡན་ནས་སྒོར་ཁྲི་5མན་འགེལ་རྒྱུ། མི་སྒེར་ལ་དངུལ་ཆད་སྒོར་500ཡན་ནས་སྒོར་1000མན་འགེལ་རྒྱུ། ཁྲིམས་འགལ་ལས་བྱུང་བའི་ཐོབ་ཆ་རྣམས་གཞུང་བཞེས་གཏོང་རྒྱུ།
དོན་ཚན་གྱ་བརྒྱད་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བའི་གཤམ་གསལ་བྱེད་སྤྱོད་གྲས་ཡོད་མཁན་ལ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་དུས་བཀག་ནང་ཡོ་བསྲང་བྱེད་རྒྱུའི་བཀའ་གཏོང་རྒྱུ་མ་ཟད། དངུལ་ཆད་སྒོར་5000ཡན་ནས་སྒོར་ཁྲི་2མན་འགེལ་རྒྱུ།
(གཅིག )ས་བཀྲའི་ཐོག་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་དཔྱད་སྤྲོད་བྱས་པའི་ས་བཀྲ་ཞིབ་དཔྱད་ཨང་རྟགས་མ་བཀོད་པའི་རིགས་དང་།
(གཉིས )ཞིབ་དཔྱད་ཆོག་མཆན་ཐོབ་པའི་ས་བཀྲ་གཏན་འབེབས་གཞིར་བཟུང་ས་བཀྲའི་དཔེའམ་ཡང་ན་དངོས་དཔེ་སྙན་དཔོད་མ་ཞུས་པའི་རིགས་སོ།
དོན་ཚན་གྱ་དགུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཐིག་རིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱི་ལས་བྱས་ཐིག་རིས་དོ་དམ་ལས་ཀའི་ནང་འགན་དབང་གང་བྱུང་དུ་སྤྱོད་པ་དང་། མི་བདེན་རྫུན་སྒྲིག་བྱེད་པ། རང་འགན་ཟོལ་འཇོལ་བྱེད་པ། ཉེར་ཕྱོགས་གཡོ་ཟོལ་བྱེད་པ་བཅས་ཀྱི་རིགས་ལ་ཐད་ཀའི་འགན་འཁུར་མཁན་གཙོ་འགན་མི་སྣ་དང་ཐད་ཀའི་འགན་འཁྲི་ཡོད་མཁན་གཞན་དག་ལ་བཅའ་ཁྲིམས་གཞིར་བཟུང་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ།
དོན་ཚན་དགུ་བཅུ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བའི་བྱེད་སྤྱོད་རིགས་ལ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་ཉེས་ཆད་དང་ཆད་པ་གཅོད་རྒྱུའི་གཏན་འབེབས་ལོགས་སུ་ཡོད་ན་དེ་གཞིར་བཟུང་བྱེད་རྒྱུ།
ལེའུ་བཅུ་གཅིག་པ། ཞར་བྱུང་།
དོན་ཚན་གོ་གཅིག་པ། དམག་དོན་གྱི་ཐིག་རིས་ཚན་པས་སྲིད་འཛིན་ས་ཁོངས་སོ་སོའི་ཁྱབ་ཁོངས་ནང་དུ་དམག་དོན་མིན་པའི་ཐིག་རིས་ཀྱི་ལས་འགན་སྒྲུབ་སྐབས་ངེས་པར་དུ་སྲོལ་ཡིག་འདིའི་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས།
དོན་ཚན་གོ་གཉིས་པ། སྲོལ་ཡིག་འདི་2011ལོའི་ཟླ་དང་པོའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་དང་། 1997ལོའི་ཟླ་5ཚེས་10ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དྲུག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་24པའི་ཐོག་གྲོས་འཆམ་བྱུང་བའི 《<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐིག་རིས་བཅའ་ཁྲིམས >ལག་བསྟར་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས 》དུས་མཚུངས་སུ་མེད་པ་བཟོ་རྒྱུ།
(བོད་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་དྲུང་ཡིག་ཁྲུའུ་ཡིས་མཁོ་འདོན་བྱས་པ་གཞིར་བཟུང )
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣