དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བློ་མཐུན་ལི་ཅང་ལུང་ལ“རྒྱལ་ཡོངས་ཀྱི་ཕུལ་བྱུང་དྲིལ་བསྒྲགས་ལས་བྱེད་པའི”མཚན་སྙན་རྗེས་སྤྲོད་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དྲིལ་བསྒྲགས་པུའི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

    ས་ཁུལ་(གྲོང་ཁྱེར )ཨུ་ལྷན་ཁག་གི་དྲིལ་བསྒྲགས་པུའུ་དང་ལྗོངས་ཐད་གཏོགས་དྲིལ་བསྒྲགས་རིག་གནས་ཁོངས་གཏོགས་ཚན་པ་ཁག་ལ།

    2011ལོའི་ཟླ་10པར་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་བྱས་རྗེས་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་རིག་གནས་ཁོངས་གཏོགས་ཀྱིས་མངགས་གཏོང་བྱས་པའི་གྲོང་ཚོ་ཁག་ཏུ་བཅའ་སྡོད་ལས་དོན་རུ་ཁག་གིས་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ “དམིགས་ཚད་གཅིག ”དང “ལས་འགན་ལྔ ”ལ་དམ་པོར་དམིགས་ནས་དཀའ་ངལ་ཁྱད་བསད་དང་། སེམས་བརྣལ་དུ་ཕབ་པ། ལས་དོན་ནང་ཧུར་ཐག་ཞུགས་པ། བརྩེ་སེམས་ཟབ་མོས་འགལ་ཟླ་སེལ་བ་དང་དམངས་ཆེད་བྱ་བ་དངོས་བསྒྲུབས་པ་བཅས་བྱས་ཏེ་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དུད་ཚང་ཚང་མར་ཁྱབ་པ་བྱས་པ་དང་ཕན་འབྲས་བཟང་པོ་ཐོན་པའི་ལས་དོན་སྤེལ་བས་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ཁག་གཅིག་ཐོན་ཡོད། བློ་མཐུན་ལི་ཅང་ལུང་ནི་དེའི་ཁྲོད་ཀྱི་ཕུལ་བྱུང་འཐུས་མི་ཞིག་ཡིན།

    ལི་ཅང་ལུང་། སྐྱེས་པ། 1974ལོའི་ཟླ་6པར་སི་ཁྲོན་ཞིང་ཆེན་ལུའུ་ཀྲོའུ་གྲོང་ཁྱེར་དུ་སྐྱེས། 1998ལོའི་ཟླ་7པར་ལས་ཀར་ཞུགས། 1999ལོའི་ཟླ་7པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྔ་རྗེས་སུ་ཟངས་རི་རྫོང་ཞོལ་པ་ཤང་གི་ཁོའོ་ཡོན་དང་། ཟངས་རི་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ། ཟངས་རི་རྫོང་ཨུད་གཞུང་ལས་ཁང་གི་ཀྲུའུ་རེན་ཁོའོ་ཡོན། ཟངས་རི་རྫོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དང་རྫོང་རིག་གནས་རླུང་འཕྲིན་གློག་བཪྙན་བཪྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་གཅིག་ལྕོགས། མཚོ་སྣ་རྫོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང། ལྷོ་ཁ་ས་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དང་ས་ཁུལ་རིག་གནས་ཁྲོམ་ར་ཕྱོགས་བསྡུས་ཁྲིམས་འཛིན་ཉིང་ལག་རུ་ཁག་གི་རུ་དཔོན། རྒྱ་ཚྭ་རྫོང་མངར་རབ་གྲོང་རྡལ་རུ་མི་གྲོང་ཚོར་བཅའ་སྡོད་ས་ཨུད་དྲིལ་བསྒྲགས་པུའི་ལས་དོན་རུ་ཁག་གི་རུ་དཔོན་བཅས་ཀྱི་གོ་གནས་འཁུར་ཡོད།

    2012ལོའི་ཟླ་7ཚེས་18ཉིན་གྱི་ཆུ་ཚོད་13ཐོག་བློ་མཐུན་ལི་ཅང་ལུང་རྒྱ་ཚྭ་རྫོང་ནས་ལྷོ་ཁ་ས་ཁུལ་དུ་ལས་དོན་སྙན་གསེང་ཞུ་བར་སྐྱོད་པའི་ལམ་བར་དུ་རླངས་འཁོར་གྱི་ལས་འཛོལ་ཐོན་ནས་སྟབས་མི་ལེགས་པར་གྲོངས་པ་དང་གྲོངས་དུས་ལོ་38ཡིན།

    བློ་མཐུན་ལི་ཅང་ལུང་གིས་ཆབ་སྲིད་ལ་སྣང་ཆེན་དང་ཁྱོན་ཡོངས་ལ་ལྟ་རྟོགས་བྱེད་པ་ལས་དད་སེམས་བརྟན་པ་དང་། དམིགས་ཡུལ་བློ་ལ་བརྟན་སྲུང་། སྒེར་སེམས་མེད་པའི་ལེགས་སྐྱེས་འབུལ་བ་བཅས་ཀྱི་བླ་ན་མེད་པའི་བསམ་པ་མཚོན་ཡོད། ཁོང་གིས “རྒྱལ་གཅེས་དང་། མཐུན་སྒྲིལ། ཞི་མཐུན། འཕེལ་རྒྱས། ཤེས་དཔལ ”བཅས་བརྗོད་བྱ་གཙོ་བོ་བྱས་པའི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་ནན་ཏན་བསྟར་ནས་ཏང་ལ་ལྷག་བསམ་རྣམ་དག་དང་སྲིད་བརྩོན་དངོས་སྒྲུབ་བྱ་རྒྱུ་དེ་གཏམ་སྤྱོད་རེ་རེའི་ཁྲོད་མཚོན་པ་དང་། རང་འཁྲིའི་ལས་དོན་ཁྲོད་ལག་བསྟར། ཞིབ་ཕྲའི་བྱ་སྤྱོད་ཁྲོད་དོན་འཁྱོལ་བཅས་བྱས་ནས་ཏང་དང་མེས་རྒྱལ་ལ་བློ་དཀར་སེམས་དཀར་བྱེད་པ་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་གུང་ཁྲན་ཏང་ཡོན་ཞིག་གི་ཆབ་སྲིད་རང་རྟགས་མངོན་པར་བྱས་ཡོད། ལས་གནས་གང་གི་ཐོག་ལའང་ཁོང་གིས་བློ་གཅིག་སེམས་གཅིག་ངང་ལས་ཀ་དང་བྱ་གཞག་ཐོག་གཞོལ་བ་དང་ལས་ཀ་གང་བྱས་ཀྱང་དེར་དགའ་ཞེན་གྱིས་ཞིབ་ཚགས་བསྒྲུབས་ཀྱི་ཡོད། ལས་དོན་ལ་འགན་ནན་ཏན་འཁུར་ཏེ་ཁྲལ་སེལ་སླ་བཅོས་གཏན་ནས་མི་བྱེད་པར་ངལ་བ་དང་འཁང་ར་བཟོད་པར་བྱས་ཡོད། ལྷོ་ཁ་ས་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དང་ས་ཁུལ་རིག་གནས་ཁྲོམ་ར་ཕྱོགས་བསྡུས་ཁྲིམས་འཛིན་ཉིང་ལག་རུ་ཁག་གི་རུ་དཔོན་བྱེད་རིང་ཁོང་གིས་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་ལག་ལེན་ནན་ཏན་བསྟར་ཏེ་རྩ་དོན་མཐའ་འཁྱོངས་བྱེད་ཕོད་པ་བྱས་ཏེ་ཁག་བགོས་འགན་གཉེར་གྱི་ལས་དོན་ཁག་ལེགས་པར་བསྒྲུབས་པ་དང་གྲུབ་འབྲས་ཀྱང་མངོན་གསལ་དོད་པོ་ཐོབ་པས་ལས་བྱེད་པ་དང་ལས་བཟོའི་གདེང་འཇོག་བཟང་པོ་ཐོབ་ཡོད་པ་རེད།

    བློ་མཐུན་ལི་ཅང་ལུང་གིས་ཁྱིམ་ཚང་ཆེ་མོའི་ཆེད་ཁྱིམ་ཆུང་དོར་བ་ལས་མི་དམངས་ལ་བརྩེ་སེམས་བཅངས་པ་དང་། བློ་དཀར་སེམས་དཀར་ངང་འགན་འཁྲི་བརྟན་སྲུང་བྱེད་པ། རང་བརྗེད་ལས་སྒྲུབ་བཅས་ཀྱི་ཕུལ་བྱུང་གཤིས་བཟང་མཚོན་ཐུབ། ཁོང་གིས་ཁྱིམ་ཚང་ཆེ་མོའི་ཆེད་ཁྱིམ་ཆུང་དོར་ནས་རང་འགུལ་ངང་གྲོང་ཚོར་བཅའ་སྡོད་ལས་དོན་ནང་ཞུགས་རྒྱུའི་རེ་ཞུ་ཕུལ་ཡོད། རྒྱ་ཚྭ་རྫོང་མངར་རབ་གྲོང་རྡལ་རུ་མི་གྲོང་ཚོར་བཅའ་སྡོད་ལྷོ་ཁ་ས་ཨུད་དྲིལ་བསྒྲགས་པུའི་ལས་དོན་རུ་ཁག་གི་རུ་དཔོན་བྱེད་རིང་ཁོང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་མཐའ་འཁྱོངས་བྱས་ཏེ་མང་ཚོགས་དང་འབྲེལ་བ་ཟབ་མོ་བྱས་ཏེ་ས་ཆ་དེའི་མང་ཚོགས་དང་གཅིག་སེམས་གཅིག་སྦྲེལ་ཡོང་བ་བྱས་པ་དང་། མང་ཚོགས་ཀྱི་བདེ་སྡུག་ལ་སེམས་ཁུར་བྱས་ཏེ་མཛུབ་ཁྲིད་བྱེད་སྐབས་འགན་གཙང་ལེན་མི་བྱེད་པ་དང་། ལས་འགན་སྒྲུབ་སྐབས་དབང་ཚད་ལས་མི་བརྒལ་བ། རོགས་རམ་བྱེད་སྐབས་ཟང་ཟིང་མི་བཟོ་བ་བཅས་བྱས་ནས་ཞིང་འབྲོག་མང་ཚོགས་དང་མཉམ་ཟ་མཉམ་སྡོད་དང་། མཉམ་དུ་སློབ་སྦྱོང་། མཉམ་དུ་ངལ་རྩོལ་བཅས་བྱས་པ། གཞི་རིམ་རྩ་འཛུགས་འཛུགས་རོགས་བྱེད་པ་དང་། བཅའ་ཁྲིམས་དྲིལ་བསྒྲགས་དང་མི་རིགས་མཐུན་སྒྲིལ་སློབ་གསོར་མཐོང་ཆེན་བྱེད་པ། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། ཕྱུག་འགྱུར་གྱི་ལམ་བུ་གཏོད་པ། ཏང་གི་དྲིན་ཚོར་བའི་སློབ་གསོ་གཏིང་ཟབ་སྤེལ་བ། མང་ཚོགས་ལ་བྱ་བ་དངོས་དང་བྱ་བཟང་བསྒྲུབས་པ་བཅས་བྱས་པས་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ཡོད་པ་རེད།

    བློ་མཐུན་ལི་ཅང་ལུང་གིས་བྱ་བ་དངོས་སྒྲུབ་རྒྱུར་སྣང་ཆེན་དང་གྲུབ་འབྲས་བཟང་པོ་ཐོན་རྒྱུར་མཐོང་ཆེན་བྱེད་པ་ལས་ཏན་ཏན་ཏིག་ཏིག་དང་། དཀའ་ངལ་ལ་མི་འཛེམས་པ། གྲུབ་འབྲས་བཟང་པོ་གཏོད་ཕོད་པ་བཅས་ཀྱི་ཡར་བརྩོན་སྙིང་སྟོབས་མཚོན་ཡོད། ཁོང་གིས་རང་ཉིད་ཀྱི་མི་ཚེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་གྱི་རླབས་ཆེན་བྱ་གཞག་ཐད་ཕུལ་ཡོད་ཅིང་། སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་བྱས་རྗེས་བཏོད་པ་དང་དྲིལ་བསྒྲགས་རིག་གནས་པུའི “དར་ཆ་མཐོན་པོར་སྒྲེང་བ་དང་། ཁྱོན་ཡོངས་ལ་དམིགས་པ། མི་དམངས་ལ་ཞབས་འདེགས་ཞུ་བ། སྒྱུར་བཅོས་གསར་གཏོད་བྱེད་པ ”བཅས་ཀྱི་འབད་འབུངས་དོན་གཉེར་མངོན་པར་བྱས་ཡོད། བཀོད་འདོམས་ལ་ཉན་པ་དང་བཀོད་སྒྲིག་སྲུང་བརྩི་བྱེད་མཁན་ཁོང་ནི་ཏང་གི་གསོ་སྐྱོང་དང་སློབ་གསོའི་འོག་བོད་ཀྱི་གཞི་རིམ་དུ་གཞིས་ཚུགས་ནས་ལས་དོན་སྒྲུབ་པ་དང་ཞིང་འབྲོག་མང་ཚོགས་ཁྲོད་གཞིས་ཚུགས་ནས་འཚར་ལོང་བྱུང་བའི་ཕུལ་བྱུང་གི་ཏང་ཡོན་ལས་བྱེད་པ་དང་། དུས་རབས་གསར་པར “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”དར་སྤེལ་གཏོང་མཁན་ཕུལ་བྱུང་འཐུས་མི། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་ལས་བྱེད་པའི་མིག་དཔེ་བཅས་ཡིན།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་བློ་མཐུན་ལི་ཅང་ལུང་ལ “ལྗོངས་ཡོངས་ཀྱི་ཕུལ་བྱུང་དྲིལ་བསྒྲགས་ལས་བྱེད་པའི ”མཚན་སྙན་རྗེས་སྤྲོད་བྱ་རྒྱུ་གཏན་འབེབས་བྱས་ཏེ་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་རིག་གནས་ཁོངས་གཏོགས་ཀྱི་ཏང་ཡོན་ལས་བྱེད་པ་དང་ལྷག་དོན་དུ་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་བློ་མཐུན་ལི་ཅང་ལུང་ལ་སློབ་སྦྱོང་བྱེད་དགོས་པ་སྟེ། ཏང་ལ་བློ་དཀར་སེམས་དཀར་དང་མེས་རྒྱལ་ལ་བློ་དཀར་སེམས་དཀར་བྱེད་པའི་ཁོང་གི་བླ་ན་མེད་པའི་བསམ་པ་དང་། མི་དམངས་ལ་དགའ་ཞེན་དང་རང་འགན་གཙང་སྒྲུབ་བྱེད་པའི་ཁོང་གི་ཕུལ་བྱུང་གཤིས་བཟང་། དཀའ་ངལ་ལ་མི་སྐྲག་པ་དང་དཀའ་ངལ་བསུ་བཞིན་མདུན་དུ་སྐྱོད་པའི་ཁོང་གི་ཡར་བརྩོན་སྙིང་སྟོབས་བཅས་ལ་སློབ་སྦྱོང་བྱས་ཐོག་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུས་ནས་ཚད་ལོན་པའི་གུང་ཁྲན་ཏང་ཡོན་དང་མི་དམངས་ཀྱི་གཞུང་ལས་པ་ཞིག་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་རིག་གནས་ཁོངས་གཏོགས་ཀྱིས་བློ་མཐུན་ལི་ཅང་ལུང་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་དེ་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་ཟབ་ཏུ་གཏོང་བ་དང་། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་བྱེད་སྒོ་སྤེལ་བ། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་རིག་གནས་ལ་སྐུལ་འདེད་གཏོང་བ་བཅས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་རིག་གནས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་བསམ་པའི་སྒུལ་ཤུགས་ཆེན་པོ་དང་། བསམ་བློའི་འགན་ལེན། གླེང་ཕྱོགས་ཀྱི་རྒྱབ་སྐྱོར། རིག་གནས་ཀྱི་ཆ་རྐྱེན་བཅས་མཁོ་འདོན་བྱེད་དགོས།

    ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དྲིལ་བསྒྲཌ་པུས།

    2012ལོའི་ཟླ་9ཚེས་18ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།